མཐུན་པ་སྤུན་བཞི་དང་ཚེ་རིང་རྣམས་དྲུག་གི་ཤོད་སྲོལ།

 

མཐུན་པ་སྤུན་བཞི།

མཐུན་པ་སྤུན་བཞིའི་སྐོར་གྱི་ཤོད་སྲོལ་མདོར་བསྡུས།།
སྔོན་བྱུང་ངོ་མཚར་རྟོགས་བརྗོད་བཻཌཱུརྱ།།  མཁས་པའི་ངག་གི་སྲད་བུ་ལ་བརྒྱུད་པའི།།  མཐུན་པ་སྤུན་བཞིའི་རྣམ་བཤད་རིན་ཆེན་ཕྲེང་།།  དཔྱོད་ལྡན་མགུལ་ལ་མཛེས་ཕྱིར་འདི་ན་སྤེལ།།  དེ་ཡང་རང་གཞན་འགྲོ་བ་ཀུན་ལ་མ་འདྲིས་པའི་མཛའ་ཤེས་ཆེན་པོ་རྣམ་འདྲེན་ཐུབ་པའི་དབང་པོའི་འཁྲུངས་རབས་ལ་བྱུང་བའི་མཐུན་པ་སྤུན་བཞིའི་ལོ་རྒྱུས་ཞིབ་པ་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་སོགས་བསྟན་བཅོས་དུ་མ་ཞིག་ཏུ་འཁོད་ཡོད་ཀྱང་དེང་སྐབས་ཀྱི་བློ་གསར་གཞོན་ནུ་ཕོ་མོ་རྣམས་ལ་ཡ་རབས་གུས་ཞབས་ཀྱི་སྤྱོད་བཟང་ལྡན་པ་ན་དེ་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་ཤེས་སུ་འཇུག་པའི་ཆེད་དུ་འདིར་ཅུང་ཟད་ཞིག་བཤད་པར་བྱ་སྟེ།  སྔོན་རྒྱ་གར་གྱི་ཡུལ་ཝ་ར་ཎ་སི་ཞེས་བྱ་བ་ན།  རྒྱལ་པོ་ཆེན་པོ་ཚང་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ།  རྒྱལ་པོ་དེ་ཡང་བསོད་ནམས་དང་།  སྟོབས་འབྱོར་མངའ་ཐང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཞིག་ཡོད་པ་ཡིན་ལ།  དེའི་ཚེ་ཡུལ་དེའི་ནགས་ཚལ་ཞིག་ཏུ་སྔོན་བསགས་བསོད་ནམས་བཟང་པོའི་དཔལ་ལས་གྲུབ་པ།  མི་ཡི་སྐད་དུ་སྨྲ་བའི་སྲོག་ཆགས་བཞི་བྱུང་སྟེ།  དེ་ཡང་བྱ་གོང་མ་སྲེག་དང་།  རི་བོང་།  སྤྲེའུ།  གླང་པོ་ཆེ་བཞི་པོ་དེ་དག་ནི་དམ་པའི་སྤྱོད་པ་དང་མཐུན་ཞིང་།  ཕན་ཚུན་གཅིག་གིས་གཅིག་ལ་མཛའ་གཅུགས་ཀྱི་བསམ་པ་རྒྱུན་མི་ཆད་དུ་གནས་ཤིང་།  བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཏོ། །
ནམ་ཞིག་གི་ཚེ་ན།  རང་ཅག་རྣམས་ལ་རྒན་གཞོན་བར་མའི་གོ་རིམ་ཞིག་མི་རུང་བས།  འོ་ཅག་རྣམས་ཀྱི་ནང་ནས་རྒན་པ་སུ་ཞིག་ཡིན་ཞེས་ཕན་ཚུན་སྨྲ་བ་དེ་ཡི་ཚེ།  གླང་ཆེན་ཁྱུ་མཆོག་ན་རེ།  ཤིང་ཆེན་ཎྱ་གྲོ་རྡ་ལ་འདབ་རྙིང་ཞིང་ཧྲུལ་པོར་གྱུར་བ་འདི་དག་སྔོན་འདབ་མ་གསར་པ་དང་ཤིང་གི་བོངས་ཚོད་ཀྱང་རང་གི་ལུས་ཚོད་དུ་ཡོད་པ་དྲན་ཞེས་སྨྲས་པ་དང་།  སྤྲེའུ་དེ་ཡིས་ཀྱང་། བདག་ནགས་གསེབ་འདིར་རྒྱུ་བའི་ཚེ་ཤིང་འདི་སྤྲེའུ་ང་ཡི་བོངས་ཚོད་དང་མཚུངས་པ་ཞིག་དྲན་ཟེར་ཞིང་།  རི་བོང་གིས་ངས་ཤིང་འདིའི་སྡོང་པོ་སོར་ལྔ་ཙམ་ཡོད་པར་ལོ་མ་གཉིས་ཡོད་པ་ལས་དེའི་ཐོག་གི་ཟིལ་པའི་ཐིགས་པ་ང་རང་གིས་མྱོང་ནུས་པ་ཞིག་ཏུ་མཐོང་ཟེར་བ་དང་།  བྱ་གོང་མ་སྲེག་དེས།  ཤིང་ཎྱ་གྲོ་རྡ་འདི་ནི་ངའི་བྲུན་གྱིས་ས་བོན་ལས་སྐྱེས་པ་ཡིན་ཞེས་སྨྲས་པས།  ཁོང་ཚོ་བཞི་པོའི་ནང་ནས།  བྱ་གོང་མ་སྲེག་ལུས་ཀྱི་བོངས་ཚད་ཆུང་ཤོས་དེ་ལོ་རྒན་ཤོས་ནས་གླང་ཆེན་བར་རྒན་གཞོན་བར་མའི་གོ་རིམ་ལ་རིམ་བརྩེགས་སུ་གནས་ནས་ཕན་ཚུན་གཅིག་གིས་གཅིག་ལ་བརྙེན་བཀུར་གུས་ཞབས་སོགས་ཡ་རབས་ཀྱི་སྤྱོད་པ་ཕྱིན་ཅི་མ་ལོག་པར་བྱས་ཏེ།  འབུ་སྲིན་ཕྲ་མོ་ཕན་ཆད་སོགས་གཞན་གྱི་སྲོག་གཅོད་པ་དང་།  མ་བྱིན་པ་ལེན་པ།  འདོད་པས་ལོག་པར་གཡེམ་པ།  རྫུན་སྨྲ་བ།  མྱོས་འགྱུར་གྱི་འབྲས་བུ་སྐྱུར་པོ་ཟ་སྟེ་སྤྱོད་ལམ་དེ་དག་སྤངས་པའི་བརྟུལ་བཞུགས་ལྔ་ལ་རྒྱུན་དུ་གནས་པས།  ཡུལ་དེ་རྩི་ཤིང་ནགས་ཚལ་རྒྱས།  ཆར་ཆུ་དུས་སུ་བབས།  ལོ་ཏོག་རྟག་ཏུ་ལེགས་པ་སོགས་དགེ་བའི་མཚན་མ་མངོན་སུམ་དུ་གྲུབ་ཅིང་ཡོད་པའི་སྐབས་དེར།  རྒྱལ་པོ་ཚངས་བྱིན་གྱི་བསམ་པ་ལ་ཡུལ་འདིར་རྩི་ཤིང་ལོ་ཏོག་ཕུན་སུམ་ཚོགས་པར་བྱུང་བ་འདི་དག་རྒྱལ་པོ་རང་གི་བསོད་ནམས་ཀྱི་མཐུ་ཡིན་སྙམ་པའི་ང་རྒྱལ་དང་ལྡན་བཞིན་པར་གཞན་ལའང་དེ་སྐད་སྨྲས་པ་ན།  ཡུལ་དེར་བཞུགས་པའི་དྲང་སྲོང་ཆེན་པོ་ཐུབ་པ་མངོན་ཤེས་ལྔ་ལྡན་ཞེས་བྱ་བ་ཞིག་ཡོད་པས་དེ་ཡི་ཞལ་ནས།  ཡུལ་འདིར་རྩི་བཅུད་ལོ་འབྲས་ཕུན་སུམ་ཚོགས་པར་བྱུང་བ་དེ་དག་ནི་རྒྱལ་པོ་ཁྱེད་ཀྱི་མཐུ་མ་ཡིན་ལ།  སྲོག་ཆགས་བཞི་པོའི་རྒན་རིམ་མཆོད་པ་དང་།  བརྟུལ་བཞུགས་ལྔ་པོའི་སྤྱོད་པ་ལ་སློབ་པའི་བསོད་ནམས་ཀྱི་མཐུས།  ཡུལ་འདིར་བདེ་སྐྱིད་བྱུང་བ་ཡིན་ནོ་ཞེས་གསུངས་པས།  རྒྱལ་པོ་འཁོར་བཅས་ཡིད་ཆེས་ནས།  རྒྱལ་པོ་དང་བློན་འབང་འཁོར་བཅས་ཀྱིས་རྒན་གཞོན་གོ་རིམ་གྱི་གུས་ཞབས་བྱེད་པའི་སྤྱོད་ཚུལ་གྱི་དགེ་མཚན་མཐོང་ནས་ཐམས་ཅད་ཀྱིས་ཉེས་པ་ལྔ་སྤངས་ཤིང་།  སྤྱོད་པ་ལྔ་ལ་རྩེ་གཅིག་ཏུ་གནས་པས།  ཡུལ་དེར་ཡང་བདེ་སྐྱིད་རྫོགས་མཐའ་མེད་པའི་དཔལ་ལ་ལོངས་སྤྱོད་ཀྱི་སྐལ་བཟང་ཐོབ་པར་གྱུར་བ་སོགས་སངས་རྒྱས་ཀྱི་འཁྲུངས་རབས་ལས་བྱུང་བ་ཞིག་བཀོད་པ་དང་།  སྔོན་བྱོན་མཁས་གྲུབ་དུ་མའི་གསུང་ལ་ལེགས་པར་བརྟགས་ཏེ་བླུན་པོའི་སྙིང་ཁམས་ཀྱིས་རང་བཟོས་མ་བསླད་པར་ཚིག་གོ་བདེའི་ལུགས་སུ་བྱས་པའོ།།


 ཚེ་རིང་རྣམས་དྲུག

ཚེ་རིང་རྣམས་དྲུག་སྐོར་གྱི་རི་མོའི་གཟུགས་བརྙན་དེ་ནི་བོད་པའི་ཁྱིམ་ཚང་མང་ཆེ་བའི་ནང་རྟག་ཏུ་རིག་རྒྱུ་མང་བའི་རི་མོ་ངོ་མཚར་ཅན་ཞིག་རེད།  དེའི་བྱུང་སྟངས་སྐོར་དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན་འདི་ལྟ་སྟེ།  རྡོ་རྗེའི་ཆོས་སུ་གྲུབ་པའི་བྲག་རི་དེའི་ངོགས་ནས།  འཆི་མེད་བདུད་རྩིའི་རྒྱུན་མཆོག་ལྷུང་ལྷུང་སྙན་པའི་སྒྲ་དང་བཅས།  འཛད་མེད་རྒྱུན་མར་འབབ་པའི་བརླན་བཤེར་ལས།  རོ་མཆོག་བརྒྱད་ལྡན་འབྲས་བུ་གཡུར་ཟ་བའི་ཚེ་རིང་ལྗོན་ཤིང་བྱུང་།  དེ་ཡི་དྲུང་དུ་ཚེ་དང་ཡེ་ཤེས་དཔག་མེད་མགོན་པོའི་བྱིན་རླབས་སྙིང་ལ་ཞུགས་པའི་ཡེ་ཤེས་ཏིང་འཛིན་མངོན་འགྱུར་གྱི་དྲང་སྲོང་སྟེ་མི་ཚེ་རིང་བྱུང་།  དྲང་སྲོང་དེ་ཡིས་ཆབ་གཏོར་རིལ་བུའི་ཚོགས་ལོངས་སུ་སྤྱད་པས་རི་དྭགས་ཚེ་རིང་བྱུང་།  ཚེ་རིང་ལྗོན་ཤིང་གི་འབྲས་བུ་དང་འཆི་མེད་བཏུང་བའི་རྒྱུན་ལ་ལོངས་སུ་སྤྱད་པ་ལས་བྱ་ཚེ་རིང་བྱུང་བར་གྲགས།  གང་ལྟར་ཡང་དེ་ནི་རྟེན་འབྲེལ་ཕུན་ཚོགས་མི་བསླུ་བ་བདེན་པའི་མཐུ་ལས་བྱུང་བ་ཞིག་ཡིན་པས།  བསྟན་བྱ་གཙོ་བོ་ནི་མི་དང་རི་དྭགས་སེམས་ཅན་ཀུན་ལ་ཚེ་ཡི་འཇིགས་པ་མི་ཡོང་བ་བྱ་རྒྱུ་དེ་ཡིན་པར་བསམས།།

Be the first to comment

Leave a Reply

Your email address will not be published.


*