མི་འགྱུར་དགོན་པ།

མི་འགྱུར་དགོན་གྱི་ལོ་རྒྱུས།

དགོན་པ་འདི་ནི་མཁས་གྲུབ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོས་ཕྱག་བཏབ་གནང་། སྐྱེས་བུ་ཆེན་པོ་འདི་ཉིད་དཔལ་ལྡན་ས་སྐྱ་ནས་རིམ་པར་དཔག་ཚད་མང་པོ་བགྲོད་པའི་ཤར་ཕྱོགས་སུ་སྤོ་འབོར་སྒང་ཆེན་ཞེས་བྱ་བའི་སའི་ལྟེ་བ། ཆུ་བོ་གངྒ་དང་ཚུལ་མཚུངས་པ་རྒྱ་ཆུ་ཞེས་བྱ་བའི་རྒྱུ་མོ་ས་ཞེས་པའི་ཡུལ་གྱི་མཐིལ་དུ་འཁྲུངས།

དེ་ནས་བོད་རབ་བྱུང་བརྒྱད་པའི་དགེ་བྱེད་དེ་ཆུ་ཕོ་སྟག་གི་ལོར་བདག་ཉིད་ཆེན་པོ་དགུང་ལོ་བཞི་བཅུ་བཞེས་པའི་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་བཅུའི་ཉིན་གནས་བརྟན་བསམ་གྲུབ་སོགས་དཔོན་སློབ་ལྔ་ཙམ་རུ་ཕེབས་སྒང་ནས་རིམ་གྱི་བྱོན་ཏེ། གླང་ཆེན་སྒང་དུ་ཅུང་ཟད་བཞུགས་སྐབས་ཕ་བུ་གཉིས་བྱུང་ནས་བྱིན་རླབས་ཞུས་ཏེ་ཁྱེད་ལ་ཅི་མིང་སོགས་གསུངས་པས་རྟེན་འབྲལ་ཤིན་ཏུ་འགྲིགས་ནས། ཨེ་མ་ངོ་མཚར་ཅན་གྱི་གནས་མཆོག་འདིར་དགོན་པ་འདེབས་པ་ཡིན། ཁྱེད་གཉིས་ཀྱིས་ཀྱང་ཡོན་བདག་གྱིས་མཚར་ཅན་གྱི་གནས་མཆོག་འདིར་དགོན་པ་འདེབས་པ་ཡིན། ཁྱེད་གཉིས་ཀྱིས་ཀྱང་ཡོན་བདག་གྱིས་ཞེས་གསུངས། དེའི་ནུབ་མོ་རྨི་ལམ་མཚན་མ་སོགས་ཤིན་ཏུ་ལེགས་པར་བྱུང་། ཕྱི་ཉིན་དེ་གཉིས་དང་གཞན་ཡང་བདག་འགའ་ཞིག་གིས་འབུལ་བ་མང་པོ་ཁྱེར་ནས་བྱུང་བས། བླ་མས་རྟེན་འབྲལ་བཟང་མང་ཇ་སྐོལ། ཚོགས་དུང་བུས་ཞེས་གསུངས། ཚོགས་དུང་བུས་པས་ཚོགས་པ་ཅི་ཙམ་སྣང་གསུང་བས་ལྔ་དྲུག་བརྒྱ་ཙམ་གདའ་ལགས་ཞུས་པས། ཚོགས་པ་ཆེ་བ་འདུག་རྟེན་འབྲེལ་བཟང་གསུངས་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཚིག་མང་དུ་མཛད། དེ་ནས་རྒྱལ་བུ་དོན་ཀུན་གྲུབ་པ་དགའ་ལྡན་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་ཐ་སྐར་ཟླ་བའི་ཡར་ངོའི་ཚེས་གྲངས་དང་གཟར་སྐར་སྦྱོར་བྱེད་ལ་སོགས་པ་བཟང་པོ་ལ་བབས་པའི་ཉིན་གཅིག་གི་ཚེ་དགོན་པ་ཕྱག་བཏབ་མཛད་དེ། རིམ་གྱིས་དགེ་འདུན་སྟོང་ཕྲག་དུ་མ་ཚོགས་པ་ལ་ཕར་ཕྱིན། ཚད་མ། སྡོམ་གསུམ་རབ་དབྱེ། ས་སྐྱ་བཀའ་འབུམ། ཤེར་ཕྱིན་བརྒྱད་སྟོང་བ། མདོ་སྡེ་མཛངས་བླུན། འདུ་བ། དབུ་མ། མངོན་པ་གོང་འོག་དང་། སྤྱོད་འཇུག་སོགས་གཞུང་ཆེན་དུ་མ་ལ་འཆད་ཉན་མཛད། དེའི་ནང་ནས་རབ་བྱུང་བསྙེན་རྫོགས་སྒྲུབ་པ་དང་། གཞི་གསུམ་ཆོ་ག་ལག་ལེན་རྣམས་རྗེ་ཉིད་ཀྱིས་མཛད་པའི་འདུལ་བའི་བསླབ་བྱ་ཆེན་མོ་དང་། དེའི་མཐའ་གཅོད་བ་དན་དཀར་པོའི་ཕྲེང་བ་དང་། ལག་ལེན་ཀྱང་གཞན་དང་མ་འདྲེས་པར་རྩ་མདོ་གཉིས་དང་ལུང་སྡེ་བཞི། འདུལ་བ་འོད་ལྡན། མེ་ཏོག་ཕྲེང་རྒྱུད་སོགས་ལས་ཇི་ལྟར་བཤད་པ་བཞིན་མཛད་དོ། ཁོང་གི་གསུང་རྩོམ་སྐོར་ལ་ཚད་མ་རྣམ་འགྲེལ་བ་ཚོག་ཉུང་ལ་དོན་འདུས་པ་དང་། ཚད་མའི་སྤྱི་དོན་ཆེ་བ་ཐལ་ཕྲེང་ཞེས་པ་དང་། ཚད་མའི་མདོ་ཊཱཀྐི། རྣམ་འགྲེལ་ཊཱིཀྐ་སྤྱི་དོན་དང་བཅས་པ་ཤིན་ཏུ་རྒྱས་པ་གཅིག སྡེ་བདུན་ཕྱི་མ་དྲུག་ལ་ཊཱིཀྐ་སྤྱི་དོན་དང་བཅས་པ་རེ་རེ། ཚད་མའི་ལྟ་ཁྲིད། ཕར་ཕྱིན་སྤྱི་དོན་དཔལ་དགོན་གདོང་བཞི་པའི་སྒྲུབ་ཐབས། དཔལ་མགོན་ཉམས་ལེན་བསྡུས་པ་ལ་སོགས་པ་བསྟན་བཅོས་ཤིན་ཏུ་མང་པོ་མཛད་དོ། དེ་ནས་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་གྱི་སྒོ་ནས་གཞན་དོན་ཕྲིན་ལས་རྒྱས་ཚུལ་འོག་ཏུ་འཆད་པར་འགྱུར་རོ། དེ་ལྟར་དམ་པ་ཉིད་ཀྱི་འགྲོ་དོན་རེ་ཞིག་རྫོགས་ནས་ལྕགས་མོ་ལུག་གི་ལོ་དགུང་ལོ་བདུན་ཅུ་བར་རྗེ་ཉིད་ཀྱི་སློབ་མའི་མཆོག་གནས་བརྟན་བསམ་གྲུབ་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་སྐུ་ཁམས་ཅུང་ཟད་སྙུང་བས་ཉེ་གནས་ཞིག་གིས་རྨི་ལམ་ཅི་འདྲ་ཞུས་པས་ད་ལོ་མྱུར་དུ་འཆི་བ་འདྲ། ང་འཆི་ན་བླ་མ་ཡང་གཤེགས་པར་འདྲ་ཞེས་རྒྱུ་མཚན་མང་དུ་གསུངས་ནས། ཚེས་བཅོ་ལྔའི་ནུབ་མོ་གཤེགས་ཏེ་སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར། ལོ་དེའི་ཧོར་ཟླ་བཅུ་པའི་ཚེས་བཅུ་དགུ་ཉིན་སློབ་དཔོན་རྣམས་ཀྱི་གཙོ་དགེ་བཤེས་ཆེན་པོ་དང་གླིང་གི་རྒན་པ་རྣམས་ལ་བོས་ཤིག་གསུངས་ནས། ཐམས་ཅད་སྐུ་མདུན་དུ་ཕེབས་པའི་ཚེ། ཀུ་རེ་དང་བཞད་གད་མང་དུ་མཛད་པས་ཐམས་ཅད་ཀྱི་གད་མོ་བྱས། དེ་ནས་ངེས་ཀྱིས་དབུས་པ་ཆོས་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ནོད་པ་ནས་བཟུང་གོང་དུ་སྨོས་པ་བཞིན་རབ་སྒང་དང་དབུས་གཙང་དུ་བྱོན་ནས་ཡོངས་འཛིན་དུ་མ་བསྟེན་ནས་ཆོས་གསན་ཚུལ་དགོན་པ་བཏབ་ཚུལ་འཆད་ཉན་མཛད་ཚུལ་སོགས་མདོར་བསྡུས་ཙམ་གསུངས་ཏེ། འདི་རྣམས་བསྟན་པ་དང་སེམས་ཅན་གྱི་ཆེད་ཁོ་ན་ཡིན་པས་ཁྱེད་རྣམས་ཀྱིས་ཀྱང་རྣམ་གཞག་འདིའི་སྲོལ་མ་ཉམས་པར་གྱིས། ངེད་ད་ལོ་ལོ་བདུན་ཅུ་ལ་ཐུག་པ་ཡིན་པས། མ་ཐོན་བསམ་པ་ཡིད་ལ་འཁྲི་བ་ཅི་ཡང་མེད། ད་འཆི་རན་ཡིན་འཆི་བ་ལ་འགྱོད་ན་བནྡེ་ཡང་མ་ཡིན་ཞེས་ཐུགས་དམ་གྱི་གླེགས་བམ་དབུ་ཐོག་ཏུ་སྤྱན་དྲངས་ནས། སྐུ་རྣམ་སྣང་ཆོས་བདུན་དང་ལྡན་པར་མཛད་དེ་ཚེས་ཉི་ཤུའི་བར་མཉམ་བཞག་གཅིག་གི་ངང་དུ་བཞུགས་པར་མཛད་དོ། ཉི་ཤུའི་ཉིན་སྐབས་སྐབས་སུ་དབུ་གཡོ་བར་མཛད་པ་དང་སྤྱན་ནམ་མཁར་ཧུར་མཛད་དེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། རྡུལ་ཕྲན་མཐར་སྦྱིན་ཞི་བ་ཉིད། ཁྱེད་རང་ཡང་ནི་དེ་ཡི་ཕ། ཞེས་དང་དོན་ཙམ། བཏགས་པ་ཙམ། མིང་ཙམ། རང་རིག་གསལ་ཞེས་གསུངས་ཤིང་། སྐུའི་ནང་གི་འབྱུང་བ་རྣམས་ཐུགས་གསལ་རིག་ལ་རིམ་གྱིས་བསྡུས། གསལ་རིག་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་མའི་པང་དུ་བུ་འཇུག་པ་ལྟ་བུའི་ཚུལ་གྱིས་གཉིས་མེད་དབུ་མའི་ངང་དུ་ཐིམས་ཏེ་ཟུང་འཇུག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུགས་མཉམ་པར་བཞག་གོ དེ་ནས་སྐྱ་གདུང་ཞུགས་སུ་བླུག་ན་རིང་བསྲེལ་གྱི་གོང་བུ་འགྱུར་བ་གདོན་མི་ཟ་སྟེ། སྔར་ཚེམས་དང་ཞབས་ཀྱི་སེན་མོ་ལ་སོགས་གྲྭ་པ་དང་ཡོན་བདག་དད་པ་ཅན་འགའ་ཞིག་ལ་གནང་བ་རྣམས་ལ་རིང་བསྲེལ་མང་དུ་བྱུང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ན། མི་བཞུ་བར་བཞུགས་སུ་གསོལ་ན་བསྟན་སྤྱི་དགོས་ཡུན་རིང་དུ་གནས་པ་བྱ་བའི་ཕྱིར་དང་སྐྱེ་དགུ་མཐའ་དག་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་དུ་སྒྲོམ་གྱི་ནང་དུ་སྤྱན་དྲངས་ནས་ལོ་གཅིག་གི་བར་དུ་ཕྱག་མཆོད་རྒྱས་པར་ཕུལ་ཏེ་བཞུགས་སུ་གསོལ། དེ་ནས་བྱང་ཆུབ་མཆོད་རྟེན་གསེར་ཟངས་ལས་གྲུབ་པའི་བུམ་པའི་ནང་དུ་སྤྱན་དྲངས་ཏེ་རྒྱུ་སྡེ་རིན་པོ་ཆེའི་རྣམས་ལས་ཇི་ལྟར་གསུངས་པའི་ཆོ་ག་མཚན་ཉིད་དང་ལྡན་པའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་བྱུང་ཏེ། རྒྱུན་མི་ཆད་པའི་བྱིན་རླབས་ཀྱི་རང་བཞིན་ཅན་དུ་དེང་སང་བར་དུ་བཞུགས་པ་ཡིན་ནོ།།

དེ་ནས་གདན་རབས་བྱུང་ཚུལ་ནི་ཆོས་ཀྱི་རྒྱལ་མཚན་ཁོང་གི་གདན་རབ་ཐོག་མ་མཛད་པ་ནས་བཟུང་དེང་བར་གདན་རབས་སུམ་ཅུ་སོ་བདུན་ཙམ་བྱོན་པར་གྲགས་ཀྱང་སྔོན་གྱི་གདན་རབས་རིམ་བྱོན་གྱི་མཚན་དང་མཛད་རྣམ་སོགས་ད་ལྟ་ཡིག་ཚང་སོགས་མེད་པས་ཡིག་ལམ་དུ་མ་གྱུར་ལ། དེ་ལས་བོད་རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་མི་འགྱུར་རིན་པོ་ཆེའི་སྐུ་ཕྲེང་དང་པོ་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས། གཉིས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན། གསུམ་པ་འཇམ་དབྱངས་ཤེས་རབ་གྲགས་པ། བཞི་པ་མཚུངས་མེད་ཤེས་རབ་ལྷུན་གྲུབ། ལྔ་པ་རྗེ་བཙུན་ཤེས་རབ་བྱང་ཆུབ། དྲུག་པ་རྗེ་བཙུན་བྱམས་པ་བསྟན་འཛིན། བདུན་པ་བླ་མ་ཤཱཀྱ་དགེ་འཕེལ། བརྒྱད་པ་མཁན་ཆེན་བསྟན་པ་འབྱུང་གནས། དགུ་པ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན། བཅུ་པ་མཆོག་སྤྲུལ་ཚུལ་ཁྲིམས་གྲགས་པ། བཅུ་གཅིག་པ་ད་ལྟ་སྐུ་དངོས་ཨ་རི་ཐེ་ཝན་སོགས་སུ་སངས་རྒྱས་ཀྱི་བསྟན་པ་ཕྱི་གླིང་ཀུན་དུ་དར་སྤེལ་གནང་བཞིན་པ་མི་འགྱུར་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཀུན་དགའ་འཕྲིན་ལས་རྒྱ་མཚོ། གཞན་ཡང་མི་འགྱུར་གཙོ་བོ་ཞེས་པ་དགོན་པའི་ཤར་ཕྱོགས་སུ་དེའུ་འབུར་ཐོག་ཏུ་ཆགས་ཡོད་པའི་བླ་བྲང་དགོན་ཆུང་ཞིག་མི་འགྱུར་དགོན་པ་མ་ཆགས་སྔོན་ལ་ཡོད་པར་གྲགས་པ་དེའི་གདན་རབས་རིམ་བྱོན་གྱིས་མི་འགྱུར་དགོན་པའི་བསྟན་པ་སབསྐྱང་ཚུལ་ནི་གཙང་ངོར་དགོན་གྱི་ཀླུ་ལྡིང་བླ་བྲང་གི་བླ་དཔོན་གཏང་དགོས་པ་མ་ཟད། བླ་མའི་སྐུ་ཚ་སོགས་ཀྱིས་གདན་རབས་འཛིན་དགོས་པ་ལས་སྤྲུལ་སྐུ་སོགས་བླུ་སྲོལ་མེད། དེ་ཡང་ཚོགས་མཆོད་སྒྲུབ་པ་སོགས་མི་འགྱུར་དགོན་ལས་ཐ་དད་མིན། རིག་གནས་གསར་བརྗེ་པར་དུ་བླ་རྒྱུད་རིམ་བྱོན་བཞུགས་ཀྱང་དེང་སང་རྒྱུན་ཆད་ནས་མི་བཞུགས་སོ།

བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་ནི་དགོན་འདི་ཐོག་མར་ཆགས་ནས་ད་བར་བཤད་སྒྲུབ་ཀྱི་བསྟན་པ་ཉམས་ཙམ་གནས་ཀྱང་། ཆེས་ཤིན་ཏུ་དར་བའི་དུས་ནི་དགོན་པ་འདི་ཕྱག་བདེབས་པ་པོ་བུ་ཡུམ་དཀོན་མཆོག་རྒྱལ་མཚན་བཞུགས་སྐབས་སུ་བཤད་གྲྭ་པ་སྟོང་ཕྲག་གཉིས་ལྷག་དང་། སྒྲུབ་གྲྭ་བ་བཅུ་ཕྲག་བཅུ་ལྷག་བཞུགས་པར་གྲགས། དེའི་སྐབས་མདོ་ཁམས་སྨད་ཕྱོགས་སམ་རོང་ཉག་རྒྱུད་ཆུ་བཞིའི་གྲྭ་པ་རྣམས་དགོན་པ་འདིའི་ནང་གྲྭ་སར་བྱོན་པ་མངོན། དགོན་པ་འདིས་བླ་དཔོན་མངག་པ་དང་གསར་འདེབས་བྱས་པའི་དགོན་ལག་གམ་བུ་དགོན་ཉི་ཤུ་རྩ་ལང་ཡོད་པ་ལས་དེང་སང་ཡོད་པའི་མཚན་ཐོ་བཀོད་ན། མགོན་བཀུར་སྦྱོ་བ་སྐད་དགོན། མདའ་ཤི་རི་ཁྲོད་དགོན། སྤོ་སུ་གཟན་འགུ་དགོན། སྐྱི་རྫུ་དགོན། ཐུབ་པ་དགོན། མཚོ་སྔོན་དགོན། མི་ཉག་རི་ཁུག་དགོན། འཇིག་སྟོད་ཁུ་འགྱུར་དགོན། སྤོ་སར་ཐང་དཀར་དགོན། སྨུ་འགུ་དགོན། སྤྱི་བླ་དགོན། སྣ་པོ་དགོན་གསར་དགོན། འདབ་བྲག་ནག་དགོན། རྫ་ཀོར་དགོན། བསམ་གཏན་དགོན། ཐར་ལམ་དགོན། བློ་སྒོག་དགོན། སྨུ་ལུ་ཏིང་ཡུམ་དགོན། ཚེ་མ་རིང་རུ་ལུ་དགོན། ས་རྔ་རོང་དགོན་རྣམས་སོ། རིག་གནས་གསར་བརྗེ་སྔོན་རྩམ་ལ་འཇམ་མགོན་ངག་དབང་ལེགས་པ་དང་། སྡེ་གཞུང་བླ་མ་ཆོས་འཕེལ་སོགས་བྱོན་ནས་དབང་ལུང་མན་ངག་གནང་ནས་སྒྲུབ་སྡེ་གཙུགས། ཁྱད་པར་དུ་ཀུན་མཁྱེན་གོ་རམས་པའི་སྤྲུལ་པར་གྲགས་པ་སྐྱ་ཤུལ་སྤྲུལ་སྐུ་ཀུན་བཟང་ཆོས་ཀྱི་ཉི་མ་སྐུ་དངོས་བཞུགས་ནས་བཤད་གྲྭ་མཁན་པོ་མཛད་ནས་ལོ་གསུམ་ཙམ་སོང་སྐབས་རིག་གསར་ཐུག་པ་ཡིན་ནོ།

སྐུ་གསུངས་ཐུགས་རྟེན་བཞུགས་ཚུལ་རག་ཙམ་སྨོས་ནས། འདུལ་བ་ལུང་ལས་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་ཀྱང་བགྱིའོ་ཞེས་གསུངས་པ་ལ་བརྟེན་ནས་གཙུག་ལག་ཁང་ཁྱད་པར་ཅན་རྣམས་སུ་བདེ་བར་གཤེགས་པའི་རྟེན་ངོ་མཚར་ཅན་རྣམས་དང་། ཁྱད་པར་དུ་མཉམས་ཤིང་ཤཱཀྱའི་རྒྱལ་པོའི་ཞལ་སྐྱིན་དུ་ཐུབ་པའི་དབང་པོའི་སྐུ་རབ་གནས་ཅན་བཞུགས་དགོས་པར་བཤད་པ་ལྟར། རྗེ་འདི་ཉིད་དུ་རེ་ཞིག་གི་ཚེ་དབང་རྫ་སྟོལ་ནང་ཕེབས་སྐབས། དཀར་པོའི་ལས་དང་དབང་བའི་སྨོན་ལམ་གྱིས་མཚམས་སྦྱོར་ཏེ་དབུས་ཀྱི་ལྷ་བཟོ་མཁས་པ་ཕུལདུ་བྱུང་བ་ཞིག་དང་མཇལ་ནས་མཉམ་མེད་ལོ་ཙཱ་བ་ཆེན་པོའི་སྐུ་མདའ་གང་ཙམ་གཅིག་བླུགས་ནས། རང་བྱོན་ལྟ་བུ་ཤིན་ཏུ་ལེགས་པ་ཞིག་བྱུང་བས་རྗེ་ཉིད་ཀྱིས་རྟེན་འབྲེལ་བཟང་གསུངས་ཤིང་ཐུགས་དགྱེས་པ་རྒྱ་ཆེན་པོ་མཛད་དེ་ལྷ་བཟོ་བ་ལས་སྤྲུལ་སྐུ་ཁྱེད་ཀྱི་ཟླ་བར་ཆོས་འཁོར་ཡངས་པ་ཅན་དུ་འགྲོ་དགོས་གསུངས་ནས། ལྷ་བཟོ་བ་མཉེས་ཏེ་དཔོན་སློབ་ལྷན་ཅིག་ཏུ་བྱོན་ནས་སྤྲུལ་སྐུའི་རྟེན་དུ་དབུས་ཀྱི་ལྷ་སར་བཞུགས་པའི་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཟད་ལྷག་པའི་སྟོན་པའི་གསེར་སྐུ་ལ་སོགས་པ་སྐུ་གསུངས་ཐུགས་ཀྱི་རྟེན་བཞེངས་དགོངས་པའི་མཐུན་པའི་རྐྱེན་འབད་མེད་ལྷུན་གྱིས་གྲུབ། ཇོ་བོ་སྐུ་ཚད་ལས་མཐོ་གང་ཙམ་གྱི་ལྷག་པ་ཞིག་རང་བྱོན་ལྟ་བུའི་ཚུལ་བྱིན་བརླབས་ཀྱི་བརྗིད་ཆགས་ཤིང་ངོ་མཚར་གྱི་གཟི་འོད་འབར་བ་དང་། གཞན་ཡང་ས་པཎ་དང་ནཱི་ཝ་པའི་སྐུ་སོགས་བླ་སྐུ་ཆེ་མང་པོ་དང་། ལོངས་སྐུའི་རྟེན་དུ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་དང་། ཆོས་སྐུའི་རྟེན་དུ་རྣམ་རྒྱལ་མཆོད་རྟེན་དེ་རྣམས་མི་ཚད་ཙམ་རེ་བཞུགས་པ་དང་། གསུངས་གི་རྟེན་དུ་བདེ་བར་གཤེགས་པའི་བཀའ་འགྱུར་ཆ་མང་པོ་དང་། དགོང་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པོད་བཅུ་ཕྲག་སུམ་ཅུ་ལྷག་ཙམ་བཞུགས། དེ་ནས་བདག་ཉིད་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དགུང་ལོ་རེ་གཅིག་ལོན་པའི་ཚེ་རྟེན་འདི་དག་བཞུགས་པའི་གཙུག་ལག་ཁང་ཁྱད་པར་ཅན་བཞེངས་དགོངས་པའི་ཚེ་རྣམ་ལམ་དུ་གཙུག་ལག་ཁང་བཏབ་པའི་ས་དེར། གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱབ་པའི་མཐིལ་དུ་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་སྐོར་ནས་བྱོན་པའི་གནས་དེར་བཞུགས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཇིག་རྟེན་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཐུགས་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་སེལ་བར་བྱེད་པ་ལ་སོགས་པ་ཤིན་ཏུ་གསལ་བར་བྱུང་བས། ས་ཕྱོགས་དེར་ཆབ་གཏོར་དང་ཀླུ་གཏོར་ཕྱོགས་དང་འབྱུང་པོའི་གཏོར་མ་རྣམས་ཕྱོགས་བཞིར་གཏོར་དུ་བཅུག རྗེ་ཉིད་ཀྱིས་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་མཛད། གཙུག་ལག་ཁང་གི་རྨང་གཏིང་ཐིག་བཏབ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། སྤྲིན་མཆོད་རྟེན་གྱི་རྣམ་པ་ཕྱོགས་ཀུན་ཏུ་འཁོར་བ་དང་། འཇའ་འོད་འཁྲིག་པ་བཅས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས། འཇིག་རྟེན་སྐྱོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་གྲོགས་མཛད་ནས་ཁང་བུ་བརྩེགས་པའི་མཆོད་རྟེན་གྱི་རྣམ་པ་ལྟ་བུ་ཀ་ཆེན་བཞིས་བཏེགས་པའི་ཐོག་རིམ་པ་གསུམ་དབུས་ས་གྲུ་བཞི་པ། ལོགས་ཀུན་དུ་མཉམ་པ་སྒོ་ཁང་དང་བཅས་པའི་མདུན་དུ་དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོ་ཀ་བ་བཅུ་དྲུག་གིས་བཏེགས་པ་ཐོག་དཔངས་མཐོ་ཞིང་སྒོ་ཁང་རྟ་བབས་ཀྱིས་བརྒྱན་པ། ཕྱི་རོལ་འཁོར་ཡུག་དང་བཅས་པ་ཁྱད་པར་དུ་འཕགས་པ་ལེགས་པར་གྲུབ་པས་གཙུག་ལག་ཁང་གི་མཆོད་རྟེན་ཁང་བུ་བརྩེགས་པ་ལྟ་བུའི་དབུས་ཀྱི་གདོང་ལ་སྟོན་པ་ཐུབ་པའི་དབང་པོ་ལ་འཁོར་ཉན་ཐོས་མཆོག་ཟུང་དང་བཅས་པ་དང་མཛད་པ་བཅུ་གཉིས་ཀྱིས་བསྐོར་བ་དང་། དེའི་གཡས་གཡོན་དང་ཤར་ནུབ་ཀྱི་ངོས་རྣམས་སུ་ཞིང་ཁམས་བཅུ་དྲུག་དུ་བྱས་པའི་དབུས་སུ་འཕགས་པ་གནས་བརྟན་བཅུ་དྲུག་པོ་རྣམས་ལ་འཁོར་དགྲ་བཅོམ་པ་མང་པོས་བསྐོར་བ་དང་བཅས། སྒོའི་གཡས་གཡོན་གཉིས་སུ་ཞིང་ཁང་རེའི་དབུས་སུ་གཡས་ཕྱོགས་སུ་སངས་རྒྱས་མི་འཁྲུགས་པ་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་དང་། སྒོ་འགྲམ་གཡས་གཡོན་དུ་སྟོབས་འཕྲོག་ནག་པོ་བྲམ་ཟེའི་གཟུགས་ཅན་ལ་ཡུལ་ཆེན་མཁའ་འགྲོ་བཞིས་བསྐོར་བ་རེ་དང་། གཡས་གཡོན་དུ་རྒྱལ་ཆེན་རིགས་བཞི་གཉིས་གཉིས་རེ་དང་བཅས་པ། དེ་དག་ཐམས་ཅད་ཀྱི་སྟེང་རྣམས་སུ་ཕར་ཕྱིན་དང་། ཚད་མ། བདེ་མཆོག། ཀྱེེ་རྡི་རྗེའི་བླ་རྒྱུད་རྣམས་གྲལ་ཕྲེང་དུ་བཀོད་པ་དང་། འོག་གི་ཟུར་ཁུག་གཡས་གཡོན་དུ་དགེ་བསྙེན་ངྷརྨ་ཏ་དང་། ཧ་ཤང་དང་དམར་ཆེན་དབང་གི་རྒྱལ་པོ་བསྲེ་ཁྲབ་ཅན་འཁོར་དང་བཅས་པ་དང་། དེའི་ཕྱི་ངོས་སུ་འདུ་ཁང་ཆེན་པོའི་གདུང་གཡས་གཡོན་གཉིས་སུ་ཞིང་ཁམས་རེ་རེ་བྱས་པའི་དབུས་སུ་ཡུམ་གྱི་མདོའི་གླིང་བཞི་ནས་གསུངས་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་བཀོད་པ་ཁྱད་པར་མི་དྲ་བ་གཉིས་རེ་དང་། དེའི་དབུས་ཀྱི་ཕྱམ་གདོང་ནས་ཁང་བུ་བརྩེགས་པའི་གཙུག་ལག་ཁང་གི་སྒོ་ཡོད་པའི་གཡས་གཡོན་གྱི་འགྲམ་སྟེང་འོག་དུ་གཡས་ཕྱོགས་ཀྱི་སྟེང་དུ་མཉམ་མེད་ལོ་ཙྭ་བ་ཆེན་པོ་དང་། འོག་ཏུ་མཁན་ཆེན་གཡག་པ་གཉིས། གཡོན་ངོས་ཀྱི་སྟེང་དུ་ས་སྐྱ་པཎྚིཏ་ཆེན་པོ་ཞིག་དང་འོག་ཏུ་ཆོས་རྗེ་རོང་སྟོན་ཤེས་བྱ་ཀུན་རིག་རྣམས་བཞུགས་ལ། འདུ་ཁང་གི་གཡས་ཕྱོགས་ངོས་ཀྱི་ཞིང་ཁམས་དང་པོར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཙོ་འཁོར་གསུམ་དང་། གཡོན་ཕྱོགས་ངོས་ཀྱི་ཞིང་ཁམས་དང་པོར་རྗེ་བཙུན་མ་གཙོ་འཁོར་དགུ་ལ་འཇིགས་པ་བརྒྱད་སྐྱོབས་དང་ཕྲག་གོང་གཉིས་སུ་སྒྲོལ་མ་དཀར་མོ་དང་ཁྲོ་གཉེར་ཅན་གཉིས། སྒོ་ཁང་བྱང་ཤར་དུ་སངས་རྒྱས་ཀླུ་དབང་གྱི་རྒྱལ་པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དང་བཅས་པ་རྣམས་འབད་མེད་ལྷུན་གྱིས་གྲུབ་པའི་ཚུལ་བཞེས་པའོ། དེའི་རྗེས་སུ་གདན་རབས་རིམ་བྱོན་གྱིས་བཞེངས་ཚུལ་མདོར་བསྡུས་ཙམ་བཀོད་ན། བྱམས་ཆེན་སྐུ་ཐོག་རྩེག་གསུམ་ཅན། ཀྱེེ་རྡོར། འཇམ་དབྱངས་རྣམ་གསུམ་བཅས་ཐོག་རྩེག་རེ་དང་། རྒྱུ་ལི་མ་ལས་གྲུབ་པའི་རྣམ་པར་སྣང་མཛད་དང་། ཐུབ་པ། རྡོ་རྗེ་འཆང་། བི་ཝ་པ་གསུང་འབྱོན་མ་ངོར་ཆེན། རྒྱལ་བ་རིག་ལྔ་བཅས་མི་ཚད་ཙམ་དང་། གསེར་ཟངས་ལས་གྲུབ་པའི་བྱམས་པ། རྡོ་རྗེ་འཆང་། ཆོས་རྗེ་དགོན་ཆོག་རྒྱལ་མཚན། རྒྱུ་ལི་ལས་གྲུབ་པའི་ཀྱེེ་རྡོར་བུམ་སྐུ་མ་དང་། བྱམས་པའི་སྐུ་གཏེར་མ་མི་ཚད་ཙམ། ཙནྡ་ལས་གྲུབ་པའི་གུར་མགོན་ལྷ་བརྒྱད་མི་ཚད་ཙམ། གཞན་ཡང་མཐོ་གང་ཙམ་གྱི་ལི་སྐུ་སུམ་བརྒྱ་ཁ་ལྷག་དང་། གསེར་ཟངས་ལས་གྲུབ་པའི་སྐུ་ཕྲག་ལྷག་ཙམ་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་ཆ་དགུ། མཚལ་པར་ཆ་གཉིས། གསེར་རྐྱང་བས་བྲིས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་བསྐལ་གསེར་གསུམ་ནག་བརྩིགས་བྱས་པ་ཀ་མིག་དོ་དང་། བསྟན་འགྱུར་མཚལ་བྲིས་ཆ་གཅིག ས་སྐྱ་བཀའ་འབུམ་གསེར་དངུལ་གྱི་བྲིས་པ། འབུམ་རྒན་མར་གྲགས་པའི་པོད་གཅིག་མི་སྟོབས་ཆེན་ཞིག་གིས་ཁུར་ཐུབ་ཙམ་ཆ་གཅིག གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་འབུམ་བཅས་ཁྱོན་པོད་ཁྲི་ལ་ཉེ་བར་མངོན་གསུམ་དུ་འཇལ་རྒྱུ་ཅན་དུ་བཞུགས། སྐུ་ཐང་རིགས་ལ་དཔག་བསམ་འཁྲི་ཤིང་གསེར་ཐང་ཆ་གཉིས། གསེར་ཐང་སྟོང་སྐུ་དང་གོང་མ་རྣམ་ལྔ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་རྩེག་ཚད་གཉིས་ཅན་ལྔ། ལམ་འབྲས་བླ་བརྒྱུད་སོགས་ཐང་ག་དཔག་མེད་བཞུགས། གཞན་ཡང་སྨན་སྐུ་རིགས་ལ་སྤྱན་རས་གཟིགས་བརྩེགས་ཚད་གསུང་ཅན་དང་། ཉེ་སྲས་བརྒྱད་གནས་བརྟན་བཅུ་དྲུག་ཆ་གསུམ་ཚེ་དཔག་མེད། གུར་མགོན། བསེ་ཁྲབ་གསུང་འབྱོན་མ་སོགས་དཔག་ཏུ་མེད་པ་བཞུགས། མཆོད་པའི་ཡོ་བྱད་ལ་སྦུབ་ཆལ་འཛམ་གླིང་གཡས་བཞག བྱ་རྒོད་ཀྱིས་ཁྱེར་ཡོང་བ་གྲགས་པའི་ཐང་དཀར་སྦུབ་ཆེན། ཤང་ཤང་སིལ་སྙན། ཆོས་ཀྱི་རྒྱལ་མཚན་ལ་བྲག་བཙན་གྱིས་ཕུལ་བའི་རྡོ་རྗེ་གཏེར་མ་ཁྲུ་གང་ཙམ། མདོར་ན་ལི་རྙིང་གི་སྦུབ་ཆེན་དང་སིལ་སྙན་ཆ་བརྒྱ་ཙམ་དང་རག་དུང་ཆ་གསུམ། གསེར་དངུལ་ལས་གྲུབ་པའི་རྒྱ་གླིང་ཆ་གཉིས། ཚྭ་དྲིལ་བདུན། རྒྱ་དྲིལ་ཉེར་ལྔ་བཅས་ཁྱོན་རྡོ་དྲིལ་བརྒྱ་ཕྲག་གཅིག གོས་ཆེན་མཁའ་འགྲོའི་སྤྲིན་འཐག་མ་མིག་དགུ་ཁེབས་ཙམ། འཆམ་གོས་སྤྲིན་འཐག་མ་བུབས་གསུམ་སོགས་རིན་ཐང་གཞལ་དུ་མེད་པའི་མཆོད་རྫས་དུ་མ་བཞུགས་ལགས་སོ།

དུས་མཆོག་རྒྱུན་སྲོལ་ནི་བོད་ཟླ་དང་པོའི་གཅིག་ནས་བཅོ་ལྔའི་བར་དུ་ཆོས་སྤྱོད་སྨོན་ལམ་གྱི་རིམ་པ་དང་། བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ནས་སུམ་ཅུའི་བར་གསང་འདུས་དང་བདེ་མཆོག་གི་སྒྲུབ་མཆོད་ཁག་གཉིས་བྱས་ནས་འཚོགས། བོད་ཟླ་གསུམ་པའི་ཚེས་བདུན་ནས་བཅོ་ལྔའི་བར་ཀུན་རིག་རྡུལ་ཚོན་གྱི་སྒྲུབ་པ་ལས་བཞིའི་སྤྱིན་སྲེག་བཅས་ཉིན་བདུན་དང་། བོད་ཟླ་བཞི་པའི་ཚེས་གཅིག་ནས་བཅོ་ལྔའི་བར་སྨན་བླ་ཆོ་ག། བོད་ཟླ་དྲུག་པའི་ཚེས་གཅིག་ནས་བཅོ་ལྔའི་བར་འཇིགས་བྱེད་བསྐང་གསོ་དང་ཚེ་བཅུ་གསུམ་ཉིན་མི་འགྱུར་རི་བར་ཞེས་པ་སྐད་གྲགས་ཆེན་པོ་ཡོད་པའི་གར་འཆམ་བྱ་རྒྱུ། དེ་ནས་དགེ་སློང་དང་དགེ་ཚུལ་ཡོངས་རྫོགས་དབྱར་གནས་ངོར་པའི་ཕྱག་ལེན་ལྟར་ཞག་བཞི་བཅུ་ཞེ་ལྔའི་བར་དུ་བླ་མཆོད་དང་འཆི་བསླུའི་ཆོ་ག་རབ་གནས་བཅས་འཚོགས་སྲོལ་ཡོད། བོད་ཟླ་དགུ་པའི་ནང་ཀྱེེ་རྡོ་རྗེ་སྒྲུབ་པ་སྦྱིན་སྲེག་དང་བཅས། བོད་ཟླ་བཅུ་པའི་ཚེས་བཅུ་ནས་གཡང་སྒྲུབ་ཁང་དུ་གཡང་སྒྲུབ་བུམ་གཏེར་འཇོག་རྒྱུ་བཅས་ཉིན་བདུན། བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡི་དམ་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་བསྐང་གསོ་གཏོར་མ་རྒྱག་པ་དང་འཆམ་བཅས་འཚོགས་རྒྱུ་ཡོད་དོ། དགོན་པའི་འགན་བཞེས་པའི་བསྟན་བདག་དང་ཁྲི་བ་དགེ་སྐོས་ཡོན་བདག་བཅས་རགས་ཙམ་སྨོས་ན། དགོན་པ་འདི་ནང་དུ་དང་པོར་ཞུགས་སྐབས་མང་ཇ་འགྱེད་བཅས་འབྱོར་ཚད་དང་མཐུན་པར་བཏང་ནས་འདོན་ཆ་ཁ་གྲལ་སོགས་ཡོངས་རྫོགས་བློ་སྦྱངས་ཚོགས་རྒྱུགས་ལེགས་པར་གྲུབ་རྗེས་ཚུལ་གནས་ཐོས་དང་བསམ་ལྡན་པའི། བསྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་གསུངས་པ་དང་བསྟུན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བཤད་གྲྭ་ནང་ཞུགས་ནས་ལོ་བདུན་ནས་བཅོ་ལྔའི་བར་གང་རུང་གི་ཚེ་རིག་པའི་གནས་བཅུའམ་གཙོ་བོ་ནང་དོན་རིག་པ་ལ་སྦྱངས་བ་ཕུལ་དུ་ཕྱིན་སྐབས། རང་གི་འབྱོར་ཚད་དང་མཐུན་པའི་མཁན་སྤྲུལ་རྣམ་པ་ལ་བརྒྱ་འབུལ་དང་ཚོགས་པ་ཡོངས་རྫོགས་ལ་འགྱེད་གཏོང་སྒོ་བྱས་ཏེ་ཁྲི་ལ་འཁོད་དེ་བཀའ་བཅུ་མཁན་པོའི་མིང་བཏགས་གནང་བ་ཡིན་ནོ། གཞན་ཡང་གཙང་ངོར་དགོན་དང་ས་སྐྱ་གོང་སོགས་སུ་བྱོན་ནས་གསང་སྔགས་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཙོས་དབང་ལུང་མན་ངག་དང་བཅས་པ་ཡོངས་སུ་རྫོགས་ནས་རབ་བའབྱམས་ཀྱི་མཚན་བཏགས་ནས་འདིའི་མཁན་རབས་སམ་གདན་རབས་འཛིན་དགོས། དེ་ལྟར་བཤད་གྲྭ་ནང་ཞུགས་མ་ཐུབ་ཀྱང་ཁ་གྲལ་ཡོངས་རྫོགས་བྱང་ནས་ཇ་རྒྱུགས་དང་མཆོད་གཡོག་རོལ་མཁན་བཅས་རིམ་བཞིན་དབུ་མཛད་ལམ་གསུམ། དགེ་སྐོས་ཀྱང་དེ་བཞིན་དུ་ལན་གསུམ་མཛད་དགོས། མདོར་ན་དབུ་མཛད་བྱས་ན་དགེ་སྐོས་གནང་མི་དགོས། དགེ་སྐོས་བྱས་ན་དབུ་མཛད་གནང་མི་དགོས། དེ་ནས་དབང་ལུང་མན་ངག་ཞུས་ནས་འབུམ་ལྔ་བསགས་པ་ནས་ལྷ་རང་རང་གི་བསྙེན་ཚད་འཁྱོལ་ནས་དབུ་མཛད་ཀྱིས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་དགོས། དེ་ནས་བུ་དགོན་གཞན་ལ་གཏང་རྒྱུ་གསལ་ཁ་མེད་ཀྱང་མེད་ཀྱང་མི་ཉག་ཐུབ་པ་དགོན་དུ་བླ་དགོན་ལ་དབུ་མཛད་དང་། མཚོ་སྔོན་དགོན་ལ་དགེ་སྐོས་བླ་དཔོན་བྱོན་སྲོལ་ཡོད་དོ། དེ་ལྟར་དཔེ་ཆ་དང་ཁ་གྲལ་སྐོར་ལ་སྦྱང་བརྩོན་མ་ཐུན་པའི་གྲྭ་པ་རྒྱུད་དྲང་པོ་བློ་ཁོག་ཡངས་པ་རྣམས་བསལ་ནས་ཕྱག་མཛོད་བསྟན་བདག་སོགས་འགོ་བ་བཅོ་བརྒྱད་ཅེས་པའི་ནང་དུ་བཞག་ནས་དགོན་པའི་སྤྱི་འགན་བཞེས་དགོས། དེ་ལས་དགོན་པ་འདི་ཐོག་མར་བཞེངས་བའི་མཐུན་རྐྱེན་སྒྲུབ་པའི་སྦྱིན་བདག་འཇིག་རྟེན་མི/་ཡིས་བགྱིས་པ་མ་ཡིན་པར་མི་མ་ཡིན་གྱིས་ཆོས་རྗེ་ཉིད་ལ་གསེར་ཟངས་དཀར་གང་ཕུལ་བས་གཙོ་བོ་དེས་བྱེད་པར་གྲགས། ཟངས་དཀར་ཆེ་ཆུང་ཆུ་ཟོམ་དོ་ཙམ་ཤོང་བ་གཡང་སྒྲུབ་ཁང་དུ་བཞག་ཡོད་པ་དེ་དེང་སང་མི་རྒན་ཁ་ཤས་ཀྱི་ངག་ལས་གསལ། རྗེས་སུ་རྨང་ངེ་དཔོན་ཞེས་པའི་རོང་ཉག་རྒྱུད་ཆུ་བཞིའི་དཔོན་པོར་གྲགས་པ་དེས་གཙོ་མི་འགྱུར་བླ་བྲང་གི་ཡོན་བདག་དང་དགོན་པའི་ཚོགས་མཆོད་སྒྲུབ་པའི་མཐུན་རྐྱེན་དཔག་མེད་མཛད། ཕྱིས་སུ་སྨུ་གླུ་དཔོན་པོ་ཚང་ལ་མི་འགྱུར་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དེ་འཁྲུངས་ནས་ཡོན་བདག་མཛད་ཚུལ་སོགས་ནི་ཡོན་བདག་ཆེ་ཤོས་ཙམ་བཀོད་པ་ལགས་སོ། དགོན་པ་འདིའི་མངའ་འོག་གི་ཡོན་བདག་དུད་ཚང་དགུ་བརྒྱ་ལྷག་ཙམ་ཡོད་པ་དང་། དགེ་འདུན་པའི་ཞལ་གྲངས་སྔོན་ཆོས་རྗེ་བཞུགས་སྐབས་བཤད་གྲྭ་བ་རྐྱང་པ་གྲྭ་ཉིས་སྟོང་བཞུགས་པ་རྣམ་ཐར་ལས་གསལ། རྒྱུན་གྲྭ་སྟོང་ཕྲག་གཅིག་བཞུགས་པ་དང་རིག་གསར་སྔོན་ཙམ་དུ་གྲྭ་བ་མང་སྐབས་ལྔ་བརྒྱ་དང་ཉུང་དུས་སུམ་བརྒྱ་ཙམ་རེ་བཞུགས་ཅེས་ངག་རྒྱུན་ལས་གསལ། གོང་དུ་དགོན་པའི་རྒྱ་ཁྱོན་མདོ་ཙམ་སྨོས་པ་དེ་དཀོན་མཆོག་རྒྱལ་མཚན་ཁོང་བཞུགས་སྐབས་ཡིན་ལ་རིམ་གྱིས་རྒྱ་རྗེ་ཆེར་ཕྱིན་ནས་དགོན་པའི་རྒྱབ་གཡས་སུ་གཡང་སྒྲུབ་ཁང་དང་། གཡོན་དུ་མགོན་ཁང་། མདུན་གཡས་གཡོན་དུ་གཟིམས་ཆུང་སྤུས་ལེགས་གཉིས། གཞན་ཡང་བསེ་ཁྲབ་ཁང་། སྨྱུང་གནས་ཁང་རྣམས་ཐོག་གཉིས་རྩེག་དང་སུམ་རྩེག་ཅན་ནང་དུ་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་དང་། གཙོ་བོ་བླ་བྲང་གི་དགོན་ཆུང་ཙམ་གྱི་རྒྱ་ཁྱོན་མཆིས་པས་ནང་གི་སྐུ་གསུངས་ཐུགས་རྟེན་གནའ་རྫས་རིན་ཐང་བྲལ་བ་དུ་མ་དང་། དགོན་པ་གཞུང་ལ་འཚོགས་རྒྱུ་མེད་སྐབས་འཇིགས་བྱེད་དྲུག་ཅུ་སོགས་སྒྲུབ་མཆོད་མང་ཙམ་འཚོགས་རྒྱུ་དང་། མི་འགྱུར་རིན་པོ་ཆེའི་བླ་བྲང་དགོན་པའི་འོག་ཏུ་ཀ་བཞི་བཅུ་ཙམ་གྱི་གཡས་གཡོན་གཉིས་སུ་གཟིམས་ཆུང་གཉིས་རེ་དང་། དཀྱིལ་དུ་ཕྱིས་སུ་བཤད་གྲྭ་བ་འཚོགས་ཆོག་པ་ཐོག་བརྩེགས་སྟེང་འོག་ཀུན་དུ་སྐུ་གསུང་ཐུགས་རྟེན་འགངས་ཆེན་བསམ་ལས་འདས་པ་བཞུགས་པ་དང་། གཞན་ཡང་རོལ་ཆས་རྡོ་དྲིལ་མཆོད་ཆ་དང་ཐ་ན་ཆིབས་སྒ་དང་ཆིབས་སྲབ་སོགས་རྒྱ་ནག་གི་གནའ་རྫས་རིན་ཐང་ཅན་ལག་སྒམ་དྲུག་ཅུ་ཙམ་ཡོད་པ་དང་། སྔོན་གྱི་དུས་གྲྭ་ཤག་བརྒྱ་ཕྲག་གཉིས་ལྷག་ཙམ་ཡོད་པ་ཡིན་ནོ། དེ་ལྟར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་མདོ་སྨད་དུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱི་མོ་ལྟ་བུར་གྱུར་ན་ཡང་གདུལ་བྱའི་ལས་དང་བསོད་ནམས་གྱི་དབང་གིས་དགོན་པའི་རྟེན་དང་བརྟེན་པར་བཅས་པ་ངོ་རྒོལ་བཞི་པའི་སྐབས་གནོད་ཚབས་ཆེན་པོ་ཐེབས་སྐབས་དང་མཉམ་དུ་འཇིག་པོ་ཡིན་ནོ།

དེང་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཅང་པོ་ལ་བརྟེན་ནས་དགོན་པ་སླར་བཞེངས་ཚེ་གསེར་སྐུ་འགའ་དང་ཐང་དཀར་སྦུབ་ཆེན་ཤང་ཤང་སིལ་སྙན་སོགས་དང་། ཁྱད་པར་དུ་སྐྱེ་དགུའི་བསོན་ནམས་ཀྱི་ཞུང་དུ་དགོན་པ་ཕྱག་འདེབས་པ་པོས་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་གྱི་སྐུ་དམར་གདུང་དད་ལྡན་སྐྱེ་བོ་འགས་རང་མོས་ཀྱིས་ཕུལ་བ་དང་། ཨ་མྱེ་བླ་མ་སོགས་བླ་རྒན་བཅུ་ལྷག་གི་འགན་ཁུར་འོག་ཡུལ་མི་རྒན་པ་རྣམས་ཀྱིས་གྲོགས་བྱེད། དད་ལྡ་སྐྱེ་བོ་རྣམས་ཀྱིས་དོངས་རྫས་ཅུང་ཟད་ཕུལ་བ་དང་། གཙོ་བོ་སྟོབས་བཅུའི་དབང་ཐང་མངའ་བའི་མཆོག་སྤྲུལ་ངག་དབང་བསྟན་འཛིན་གྱིས་དགོན་པའི་དཔེ་དང་ཆ་རྐྱེན་གནང་ནས་གཙུག་ལག་ཁང་ཀ་བ་བརྒྱད་ཅུའི་བདག་ཉིད་ཅན་དང་བསེ་ཁྲབ་ཁང་དང་སྨྱུང་གནས་ཁང་བཅས་ལེགས་པར་གྲུབ་པ་དང་། མི་འགྱུར་བླ་བྲང་ཀ་བ་སུམ་ཅུའི་སར་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱི་ནས་ད་ལོར་གྲུབ། མི་འགྱུར་བླ་བྲང་ཀ་བ་སུམ་ཅུའི་སར་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱིས་ནས་ད་ལོར་གྲུབ། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དངོས་བཤད་སྒྲུབ་གཉིས་ལ་ཐུག་པར་དགོངས་ནས་བཤད་གྲྭ་གསར་འཛུགས་དགོས་པའི་བཀའ་གནང་མཛད་དེ་དགེ་སྐོས་བསྟན་འཕེལ་དང་ལས་སྣེ་བསོད་ནམས་ཆོས་འཕེལ། ཨ་ཁུ་བུ་ཕྲུག དཀོན་མཆོག་དར་རྒྱས་སོགས་ཀྱིས་ཐུགས་ཁུར་རྒྱ་ཆེན་གནང་ནས་ག་ས་ནས་བཤད་གྲྭའི་མཁན་པོ་ཨུ་ལོན་བལྟས་ཚེ་དཀར་པོའི་ལས་དང་དག་པའི་སྨོན་ལམ་གྱི་མཚམས་སྦྱར་ཏེ་མཁན་པོ་བསོད་ནམས་རྒྱ་མཚོ་གདན་དྲངས་ནས་བོད་རབ་བྱུང་བཅུ་བདུན་པའི་དཔལ་གདོང་སྟེ་ཆུ་བྱ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་བདག་ཅག་གི་སྟོན་པས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཉིན་དབུ་བཙུགས་ཤིང་རྫོང་ཆོས་ལུགས་ཇུས་ཀྱིས་ཆོག་མཆན་ཐོབ། ཤིང་ཕོ་ཁྱིའི་ལོར་ཨ་རི་ནས་མི་འགྱུར་རིན་པོ་ཆེ་འདིར་ཕེབས་སྐབས་འདི་ཕྱོགས་ཀྱི་དགོན་པ་བཅུ་ཕྲག་ཁ་ཤས་ལ་དགོན་པ་བཞེངས་རྐྱེན་དང་མཁན་སྤྲུལ་དགེ་འདུན་འཁོར་ཚོགས་ལ་འགྱེད་དང་མང་ཇ་ཕུན་སུམ་ཚོགས་པ་སྦྱར། ཁྱད་པར་དུ་རིས་མེད་བསྟན་པ་འཛིན་པ་ཁོང་གིས་འགྲོལ་བདེ་སྐྱིད་འབྱུང་བའུ་སྒོ་གཅིག་པུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཁོ་ན་ཡིན་དགོངས་ནས་བཤད་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་བཅས་ཀྱི་ས་བཀྲ་དང་བཞེངས་རྐྱེན་ཕུན་སུམ་ཚོགས་པ་གནང་སྦྱིན་མཛད། རབ་བྱུང་བཅུ་བདུན་པའི་ཤིང་ཕག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་ཉིན་དགེ་འདུན་བརྒྱ་ཕྲག་གཅིག་གིས་བཀྲ་ཤིས་བའི་གསོ་སྦྱོང་འཚོགས། ཏེ་ནས་མི་འགྱུར་དགོན་པའི་བྱང་ཕྱོགས་རྒྱང་གྲགས་གསུམ་ཙམ་གྱི་སར་ཟླ་བ་གཞུང་ཞེས་པ་དེར་མཁན་པོས་ས་དཔྱད་དང་ས་བསླང་མཛད་དེ། འདུ་ཁང་ཀ་བ་བཅུ་དྲུག་ལ་སྒོ་ཁང་ཀ་བ་བརྒྱད་ཕྱིར་འབུར་བ་དང་། དེའི་གཡས་སུ་གསོལ་ཁང་ཀ་བ་བརྒྱད། ཇ་ཁང་ཀ་བ་གསུམ། འདུ་ཁང་གཡོན་དུ་དཔེ་ཀློག་ཁང་ཀ་བ་བརྒྱད་དང་། དཔེ་མཛོད་ཁང་ཀ་བ་གཉིས་ཡོད་པ་དེ་དག་ཐམས་ཅད་ཀྱང་ཐོག་རིམ་གསུམ་གྱི་བདག་ཉིད་ཅན་དང་། རྒྱབ་ཕྱོགས་གཡས་གཡོན་དུ་གསང་སྤྱོད་ཁང་གཉིས་གཉིས་རེ་དང་། མཐའ་སྐོར་དུ་གྲྭ་ཤག་ཀ་བ་རེ་རེ་ཅན་བཞི་བཅུ་ལ་ཐོག་རྩེག་གཉིས་བཅས་ཟླ་བ་གཅིག་དང་ཞག་གསུམ་གྱི་བར་བཞེངས་གྲུབ་ནས་མདོ་སྨད་མི་འགྱུར་སྤྲུལ་པའི་ལྷ་ཁང་བརྩེ་ཆེན་བཤད་སྒྲུབ་བསྟན་འཕེལ་གླིང་ཞེས་མཚལ་གསོལ་ཏེ། ཤར་རྒྱལ་མོ་རོང་དང་། ཉག་རོང་། ཉག་ཆུ་ཁ། མུ་ལི། འདབ་པ། ལི་ཐང་སོགས་དགོན་ཁག་བཅུ་གསུམ་ཙམ་གྱི་དགེ་འདུན་ཞལ་གྲངས་བཅུ་ཕྲག་བརྒྱད་ལྷག་ལ་འཇམ་དབྱངས་བློ་གཏེར་དབང་པོའི་གཞུང་ལུགས་གཙོ་བྱས་ཏེ་དཔལ་ལྡན་ས་སྐྱ་བའི་གཞུང་ལུགས་རྣམས་ལ་ཐོས་བསམ་མཛད་བཞིན་ཡིན་ནོ། དེ་ལས་དགོན་པའི་མངའ་འོག་གི་ཁྱིམ་དུད་དགུ་བརྒྱ་ལྷག་གི་དད་གཤིན་རྫས་སོགས་ལ་བརྟེན་ནས་གྲྭ་སུམ་བརྒྱ་ལྷག་གིས་སྔོན་མ་ནང་བཞིན་ཚེས་དུས་སྒྲུབ་མཆོད་སོགས་འཚོགས་བཞིན་ལགས་སོ། དགོན་པའི་ལོ་རྒྱུས་འདི་ནི་མཁན་པོ་བསོད་ནམས་རྒྱ་མཚོས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས། ཆོས་རྗེ་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་སོགས་ལ་བརྟེན་ནས་མུ་པོས་བྲིས་པའོ།།

བོད་དང་ཧི་མ་ལ་ཡ་ལོ་རྒྱུས་དྲ་བ་ལས་བཏུས།

Be the first to comment

Leave a Reply

Your email address will not be published.


*