༼ས་ཆོས་འདོན་ཆོག་ཚོགས།༽
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་པ་བསོད་ནམས་རྟག་པ་དམ་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། གང་ཞིག་སྙིང་རྗེ་ཆེན་པོས་ཡིད་ལྷག་པར་དྲངས་ཏེ། དུས་མྱུར་བ་ཉིད་དུ་གཞན་དོན་རྫོགས་བྱང་གི་གོ་འཕང་ཐོབ་པར་འདོད་པའི་དོན་གཉེར་གྱི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ཐབས་ལ་བརྟེན་ནས་བདེ་སྟོང་དབྱེར་མེད་ཀྱི་རྩིས་ཟིན་པས་ཚོགས་ཟུང་རྒྱ་མཚོ་སྐད་ཅིག་གིས་རྫོགས་པའི་ཐབས་ལྷུར་ལེན་པ་དག་གིས། བཟའ་བཏུང་གི་དངོས་པོ་ལ་བརྟེན་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་ཏེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་བྲིས་འབུར་གང་རུང་བའི་སྤྱན་སྔར་རང་ཉིད་ཀྱི་བཟའ་བ་དང་བཏུང་བའི་ཕུད་གཙང་ཞིང་བཀོད་པས་མཛེས་པ་དང་། འབྱོར་ན་མཆོད་པའི་བྱེ་བྲག་གཞན་ཡང་ཇི་ལྟར་རིགས་པ་བཤམས། ནང་མཆོད་ཆུ་ཆང་གིས་བྲན་པའམ། ཆབ་གཙང་མས་བྲན། དངོས་གཞི་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའམ། ཐུན་མཚམས་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་གསལ་སྣང་བརྟན་པོས་བཟའ་བཏུང་གི་དངོས་པོ་རྣམས། ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཧོཿབྷ་ག་ཝ་ན་བི་དྱཱ་རཱ་ཛ་ཧུྃ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་མང་དུ་བརྗོད་པས་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱིངས་སུ་གཡོན་དུ་བསྐོར་ཞིང་། ཕཻཾ། ཞེས་བརྗོད་པ་དང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་བདེ་སྟོང་གི་ཉམས་འགྱུར་ཕུན་སུམ་ཚོགས་པས་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པ་ལ་བརྟེན་སྐྱབས་ཡུལ་རྣམས་ཟག་མེད་ཀྱི་བདེ་བས་མཆོག་ཏུ་དགྱེས་པས་བདག་གཞན་ཡིད་ཅན་ཐམས་ཅད་ཀྱི་ཚོགས་ཟུང་མཐའ་དག་སྐད་ཅིག་གིས་རྫོགས་པར་མོས་ལ། ཨོཾ་ཨཱཿཧཱུྃ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །རྩ་བརྒྱུད་བླ་མ་མཆོག་གསུམ་མཉེས་ཕྱིར་འབུལ། །བཞེས་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་ཏྲི་རཏྣ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བླ་མ་དང་དཀོན་མཆོག ཨོཾ་ཨཱཿཧཱུྃ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མནྜ་ལ་དེ་བ་ག་ཎ་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བླ་མ་ཡི་དམ་གྱི་ལྷ་སྤྱི་དང་། ཨོཾ་ཨཱཿཧཱུྃ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །རྣལ་འབྱོར་མ་དཔལ་འཁོར་བཅས་མཉེས་ཕྱིར་འབུལ། །བཞེས་ནས་བདེ་སྟོང་ཡེ་ཤེས་བསྐྱེད་དུ་གསོལ། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཁྱད་པར་རྡོ་རྗེ་རྣལ་འབྱོར་མ། ཨོཾ་ཨཱཿཧཱུྃ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་མཉེས་ཕྱིར་འབུལ། །བཞེས་ནས་བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། །ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཆོས་སྐྱོང་སྲུང་མ་ལ། ཨོཾ་ཨཱཿཧཱུྃ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །གནས་གསུམ་དཔའ་བོ་མཁའ་འགྲོ་མཉེས་ཕྱིར་འབུལ། །བཞེས་ནས་ཟབ་མོའི་ལམ་གྱི་གྲོགས་མཛོད་ཅིག །མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཏྲི་སྡྱཱ་ན་ཌཱ་ཀ་ཌཱ་ཀི་ནི་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་འཁོར་དང་བཅས་པར་ཕུལ། དེ་ནས་ཚོགས་ཀྱི་ཆ་བར་པ་རང་ཉིད་ཀྱིས་རོལ་པའི་སླད་དུ། བདག་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྙིང་གར་ཡི་དམ་ལྷ་ཚོགས་དང་། །ལྟེ་བར་གཏུམ་མོའི་མེ་ལྕེའི་ཁྲོད། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་གསལ། །ཚོགས་མཆོད་ཡེ་ཤེས་བདུད་རྩིའི་རྒྱུན། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །ཕུལ་བས་ཟག་མེད་བདེ་བས་མཉེས། །མཆོག་ཐུན་དངོས་གྲུབ་སྩོལ་བར་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་ཆོས་ཉིད་གསལ་ཁྱབ་ཀྱི་ངང་དུ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིས་བྱིན་གྱིས་བརླབས། ཕཻཾ། ཨུཤྩི་ཊ་བ་ལིཾ་ཏ་བྷཀྵ་སཱི། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ལྷག་མའི་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །འབྱུང་པོ་ལྷག་མར་དབང་བའི་ཚོགས་ལ་སྦྱིན། །ངོམས་ཤིང་ཚིམས་པའི་སྐལ་བ་ལྡན་གྱུར་ཅིག །ཅེས་བརྗོད་ཅིང་ཕྱི་རོལ་གཙང་སར་བསྐྱལ། སྤྲོ་ན་རྡོ་རྗེའི་གླུའམ་དཔྱིད་ཀྱི་རྒྱལ་མོའི་གླུ་བླངས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ནས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་སུ། །རོལ་མོ་གླུ་དབྱངས་སྒྲ་སྙན་སོགས་མཆོད་ཅིང་། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེའི་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གི །རྟག་ཏུ་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག །ཅེས་སྨོན་ལམ་གདབ། མཐར། ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨརྒྷཾ། པ་དྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན་བཛྲ་ཧེ་རུ་ཀ མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། རྟེན་ཡོད་པ་རྣམས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། རྟེན་མེད་པའི་གཏོར་མགྲོན། བཛྲ་མུཿས་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྣལ་འབྱོར་མ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལྟར་ཕུལ་བའི་ཚོགས་རྫས་རྒྱ་ཆེ་བ་ཡོད་ན་ཡོན་ཏན་གྱི་ཞིང་བླ་མ་དང་དགེ་འདུན་ལ་ཆོས་སྟོན་དུ་གསོལ་བའམ། ཕན་འདོགས་པའི་ཞིང་ནད་པ་དང་དབུལ་ཕོངས་སོགས་ལ་སྦྱིན་པས་མཚོན་སླར་ཡང་ཚོགས་ཟུང་སྤེལ་བའི་ཐབས་ལ་བརྩོན་པར་བྱའོ། །ཞེས་པའང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་བླ་མ་དམ་པ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚོགས་ཀྱིས་འདི་ལྟར་བྲིས་ཞེས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་བཀའ་སྩལ་ཕེབས་པ་གུས་པས་མཆོད་དེ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་ཚོགས་ཟུང་རྒྱ་མཚོ་མྱུར་དུ་རྫོགས་ནས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གོ་འཕང་ཚེ་གཅིག་ཁོ་ནས་རེག་པའི་རྒྱུ་གྱུར་ཅིག། །།པར་རྩ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཞུས།། །།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply