ཁྱབ་བདག་རཏྣ་བཛྲ་རིན་པོ་ཆེར་བསྟོད་པ།

༄༅། །འཇམ་མགོན་སྐུ་ཡི་གདུང་ཚབ་ཁྱབ་བདག་ཧེ་རུ་ཀ་དཔལ་རཏྣ་བཛྲ་རིན་པོ་ཆེར་བསྟོད་པ་

བྱིན་རླབས་སྦྲང་ཆར་ཞུ་བའི་སྙན་དབྱངས་ཀྱི་གཏེར་ཞེས་བྱ་བ་བཞུགས་སོ།

རྩོམ་པ་པོ། སྟག་ལྗོངས་འཆི་མེད།

མཐའ་ཀླས་ཤེས་བྱའི་དཀྱིལ་འཁོར་སྔོན་བསང་མར། །
མཁྱེན་རབ་ཉི་ཟླའི་བགྲོད་པ་རབ་མྱུར་བས། །
ལུང་རིག་པད་མོ་འབྱེད་པའི་ཟེར་འོད་འབུམ། །
ཐུབས་བསྟན་ནོར་འཛིན་ལྗོངས་སུ་སྤྲོ་དེ་རྨད། །

དཔག་མེད་མཁྱེན་རབ་ལི་ཁྲི་བརྩེགས་པའི་རྡུལ། །
བརྒྱད་གཉིས་ལང་ཚོའི་དཔལ་དུ་རབ་བསུ་བའི། །
ཤེས་རབ་བློ་ཡི་སྣང་བ་སྦྱིན་མཛད་པའི། །
ལྷག་པའི་ལྷ་ཡི་བླ་མ་ཡང་ཡང་དྲན། །

ཟླ་མེད་བླ་མའི་འཕྲིན་ལས་སྦྲང་ཆར་གཏེར། །
གུས་བློའི་སྐྱེད་ཚལ་མཉམ་དགའི་རྭ་བ་རུ། །
འབེབ་ཕྱིར་དད་གསུམ་འདབ་བརྒྱ་རབ་རྒྱས་ཏེ། །
བསྟོད་དབྱངས་མཆོད་པའི་སྤྲིན་ཚོགས་འདི་ཐལ་ལོ། །

དུས་གསུམ་རྒྱལ་བའི་གསུང་གིས་རབ་བསྔགས་པའི། །
རིགས་རུས་ཕུན་ཚོགས་གཏེར་གྱི་ཁང་བ་རུ། །
ཁྱེད་སྐུ་ཉིན་བྱེད་གཞོན་ནུ་བལྟམས་པའི་ཚེ། །
དགེ་མཚན་བྱུང་བ་བརྗོད་པའི་གྲངས་ལས་འདས། །

ན་ཚོད་མྱུ་གུའི་དུས་ཀྱི་མཛེས་པ་ནས། །
ཆོས་ཚུལ་དཔག་མེད་འབྲས་བུའི་ཡོངས་བལྟམས་པའི། །
ཡབ་ཆེན་ས་བརྟོལ་ལྗོན་པའི་གྲིབ་བསེལ་འོག །
ཕ་ཆོས་གསེར་གྱི་འབྲས་བུ་ཞལ་ཟས་བསྙེགས། །

མགྱོགས་འགྲོ་དུས་ཀྱི་རྐྱང་ཤེས་རབ་མྱུར་ཡང། །
མཁྱེན་རབ་སྲབ་ཀྱིས་ཁ་ཕྱོགས་ལེགས་བཟུང་ནས། །
ན་ཚོད་ཕར་ཕྱིན་གྲངས་ཀྱི་ཐེམ་པ་ནས། །
མཐོང་བ་བརྒྱུད་པའི་ཕྱག་ལེན་ཐུགས་ལ་མངའ། །

ལྔ་ཟུང་རིག་པའི་གཟེངས་ལ་མ་རྟེན་པར། །
ཟད་མེད་ནོར་གྱི་གླིང་འདི་མི་དབང་པས། །
གུས་རྟག་རླུང་གིས་གཡོ་བ་དང་བཅས་ཏེ། །
སྨད་ལྗོངས་ས་སྐྱའི་མཐོ་སློབ་གླིང་དེར་གཤེགས། །

དེ་རུ་ལུང་རིག་མཚོན་གྱི་འཁྲུལ་འཁོར་དེས། །
ཕས་རྒོལ་ཁེངས་པའི་མགོ་བོ་སར་བསྙིལ་ཏེ། །
ཡོངས་འཛིན་འཇམ་པའི་དབྱངས་སོགས་བཤེས་གཉེན་ཚོགས། །
དད་གསུམ་མཆོད་པའི་རྒྱན་དུ་སྤྱི་བོས་བཀུར། །

མི་ཟད་མཁྱེན་རབ་འཁྲུལ་གྱི་ཞགས་པ་ཡིས། །
སྔོན་བསང་ཤེས་བྱའི་བུ་མོར་རབ་འཁྱུད་པས། །
ཁོ་མོ་སྐྱེངས་པས་སྤྲིན་གྱི་མལ་ཆས་འོག །
རང་ལུས་ཡོངས་སུ་བཏུམས་ནས་གཉིད་དུ་གཡོལ། །

མདོ་སྔགས་པད་མ་དཀར་པོའི་སྐྱེད་ཚལ་དུ། །
སྐྱེས་སྦྱངས་རིག་པའི་ཕུར་ལྡེང་རབ་མྱུར་བས། །
ལེགས་བཤད་གཤོག་སྒྲའི་བསུམ་ཞིམ་ལྷ་ཡི་སྤོས། །
སྐལ་བཟང་འགྲོ་བློ་རྒྱས་པའི་གཏེར་དུ་སྩལ། །

འཕགས་བོད་མཁས་གྲུབ་དམ་པའི་ཟབ་གསང་གི། །
ཆོས་ཚུལ་རྒྱུན་དུ་འཇོ་བའི་བཤེས་གཉེན་ཚོགས། །
དུ་མ་མགྲོན་དུ་བཀུག་ནས་ཐུགས་མཚོའི་གཏེར། །
ངོམ་མེད་ཧུབ་ཀྱིས་བཏུང་པའི་ཚུལ་མཛད་དོ། །

ཁྱད་པར་ཟླ་མེད་རིགས་བདག་ངག་གི་དབང། །
གསང་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་མང་བའི། །
འཇམ་མགོན་སྐུ་ཡི་ཡོངས་འཛིན་ཨ་ཡིག་མཚན། །
མི་འབྲལ་དུས་དྲུག་སྤྱི་བོའི་རྒྱན་དུ་འཆང། །

མགོན་དེའི་ཐུགས་མཚོ་རལ་ཀློང་ལས་འོངས་པའི། །
མདོ་སྔགས་ཆོས་ཚུལ་ཟབ་མོ་དཀའ་ཡི་གནད། །
ཐོས་འདོད་བློ་ལྡན་རྣ་བར་དྲངས་ཚུལ་ལ། །
བསམ་ཚེ་མགོན་ཁྱེད་འཁྲུལ་གྱི་རྟ་མཆོག་ཅིག །

གང་ཚེ་ཁྱེད་གསུང་གཏེར་གྱི་ལེགས་བཤད་ལ། །
སྤྱོད་པའི་སྐལ་བཟང་ཉིན་མོ་ལ་བསམ་ཚེ། །
སྟོང་གསུམ་གསེར་གྱི་རི་བོ་དབང་བ་ལས། །
ལྷག་པར་དགའ་བས་ལུས་ཀྱི་བ་སྤོ་གཡོ། །

ད་ནི་ས་མཐའ་རྒྱང་གི་ཡུ་གྲུ་འདིར། །
བླ་མ་དྲན་པའི་གདུང་བས་རབ་མནར་ཡང། །
ཅི་བྱ་གཏོལ་བྲལ་མེད་པའི་ཉིན་མོ་འདི། །
འཁྱོལ་ཡང་མཚན་མོ་ཇི་ལྟར་ག་ལར་འཁྱོལ། །

འོན་ཀྱང་ནམ་ཞག་རྒྱུན་དུ་གསོལ་འདེབས་ལ། །
བྲེལ་ནས་ཁོ་བོའི་མི་ཚེ་འདི་རྫོགས་ན། །
དོན་ཆེན་ཆོས་ཀྱི་སྙིང་པོ་མི་ཐོབ་ཀྱང། །
འཆི་དུས་འཇིགས་སྐྲག་ཀུན་ལས་གྲོལ་དུ་གསོལ། །

དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང། །
དམ་ཚིག་རྡོ་རྗེའི་ཆོས་གྲོགས་ཐུགས་མཐུན་པའི། །
བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་པ་དང། །
ལེགས་ཚོགས་གཏེར་དུ་རྒྱས་ཤིང་དགེ་གྱུར་ཅིག།།

ཅེས་པ་འདི་ནི་ཁྱབ་བདག་རྡོ་རྗེ་འཆང་བ་གང་གིས་ཞལ་གསུང་གི་བདུད་རྩི་ལ་རེག་པའི་སྐལ་བ་ཅན་སྟག་ལྗོངས་པ་འཆི་མེད་རྡོ་རྗེའང་སྨར་འཐོར་རླུང་སོགས་སུ་འབོད་པས་བླ་མ་དཀའ་དྲིན་ཅན་འདི་མ་མཇལ་ནས་ལོ་ངོ་མང་པོ་སོང་ཞིང་རང་ཉིད་ཀྱིས་ཀྱང་དོན་མེད་ཀྱི་བྱ་སྤྱོད་མང་དག་བརྩམས་པ་སོགས་ལ་བློ་འགྱོད་དང་། སེམས་ཁོངས་ནས་བླ་མ་དྲན་པས་གདུང་བ་བཅས་ཀྱིས་ཡོངས་སུ་མནར་བའི་ཉིན་ཞིག་ལ་རང་གནས་ལྔ་རིག་གི་ཁང་བུ་ནས་རྩེ་གཅིག་ཏུ་གསོལ་བ་བཏབས་པ་ལགས་ན་དུས་ཀུན་ཏུ་ཐུགས་ཀྱིས་ནམ་ཡང་མི་འདོར་བ་མཁྱཻན། མཁྱཻན། མཁྱེན།

 

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*