ཁྲོཾ་བཀྲ་ཤིས་དགོན།

ཁྲོཾ་བཀྲ་ཤིས་དགོན་རྩོལ་མེད་བསམ་གཏན་ཆོས་གླིང་གི་ལོ་རྒྱུས་ལྷག་བསམ་རབ་དཀར་

བཀྲ་ཤིས་དུང་གི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། འཛམ་ལྷ་རྣམ་རྒྱལ།

ལྷར༷་བཅས་འགྲོ་ལ་ཡང་དག་ལམ་སྟོན༵་སྟོན༵་པ་རྫོགས་སངས་རྒྱས། །ལྷ༷་མིའི་ལམ་བཟང་ལུང་རྟོགས་དམ་ཆོས༵་ཆོས༵་ཀྱི་རྔ་བོ་ཆེ། །

ལྷ༷་དང་བཅས་པའི་གཏན་གྲོཌ་ལ་དགེ༵་དགེ༵་འདུན་འདུས་པའི་སྡེ། །ལྷ༷་མིའི་མཆོད་ཡུལ་མཆོག་གསུམ་དམ་པར་སྒོ་གསུམ་ཕྱག་གིས་འདུད། །

བགྲང་ཡས་རྒྱལ་བའི་སོར་རྟོགས་ཡེ་ཤེས་དམར་སེར་ལི་ཁྲིའི་མདངས་སུ་ཤར་བའི་སྐུ༵། །གྲངས་མེད་འགྲོ་ལ་བདེན་གཉིས་གནས་ལུགས་ཇི་བཞིན་སྟོན་མཛད་ཆོས་སྒྲ་སྒྲོག་པའི་གསུང༵་། །མཁྱེན་གཉིས་ཡེ་ཤེས་རྩལ་ཆེན་རབ་རྫོགས་ཚད་མེད་ཐུགས་རྗེའི་གཏེར་ཆེན་འཇོ་བའི་ཐུགས༵། །འཇམ་དབྱངས་བླ་མ་མི་ཡི་ཉི་མས་ངག་ལ་བདེན་ཚིག་ནུས་པའི་དགེ་ལེགས་སྩོལ། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ས་སྐྱ་པ་ཞེས་སྙན་དང་གྲགས་པའི་བ་དན་དཀར། །རིགས་གསུམ་སེམས་དཔའི་རྣམ་སྤྲུལ་གོང་མ་ལྔ་སོགས་མཚན་མཆོག་སུམ་ལྡན་ས་སྐྱའི་གདུང་། །དེ་ཡི་རང་ལུགས་འཛིན་ལ་འགྲན་པའི་ཟླ་བྲལ་ངོར་རྫོང་ཚར་གསུམ་བསྟན་འཛིན་ཚོགས། །ལན་གཅིག་མ་ཡིན་ཚེ་རབས་གཏན་གྱི་གྲོགས་སུ་བསྟེན་ན་འབྲལ་མེད་རྟག་ཏུ་སྐྱོང་། །རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་པ་ཡིས། །ཆོལ་གསུམ་བོད་ཀྱི་ས་ཆེན་ལེགས་སྐྱོངས་ཞིང་། །ཕྲིན་ལས་གདུགས་དཀར་ཡངས་པོའི་གངས་ཅན་ལྗོངས། །སྐྱོངས་མཁས་ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན། །བློ་གྲོས་རྒྱལ་མཚན་སྤྱི་བོའི་གཙུག་གིས་བཀུར། །གང་ཞིག་རྒྱལ་བསྟན་འཆད་པའི་ལེགས་སྐྱོངས་ཞིང་། །འགྲོ་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་ཀུན། །གདུལ་འགྲོའི་མོས་ངོར་ཐབས་མཁས་མཛད་པ་ཡི། །གསལ་བར་སྟོན་པའི་བླ་ཆེན་འདས་ལོག་པ། །དབུ་རྒྱ་བོ་ཞེས་གྲགས་པ་གཙུག་ཏུ་མཆོད། །འཆ༵ད་ན་ཟུར་ཕུད་ལྔ་བའི་དཔལ་ལ་འཁུ། །རྩོད༵་ན་ལུང་རིགས་རྡོ་རྗེའི་མེ་ཆར་འཇོ། །རྩོམ༵་ན་ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་ལྕི། །ལྗོངས་འདིའི་མཁས་གྲུབ་རིམ་པར་བྱོན་རྣམས་རྒྱལ། །ཕུན༵་ཚོགས་དགེ་བཅུའི་དཔལ་མངའ་ཁྲོཾ༷་ལྗོངས་བཀྲ༷་ཤིས༷་པདྨའི་ཚལ་གྱི་དགོ༷ན། །ཕུན༵་ཚོགས་གནས་ཀྱི་སྟོབས་ཀྱིས་རྩོལ་༷མེ༷ད་བས༷མ་གཏ༷ན་ངང་གིས་སྐྱེ། །ཕུན༵་ཚོགས་ཟབ་གསང་ཆོ༷ས་ཚུལ་ལ་མཁས་མཁས་གྲུབ་བྱེ་བའི་བསྟི་གནས་ཆེ། །ཕུན༵་ཚོགས་དགེ་ལེགས་གླིང༷་འདིའི་ལོ་རྒྱུས་མདོར་བསྡུས་ལྷག་བསམ་ཡིད་ཀྱིས་བྲི་བར་བྱ། །ཨེ་མ་སྔོན་བསགས་ལས་འབྲས་སྨིན་དང་ལྷན། །ལྷག་བསམ་འདབ་སྟོང་བཞད་པའི་དགོད་སྒྲ་ལས། །གནས་འདིར་བསྟན་དང་བསྟན་འཛིན་བྱོན་ཚུལ་གྱི། །ལོ་རྒྱུས་སྨྲ་བའི་སྤོབས་པ་ཅུང་ཟད་རྙེད། །ཞེས་མཆོད་པར་བརྗོད་པའི་དགེ་ལེགས་ཀྱིས་ལམ་ཡངས་པོར་ཕྱེས་ནས་གང་གླེང་བར་བྱ་བ་ནི་ཁྲོཾ་བཀྲ་ཤིས་དགོན་རྩོལ་མེད་བསམ་གཏན་ཆོས་གླིང་གི་ལོ་རྒྱུས་ལྷག་བསམ་རབ་དཀར་བཀྲ་ཤིས་དུང་གི་དབྱངས་སྙན་ཞེས་བྱ་བ་འདི་ཉིད་ཡིན་ལ། དེ་ཡང་ཇི་སྐད་དུ། གཟིམས་འོག་བསྟན་འཛིན་སྙན་གྲགས་ཀྱིས། མཚུངས་མེད་བཤད་སྒྲུབ་དམ་པའི་གདུགས་དཀར་པོས། །བསྟན་འགྲོའི་ཚ་གདུང་སེལ་བའི་ཡིད་བཞིན་ནོར། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གོང་མ་ལྔ། །དད་པའི་མེ་ཏོག་གསར་པས་ལན་བརྒྱར་མཆོད། །ཅེས་བསྔགས་པ་ལྟར། བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ། རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ། ས་ཆེན་གོང་མ་རྣམ་ལྔ་ཞེས་འཛམ་གླིང་འཛིན་མའི་ཁྱོན་ཏུ་མཚན་སྙན་གྱིས་བ་དན་དཀར་པོའི་ཡོངས་སུ་ཁྱབ་པ་དེས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པ་ཞེས་པའི་གྲུབ་མཐའི་སྲོལ་བཏོན། བླ་མ་ས་སྐྱ་པ་དེ་ལ་ཆོས་དང་རིགས་ཀྱི་བརྒྱུད་པ་འཛིན་པ་ལ་རིགས་གསུམ་སེམས་དཔའི་རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པ་བྱོན་པ་ཡིན་ཏེ། དེ་ཡང་ས་ཆེན་སྲས་དཔལ་ཆེན་འོད་པོ།དེའི་སྲས་ཟངས་ཚ་བསོད་ནམས་རྒྱལ་མཚན་དེའི་སྲས་སློབ་དཔོན་ཡེ་ཤེས་འབྱུང་གནས་དེའི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ། དེ་ལ་སྲས་བརྒྱད་ཙམ་བྱོན་པའི་བླ་བྲང་ཁག་བཞི་མཛད་ནས་རིགས་གསུམ་སེམས་དཔའི་རྣམ་སྤྲུལ་གདུང་རྒྱུད་རིན་པོ་ཆེ་ཟམ་མ་ཆད་པར་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་བྱོན་པ་དང་འབྱོན་པར་འགྱུར་བ་དང་། བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ལྡན་ས་སྐྱ་པའི་ལུང་རྟོགས་ཀྱི་བསྟན་པ་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་བ། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། །གང་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་བ་འབྱུང་། །དེ་ཚེ་དགེ་སློང་ཀུན་དགའ་བཟང་པོར་སྤྲུལ། །ཚུལ་ཁྲིམས་ཀྱིས་ཀྱང་ཁྱད་པར་འཕགས་གྱུར་ལ། །ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས།། ཞེས་དང་། མདོ་པདྨ་དཀར་པོ་ལས། །ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར།། ཞེས་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྫོང་བ་ཀུན་དགའ་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ་སྟེ་བསྟན་པའི་བརྒྱུད་འཛིན་ངོར་རྫོང་ཚར་གསུམ་ཞེས་གྲགས་པའམ། གཞན་ཡང་གངས་ལྗོངས་མཛེས་པའི་རྒྱན་དགུ་ཞེས་བགྲང་ཚུལ་གཅིག་གི་དབང་དུ་བྱས་ན། སྔགས་ལ་མཁས་པ་ངོར་རྫོང་ཚར་གསུམ། མདོ་ལ་མཁས་པ་གཡག་རོང་གཞོན་གསུམ། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་གོ་ཤཱཀ་སྟག་གསུམ་སོགས། མདོར་ན་མཁས་པའི་རྣམ་དཔྱོད། བཙུན་པའི་རྣམ་ཐར། བཟང་པོའི་མཛད་རྗེས། གྲུབ་པའི་གོ་སར་གཤེགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྒྱུ་སྐར་གྱི་ཕྲེང་བ་ལྟར་བདག་གི་རྩ་བརྒྱུད་ཀྱི་བླ་མའི་བར་ཏུ་བྱོན་པ་རྣམས་ནི། དགོན་སྡེ་འདི་ཉིད་གངས་ལྗོངས་བསྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཕྱོགས་གང་གི་ཁུངས་སུ་གཏོགས་པའི་གྲུབ་མཐའ་དང་དགོན་པ་ཕྱག་འདེབས་པ་པོའི་བླ་མ་སོགས་ངོས་བཟུང་ནས་ལོ་རྒྱུས་ཁུང་བཙུན་ཞིང་རྗེས་འཇུག་གི་སྐལ་ལྡན་རྣམས་ཡིད་ཆེས་ཤིང་དྭངས་བ་འདྲེན་པའི་ཆེད་དུ་ཕྱོགས་ཙམ་སྨོས་པའོ།། ས༵་གསུམ་འགྲོ་བའི་བླ་མ་ས༵་དཀར་བ། །ཀུན༵་མཁྱེན་རྒྱལ་བའི་ལུང་ཟིན་ཀུན༵་དགའ་བཟང་། །བློ༵་གྲོས་མཚུངས་མེད་ཚར་ཆེན་བློ༵་གསལ་རྗེ། །བཀའ༵་བབ་ཆོས་ཀྱི་བདུད་རྩིའི་བཀའ༵་དྲིན་དྲན།། ཞེས་བར་སྐབས་ཀྱི་ངལ་བསོའི་ཚིགས་སུ་བཅད་པའོ།

༈ ཆོས་སྡེ་འདི་ཉིད་ནི་ས་ཆེན་གོང་མ་རྣམས་ལྔའི་ཡ་གྱལ་ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་ཆོལ་ཁ་གསུམ་གྱི་ཆོས་སྲིད་ལ་དབང་བསྒྱུར་བའི་སྐབས་ཆགས་བཏབ་པ་ཡིན་ལ། དེ་ཡང་ཨོ་རྒྱན་ཆེན་པོས་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་ལ་མ་འོངས་ལུང་བསྟན་པ་ལས། །ལོ་ཙཱ་སྐ་བ་དཔལ་བརྩེགས་ཁྱེད། །དཀར་ནག་རྒྱ་རུ་འགྲོ་དོན་བྱེད། །དེ་ནས་ཨུ་རྒྱན་དྷ་ན་རུ། །པད་མ་ང་དང་གྲོས་བསྟུན་ནས། །གཙང་གི་གྲོམ་པ་ཞེས་བྱ་བར། །འཁོན་གྱི་རིགས་གྱུར་ལུག་ལོ་བ། །དེ་ཡི་སྡེ་སྣོད་བསྟན་པ་འཛིན། །འཕགས་པའི་མཚན་ཅན་གསང་སྔགས་སྐྱོང་། །མཐའ་མི་དེ་ཡིས་འདུལ་བར་འགྱུར། །ཞེས་རྡོ་རྗེས་ལུང་གིས་བསྔགས་པའི་སྐྱེ་བུ་ཆེན་པོ་ཁམས་གསུམ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱིས་རྒྱ་བོད་ཧོར་སོགས་སུ་བསྟན་འགྲོའི་དོན་རྒྱ་ཆེན་མཛད། རིས་སུ་མེད་པའི་འགྲོ་བ་མཐའ་དག་ཕན་བདེའི་སར་དབུགས་དབྱུང་བའི་སྐབས་སུ། རྒྱ་ནག་གནམ་བསྐོས་གོང་མའི་དབུ་བླ་མཛད་ནས་རྒྱལ་བློན་ཀུན་ལ་དམ་པའི་ཆོས་ཀྱིས་བཀའ་དྲིན་བསྩལ་བས་ཡོན་དུ་བོད་ཁྲི་སྐོར་བཅུ་གཉིས་དང་། དངོས་རྫས་གྱ་ནོམ་པ་ཕུལ། དེ་ནས་གདན་སར་ཕེབས་པར་དགོངས་ནས་མདོ་ཁམས་ཀྱི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། དེ་ཡང་འཕགས་པ་རྣམས་གདུལ་བྱ་འདུལ་བ་ལ་དུས་ལས་སྐད་ཅིག་ཙམ་ཡང་མི་ཡོལ་བ་ཆོས་ཉིད་ཡིན་པས་བཀྲ་ཤིས་ཁྲོཾ་གྱི་ལྗོངས་སུ་ཕེབས་པ་ན། ཁྲོཾ་གྱི་རྒྱལ་པོ་གཡུང་དྲུང་རྒྱལ་ཞེས་པ་དེས་འཇིག་རྟེན་མི་ཆོས་ཀྱི་སྒོ་ནས་འབངས་མི་རྣམས་བསྐྱངས་ཤིང་། དེའི་གཅུང་བླ་མ་དབུ་རྒྱ་བོ་ཞེས་པས་བོན་ཆོས་ལ་སྦྱང་བ་མཛད་ནས་སྒྲུབ་པ་ཉམས་སུ་ལེན་བཞིན་གང་ཟག་གི་མིང་གནས་ལ་ཐོགས་པའི་དབུ་རྒྱ་ཞེས། ད་ལྟ་དགོན་པ་གནས་སའི་གཡོན་ཕྱོགས་ཀྱི་དབེན་གནས་སུ་བཞུགས་ཡོད་པས། སྔོན་གྱི་ལས་སྨོན་གྱི་དབང་གིས་ཁྲི་དཔོན་སྤུན་གཉིས་ཀྱིས། འཕགས་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་ལ་བཀའ་གྲོས་མཛད་པའི་ཐུགས་མཐུན་ཐོག་གྲོས་ཐག་བཅད། དེ་ནས་འཕགས་པ་དཔོན་སློབ་རྣམས་གདན་འདྲེན་ཞུས་པས་འཕགས་པས་ཞལ་གྱི་བཞེས་ཏེ། ཁྲོཾ་སྟོད་དུ་མཁར་གྱི་མེ་ལོང་ཐང་ཞེས་པའི་གཡས་ཕྱོགས་སུ། ཁྲོཾ་གྱི་རྒྱལ་པོ་གཡུང་དྲུང་རྒྱལ་གྱི་མཁར་ཁྱུང་རི་གནམ་རྫོང་ཡོད་པས་གནས་དེར་ཕེབས། རྒྱལ་པོ་དཔོན་གཡོག་རྣམས་ཀྱིས་ཞབས་ཕྱི་གྱ་ནོམ་པ་ཞུས་ནས་རྗེས་སུ་འཛིན་པར་གསོལ་བ་བཏབ། དེ་ནས་འཕགས་པ་རིན་པོ་ཆེས་རྒྱལ་པོ་དཔོན་གཡོག་རྣམས་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱས། མ་འོངས་ལུང་བསྟན་དུ། ཁྱེད་ཀྱི་མི་རྒྱུད་འདི་ལ་མི་རབས་དྲུག་ནས་ཆག་འཇིག་ཞིག་འོངས་བར་འདུག་གསུང་། མུ་ཏིག་འཕྲེང་མཛེས་སུ་ལྟག་སྒོས་རྡོ་ལེབ་ལ་གཟིགས་ནས་གསུང། དེ་ནས་ཁྲོཾ་གྱི་འབངས་མི་རྣམས་འཛིང་རྣམ་རྒྱལ་མགོན་ཁང་གི་ལྷ་སྡེ་དང་དེའི་དཔོན་དུ་གཡུང་དྲུང་རྒྱལ་བསྐོས་ནས་མིང་ལ་ཁྲོཾ་ཁྲི་དཔོན་གཡུང་དྲུང་རྒྱལ་ཞེས་པའི་མིང་དེའི་མཐར་རྒྱལ་མཚན་ཞེས་པའི་མཚན་ཏེ་གསར་དུ་བཏགས་པའི་འཕྱིས་སུ་ཁྲི་དཔོན་རྣམས་ཀྱི་མང་གི་མཐར་རྒྱལ་མཚན་ཞེས་ཡོད་པ་དེའི་རྒྱུ་མཚན་ཡིན་པར་བཤད། ཁྲི་དཔོན་ཞེས་པ་དེ་བོད་ཁྲི་སྐོར་བཅུ་གསུམ་ལྟ་བུ་ཁྲི་སྡེ་གཅིག་གི་དཔོན་མ་ཡིན་ཀྱང་འབངས་མི་ ཁྲི་གཅིག་གི་དཔོན་པོ་ལ་ཁྲི་དཔོན་ཞེས་བཏགས་པར་བཤད་པ་དང་། ཡང་ས་དྲུག་ཁྲི་སྐོར་གཅིག་གི་དཔོན་དུ་བསྐོས་ནས་ཁྲི་དཔོན་ཞེས་པའི་མིང་བཏགས་པར་ཡང་བཤད། དེའི་གཅུང་བླ་མ་དབུ་རྒྱ་བོ་ཡང་དད་དེ་རྗེས་སུ་འཛིན་པར་གསོལ་བ་བཏབ། དགུང་ལོ་ཉེར་གསུམ་ཀྱི་ཐོག་གཙུག་ཕུད་ཕུལ་ཏེ་རང་གི་དབོན་པོ་དང་ལྷན་ཏུ་སྟོན་པ་མཉམ་མེད་ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བསླབ་གསུམ་ངུར་སྨྲིག་གི་རྒྱལ་མཚན་འཆང་བར་མཛད། དབུ་རྒྱ་བོ་ལ་མཚན་གཙུག་ཏོར་རྒྱལ་བའི་འབྱུང་གནས་དང་། དབོན་པོ་ལ་མཚན་ཚུལ་ཁྲིམས་འོད་ཟེར་བཏགས། འཕགས་པ་རིན་པོ་ཆེ་བླ་མ་དབུ་རྒྱ་བོ་བཞུགས་པའི་དབེན་གནས་དེར་ཕེབས། དེའི་གཡས་ཕྱོགས་ད་ལྟ་དགོན་པ་གནས་པའི་ས་ཆ་དེ་ཉིད་ལ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་ཞིང་ས་དཔྱད་ཕུན་སུམ་ཚོགས་པར་གཟིགས་ནས་དེར་ཕེབས་པ་ན། མི་ཞིག་གི་གྲོ་མ་མར་ཁུའི་གསོར་སྟོན་དྲངས་བས་རྟེན་འབྲེལ་ལེགས་གསུངས་ཏེ་གནས་དེར་མར་ཁུ་མཆོད་པས་ས་དེ་ལ་མར་ཁུའི་མཚོ་མོ་ཞེས་ཐོགས། འདིར་དགོན་པ་ཞིག་བཏབ་ན་མ་འོངས་པར་བསྟན་འགྲོ་ལ་ཤིན་ཏུ་ཕན་པར་འདུག་གསུངས་ཏེ། ༼ སྤྱི་ ལོ་༡༢༥༤༽ བོད་རབ་བྱུང་བཞི་བའི་ཤིང་ཕོ་སྟག་གི་ལོ་སྟག་ཟླའི་སྟག་ཚེས་ཀྱི་དུས་བཟང་ལ་ས་འདུལ་སོགས་ཀྱི་བཀའ་དྲིན་བསྐྱངས་ནས། དགོན་པའི་རྨང་བཏིངས། གནས་འདིའི་ཤར་དང་ལྷོ་ཕྱོགས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱིས་རི་མོ་དངོས་སུ་ཡོད་པས་རྟེན་འབྲེལ་ལེགས་པར་དགོངས་ནས་དགོན་པའི་མཚན་ལ་ཁྲོཾ་བཀྲ་ཤིས་དགོན་ཐུབ་བསྟན་འཕེལ་རྒྱས་གླིང་ཞེས་བཏགས། རྟེན་སྐལ་དུ་ཐུབ་པའི་སྐུ་རྡོ་རྗེ་གདན་པ་ལི་མ་ཁྲུ་གང་ཙམ་དང་། ཐུབ་པ་རྒྱབ་ལུང་མ། མགོན་པོའི་སྐུ་གསུང་འབྱོན་མར་གྲགས་པ་གསུམ་དང་། རྟེན་རྩ་ལ་གསེར་དངུལ་དར་གོས་འབྲུ་རིགས་སོགས་མང་པོ་གནང་། མགོན་པོའི་སྐུ་དེ་མ་འོངས་པར་ཁྲོཾ་རྡོ་ཁོ་འདུལ་བ་མདོ་རུ་ཆོས་སྐྱོང་གུར་མགོན་དངོས་སུ་འཁོར་བའི་དགོན་སྡེ་ཞིག་འབྱུང་བའི་དེར་ཕུལ་གསུངས་བ་ལྟར་རྡོ་དགོན་མགོན་ཁང་གི་ནང་རྟེན་དུ་ཕུལ་བ་ཕྱིས་སུ་ཆ་ཕྲེང་ཟེར་བའི་དམག་གིས་བཅོམ་པར་བཤད། ཐུབ་པ་རྒྱབ་ལུང་མ་ཁྲོཾ་ཁོག་འཇང་དམག་གིས་བཅོམ་སྐབས་སྡེ་དགེ་ཚང་གིས་ལོན་པ་ད་ལྟ་དགོན་ཆེན་དགོན་པར་ཡོད་པའི་ལོ་རྒྱུས་ཡོད་པར་བཤད་སྲོལ་ཞིག་འདུག །ཐུབ་པ་རྡོ་རྗེ་གདན་ཤར་ལི་མཐོང་བ་རང་གྲོལ་དུས་འགྱུར་སྐབས་གཏེར་དུ་སྦས་པ་ཕྱིས་རང་དགོན་གྱི་གྲྭ་འགས་རྙེད་པ་སླར་རང་དགོན་དུ་ཕུལ་བ་ད་ལྟ་དགོན་པའི་ནང་རྟེན་དུ་བཞུགས། དེ་ལྟར་བོན་ཆོས་བན་དུ་བསྒྱུར། རྒྱལ་བསྟན་གྱི་སྲོལ་བཙུགས་འབངས་མི་ལ་རྒྱལ་པོ་བསྐོས་སྟེ་རྒྱལ་སྲིད་ཆོས་བཞིན་སྐྱོང་རྒྱུས་བསླབ་བྱ་སོགས་བདེ་སྐྱིད་ཀྱི་མངའ་ཐང་གནང་། མདོར་ན་བསྟན་པ་སྤྱི་དང་བྱེ་བྲག་དགོན་སྡེ་འདི་ཉིད་ལ་ཆོས་སྲིད་ལུགས་གཉིས་ཀྱི་ཕྱོགས་སུ་གནང་བའི་བླ་ན་མེད་པའི་མཛད་རྗེས་དེ་ལ་ཚད་ལྡན་ལོ་རྒྱུས་ཀྱིས་བདེན་དཔང་ཡོད་པས། བཟང་ངན་གྱི་ཤན་འབྱེད་ཤེས་པའི་སེམས་ཡོད། དཔྱོད་ལྡན་གྱི་རྗེས་འཇུག་རྣམས་ཀྱིས་འགྲོ་མགོན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ནི་སྙིང་གི་ཟུང་ཁྲག་དམར་པོ་དང་ལྷན་དུ་ནམ་ཡང་སྙིང་དབུས་སུ་བཅང་བར་འོས་སོ་ཞེས་ཞུ་ཞུ། འདིར་སྨྲས་པ། ཡང་དག་ཆོས༵་ཚུལ་ཆོས༵་ཀྱི་རྔ་བོ་ཆེས། །སྲིད་འདིར་རྒྱལ༵་བའི་རྒྱལ༵་མཚན་ལན་བརྒྱར་བསྒྲེང་། །འགྲོ་ལ་འཕགས༵་ནོར་འཕགས༵་པའི་ལམ་སྟོན་པ༵། །ས་སྐྱ་པ༵་དེའི་བཀའ་དྲིན་སྙིང་ནས་དྲན།། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

དེ་ལ་ཁ་ཅིག་གིས་འདི་རབ་བྱུང་ལྔ་བའི་ས་ཕོ་འབྲུག་གི་༼སྤྱི་ལོ་༡༢༦༨༽ལོ་འབྲུག་ཟླའི་འབྲུག་གི་དུས་ལ་ཆགས་བཏབ་ཞེས་བཤད་སྲོལ་དང་ལོ་རྒྱུས་གཉིས་ཀ་ཡོད་པ་ལྟར་ན་འཕགས་པ་གདན་སར་ཕེབས་ནས་སླར་ཡང་རྒྱལ་པོའི་གདན་ཞུས་ལྟར་དགུང་ལོ་སོ་གསུམ་རབ་བྱུང་ལྔ་བའི་མེ་ཡོས༼སྤྱི་ལོ་༡༢༦༧༽ལོར་ཕྱིར་ཕེབས་པས་དུས་ཡིན་པར་སེམས། ས་པཎ་རྣམ་ཐར་དང་། ཀཿཐོག་སོགས་རྙིང་མའི་ཆོས་འབྱུང་རྣམས་ལས་ཆོས་རྗེ་ཁུ་དབོན་ཐོག་མར་རྒྱ་ནག་ལ་ཕེབས་སྐབས་ཀཿཐོག་ནས་ལྷ་སྐུ་ལ་རབ་གནས་མཛད་སྐབས་ཀཿཐོག་བླ་མ་དབུ་འོད་ཡེ་ཤེས་འབུམ་དང་གྲུབ་རྟགས་ཀྱི་རྩལ་འགྲན་ནས་རབ་གནས་ངོ་མཚར་ཅན་མཛད་པར་གསུང་བ་མཚུངས་ལ། ས་པཎ་དགོངས་པ་གཤེགས་རྗེས་འཕགས་པ་བོད་དུ་ཕྱིར་ཕེབས་སྐབས་བཀའ་གདམས་མཆོད་རྟེན་ལི་མ་ཐོག་ཚད་གསུམ་པ་དང་ཏིང་ཆེན་པོ་བདུན་སོགས་ལེགས་སྐྱེས་བསྣམ་ནས་ཀཿཐོག་ཏུ་ཕེབས་ནས་མཆོད་རྟེན་སོགས་ཕུལ་ཏེ། ཀཿཐོག་པའི་མདུན་ནས་སྒྱུ་འཕྲུལ་གྱི་དབང་ཞུས་པར་གསུངས་བ་དང་། རང་དགོན་གྱི་ལོ་རྒྱུས་སུ་ཡོད་པ་གཉིས་མཐུན་པར་སྣང་བའི་སྔ་མ་ཉིད་ལེགས་སམ་སྙམ། གང་ལྟར་འགལ་བ་ནི་མེད་པར་སེམས་ཏེ་འཕགས་པའི་དགོན་པ་ཕྱག་བཏབ་པ་ལ་རྩོད་པ་མེད་ཅིང་འཕགས་པ་རྒྱ་བོད་ཀྱི་བར་དུ་ལན་མང་བྱོན་པའི་ཕྱིར་རོ། དེ་ནས་ཁྲི་དཔོན་ཁོང་གིས་ཀྱང་དགོན་པ་དེ་ལེགས་པར་བཞེངས་ནས་བླ་མ་གཙུག་ཏོར་རྒྱལ་པོ་དང་། དབོན་པོ་ཚུལ་ཁྲིམས་འོད་ཟེར་སོགས་ཀྱིས་གདན་ས་བསྐྱངས། ལྷག་པར་དུ་བླ་མ་དབུ་རྒྱ་བོ་འམ་གཙུག་ཏོར་རྒྱལ་བའི་འབྱུང་གནས་ཀྱིས་བླ་མ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་བསྒྲུབ་པ་ལ་གཞོལ་བས་གྲུབ་པའི་གོ་འཕང་བརྙེས། མངོན་ཤེས་དང་གྲུབ་རྟགས་ལ་ཐོགས་པ་མེད། དགུང་གྲངས་རེ་གཅིག་གི་ཐོག་ཞག་བཞིར་འདས་ལོག་ལ་བྱོན་ནས་ན་རཀ་དམྱལ་བའི་སེམས་ཅན་དུང་ཕྱུར་མང་པོ་ངན་འགྲོའི་གཡང་ས་ལས་སྐྱབས་པའི་མཛད་ཕྲིན་འདས་ལོག་གི་ཡི་གེ་ན་གསལ། འཆི་མེད་ཚེ་ཡི་རིག་འཛིན་བརྙེས། དགུང་གྲངས་བརྒྱ་ལྷག་ཙམ་བཞུགས་པར་བཤད། ཁྲི་དཔོན་གཡུང་དྲུང་རྒྱལ་ལ་བུ་ནམ་མཁའ་རྒྱལ་མཚན་དང་། ཚུལ་ཁྲིམས་འོད་ཟེར་གཉིས་ཡོད་པའི་ནམ་མཁའ་རྒྱལ་མཚན་རྒྱལ་པོ་བྱས་པ་ལ་སྲས་ཤེས་རབ་རྒྱལ་མཚན་དང་བྱང་ཆུབ་དཔལ་བ་གཉིས་འཁྲུངས། ཤེས་རབ་རྒྱལ་མཚན་རྒྱལ་པོ་བྱས། བྱང་ཆུབ་དཔལ་བ་ནི་རབ་བྱུང་ལྔ་བའི་ཤིང་སྤྲེལ་༼སྤྱི་ལོ་༡༢༨༤༽ལོར་འཁྲུངས། སྐུ་ཆུང་ངུའི་དུས་ནས་དམ་པའི་ཡོན་ཏན་མངའ་བ། ཐུགས་རྒྱུད་ཞི་ཞིང་དུལ་བ་དད་བརྩོན་སྙིང་རྗེ་ཆེ་བའི་ཆོས་སྒོར་ཞུགས་ནས་རང་གི་ཁུ་བོ་རྣམས་ལས་གཞུང་ལུགས་མང་པོར་གསན་སྦྱང་དང་སྒྲུབ་པ་མཛད་ནས་མཁས་དང་གྲུབ་པའི་གོ་འཕང་བརྙེས། དགུང་ལོ་བཞི་བཅུའི་བར་དུ་གདན་ས་འདི་ཉིད་དུ་བསྟན་འགྲོའི་དཔལ་དུ་བཞུགས། དེ་ནས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་མཛད་ཕྲིན་ཚད་མེད་རྒྱས་པ་དུས་སུ་བབས་ཏེ། ཤར་རྒྱལ་བ་ཀཿཐོག་པའི་གདན་སར་ཕེབས་ནས་བླ་མ་ཡེ་ཤེས་འོད་འབུམ་སོགས་བརྟེན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པ་ཐོབ། རབ་བྱུང་དྲུག་པའི་མེ་ཡོས་ལོར་ཀཿཐོག་གི་གདན་སའི་ཁུར་བཞེས། དེའི་དུས་སུ་བར་ཁྲོད། ཡང་ཁྲོད། དམ་ཕུག་རྣམས་སུ་འཇའ་ལུས་འོད་སྐུར་དེངས་བ་མང་པོ་བྱུང་། ལྷ་ཁང་བཞེངས་སྐབས་སུ་ལས་བྱེད་པ་རྣམས་ཀྱིས་ལུག་མང་པོ་བསད་ནས་ཤ་དང་པགས་པ་སོ་སོར་བྱས་ཚེ། བླ་མ་བྱང་ཆུབ་དཔལ་བ་ཕེབས་ཏེ་སེ་གོལ་རེ་མཛད་པས། ལུག་ཐམས་ཅད་ཅོ་དིར་གྱི་མཁའ་སྤྱོད་ཀྱི་ཞིང་དུ་སོང་བར་གྲགས། དེ་དུས་ཀཿཐོག་གི་བསྟན་པ་ཤིན་ཏུ་རྒྱས་པས་ཕྱོགས་ཀུན་ཏུ་སློབ་རྒྱུད་རྣམས་ཀྱིས། ཀཿཐོག་པའི་མཚན་ཐོག་པའི་དགོན་པ་མང་པོ་བྱུང་བར་བཤད། རྗེས་བྱང་ཆུབ་དཔལ་བས་ཁྲོཾ་ཡེ་ཚེ་ལྷ་ཁང་སུམ་མདོ་སོགས་སུ་ལྷ་ཁང་བརྒྱ་རྩ་བཞེངས། ཀཿཐོག་གི་བསྟན་པའི་ཁུར་ཆེན་པོ་ལོ་གྲངས་ཉི་ཤུ་ཙམ་བཞེས་མཐར་དགུང་གྲངས་རེ་བཞི་བ་རབ་བྱུང་དྲུག་པའི་མེ་ཕག་མཆུ་ཟླ་འམ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ་གཤེགས། དེ་ལ་རྫོགས་ཆེན་དཔལ་སྤྲུལ་གྱིས། །ཡོངས་རྫོགས་བསྟན་པའི་མངའ་བདག་བསོད་ནམས་འབུམ། །བསྐྱེད་རྫོགས་དགོངས་པ་མཐར་ཕྱིན་ཡེ་ཤེས་འབུམ། །བསད་གསོ་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་དཔལ། བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་ འདེབས། །ཞེས་དོན་གྱི་རྣམ་ཐར་ལ་བསྔགས་པ་མཛད་པའི་སྐྱེས་ཆེན་དམ་པ་གསུམ་གྱི་ཡ་གྱལ་བྱང་ཆུབ་དཔལ་བ་ནི་གདན་ས་འདིར་བྱོན་པ་ཡིན་ལ། སྔ་ཕྱི་ཀུན་ཏུ་གདན་ས་འདི་ལ་བཀའ་དྲིན་ཡང་ཤིན་ཏུ་ཆེ་བར་སེམས།

༈ ཤེས་རབ་རྒྱལ་མཚན་གྱི་སྲས་ཤེས་རབ་འོད་ཟེར་རམ་མཐུ་སྟོབས་ཆོས་ཀྱི་ཉི་མས་ཁུ་བོ་གཉིས་ཀྱིས་དྲུང་ནས་ཐོག་མར་ཀློག་བསླབ་དེ་ནས་ནང་ཆོས་ཀྱི་གཞུང་ལ་སྦྱང་བ་ཅི་ནུས་མཛད། མཐར་ཁུ་བོ་ཚུལ་ཁྲིམས་འོད་ཟེར་དང་ལྷན་ཏུ་ཕྱོགས་མེད་རྒྱལ་ཁམས་ཀུན་ཏུ་བྱ་བཏང་རྣལ་འབྱོར་གྱི་ཚུལ་གྱིས་བླ་མ་མང་པོར་བསྟེན། མཐར་རང་ཡུལ་དུ་བྱོན་ནས་སྒྲུབ་པ་ཉམས་སུ་བླང་། བསྟན་འགྲོའི་དོན་ལ་འབད་བརྩོན་ཚད་མེད་མཛད། དེ་དུས་ཁྲོཾ་ཡུལ་ན་དགོན་པ་འདི་ལས་མེད་པའི་གྲྭ་ཚང་མང་ཞིང་བསྟན་པ་དར་ཞིང་རྒྱས་པར་གྲགས། སྔོན་བྱོན་གྱི་བླ་རབས་དྲུག་ཞེས་འདུག་ཀྱང་དེ་མིན་གྱི་རྣམ་ཐར་ཁུང་ཐུབ་ཞིག་ཁོ་བོས་མ་རྙེད་པའི་འདིར་བཤད་པའི་བྱ་ཐབས་བྲལ། རྗེས་མར་ཚད་ལྡན་རེ་རང་གཞན་སུ་ལ་མཐོང་ཐོས་ཡོད་ན་འདིར་བཅུག་ན་ལེགས་མོད་ཁུང་ལུང་མེད་པའི་རྫུན་གཏམ་གྱི་ཅ་ཅོ་ནམ་ཡང་སྒྲོག་པར་མི་བྱའོ་ཞེས་གསོལ་བ་འདེབས་པ་ལགས་སོ།། མུ་ཏིག་འཕྲེང་མཛེས་སུ་བླ་རབས་གསུམ་ལས་མི་འདུག་པའི་ཚུལ་ཁྲིམས་འོད་ཟེར་ཆད་པ་འམ་ཡང་ན་བླ་མ་དབུ་རྒྱ་བོ་དང་དུས་མཉམ་ཡིན་པར་དགོངས་ནས་ཐ་དད་དུ་མ་བགྲང་བ་ཡིན་ནམ་དཔྱད། འདིར་གྲུབ་ཆེན་རྒྭ་ལོ་བྱོན་ནས་བསྟན་འགྲོའི་དོན་ཆེན་མཛད་པའི་ལོ་རྒྱུས་བདེན་དཔང་ཅན་བསྒྲུབ་གནས་དང་གཏེར་ཆུ་སོགས་ཡོད་ཀྱང་དུས་འདི་ལྟ་བུ་ལ་བྱོན་ཞེས་པའི་ལོ་ཚིག་གསལ་ཁ་ཅན་ཞིག་མ་རྙེད། དེ་ལ་འདི་ལྟར་བསམ་སྟེ་འདིར་བྱོན་པའི་རྒྭ་ལོ་དེ། ས་ཆེན་ཀུན་དགའ་སྙིང་པོའི་དངོས་སློབ་རྣམ་འགྲེལ་རྒྭ་ཐང་མ་ཞུ་བ་པོ་ཁམས་པ་རྒྭ་ལོ་ཡིན་ན་འདིས་འཁྲུངས་ལོ་གསལ་ཁ་ཅན་ཞིག་མི་འདུག་མོད་རབ་བྱུང་གཉིས་པས་ཡས་མས་སུ་བྱོན་ཡོད་པ་ནི་ས་ཆེན་གྱི་སློབ་མ་ཡིན་པས་ཤེས་ལ། ཁོང་གནས་འདིར་བྱོན་པ་ཡིན་ན་དགོན་པ་མ་ཆགས་པའི་སྔོན་ཏུ་ལོ་༡༠༠ལྷག་ཙམ་གྱིས་དུས་ཡིན་དགོས་པས་དེ་དུས་ཁྲོཾ་ཁོག་བོན་པོས་བཟུང་བའི་སྐབས་ཡིན། ཡང་ས་པཎ་གྱི་སློབ་མ་ལོ་ཙཱ་བ་ཆེན་པོ་བཞིའི་ཡ་གྱལ་རོང་བ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་ཞེས་ཁམས་པ་རྒྭ་ལོའི་སྤྲུལ་པ་རབ་བྱུང་གསུམ་པའི་ཆུ་ཕག་༼སྤྱི་ལོ༡༢༠༣༽ལ་བྱོན་པ་འཕགས་པ་དང་ཕན་ཚུན་བླ་སློབ་ཡིན་པ་དེ་ཡིན་ན་འདིར་གདན་ས་བསྐྱངས་ནས་གདན་རབས་ཀྱི་གྲངས་སུ་བགྲང་ན། གོང་དུ་བླ་རབས་དྲུག་ཞེས་པ་དེ་གདན་ས་འདེབས་པ་པོ་ཆོས་རྒྱལ་འཕགས་པ་བླ་རབས་དང་པོར་བརྩི་བ་དང་། གཉིས་པ་རྒྭ་ལོ། དེ་ནས་བླ་མ་དབུ་རྒྱ་བོ་གཙུག་ཏོར་རྒྱལ་བའི་འབྱུང་གནས་སོགས་བརྩིས་ན་བླ་རབས་དྲུག་པོ་ཚང་མོད་དེ་ནི་ཁོ་བོས་འཁྲུལ་རྟོག་གོ །དེ་ལྟར་གོང་དུ་འཕགས་པའི་ལུང་བསྟན་ལྟར་ཁྲོཾ་ཡུལ་འཇང་དམག་གིས་འཇིག་སྟེ་དགོན་ཡུལ་ཐམས་ཅད་ལ་གྱོང་གུད་ཆེན་པོ་ཐེབས། དེ་ཡང་ཁྲོཾ་ཁྲི་དཔོན་སྡེ་འབངས་དང་བཅས་པ་ཆོས་སྲིད་གཉིས་ཀྱི་ཐད་མངའ་ཐང་རྒྱས་ཤིང་བདེ་སྐྱིད་ལ་ལོངས་སྤྱོད་བཞིན་ཡུན་རིང་གནས་པའི་སྐབས་སུ། འཇང་ཡུལ་ནས་ཡོང་བའི་མགྲོན་པོ་འགའ་རྟ་རུ་མདོ་ཞེས་པའི་ས་དེར་ཚུགས་བབས་ནས་སྦྲ་ཆུང་ཞིག་ཕུབ་ནས་བསྡད་པ་དང་། ཁྲོཾ་གྱི་མི་ཁ་ཤེས་དང་འཕྲད་ནས་སྐད་ཆ་འདྲ་བཤད། དེ་ནས་རྒྱལ་བོའི་མདུན་དུ་ཁྲིད་ནས་ཕན་ཚུན་སྐད་ཆ་མང་པོ་གླེང་མོ་བྱས། དེ་ཡང་སྔོན་ནས་བླ་མ་ཞིག་གིས་ཁྲི་དཔོན་གཡུང་དྲུང་རྒྱལ་མཚན་ལ་མ་འོངས་ལུང་བསྟན་དུ། མ་འོངས་པར་ཁྱོད་ཀྱི་ཡུལ་དུ་མགོ་གྲོད་པུ། སྒྱེ་མོའི་ནང་དུ་མེ་གཏོང་མཁན་ཞིག་འོངས་ན་ཁྱོད་ཀྱིས་མངའ་ཐང་རྫོགས་པའི་དུས་ཡིན་གསུངས་བའི་དུས་ལ་བབ་པ་ཡིན་ཀྱང་སྔོན་ལས་ལ་གཟུར་ས་མེད་པའི་ཅི་ཡང་མ་དྲན་པར་ཁྲོཾ་ཁྲི་དཔོན་རྒྱལ་པོས་འདི་སྐད་གསུང་། ཁྲོཾ་ཁྲི་དཔོན་རྒྱལ་པོ་གནམ་གྱི་བུས། །འཇང་ས་དམ་རྒྱལ་པོ་ས་ཡི་བུར། །ཐོག་ནམ་འཕེན་མི་ཤེས་དོགས་ཟོན་གྱིས། ཞེས་འཕྲིན་དུ་བསྐུར། གཞན་ཡང་ལུང་བསྟན་དུ། །རྡོ་ཡས་ཁྱུ་ཚང་རྭ་ཡག་གི །རྭ་རྩེ་ཐོག་གིས་ མ་བཅད་ན། །ཨ་ཕོ་ཁྲོཾ་ལ་ཆགས་འཇིག་མེད། །ཞེས་ལུང་བསྟན་གོང་འོག་གཉིས་གསུང་མཁན་བླ་མ་དབུ་རྒྱ་བོ་ཡིན་པར་ཡང་གསུང་། དེ་སྐབས་ཡུལ་ལྷ་ཁྱུང་གི་རྭ་རྩེ་གཡོན་པ་ཐོག་གིས་བཅད་པ་སོགས་བཀྲ་མི་ཤིས་པའི་རྟགས་དུ་མ་བྱུང་ནས་ཁྲོཾ་གྱི་རྒྱལ་བློན་ཡུལ་མི་དང་བཅས་པ་བློ་མི་བདེ་བའི་ངང་གནས་ཡོད་སྐབས། སྔར་ས་དམ་ ལ་བསྐུར་བའི་འཕྲིན་གྱི་ལན་དུ། ཁྲོཾ་ཁྲི་དཔོན་རྒྱལ་པོ་གནམ་གྱི་བུར། །འཇང་ས་དམ་རྒྱལ་པོ་ས་ཡིས་བུས། །ས་ནམ་འགུལ་མི་ཤེས་དོགས་ཟོན་གྱིས། །ཞེས་པའི་འཕྲིན་ལན་འབྱོར་ནས་ཅུང་མ་འགོར་བར། འཇང་དམག་སླེབས་ཏེ་དམག་འཁྲུགས་ལང་ནས། ཕན་ཚུན་འཐབ་ཚེ་འཇང་དམག་གྲངས་མང་པའི་གཡུལ་ངོ་མ་ལོན་པར་ཁྲི་དཔོན་གྱི་རྫོང་བཙན་བཟུང་། འཇང་དམག་གིས་རྫོང་གཏོར་མ་ཐུབ་པར་ཆུ་བཅད་ནས་ཉིན་མང་ཙམ་བསྡད། ཁྲི་དཔོན་གྱི་དམག་གིས་མཁར་གྱི་ཐོག་ནས་མར་ཁུ་ཕྱར་ནས་ཆུ་ཡོད་མདོག་བྱས་ནས་བསྡད་པས། འཇང་དམག་རྣམས་བྱ་ཐབས་བྲལ་ནས་ཕྱིར་རང་ཡུལ་དུ་ལོག་ནས་དགའ་འཁྱིལ་ལ་ཞེས་པའི་ལ་ཆུང་དེ་ནས་ཕྱིར་སོང་ནས་དམག་རྗེས་མའི་ལ་ཁ་ནས་ཕྱི་མིག་བལྟས་ཚེ། ཁྲོཾ་དམག་རྣམས་ཀྱི་ཉིན་མང་པོར་ཆུ་བཏུང་རྒྱུ་མ་རྙེད་ནས་སྐོམ་ཚད་ཆེ་བ་མ་བཟོད་ནས་ཆུ་ཁར་འགྲོ་བ་མཐོང་ནས་འཇང་གི་དམག་དཔུང་ཕྱིར་ཁ་ལོ་བསྒྱུར་ནས་རྒྱལ་པོ་དཀྲོངས། དམག་མི་མང་པོ་བསད། དགོན་སྡེ་འབང་མི་དང་བཅས་པ་ལ་གྱོང་གུད་ཆེན་པོ་ཐེབ། དེ་དུས་འཇང་དམག་ཤིན་ཏུ་མང་བའི་ས་རྟགས་སུ་མི་རེས་བྱེ་མ་མདའ་ཤུབས་ གང་རེ་བླུགས་པས་རི་ཆུང་ཞིག་ཆགས་པ་ལ་འཇང་དིས་ཞེས་མང་བཏགས་པ་ཡིན་པར་གྲགས། མགོ་མཐོ་མའི་རི་ལ་འཇང་དམག་གིས་སྐེད་ལམ་བཏོད་པ་ད་ལྟ་དམག་ལམ་ཟེར་བ་དེ་ཡིན། ཁྲོཾ་ཁྲི་དཔོན་གྱི་བུ་རྒྱུད་འབངས་མི་བཅས་འགའ་རེ་ཡུལ་བུད་ནས་དབུས་གཙང་གི་ཕྱོགས་སུ་བྲོས་པས་ཐར། དེ་དུས་ཁྲི་དཔོན་གྱི་བུ་རིན་ཆེན་རྒྱལ་མཚན་གྱིས་ཚོང་དཔོན་མཛད་དེ་གཅུང་མཚོ་སྐྱེས་སོགས་དང་ལྷན་དུ་ཚོང་ལས་ལ་ཞུགས་ནས་རོང་སྟོན་སོགས་བླ་མ་མང་པོ་བརྟེན་པ་དང་བསྟན་པའི་སྦྱིན་བདག་མཛད་པ། ཀུན་མཁྱེན་རོང་སྟོན་ཆེན་པོས་ནཱ་ལེནྡྲ་ཕྱག་འདེབས་སྐབས་ཁྲོཾ་ཁྲི་དཔོན་རྒྱལ་པོས་དངོས་རྫས་མང་པོ་ཕུལ་ནས་གདམས་ངག་ཞུས། རོང་སྟོན་གྱིས་ནཱ་ལེནྡྲའི་ཀུན་དགའ་ར་བ་བཞེངས་ཚེ་ཁྲི་དཔོན་མཚོ་སྐྱེས་རྒྱལ་མཚན་སོགས་ཚོང་འདུས་པ་རྣམས་ཀྱིས་ཀུན་དགའ་ར་བའི་ཤར་ཕྱོགས་བརྩིགས་པ་སོགས་རོང་སྟོན་རྣམ་ཐར་ན་གསལ། མཐར་གོ་འཇོའི་ཕྱོགས་སུ་གནས་བཅས་ནས་བསྡད་པ་ད་ལྟ་ལྷ་ས་རུ་ཡོད་པའི་ཁྲི་དཔོན་ཚང་ཞེས་པ་དེ་ཡིན་པར་འདུག །ཁྲི་དཔོན་གྱི་བུ་མོ་ཁྲོཾ་ཟ་བྱང་ཆུབ་ཆོས་སྒྲོན་གོ་འཇོ་ཨ་ནག་ཚང་ལ་མནའ་མར་ཕྱིན་པ་ལ་བུ་ཤག་ཤུལ་འོད་ཟེར་གྲགས་འཁྲུངས་བར་བཤད། དེ་དུས་ཁྲོཾ་ཡུལ་དུ་ཤུལ་ལུས་ཀྱི་སྡེ་བ་རྣམས་ལ་དཔོན་པོ་མེད་པར་ཤིན་ཏུ་ཡ་ང་གནས་སུ་གྱུར་ནས་ལུས་པར་བཤད་ཀྱང་དུས་ཚོད་སོགས་རབ་བྱུང་བདུན་པའི་ཡས་མས་ཙམ་ལས་གསལ་ཁ་ཅན་ཞིག་མ་ཤེས།

༑ བར་དུ་ནག་ཤུལ་བླ་མ་འབུམ་གྱིས་བསྟན་པའི་མེ་རོ་གསོས་ནས་བསྟན་པ་འཕེལ་འགྲིབ་བྱུང་ཚུལ་ནི། དེ་ལྟར་ཁྲོཾ་ཡུལ་འདིར་འཇང་དམག་གིས་འཇིག་ནས་ཡུན་རིང་སོང་སྐབས་ཤིག་ནས་ཤུལ་ལུས་རྣམས་དང་ཡུལ་གཞན་དུ་བྲོས་པ་རྣམས་ཕྱོགས་གང་ས་ནས་ཚུར་ཐོན་པ་རྣམས་ཀྱིས་ཡུལ་བཟུང་། དེའི་ཚེ་ཁྲོཾ་ཁྲི་དཔོན་གྱི་ཚ་བོ་གོ་འཇོ་ཨ་ནག་ཚང་གི་རིགས་སུ་བྱོན་པའི་ནག་ཤུལ་འོད་ཟེར་གྲགས་རང་ཡུལ་ལ་སླེབས་ནས་འབངས་མི་རྣམས་བསྐྱངས། ཁྲི་དཔོན་གྱི་བུ་རྒྱུད་ཡིན་པའི་གཅོད་རྒན་རལ་བ་ཅན་ཞེས་པ་ས་སྐྱ་གོང་དུ་བྱོན་ནས་བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་སོགས་བླ་མ་མང་པོར་ཡུན་རིང་བསྟེན་ནས་བདག་ཆེན་དང་ལྷན་དུ་མདོ་ཁམས་སུ་བྱོན། མཐར་བདག་ཆེན་གྱིས་ཁྱོད་མཁར་གྱི་རི་སྟག་མོ་འདྲ་བའི་གནས་སུ་སོང་ལ་བསྒྲུབ་པ་མཛོད་དང་བསྟན་པ་ལ་ཕན་ངེས་འོངས་ཞེས་ལུང་བསྟན་པ་ལྟར་གནས་འདིར་ཕེབས་ཏེ་མཁར་གྱི་སྟག་མོ་སོགས་སུ་བསྒྲུབ་པ་ཉམས་ལེན་མཛད་དེ་ཡུན་རིང་བཞུགས། དཔལ་ས་སྐྱའི་གདུང་རྒྱུད་དུ་བྱོན་པའི་བདག་མོ་ཞིག་ཁབ་ཏུ་བཞེས་པ་དེའི་རིགས་སུ་བྱོན་པ་ད་ལྟ་ཁྲོཾ་དགེ་ཚང་སོགས་ཡིན་པར་བཤད། དེ་ནས་ནག་ཤུལ་འོད་ཟེར་གྲགས་པའི་བུ་ནག་ཤུལ་བླ་མ་འབུམ་བྱོན། ཁྲོཾ་ཁྲི་དཔོན་གྱི་ཚ་བོ་ཡིན་པའི་དེས་སྔར་ཡབ་མེས་རྣམས་ཀྱི་ལུགས་གཉིས་ཀྱི་སྲོལ་ཉམས་པ་སླར་གསོ་མཛད་པར་དགོངས་ནས་། དམ་པ་དུ་མའི་ཞབས་པད་ལ་གཏུགས་ཏེ་ཡོན་ཏན་ལ་སྦྱང་བ་མཛད་ཚེ་ལུགས་གཉིས་ཀྱིས་བྱ་བ་ལ་མ་རྨོངས་ཤིང་ལྷ་ཆོས་དགེ་བ་ལ་གུས་པ། འབངས་ལ་བྱམས་སྐྱོང་དང་། གོང་ལ་བརྩི་བཀུར་ཆེ་བའི་སྐྱེས་བུ་དེ་ཉིད་བྱོན་ནས་འབངས་མི་རྣམས་ལ་བདེ་ལ་བཀོད། སྔར་གྱི་ཁྲི་དཔོན་གྱི་མཁར་ཤུལ་བཟུང་ཞིང་འབངས་རྣམས་བསྐྱངས་བའི་སྡེ་བ་ལ་མཁལ་ཐར་གཡང་སྡེ་ཕྱུག་མོ་རུ་གྲགས། སྔར་བླ་མ་དབུ་རྒྱ་བོའི་དགོན་གནས་ཉམས་པ་བོད་རབ་བྱུང་བརྒྱད་པའི་ནང་ལ་སླར་གསོ་མཛད་དེ་དགེ་འདུན་གྱི་སྡེ་བཙུགས་པ་དང་ལྷ་ཁང་ག་བ་བཅུ་དྲུག་ཅན་གསར་བཞེངས་བཛད། ནང་རྟེན་དུ་ཟང་གསེར་ལས་གྲུབ་པའི་ཐུབ་དབང་གནས་བརྟན་བཅུ་དྲུག་སྣང་བརྙན་དང་། གསེར་ལས་བྲིས་པའི་མདོ་སྡེ་བསྐལ་བ་བཟང་པོ། བརྒྱད་སྟོང་སོགས་རྟེན་རྩ་ཆེན་མང་པོ་བཞེངས། སྔར་འཕགས་པའི་གནང་བའི་ཐུབ་པ་རྡོ་རྗེ་གདན་པ་དེ་དང་། བླ་མ་དབུ་རྒྱ་བོའི་དུས་ཀྱི་རོལ་མོ་འཛམ་གླིང་གཡུ་འབྲུག་ལྡིར་ཤེས་སོགས་རྟེན་རྙིང་འགའ་ཞིག་དོན་འགྲུབ་འོད་ཟེར་ཞེས་པའི་བླ་རྒན་ཞིག་གི་ལག་ཏུ་ཚུད་པ་ཉར་ཚགས་བྱས་ཡོད་པ་ཁོང་ལ་ཕུལ། ཁོང་གིས་ལྷ་ཁང་གི་ནང་རྟེན་དུ་བཞུགས་སུ་གསོལ་བར་མཛད་པ་སོགས་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ། ནག་ཤུལ་བླ་མའི་གུར་མོ་ཆེ་ཞེས་པའི་འཚོགས་གུར་ཞིག་གྲུབ་པ་སོགས་ཀྱི་སྒོ་ནས་བསྟན་པའི་མེ་རོ་གསོས། འབངས་མི་རྣམས་ལ་ལྷ་ཆོས་དགེ་བ་བཅུའི་སྲོལ་བཙུགས། ལུག་ཆོས་འཇམ་དབྱངས་རིན་ཆེན་སོགས་བློ་གསལ་འགའ་གསོ་སྐྱོང་མཛད། དེ་དག་ལ་བསྟན་པ་སྤྱི་དང་བྱེ་བྲག་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཚུལ་གྱི་ཞལ་བཀོད་རྒྱ་ཆེན་གནང་བ་སོགས་མཛད་ཕྲིན་ཤིན་ཏུ་ཆེ། ༈ །དེ་ནས་ལུག་ཆོས་བླ་མ་འཇམ་དབྱངས་རིན་ཆེན་རབ་བྱུང་དགུ་བའི་ནང་དུ་བྱོན། མཁས་གྲུབ་མང་པོའི་ཞབས་པད་བསྟེན། ཁྱད་པར་དུ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གྲྭ་སར་ཕེབས་ནས། ཐོས་བསམ་མཛད་དེ་དགོན་སྡེ་འདི་དཔལ་ཨེ་ཝཾ་པའི་བསྟན་པའི་གྲལ་དུ་བཙུད། ཉམ་ཐག་འགྲོ་བའི་ལས་སྒྲིབ་སྦྱོང་བའི་མཆོག་ཀུན་རིག་རྣམ་སྣང་གི་དབང་ལུང་སྤེལ་ནས་ཆོ་ག་འདོན་རྒྱུས་སྲོལ་བཙུགས། འཕགས་པ་སྤྱན་རས་གཟིགས་ཀྱི་སྒོ་ནས་གདུལ་བྱ་མང་པོའི་དོན་མཛད་དེ་བསྟན་པ་དར་བར་མཛད། སྔར་བླ་མ་དབུ་རྒྱ་བོའི་དགོན་གནས་ཉམས་པ་སླར་གསོ་མཛད་མཁན་ལ་ཐོག་མར་ནག་ཤུལ་བླ་མ་འབུམ་དང་ཁོང་རྣམ་གཉིས་བཀའ་དྲིན་ཤིན་ཏུ་ཆེ་བར་གསུངས། གོང་དུ་ནག་ཤུལ་བླ་མ་འབུམ་གྱིས་བསྟན་པའི་མེ་རོ་གསོ་བའི་དབུ་བཙུགས་ལུག་ཆོས་འཇམ་དབྱངས་རིན་ཆེན་གྱིས་བསྟན་པ་དར་རྒྱས་སུ་བཏང་བའི་ལོ་རྒྱུས་ལ་དུས་ཚོད་རབ་བྱུང་བརྒྱད་པའི་སྨད་དང་དགུ་བ་ཙམ་ལས་དུས་ངེས་ཅན་ཞིག་ངོས་མ་ཟིན། ༈ དེ་སྐབས་བླ་མ་རྡོ་རིས་དམ་ཆོས་སོགས་བསྒྲུབ་པའི་རྒྱལ་མཚན་འཛིན་པ་མང་པོ་བྱོན།

༈ དེ་ནས་རྒྱ་རྩེ་བླ་མ་དཀོན་མཆོག་རྒྱལ་མཚན་བྱོན། ངོར་ཨེ་ཝཾ་ཆོས་ལྡན་གྱི་གྲྭ་སར་ཕེབས། ངོར་ཆེན་སངས་རྒྱས་ཕུན་ཚོགས་སོགས་དམ་པ་དུ་མ་བསྟེན། མཐར་གདན་ས་འདིར་ཕེབས་ཏེ་བཤད་བསྒྲུབ་བསྟན་པའི་རྒྱལ་མཚན་བཙུགས་གྲུབ་པའི་ས་མཐོར་གཤེགས། ༈ རྒྱ་རྩེའི་བློ་བཟང་རྒྱལ་མཚན་བྱོན། ཐོག་མར་ཁུ་བོ་དཀོན་མཆོག་རྒྱལ་མཚན་ལས་གསན་སྦྱང་མཛད། ངོར་གྱི་གྲྭ་སར་ཕེབས་མཁས་གྲུབ་མང་པོར་བསྟེན། ཁྱད་པར་དུ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལས་གསུང་ངག་ལམ་འབྲས་ཀྱི་མཚོན་མདོ་སྔགས་ཀྱི་གནས་ལ་གསན་སྦྱང་མཛད། ཕྱིར་རང་ཡུལ་ལ་ཕེབས་ནས་འདུལ་བ་གཙོ་བོར་གྱུར་བའི་མདོ་སྔགས་ཀྱི་ཆོས་འཁོར་ལན་མང་བསྐོར། དེ་ནས་བཟུང་མཁས་དང་གྲུབ་པའི་དབང་ཕྱུག་འཇིགས་བྲལ་ཆོས་དབྱིངས། གྲུབ་བརྙེས་འཇམ་དབྱངས་བསྟན་འཕེལ་སྙན་གྲགས་སོགས་ནས་བཟུང་དཔལ་ཨེ་ཝཾ་པའི་གྲྭ་སར་ཕེབས་ཏེ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་ནས་གནས་འདིར་ཕེབས་ཏེ་མདོ་དང་སྔགས་སོགས་སྡོམ་པ་གསུམ་གྱི་ཉམས་ལེན་སྤྱི་དང་བྱེ་བྲག་གསུང་ངག་སློབ་བཤད་ཟབ་མོ་རྒྱབ་རྟེན་རྒྱུད་ཀྱི་བཤད་པ་དང་བཅས་པའི་སྒོ་ནས་བསྟན་པ་དར་བར་མཛད། དཔལ་ལྡན་དགེས་པ་རྡོ་རྗེ་དང་། ཀུན་རིག་རྣམ་པར་སྣང་མཛད་སོགས་ཀྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྒྲུབས་པའི་མཆོད་པ་བཙུགས། དབྱངས་རོལ་དང་ཐིག་རྡུལ་ཚོན་སོགས་ཀྱང་རྒྱལ་བ་གཉིས་པ་ཀུན་དགའ་བཟང་པོའི་རང་ལུགས་ལ་སླད་མེད་པར་མཛད། དེ་ནས་བླ་མ་འོད་ཟེར་དང་། ཤེས་རབ་ཕུན་ཚོགས། དཀོན་མཆོག་ཡོན་ཏན། ངག་དབང་བློ་བཟང་སོགས་སྐྱེས་ཆེན་མང་པོ་བྱོན་ཚུལ་ནི་འོག་ཏུ་རང་རང་གི་རྣམ་ཐར་བསྡུས་པའི་སྐབས་སུ་གསལ། རྒྱ་ཀླུའི་མཁན་པོ་སྙན་རྒྱལ་དང་། དཀའ་བའི་མཁན་པོ་དཔལ་བྱིན་གཉིས་གནས་འདིར་བྱོན་པ་ཡིན་མོད་མཛད་ཕྲིན་བཙོ་བོ་ནི་འབའ་རོང་ནས་ཆེན་དང་། འཛིང་ཁྲ་བོ་རི་ཁྲོད་གཉིས་སུ་ཆོས་འཁོར་བསྐོར་བ་དང་བསྒྲུབ་པ་མཛད་ནས་བསྟན་པ་སྤེལ་བར་མཛད། སྙན་རྒྱལ་ནི་སྐུ་ཚེའི་སྨད་ལ་འདིར་བྱོན་ནས་རྟ་ཁྱུང་གདོང་ནས་སྒྲུབ་པ་ལོ་ཁ་ཤེས་ལ་མཛད་ནས་དགུང་གྲང་བརྒྱད་ཅུ་ལྷག་ཙམ་ནས་དགའ་ལྡན་དུ་གཟུགས་སྐུའི་བཀོད་པ་བསྡུས། མཁན་པོ་དཔལ་བྱིན་ནི་མར་བྱོན་མ་ཐུབ་པ་འདྲ། ༈ དེ་ནས་མཁན་ཆེན་འདུས་པ་རྒྱ་མཚོ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱིས་རང་ལུགས་གཙོ་བོར་བཟུང་ནས་སོར་བྱང་སྔགས་ཀྱི་སྡོམ་པ་འབོག་པ་དང་། སྡོམ་གསུམ་དང་། འདུལ་བ། སྤྱོད་འཇུག ། དབུ་མ་སོགས་ཀྱི་བཤད་པ་དང་། དཔལ་ལྡན་དགེས་པ་རྡོ་རྗེའི་རྒྱུད་དང་མན་ངག་གི་བཤད་པ་སོགས། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཟབ་མོའི་སྒོ་ནས་བསྟན་པ་ཤིན་ཏུ་དར་བར་མཛད་པ་སོགས། མདོར་ན་དེ་ལྟ་བུའི་མཁས་དང་གྲུབ་པའི་དབང་ཕྱུག་གསེར་གྱི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱོན་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་པ་དཀར་འབྱམས་ཡུག་གཅིག་ཏུ་བཏང་སྟེ་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད་པའི་སྐྱེས་བུ་དེ་དག་ནི་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཤ་སྟག་ཡིན་ལ།

རབ་བྱུང་བཅུ་བཞི་པ་ནས་རྣལ་འབྱོར་དབང་ཕྱུག་མགོན་པོ་བིར་ཝ་པ་དང་། ཀ་ཅོག་བེེ་རོའི་རྣམ་སྤྲུལ་གཏེར་ཆེན་ལས་རབ་གླིང་བ་བྱོན། ལས་ཅན་སྐྱེ་འགྲོ་མང་པོའི་ལེགས་བྱས་བསོད་ནམས་ཀྱི་བགོ་སྐལ་བོད་ཡུལ་བདེ་བའི་ལས་ཚོགས་བཅུ་གསུམ་སོགས་ཟབ་མོ་གཏེར་གྱི་དངོས་གྲུབ་ཀྱི་སྒོ་འཕར་ཕྱེས། ཆོས་བདག་མི་འགྱུར་འོད་གསལ་རྡོ་རྗེ་འམ་བཀྲ་ཤིས་ཚེ་བརྟན་བྱོན། ཟབ་གཏེར་ཡོངས་རྫོགས་ཕབས་སྟེ་སྨིན་གྲོལ་བདུད་རྩིའི་དངོས་གྲུབ་གྱིས་སྐལ་ལྡན་གྱི་གདུལ་བྱ་རྣམས་ཚིམ་པར་མཛད་། མ་འོངས་བསྟན་འགྲོར་ཕན་པའི་སླད་དུ་དྲེགས་འཇོམས་བདེ་གཤེགས་ཀུན་འདུས་སོགས་ཀྱི་དཀྱིལ་ འཁོར་གྱི་ཞལ་ཕྱེས། བསྒྲུབ་མཆོད་ཀྱི་སྲོལ་བཙུགས་ས་རྙིང་ཆུ་བོ་གཅིག་ཏུ་འདྲེས་པར་མཛད་དེ་བཀའ་གཏེར་གཉིས་ཀྱི་སྒོ་ནས་བཤད་སྒྲུབ་ཀྱིས་རྒྱལ་བསྟན་དར་བར་མཛད། མཁས་དང་གྲུབ་པའི་གོ་སར་གཤེགས་པའི་སྐལ་ལྡན་སློབ་ཚོགས་ཀྱི་ཡོངས་སུ་གང་བར་མཛད། ལྷག་པར་དུ་གཏེར་ཆེན་མཆོག་རྨི་ལམ་འོད་གསལ་འདྲས་པའི་གཟིགས་སྣང་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བྱོན་ནས་སྔར་གྱི་བླ་མ་དབུ་རྒྱ་བོའི་དགོན་པའི་ལྷ་ཁང་ལ་ཕྱག་མཛུབ་གཏད་དེ་འདིར་ཞིག་གསོ་དགོས་ཚུལ་དང་། བསྟན་པའི་གཞི་མ་དགེ་འདུན་སྡེ༔ བཤད་སྒྲུབ་དར་འཕེལ་གཏོང་བ་གནད༔ ཞེས་ལུང་བསྟན་པ་ལྟར་དགོན་པ་ཉམས་གསོ་མཛད་པ་ལ་ཐུགས་འགན་ཡོངས་སུ་བཞེས་ཏེ་འབུལ་བ་ཡོད་ཚད་དགོན་གཞུང་ལ་གནང་སྟེ་ལྷ་ཁང་ཉམས་གསོ་མཛད་པ་དང་། ནང་རྟེན་དུ་ཉིད་ཀྱི་གཏེར་རྫས་སྟོན་པའི་སྐུ་མཐོང་གྲོལ་ཆེན་མོདང་། བ་སོའི་སྒྲོམ་བུ། ཙནྡན་གྱི་ཕུར་བུ་སོགས་གཏེར་རྫས་མང་པོ་དང་བཅས་ལེགས་གྲུབ་བྱུང་། མཐར་དགའ་སྟོན་རྟེན་འབྲེལ་དུ་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་སོགས་ཆོས་འཁོར་རྒྱ་ཆེན་བསྐོར། དགོན་པའི་མཚན་ལ་བཀྲ་ཤིས་དགོན་རྩོལ་མེད་བསམ་གཏན་ཆོས་གླིང་ཞེས་བསྒྱུར་བཅོས་གནང་། ཕྱིས་སུ་བླ་མ་བཀྲ་ཤིས་ཚེ་བརྟན་ཁོང་མཛད་ཕྲིན་རྒྱས་ཏེ་ཆོས་སྒར་ཆེན་པོར་གྱུར་སྐབས་བླ་མའི་མཚན་ལས་དྲངས་ཏེ་བཀྲ་ཚེ་དགོན་ཞེས་གྲགས་པ་ད་ལྟ་ཡང་དེ་ལྟར་འབོད་མཁན་ཡོད་ཀྱང་མཚན་དངོས་ནི་མིན་པར་སེམས། དེ་ལྟ་བུའི་མཁས་དང་གྲུབ་པའི་དབང་ཕྱུག་དེ་དག་གིས་དཔྱད་གསུམ་དག་པའི་ལམ་ནས་གསེར་སྦྱང་བཙོ་མ་ཕྱི་དོར་བྱས་པ་ལྟ་བུའི་ཟབ་མོ་གཏེར་གྱི་ཆོས་སྐོར་དེ་དག་ནི། གདན་ས་འདི་ཉིད་དུ་བྱོན་པའི་བསྟན་འཛིན་ཀུན་གྱི་ཕ་ཆོས་ཡིད་བཞིན་གྱི་ནོར་བུ་ཡིན་པའི་སྙིང་གི་དཀྱིལ་དུ་བཅིང་ནས་ཉམས་སུ་བླང་ན་བྱིན་རླབས་གྱི་ཚན་ཁ་ཤིན་ཏུ་ཆེ་བའི་དངོས་གྲུབ་གྱི་མཚན་མ་མྱུར་དུ་འགྲུབ། འདི་ལ་བླ་མ་གོང་མའི་ཕྱག་ལེན་ལྟར་ལས་གཞན་གྱི་བསྲེ་སླད་དང་བསྒྱུར་བཅོས་བྱེད་པ་འམ། ཡང་ན་འདི་གྲུབ་མཐའ་གཞན་གྱི་ཆོས་སྐལ་དུ་བརློམ་ནས་ཟུར་ཟ་དང་ལོག་ལྟ་སོགས་ཀྱི་སྒོ་ནས་དམ་ཉམས་ཀྱི་ལས་ལ་ཞུགས་ན་བྱིན་རླབས་ཀྱི་ཚན་ཁ་ཉམས་ཏེ་མཁའ་འགྲོའི་བཀའ་ཆད་འབྱུང་བའི་ཉེན་ཁ་ཆེ་བས་ཀུན་གྱིས་བག་ཡོད་པར་མཛོད་ཅིག །དེ་ལྟར་རབ་བྱུང་བཅུ་དྲུག་པའི་ས་ཕག་ཡན་ལ་ལོ་ངོ་སུམ་བརྒྱ་ལྷག་བཞི་བརྒྱ་ཟིན་མ་ཟིན་གྱི་བར་དུ་དགོན་སྡེ་འདི་ཉིད་ཤིན་ཏུ་དར་ཞིང་རྒྱས་པ་ནི་སྤྱིར་བླ་རབས་སོ་སོའི་རྣམ་ཐར་གྱི་སྐབས་སུ་བརྗོད་པ་ལྟར་ཤེས་པར་བྱ་དགོས། གཏེར་ཆེན་གྱི་སྐུ་འཕྲེང་གཉིས་པ་སྤྲུལ་པདྨ་རྡོ་རྗེ་བྱོན་ནས་བསྟན་འགྲོའི་དོན་ལ་སྔོན་བྱོན་གོང་མའི་མཛད་པ་བསྐྱངས་ནས་དགོན་པའི་ཐུགས་འགན་ཡོངས་རྫོགས་བཞེས་ནས་མགྲིན་ཐང་ལྗོངས་སོགས་སུ་བསྒྲུབ་པ་གཙོ་བོར་མཛད། དགོན་པའི་དུས་མཆོད་རྣམས་ཀྱི་དབུ་བཞུགས་དང་དབང་ལུང་སོགས་སྤེལ་བར་མཛད་པ་དང་དགེ་འདུན་པ་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བསྟན་པ་འཛིན་དགོས་ཚུལ་དང་། ཡུལ་མི་རྣམས་ཀྱི་རྐུ་རྔོན་སོགས་མི་དགེ་བ་སྤང་ཅི་ནུས་དང་ཕན་ཚུན་མཐུན་སྒྲིལ་དགོས་ཚུལ་སོགས་དགེ་བཅུའི་ལུགས་སྲོལ་གྱི་ཕྱོགས་སུ་སྔོན་གྱི་བླ་མ་རྣམས་ཀྱི་མཛད་ཕྲིན་གྱི་རྒྱུན་བསྐྱངས་ནས་དགོན་ཡུལ་ཀུན་ལ་སློབ་གསོ་རྒྱ་ཆེན་གནང་བ་དང་། དེའི་སྐོར་ཀྱི་བཀའ་སློབ་ཡེ་གེར་བྲིས་པ་ད་ལྟ་མ་ཉམས་པར་བཞུགས་ཡོད། དེ་ནས་རབ་བྱུང་བཅོ་ལྔ་བའི་ས་ཕག་ལོར་བོད་ལ་བཅོས་བསྒྱུར་རམ་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་མིང་ཙམ་ཐོས་པའི་འཇིགས་སུ་རུང་བའི་དུས་ངན་དེའི་སྐབས་སུ་དགོན་པའི་ལྷ་ཁང་རྒྱ་དམག་གིས་བདག་ཏུ་བཟུང་ནས་ནང་རྟེན་ཕལ་ཆེར་རྩ་མེད་དུ་སོང་། བླ་སྤྲུལ་རྣམས་བཙོན་ཁང་དུ་བྱོན་པ་སོགས་ཤིན་ཏུ་ཡ་ང་བའི་གནས་སུ་ལོ་ངོ་ཉི་ཤུ་ཙམ་ལ་ལྷུང་བ་ནི་དགོན་སྡེ་འདི་ཉིད་གཅིག་པུའི་ལོ་རྒྱུས་ཙམ་མ་ཡིན་པས་དེ་ཙམ་ལས་མ་སྨོས། སྔོན་བྱོན་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་མཁན་པོ་དང་བླ་མ་དགེ་བའི་བཤེས་གཉེན་འགའ་ཞིག་བཞུགས་ཡོད་ཅིང་ཁོང་རྣམ་པས་སྐུ་སྲོག་འབེན་ལ་བཙུགས་པའི་སྙིང་སྟོབས་དང་སྤོབས་པ་ལ་བརྟེན། དུས་འགྱུར་གྱི་སྐབས་སུ་ཤི་བའི་གཤིན་པོ་རྣམས་ལ་དགེ་རྩ་ཀུན་རིག་ཆོ་ག་སོགས་དང། ལྷག་པར་དུ་གདུགས་དཀར་སྒྲུབ་མཆོད་སོགས་ནི་ལོ་གཅིག་གཉིས་ཙམ་མི་ཤེས་མ་གཏོགས་གཏན་ནས་ཆད་མ་ཤོར་བར་འདུག །སྡེ་བའི་མི་སེར་རྣམས་ནང་མཐུན་པ་དང་ཕལ་ཆེ་བ་ཆོས་དད་ཆེ་བའི་རྐྱེན་གྱིས་མཁན་སྤྲུལ་དང་བླ་གྲྭ་རྣམས་ལ་འཐབ་རྩོད་དང་རྡུང་རྡེག་སོགས་ཀྱི་བྱ་སྤྱོད་ངན་པའི་ལས་གཅིག་ཀྱང་མ་བྱུང་བར་ཀུན་གྱིས་རེ་ལྟོས་དང་བློ་གཏད་བྱེད་ས་མཁན་པོ་དང་བླ་རྒན་རྣམས་ལ་བྱས། ༼སྤྱི་ལོ་༡༩༧༢༽ ཙམ་གྱི་ཡས་མས་སུ་ཁོ་བོ་ཅག་གི་ཤེས་དུས་ཕྱོགས་སོ་སོ་ལ་སོ་བ་བསྡད་ནས་ས་ཁུག་རྣམས་སུ་དུད་ཚང་རེའི་ཁྱིམ་ལ་གནས་གཡར་ཏེ་འཚོགས་པ་འཚོགས་བཞིན་བཞུགས་ཡོད་དར། དེ་འདྲའི་སྐབས་འགའ་རེ་ལ་རྒྱ་ཐོན་ཐལ་ཞེས་པའི་བརྡ་གོ་ཚེ་བླ་མ་རྣམས་གཤིན་རྗེས་ལས་མཁན་ལ་འཇིགས་པ་ལྟར་འཇིགས་སྐྲག་གི་ངང་ནས་བྲོས་ས་དང་གབ་ས་གང་རྙེད་བྱེད་བཞིན་ཡོད་ལ། ཁོ་བོ་ཅག་བྱིས་པ་འགའ་རེ་ལ་བླ་རྒན་རྣམས་ཀྱིས་གཙེ་བ་དང་ཀྱལ་ཀ་སོགས་བྱས་ཚེ་འོ་ཡ་ཁྱོད་ཀྱིས་འདོན་པ་བཏོན་པ་དེ་ངས་རྒྱ་ལ་ཟེར་རྒྱུ་ཡིན་ཞེས་ལབ་ཚེ་ཁོ་ཚོས་དེ་འདྲ་མ་ཟེར་རྩེད་མོ་བྱས་པ་ཡིན་ཟེར་ནས་རྔན་པ་སྟེར་བ་དང་། འགའ་རེའི་ཅི་ཡང་མི་ཟེར་བར་སྡོད་པ་སོགས་ལོ་རྒྱུས་མང་ཡང་འཇིག་རྟེན་པའི་དཔེ་ལ། །ནད་མཁྲིས་པའི་སྨན་ལ་ཞིམ་པོ་དང་། །ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ཞེས་པའི་དཔེ་ལྟར་ཡིན་པའི་མ་བཤད། དེ་ཡི་དུས་སུ་བཞུགས་པའི་མཁན་པོ་དང་བླ་གྲྭ་རྣམས་ནི་གཞན་གྱི་བཙན་གནོན་དང་ལོག་ཁྲིམས་ཀྱིས་འོག་ནས་ལུས་ལ་ངུར་སྨྲིག་གི་གོས་ལྟ་ཅི། ཕྱག་ཏུ་ཕྲེང་བ་བཟུང་བ་ཙམ་ཡང་གདུག་ཅན་བསྟན་དགྲའི་སྡེ་ཚོགས་སུའི་མཐོང་ན་ཁྲིམས་འགལ་གྱི་བྱ་བར་བརྩིས་ནས་བརྡུང་བརྡེག་དང་སྲོག་ཁྲིམས་གཅོད་པ་སོགས་ལས་མེད་མོད། བླ་ན་མེད་པའི་དད་པ་དང་དམ་ཚིག་ཅན་དེ་རྣམས་ཀྱི་སེམས་ལ་བསླབ་པ་གསུམ་གྱི་ནོར་གྱིས་བརྒྱན་ཅིང་བསླུ་མེད་མཆོག་གསུམ་གཙུག་ཏུ་བརྟེན་ནས་དད་པ་དང་དམ་ཚིག་ལ་ངོ་ལྐོག་མེད་པར་བསྟན་དོན་ཁོ་ན་ཐུགས་ལ་བརྣག་པའི་སྙིང་སྟོབས་དང་སྤོབས་པ་ནི་ཆེས་རྨད་དུ་བྱུང་བའི་རྣམ་ཐར་སྟེ། སྡེ་སྤྲུལ་ཀུན་དགའ་རྒྱལ་མཚན་གྱི་ཞལ་ནས། །ཕུལ་བྱུང་སྙིང་སྟོབས་མཆོག་གིས་གོ་བགོས་ནས། །རྒྱལ་སྲས་སྤྱོད་པའི་ཁུར་ཆེན་ཁྱེར་བ་ལ། །བྱེ་བ་ཕྲག་བརྒྱའི་བདུད་སྡེ་དགྲར་ལང་ཀྱང་། །མི་ལྡོག་བརྩོན་འགྲུས་བརྟན་ པར་བྱིན་གྱིས་རློབས། །ཞེས་གསུངས་བ་ལྟར་ཡིན་པས་རྗེས་འཇུག་སྐྱེ་བོ་ཡོངས་ཀྱིས་མཐོང་ཐོས་དྲན་པ་སོགས་ཀྱི་མིག་ཟུང་མཆི་མས་བརླན་ཞིང་དད་པའི་བ་སྤུ་གཡོ་བ་ལ་རང་དབང་མེད་པའི་འོས་སུ་གྱུར་པ་ལགས་སོ།།

༈ མཐར་འཇམ་དབྱངས་དགེ་ལེགས་རྣམ་རྒྱལ་སོགས་ཀྱིས་བསྟན་པ་དར་རྒྱས་མཛད་ཚུལ་ནི། དེ་ཡང་ཆོས་རྗེ་འཇམ་དབྱངས་བླ་མས། །ཤེས་རབ་ལྡན་པའི་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་གདུག་ཅན་སྦྲུལ། །གསོད་པར་ནུས་ཀྱི་ཁྭ་ཏས་མིན། །ཞེས་དང་། །དམ་པ་ལན་གཅིག་རྒུད་གྱུར་ཀྱང་། །ཟླ་བ་བཞིན་ཏུ་ཡར་ངོ་འབྱུང་། །དམན་པ་ལན་གཅིག་རྒུད་གྱུར་ན། །མར་མེ་བཞིན་དུ་མནལ་བར་འགྱུར། །ཞེས་སོགས་གསུངས་ བ་ལྟར། དམ་པའི་སྐྱེ་བུ་དེ་དག་གི་སྙིང་སྟོབས་ལ་བརྟེན་ནས་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་༼སྤྱི་ལོ་༡༩༧༥༽ལོར་གདུགས་དཀར་དང་ཀྱེེ་རྡོར་བསྒྲུབ་མཆོད་དངོས་སུ་ཚུགས། དེ་དུས་མཁན་པོ་དགེ་ལེགས་དང་། བླ་མ་ཀ་པ་འམ་འཇམ་དབྱངས་ཆོས་གྲགས། བླ་མ་དཀོན་མཆོག་བསྟན་འཛིན་གསུམ་གྱིས་དབུ་བཞུགས་པའི་བླ་གྲྭ་བཅུ་ཕྲག་ལྷག་བཞུགས་ཡོད། མཁན་རིན་པོ་ཆེ་ཡེ་ཤེས་བཟང་པོ་ནི་སྨར་ཁམས་ཀྱི་ཕྱོགས་སུ་ཡུལ་བུད་ནས་བྱོན་པའི་མ་བཞུགས། དེ་ནས་བཟུང་མཁན་རིན་པོ་ཆེ་དགེ་ལེགས་ཀྱིས་བླ་གྲྭ་རྣམས་ལ་སྤྱོད་འཇུག་དང་། ཀྱེ་རྡོར་རྒྱུ་ལམ་གྱི་དབང་། སྣང་གསུམ། རྒྱུད་གསུམ། བྲིས་སོགས་བསླབ། བླ་མ་འཇམ་དབྱངས་ཆོས་གྲགས་ཀྱིས་ཚོ་མཁར་གཉིས་ཀྱི་བླ་གྲྭ་རྣམས་ལ་སྒྲུབ་བཏུས་ནས་རྗེས་གནང་ཕལ་ཆེར་དང་། ཀུན་རིག་མི་འཁྲུགས་པ་སོགས་ཀྱི་དབང་ལུང་གང་མང་གནང་། བླ་མ་དཀོན་མཆོག་བསྟན་འཛིན་གྱིས་དབྱངས་རོལ་ཐིག་སོགས་བསླབ་ནས་ཁོང་རྣམ་གསུམ་གྱིས་སླར་ཡང་བསྟན་པ་དར་བའི་དབུ་བཙུགས། དེ་ལྟར་ལྐོག་ནས་ཆོས་འཆད་ཉན་དང་འཚོགས་པ་འཚོགས་རྒྱུ་ཆོས་དད་མང་ཚོགས་ལ་སྨྱུང་གནས་དང་མ་ཎི། སིདྡྷི་སོགས་འཚོགས། བླ་མ་འཇམ་དབྱངས་ཆོས་གྲགས་དབུར་བཞུགས་པའི་བླ་གྲྭ་རྣམས་ཀྱིས་བསྒྲུབ་པ་ཉམས་ལེན་ཅི་ནུས་བཛད། ཁོང་རྣམས་ཀྱིས་ཐུགས་བཞེད་ལྟར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྒྲུབ་ཐབས་ཀུན་བཏུས། གསུང་ངག་ལམ་འབྲས་སོགས་སྡེ་དགེ་ནས་བླུས། གདུགས་དཀར་ཙཀ་ལི་དང་། ཀྱེེ་རྡོར་ལྷ་དགུ གུར་ཞལ་ལྷ་གསུམ་གྱི་ཐང་ཀ་སོགས་བྲིས། འདི་དག་གི་བླུ་ཡོན་སྡེ་བའི་མགོ་ཁྲིད་རྣམས་ཀྱིས་འགན་ཁུར་ཏེ་སྡེ་སྤྱི་ནས་བསྒྲུབ། ལྷའི་ཞལ་བཀོད་དང་ཡེ་གེ་བླུ་སར་མཁན་པོ་དགེ་ལེགས་སྐུ་དངོས་སུ་བྱོན་ནས་བཀའ་དྲིན་བསྐྱངས། རབ་བྱུང་བཅུ་དྲུག་པའི་ས་ལུག༼སྤྱི་ལོ་༡༩༧༩༽ལོར་སྤྱན་རས་གཟིགས་ཀྱི་གནས་འབྲོང་དེའུ་ཆུ་ཁ་རུ། མཁན་པོ་དགེ་ལེགས་དང་། བླ་མ་འཇམ་དབྱངས་ཆོས་གྲགས་སོགས་དབུར་བཞུགས་པའི་དགེ་འདུན་ཡོངས་རྫོགས་ཀྱིས། སྔོན་རྒྱ་དམག་གིས་ལག་འོག་ནས་ཤི་བའི་དགེ་མེད་གྱི་གཤིན་པོ་རྣམས་ཀྱི་ཆེད་དུ་ཞག་པོ་བཞི་བཅུ་ཞེ་དགུ་ལ་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་དབང་དང་བཅས་ཉིན་རེ་ཚར་གཉིས་རེ་དང་གསུར་དཀར་དམར་སོགས་དགེ་རྩ་རྒྱ་ཆེན་མཛད། གཤིན་པོ་རྣམས་གང་དུ་ཤི་བའི་གནས་རྣམས་སུ་བླ་གྲྭ་རྣམས་སྐུ་དངོས་སུ་བྱོན་ནས་གསུར་དང་ཆོ་ག་གསུང་རྒྱུ་དང་ཇོ་དར་སྒྲོན་རྒྱུ་རྡེའུ་འབུམ་བསྔོ་བ་སོགས་མཛད་པས་གནས་དེ་རྣམས་སུ་གྲི་ཤི་གྲག་རྒྱུའི་རྒྱུན་ཆད། བླ་མ་བཀྲ་ཚེའི་སྐུ་གདུང་ཡིད་བཞིན་ནོར་བུ་སོགས་རྟེན་རྩ་ཆེན་འགའ་ཞིག་ལོ་མང་ས་རྡུལ་གྱི་འོག་ཏུ་སྦས་པ་དེ་དག་ལ་བསང་དང་ཁྲུས་གསོལ་རྒྱ་ཆེན་མཛད་དེ་སྤྱན་དྲངས་ཚེ་ནམ་ མཁའ་འཇའ་འོད་ཀྱི་གང་བ་སོགས་དགེ་མཚན་གྱི་པདྨོ་བཞད། དད་པ་དང་ལྡན་པ་རྣམས་ནི་ལོ་མང་དམ་ཆོས་ཀྱི་སྣང་བ་དང་བྲལ་རྐྱེན་དད་སྤྲོའི་སྣང་བ་རྒྱས་ཏེ་མིག་ཟུང་མཆི་མའི་གང་བཞིན་གུས་ཕྱག་དང་གསོལ་འདེབས་གྲངས་མེད་ཀྱི་སྒོ་ནས་ཐར་བའི་ས་བོན་བསྐྲུན། བཅུ་གསུམ་གྱི་བགྲང་བྱ་ལོན་པའི་སྣང་མེད་ཀྱི་བྱིས་པ་བདག་ཅག་གི་མིག་ལམ་དུ་མཐོང་མ་མྱོང་བའི་བསླབ་གསུམ་ངུར་སྨྲིག་གི་གོས་ཀྱི་གཟི་བྱིན་དང་། རྔ་དུང་རོལ་མོའི་སྐད་ཀྱི་འགྱུར་ཁུག །བསང་དུད་དང་འཇའ་འོད་ཀྱིས་ནམ་མཁའ་གང་བའི་བརྗིད་ཉམས། གདོས་བཅས་ཤ་ཁྲག་གི་ཕུང་པོ་ཞིག་རིན་ཐང་བྲལ་བའི་རིན་པོ་ཆེའི་རང་བཞིན་གྱི་རྒྱལ་བའི་སྐུའི་སྣང་བརྙན་དུ་གནས་འགྱུར་བའི་ལོ་རྒྱུས་ཀྱི་ཆེ་བ་སོགས་མཚར་སྣང་གི་ཚོར་བ་དུ་མ་གསར་དུ་སྦྱིན་པའི་ཉིན་མོ་དེ་རྡོ་ལ་རི་མོ་བྲིས་པ་བཞིན་སེམས་ལས་ནམ་ཡང་བརྗེད་རྒྱུ་མེད་པ་ཞིག་འདུག །མཁན་པོ་དགེ་ལེགས་ཀྱིས་མགོན་དཀར་རྗེས་གནང་གསུངས་ནས། ཁོང་རྣམ་པ་དབུར་བཞུགས་པའི་བླ་གྲྭ་ཡོངས་ནས་ཉིན་བདུན་ལ་མགོན་དཀར་གཡང་བསྒྲུབ་ཚད་ལྡན་མཛད་ནས་གཞི་བདག་རྣམས་ལ་བུམ་གཏེར་བཞག་པ་དང་ཁྱིམ་ཚངརེ་ལ་གཡང་བུམ་རེ་གནང་། གནས་རིའི་ཉེ་འདབས་སུ་ཡོད་པའི་བདུད་འདུལ་མཆོད་རྟེན་དེ་ཞིག་གསོ་མཛད་ནས་རབ་གནས་དང་བཅས་ཞག་བདུན་ལ་བསྒྲུབས། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་༼སྤྱི་ལོ་༡༩༨༠༽ ལོ་མཁན་རིན་པོ་ཆེ་ཡེ་ཤེས་བཟང་པོ་རང་དགོན་དུ་བྱོན། རྡོ་རྗེའི་མཆེད་གྲོགས་རྣམས་དང་། ནང་མི་ཉེ་འབྲེལ། ཡུལ་སྡེ་དང་བཅས་པར་ཁ་བྲལ་ནས་ལོ་ངོ་ཉི་ཤུ་རྩ་ལྔ་ཙམ་ཕྱིན། དགོན་ཡུལ་ཀུན་དང་མཇལ་འཕྲད་གནང་སྟེ་དགའ་སྤྲོའི་ཉི་མ་ཞིག་གསར་དུ་བཞད། སེར་སྐྱ་ཀུན་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོའི་བཀའ་དྲིན་བསྩལ། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་༼སྤྱི་ལོ ༡༩༨༡༽མཁན་པོ་དགེ་ལེགས་རྣམ་རྒྱལ་མཆོག་གིས་གསང་ཆེན་མཁའ་འགྲོ་དགོངས་འདུས་སོགས་གཏེར་ཆོས་སྐོར་གྱི་དབང་ལུང་སོགས་ཆོས་འཁོར་རྒྱ་ཆེན་བསྐོར། ཆོས་དད་རང་མོས་ཀྱི་ལམ་ལུགས་དར་ཏེ་ཆོས་སྒོ་ཕྱེས། བླ་མ་དཀོན་མཆོག་བསྟན་འཛིན་དབུར་བཞུགས་མཛད་དེ་གདུགས་དཀར་བསྙེན་མཚམས་ལ་གྲྭ་མང་ལྷན་དུ་བཞུགས། མཁན་པོ་རྣམ་གཉིས་དང་། བླ་མ་འཇམ་དབྱངས་ཆོས་གྲགས་སོགས་དགོན་ཡུལ་ཐམས་ཅད་རྡོག་རྩ་གཅིག་སྒྲིལ་གྱིས་དགོན་པ་ཉམས་གསོས་དབུ་བཙུགས། ལྷ་ཁང་གི་ཞལ་བཀོད་དང་ཐུགས་འགན་གཙོ་བོ་བླ་མ་དཀོན་མཆོག་བསྟན་འཛིན་གྱིས་མཛད། རབ་བྱུང་བཅུ་དྲུག་པའི་ཆུ་ཕག༼སྤྱི་ལོ་༡༩༨༣༽ལོར་འཇམ་དབྱངས་ཆོས་གྲགས་མཆོག་གིས་མ་ཎི་དུང་བདུན་ཅན་གྱི་དུང་འཁོར་དེ་བཞེངས། ཁོང་གི་ཐུགས་བསྐྱེད་ཀྱི་མཐུས་དུང་འཁོར་གྱི་གསུངས་ལན་གསུམ་བྱོན། ལན་གཅིག་གི་ཚེ་མཁན་པོ་དགེ་ལེགས་ཕེབས་ནས་ཕྱག་དང་མཇལ་དར་བཅས་དུང་འཁོར་གསུངས་འབྱོན་མ་ཞེས་པའི་མཚན་གསོལ་ཏེ་སྤྱན་ཆབ་བསིལ་བར་མཛད་དེ་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་དང་སྨོན་ལམ་ཡུན་རིང་མཛད། བླ་མ་འཇམ་དབྱངས་ཆོས་གྲགས་སོགས་དེར་ཡོད་བླ་གྲྭ་དང་ཡུལ་མི་མང་པོ་སླེབས་ནས་ཐམས་ཅད་ངོ་མཚར་བའི་ངང་ཕྱག་དང་བསྐོར་བ་བྱས། གསུང་སྐད་དེ་དུང་འཁོར་ཀྱི་དབུ་རྩེ་ནས་དུང་སྐད་ཤིན་ཏུ་སྙན་པ་སྒྲ་སྙོམ་པ་དུས་ཡུན་སྐར་མ་བཅོ་ལྔ་ཉི་ཤུ་ཙམ་ལ་རང་བབས་སུ་གྲགས་པ་དང། དུང་འཁོར་ཡང་སྐོར་མཁན་མི་དགོས་པར་རང་བབས་སུ་དལ་བུས་བྱོན། བླ་གྲྭ་རྣམས་ཀྱིས་བོད་ཡུལ་བདེ་བའི་སྨོན་ལམ་དང་། ངོར་ཆེན་གསུང་བསྟན་རྒྱས་སྨོན་ལམ་འགྲོ་བདེ་མ་སོགས་གསུང་སྟེ་བཀྲ་ཤིས་མངའ་གསོལ་མཛད།

རབ་བྱུང་བཅུ་དྲུག་པའི་ཤིང་བྱི་༼སྤྱི་ལོ་༡༩༨༤༽ལོ་སྒ་བ་འཇམ་རྒྱལ་མཆོག་སྤྲུལ་ཀུན་དགའ་ཚུལ་ཁྲིམས་མཆོག་གིས་ཞབས་སེན་གསེར་གྱི་འཁོར་ ལོ་ལྗོངས་འདིར་ཐོག་མར་བཀོད། གནས་འདིའི་གདུལ་བྱ་རྣམས་ཀྱི་སྔོན་བསགས་བསོད་ནམས་ཀྱིས་འབྲས་བུ་དུས་སུ་སྨིན་ཏེ་བདེ་སྐྱིད་རྫོགས་ལྡན་གྱི་ཉི་མ་གསར་དུ་བཞད། དཔལ་ས་སྐྱའི་ཟབ་ཆོས་དགེས་པ་རྡོ་རྗེའི་རྒྱུ་ལམ་གྱི་དབང་དང་། གཏེར་གསར་རྡོ་རྗེ་ཚེ་རྒྱལ་གྱི་གུ་རུ་པདྨ་རྒྱལ་པོ་དང་། དཔལ་ཆེན་རྟ་མགྲིན་སོགས་གསར་རྙིང་གི་སྨིན་གྲོལ་དུ་མ་གནང་བ་དང་། སྔར་རྒྱ་འོག་ནས་ཤི་བའི་གཤིན་པོ་རྣམས་ལ་གསུང་ཆོག་རྒྱ་ཆེན་མཛད། མཆོག་སྤྲུལ་རིན་པོ་ཆེས་མཁན་ཆེན་ཡེ་ཤེས་བཟང་པོ་མགོན་གཟིགས་བཤད་གྲྭའི་མཁན་པོ་ལ་གདན་འདྲེན་ཞུས་ཚེ་མཁན་པོ་མཆོག་གིས་ཕེབས་རྒྱུའི་ཞལ་བཞེས་གནང་། དེ་ལྟར་ལོ་ཤས་ལ་དགོན་ཡུལ་ཀུན་གྱི་གཙུགས་ལག་ཁང་གསར་བཞེངས་དང་། བསྟན་འགྲོ་སྤྱིའི་དོན་དུ་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་ས་སློང་དང་ས་འདུལ། འོག་ཏུ་གཏེར་ཆོས་རྡོ་རྗེ་ཕུར་བའི་སྒོ་ནས་སྲི་མནན། ནང་དུ་སྲོག་ཤིང་དང་གཟུངས་གཞུག་སོགས་ཚད་དང་ལྡན་པ་ལ་རབ་གནས་དང་བཅས་པ་བཞེངས། གཞན་ཡང་སྐུ་གསུང་ཐུགས་རྟེན་སྔར་ཡོད་ཉམས་གསོ་དང་གསར་བཞེངས་ལ་དགོན་ཡུལ་ཀུན་གྱིས་འབད་རྩོན་རྒྱ་ཆེར་བྱས། དཔལ་འབྱོར་ཞན་རྐྱེན་ལྷ་ཁང་གི་ཤིང་ཚོན་སོགས་མཁན་པོ་དགེ་ལེགས་དང་། བླ་མ་དཀོན་ལོ་གཉིས་ཀྱི་དབུ་བཞུགས་པའི་གྲྭ་ཚང་གིས་ཕྱག་ལས་མང་པོ་གནང་། ལྷ་ཁང་གི་ལྷོ་ངོས་སུ་གཏེར་ཆོས་སྐོར་དང་། བླ་མ་འཇམ་དབྱངས་ཆོས་གྲགས་ཀྱི་དགོངས་བཞེད་ལྟར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་དཔལ་མོའི་ལུགས་ཀྱི་བླ་མ་བརྒྱུད་པ་ཅན། ཤར་གྱི་གཡས་སུ་གསང་བདག་དང་། བཀའ་སྲུང་ལེགས་ལྡན་མཆེད་གསུམ། གཡོན་དུ་ངོར་ལུགས་གུར་མགོན་ལྷ་བརྒྱད་དང་བདེ་ཆེན་ཞིང་བཀོད། བྱང་ངོས་སུ་ཀྱེེ་རྡོར་ལྷ་དགུ་དང་། ཀུན་རིག་རྩ་ལྷ་སོ་བདུན། མི་འཁྲུགས་ལྷ་དགུ། སྨན་བླབདེ་གཤེགས་བརྒྱད་སོགས་དང་། རྒྱ་མཐོང་ཁར་རྒྱན་དྲུག་མཆོག་གཉིས། ལམ་འབྲས་བླ་མ་བརྒྱུད་པ་སོགས་ལེགས་གྲུབ་བྱུང་། དེའི་དགའ་སྟོན་གྱི་ཚུལ་ཏུ་མཁན་པོ་དགེ་ལེགས་མཆོག་གིས་བླ་གྲྭ་རྣམས་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་གནང་ནས་དེའི་བསྙེན་མཚམས་ལ་མཁན་པོ་ཉིད་ཀྱིས་དབུ་བཞུགས་མཛད་དེ་ཟླ་བ་གཅིག་ཙམ་ལ་བཞུགས། འཆད་ཉན་ཀྱི་ཕྱོགས་ལ་མཁན་པོ་དགེ་ལེགས་མཆོག་གིས། གོང་ཞུས་ལྟར་ལས་རབ་གླིང་བའི་གཏེར་ཆོས་ཡོངས་རྫོགས་གྱི་དབང་ལུང་དང་། སྤྱོད་འཇུག །ཚེ་ཆོག་ལྷ་དགུ་དང་། གུར་ཞལ་ ལྷ་གསུམ། མགོན་པོ་ལྷ་བརྒྱད་སོགས་ཀྱི་རྗེས་གནང་། འཇིགས་བྱེད་རྭ་ལུགས་ཀྱི་དབང་། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་། མི་འཁྲུགས་ལྷ་དགུའི་དབང་། ཀུན་རིག་རྣམ་བཤད་ཀྱི་བཤད་ཁྲིད་དང་། ཉི་ཟེར་གྱི་བཤད་པ། གསང་ཆེན་མཆོག་རོལ། འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད། བདུད་རྩི་ཐིགས་པ། ལམ་རིམ་སྨོན་ལམ། ཞེན་པ་བཞི་བྲལ། རྒྱལ་སྲས་ལམ་བཟང་སོགས་ཀྱི་ཁྲིད། གཞན་རྗེས་གནང་གི་སྐོར་དང་། འདོན་ཆོག་སྐོར་གྱི་ལུང་། ཀློང་གསལ་རྣ་བའི་དགའ་སྟོན། སྙིང་ཐིག་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་སོགས་རྒྱ་ཆེར་གསུང་། རྡོ་རྗེ་འཆང་ཡེ་ཤེས་བཟང་པོ་མཆོག་གླིང་མགོན་གཟིགས་དགོན་དུ་བཤད་གྲྭའི་མཁན་པོར་ཕེབས་པ་དང་། ཕྱོགས་གཞན་གྱི་དགོན་སྡེ་ཁག་ལའང་ཆོས་འཁོར་བསྐོར་བ་སོགས་བསྟན་འགྲོའི་དོན་ལ་ཕྱག་ལས་མང་རྐྱེན་གནས་འདིར་ཡུན་རིང་བཞུགས་སྐབས་མ་བྱུང་ཡང་། བར་སྐབས་རྣམས་སུ། མདོ་སྡེ་བསྐལ་བ་བཟང་པོ་དང་། འབུམ། ཉི་ཁྲི། བརྒྱད་སྟོང་། གཟུང་འདུས་སོགས་ཀྱི་ལྗགས་ལུང་དང་། ལམ་དུས་རྣམ་བཤད་གསང་ཆེན་མཆོག་རོལ་གྱི་སྟེང་ནས་བཤད་ཁྲིད། ས་སྐྱའི་སྔོན་འགྲོའི་ཁྲིད་ཡིག་ཐར་ལམ་གསལ་སྒྲོན་ཀྱི་ཁྲིད། སྤྱོད་འཇུག་གི་བཤད་པ། མཁའ་སྤྱོད་བྱིན་རླབས་དང་བདུན་ཁྲིད་བཅས་གནང་ནས། མཁའ་སྤྱོད་བསྒྲུབ་མཆོད་ཀྱི་སྲོལ་བཞག །ཀྱེེ་རྡོར་རྒྱུ་ལམ་གྱི་དབང་། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་། རབ་བྱུང་བཅུ་བདུན་པའི་ཆུ་བྱ༼སྤྱི་ལོ་༡༩༩༣༽ལོ་སྤྱི་ལྗོན་བརྟག་གསུམ་སྡེ་སྤྲུལ་གྱི་ཞལ་རྒྱུན་ལྟར་ལན་གཅིག་དང་། དེ་རྗེས་ཤིང་ཐོ་སྤྲུལ་སྐུ་སོགས་ཀྱི་བསྐུལ་ངོར་ལན་གཅིག་བཅས་ཀྱིས་སྒོ་ནས་ལུང་རྟོགས་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས།

༈ བླ་མ་འཇམ་དབྱངས་ཆོས་གྲགས་ཀྱིས་ཐུབ་པ་དམ་ཚིག་གསུམ་བཀོད་དང་། སྤྱན་རས་གཟིགས་དཔལ་མོའི་ལུགས། ས་འཇམ་སྦག་སྒྲུབ་སོགས་རྗེས་གནང་འགའ་རེ་དང་། སྡེ་སྤྲུལ་གསུང་ལམ་རིམ་སྨོན་ལམ། ཀུན་གཞི་ངོས་འཛིན། བདུད་རྩི་ཐིགས་པ་སོགས་གནང་། སྣོད་ལྡན་འགའ་རེ་ལ། ཀྱེེ་རྡོར་ལམ་དུས་དང་ལུས་དཀྱིལ་ཀྱི་བཤད་ཁྲིད། མགོན་པོའི་ཁྲིད། དགའ་སྟོན་ཟིན་བྲིས་སོགས་ངག་དབང་ལེགས་པ་དང་། སྡེ་སྤྲུལ་གྱི་ཞལ་རྒྱུན་ཐུན་མིན་གྱི་སྐོར་རྣམས་ཐུན་མཚམས་རྣམས་སུ་གསུངས་བ་དང་གཙོ་བོ་སྒྲུབ་པའི་རྒྱལ་མཚན་བཟུང་ནས་ལོ་ཉི་ཤུ་ལྷག་ལ་གདན་ས་འདི་ཉིད་དུ་བཞུགས། ༈ རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༼སྤྱི་ལོ༡༩༩༢༽ལོར་བླ་མ་དཀོན་མཆོག་བསྟན་འཛིན་གྱིས་ལས་རབ་གླིང་བའི་གཏེར་ཆོས་ཀྱི་དབང་ལུང་ཆ་ཚང་གནང་། ཁྱད་པར་དུས་མཆོད་རྣམས་ཉམས་པ་སླར་གསོ་དང་། ཀུན་རིག་བསྒྲུབ་མཆོད་ཀྱི་སྲོལ་གསར་དུ་བཙུགས་པ་སོགས་ཀྱི་སྒོ་ནས་དགོན་སྡེ་འདིར་བཀའ་དྲིན་ཤིན་ཏུ་ཆེ། ༈ བླ་མ་ཨ་སྙན་གྱིས་ངོར་ལུགས་བསྐངས་གསོ་སོགས་ཀྱི་ལུང་རྒྱུན་སྤེལ་བ་ཙམ་ལས་འཆད་ཉན་མ་མཛད་མོད། མགོན་ཁང་ནང་ལ་ངོར་ལུགས་ཀྱི་གུར་ཞལ་ལྷ་གསུམ་གཙོ་བོར་གྱུར་བའི་སྲུང་མའི་བསྐངས་གསོ་ལ་ས་ལུགས་བསྐངས་བའི་ཟུར་བརྒྱན་ཏེ་ཁྲོཾ་རྡོ་དགོན་གྱི་ཕྱག་ལེན་ལྟར་གྱི་མགོན་བླ་རྒྱུན་འདུག་གི་སྲོལ་བཙུགས་པ་ནི་རྟོགས་པའི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པ་ཡིན་ལ། ཁོང་ནག་པོ་ཆེན་པོའི་རྣལ་འབྱོར་བ་གུར་གྱི་མགོན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་ཞིག་ཡིན་པའི་ཐུགས་བསྐྱེད་དང་བདེན་མཐུས་མགོན་ཁང་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ། དེ་ལྟར་བྱོན་པའི་མཁས་གྲུབ་གྱི་སྐྱེས་བུ་དེ་དག་གིས་མཛད་ཕྲིན་ལ་ཕྱི་ཚུལ་གྱི་སྒོ་ནས་གཙུག་ལག་ཁང་ནང་རྟེན་དང་བཅས་པ་དང། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་ཆ་བརྒྱད། དུང་འཁོར། མ་ཎི་རྡོ་མཁར་སོགས་སྐུ་གསུང་ཐུགས་རྟེན་གྱི་ཚོགས་དང་བཅས་པ་ལེགས་གྲུབ་བྱུང་བ་དང་། ནང་ཚུལ་ཏུ་ལུང་རྟོགས་བསྟན་པའི་གནས་ལ་འཆད་ཉན་དང་བསྒོམ་བསྒྲུབ་གྱི་སྒོ་ནས་བསྟན་པ་སྔར་བཞིན་དར་བར་མཛད། རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ ༼སྤྱི་ལོ༢༠༠༡༽ལོ་སྤྲུལ་སྐུ་ཀུན་དགའ་ཚུལ་ཁྲིམས་སླར་ཡང་བྱོན་ནས་ཀྱེེ་རྡོར་རྒྱུ་ལམ་གྱི་དབང་སོགས་ཟབ་ཆོས་དུ་མ་གསུང་། བསྟན་འགྲོ་སྤྱི་དང་ཁྱད་པར་དགོན་ཡུལ་འདི་ཉིད་ཀྱི་འཕྲལ་ཡུན་གྱི་ཕན་བདེའི་དོན་དུ་དཔལ་ཆེན་རྟ་མཆོག་རོལ་བའི་སྒྲུབ་པ་ཚད་ལྡན་དམ་སྲི་མནན་པ་དང་བཅས་པ་དང་། གཞི་བདག་རྟེན་འཁོར། མགྲིན་ཐང་ལྗོངས་སུ་གནས་ཆེན་བྱིན་འབེབས་སོགས་ཀྱི་བཀའ་དྲིན་མཛད་པའི་རིང་ལ་ངོ་མཚར་བའི་རྟགས་དུ་མ་བྱུང་བ་སོགས་ཀྱི་སྒོ་ནས་བསྟན་འགྲོ་ལ་སྨན་པའི་ཕྱག་ལས་རྒྱ་ཆེན་མཛད། །རླབས་ཆེན་ཚོགས་གཉིས་གསེར་གྱི་ཤིང་རྟ་ཆེས། །ལེགས་པར་དྲངས་བའི་འགྲོ་བའི་སྒྲོན་མེ་ཁྱུས། །གདུག་ཅན་བདུད་སྡེའི་མུན་པ་ཀུན་བཅོམ་ནས། །ལུང་རྟོགས་བསྟན་པའི་འོད་སྟོང་བསྩལ་འདི་རྨད། ཞེས་སྐབས་དོན་བསྡུ་བའི་ཚིགས་སུ་བཅད་པའོ།། དེ་ནས་བགྲང་བྱ་ཉི་ཤུ་ལྷག་ཙམ་གྱི་རྗེས་སུ་བོད་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ༼སྤྱི་ལོ ༢༠༠༤ལོ༽སླར་ཡང་ལྷ་ཁང་ཉམ་གསོ་བྱས། མཁན་པོ་ཤེས་རབ་སེང་གེ་དང་། བླ་མ་ག་ག །ངག་རྡོ། རྡོར་དགའ་སོགས་ཀྱི་ཐུགས་འགན་གཙོ་བོ་བཞེས། སྡེ་བའི་མགོ་ཁྲིད་རྣམས་དང་། ཁོ་བོ་ཅག་མི་བཞི་ལ་བསྟན་བདག་ཞེས་པའི་མིང་བཏགས་ཏེ་ལས་དཀའི་འོས་འགན་ཁུར་ནས། དགོན་ཡུལ་ཐུན་མོང་གིས་དཔལ་འབྱོར་དང་ལས་དཀའ་ལ་འབད་བརྩོན་དྲག་པོའི་སྒོ་ནས་སྔ་ཕྱི་ལོ་ངོ་བཅུ་ཙམ་ལ་སྔར་གྱི་ལྷ་ཁང་དེ་རྒྱ་བསྐྱེད་དེ་ཀ་བ་སུམ་ཅུ་སོ་དྲུག་ཅན་གསེར་ཡབ་གསེར་ཏོག་དང་བཅས་པ། ནང་རྟེན་ཇོ་བོའི་སྐུ་དང་། སྤྱན་རས་གཟིགས་གཙོ་འཁོར། གུ་རུ་གཙོ་འཁོར་སོགས་ཐོགས་ཚད་དང་། རྡོར་སེམས་དང་། བིར་ཝ་པ། གོང་མ་རྣམ་ལྔ། ངོར་ཆེན། ཚར་ཆེན་སོགས་དང་། མགོན་ཁང་ནང་ལ་གུར་ཞལ་ལྷ་གསུམ་སོགས་རྒྱུ་ལི་ལས་གྲུབ་པ། གྱང་ལྷ་ཡོངས་རྫོགས་གསེར་བྲིས་སྤུས་ལེགས་བཅས་ཕྱི་ནང་གི་འགྲོ་སོང་ལ་ཀྲུང་སྒོར་ཁྲི་ལྔ་བརྒྱ་ལྷག་ཙམ་བཏང་ནས་ལེགས་གྲུབ་བྱུང་། གཙུག་ལག་ཁང་གི་ཕྱི་ནང་གི་འཆར་བཀོད་རྣམས་མཁན་པོ་ཤེས་རབ་སེང་གེ་དང་། བླ་མ་རྡོར་དགའ་གཉིས་ཀྱིས་མཛད། མེ་ཁྱི་ལོ་ནས་ལྷ་ཁང་གྲུབ་ནས་ནང་དུ་འཚོགས་པ་འཚོགས། མེ་ཕག་ལོར་ལྷ་ཁང་ནང་དུ་མཁན་པོ་ཤེས་རབ་སེང་གེས་ཀུན་རིག་རྣམ་བཤད་ཁྲིད། མཁན་པོ་ཉིད་དང་། བླ་མ་ག་ག་གཉིས་དབུར་བཞུགས་པའི་བླ་གྲྭ་ཡོངས་རྫོགས་ཀུན་རིག་བསྙེན་མཚམས་ལ་ཟླ་བ་གཅིག་བཞུགས། ས་བྱི་ལོར་བླ་མ་ག་གས་ཀྱེེ་རྡོར་རྣམ་བཤད་གསང་ཆེན་མཆོག་རོལ་གསུངས། ཀྱེེ་རྡོར་བསྙེན་མཚམས་ལ་གྲྭ་མང་ལྷན་དུ་བཞུགས། ལྕགས་ཡོས་ལོར་འཇམ་རྒྱལ་མཆོག་སྤྲུལ་ཀུན་དགའ་ཚུལ་ཁྲིམས་མཆོག་གིས་ཀྱེེ་རྡོར་རྒྱུ་ལམ་ཀྱི་དབང་དང་། མགོན་པོ་བཀའ་བབ་བཞི། མཁའ་སྤྱོད་བདུན་ཁྲིད་སོགས་ཆོས་འཁོར་རྒྱ་ཆེན་བསྐོར། མཁན་པོ་འཇམ་དབྱངས་དགེ་ལེགས་རྣམ་རྒྱལ་གྱི་ཡང་སྤྲུལ་དགེ་ལེགས་བསྟན་འཛིན་ཁྲི་འདོན་བྱས། མཁན་པོ་ཤེས་རབ་སེང་གེ་མཆོག་གིས་ཀྱང་གསང་ཆེན་མཁའ་འགྲོ་དགོངས་འདུས་ཀྱི་སྨིན་བྱེད་དབང་བསྐུར་ཟབ་མོའི་བཀའ་དྲིན་ཉིན་བརྒྱད་ལ་བསྩལ། ཆུ་འབྲུག་ལོར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་ཡང་སྤྲུལ་མཆོག་སྤྲུལ་པདྨ་འཕྲིན་ལས་དང་། བླ་མ་བཀྲ་ཤིས་ཚེ་བརྟན་གྱི་ཡང་སྤྲུལ་མཆོག་སྤྲུལ་སངས་རྒྱས་བསྟན་འཛིན་གཉིས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ལེགས་གྲུབ་བྱུང་། སྤྲུལ་ཀུན་དགའ་ཚུལ་ཁྲིམས་ནས་ཐང་སྟོང་སྙན་བརྒྱུད་ཀྱི་དབང་ལུང་ཁྲིད་དང་བཅས་པའི་བཀའ་དྲིན་བསྩལ། མཆོག་སྤྲུལ་པདྨ་འཕྲིན་ལས་མཆོག་ནི་སྤྱིར་ལུང་རྟོགས་བསྟན་པའི་མངའ་བདག་མཛད་དེ་རིས་སུ་མེད་པའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པ་དང་། ཁྱད་པར་དུ་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟའི༼ ༢༠༡༤༽ལོར་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་མཆོག་སྤྲུལ་གསང་སྔགས་བསྟན་འཛིན་གྱི་རིགས་ཀྱི་ཅོད་པན་དུ་བཞེངས་ཏེ། གཏེར་ཆེན་ལས་རབ་གླིང་བའི་ཟབ་གཏེར་མཁའ་འགྲོ་དགོངས་འདུས་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པའི་སྨིན་གྲོལ་ཡོངས་རྫོགས་ཕུལ་ཏེ་ཕྱི་རབས་བསྟན་འགྲོའི་དོན་ལ་རྨད་དུ་བྱུང་བའི་མཛད་རྗེས་བཞག་པ་སོགས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་འགན་བརླབས་པོ་ཆེ་བཞེས་བཞིན་འཚོ་ཞིང་བཞུགས་པ་འདིའོ།། མཆོག་སྤྲུལ་སངས་རྒྱས་བསྟན་འཛིན་དང་། དགེ་ལེགས་བསྟན་འཛིན་གཉིས་ཀྱིས་ཀློག་པ་ཐོས་བསམ་གྱི་བྱ་བ་ལ་བརྩོན་བཞིན་འཚོ་ཞིང་བཞུགས་པའོ།། ལུང་རྟོགས་བསྟན་པའི་མངའ་བདག་ཨེ་ཝཾ་པའི། །བསྟན་པའི་རྒྱ་མཚོར་ཞུགས་པའི་དེད་དཔོན་ཆེ། །བཤད་སྒྲུབ་ཡིད་བཞིན་ནོར་ལ་དབང་འབྱོར་བའི། །མཁས་གྲུབ་རིམ་པར་བྱོན་པའི་ཚོགས་རྣམས་རྨད། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

༑ སླར་སྨྲས་པ། །ཆེར་སྙིགས་དུས་ཀྱི་མུན་པའི་སྨག་ཁྲོད་དུ། །ལས་ཉོན་མེ་ཡི་དུཿཁས་མནར་བའི་འགྲོར། །མཁྱེན་བརྩེའི་འོད་ཟེར་འབུམ་གྱི་དཔལ་ཡོན་ཅན། །བཤེས་གཉེན་དུང་གི་ཟླ་བས་སླར་ཡང་སྐྱོངས། ༡ །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ས་དཀར་བའི། །གོང་མ་ལྔ་དང་ཁྱད་པར་ཆོས་འཕགས་རྗེ། །རྒྱུད་སྡེ་གསང་མཛོད་ངོར་རྫོང་ཚར་གསུམ་གྱི། །མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ཡང་ཡང་དྲན། ༢ །ཁྲོ༵ཾ་ལྗོངས་བཀྲ༵་ཤིས༵་ནོར་འཛིན་སྨན་ལྗོངས་སུ། །ལུང་རྟོགས་ཆོས་ཀྱི་གྲུ་ཆར་འཇོ་བའི་དགོན༵། །རྩོལ༵་མེ༵ད་བསམ༵་གཏན༵་སྐྱེ་བ་ཆོས༵་ཀྱི་གླིང༵་། །གླིང༵་འདིའི་བསྟན་འཛིན་གསེར་གྱི་ཕྲེང་བ་རྨད། ༣ །རྒྱ་ཆེན་རྣམ་ཐར་རྒྱ་མཚོའི་གསང་མཛོད་ཆེ། །ལྷག་བསམ་ཡིད་ཀྱིས་བསྲུབས་པ་ལས་བྱུང་བའི། །ལོ་རྒྱུས་བཀྲ་ཤིས་དུང་དཀར་དབྱངས་སྙན་འདི། །བློ་གསར་བློ་ཡི་རྒྱན་དུ་ཁོ་བོས་བསྐྲུན། ༤ །ཨེ་མ་སྐལ་བཟང་ཐར་བའི་ཞིང་ས་ཆེ། །སྔོན་བྱོན་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱི། །གསང་གསུམ་མི་ཤིགས་མཆོག་གི་བཅུད་འདི་ནི། །སྐྱེ་དགུའི་དད་པའི་གསོས་སུ་སྨིན་གྱུར་ཅིག ༥ །སྔོན་བྱོན་རྒྱལ༵་དང་རྒྱལ༵་བའི་སྲས་རྣམས་ཀྱི། །མཛད་རིམ་ལོ༵་ཡི་ལོ༵་རྒྱུས་བཤད་པ་ལ། །གཟུར་གནས་བློ༵་ཡི་བློ༵་སྟོབས་དང་བྲལ་བས། །དཔྱོད་ལྡན་བློ༵་གསར་བློ༵་ཡི་རྒྱན་དུ་མིན། ༦ །འོན་ཀྱང་རང་གི་རྣམ་དཔྱོད་ཁང་བཟང་ལས། །བྱུང་བའི་ལེགས་བཤད་དུང་གི་སྒྲ་འདི་མིན། །དེ་བཞིན་ཁུང་ལུང་མེད་པའི་རྫུན་གཏམ་གྱི། །ངག་འཁྱལ་སྒོ་འཕར་ཕྱེས་པ་འདི་ཡང་མིན། ༧ །དམ་པའི་ལེགས་བཤད་ཟླ་གཞོན་འཛུམ་པའི་ཟླ་གཞོན་གྱིས། །བདག་བློའི་རབ་རིབ་རྨོངས་མུན་ཀུན་བསལ་བའི། །བྱུང་བའི་ལེགས་བཤད་དུང་གི་སྒྲ་དབྱངས་འདི། །སྨྲ་བའི་སྐལ་བཟང་ཀུན་ད་བཞད་པ་ལགས། ༨ །འདོད་རྒུའི་ནོར་གྱི་གང་བའི་ཚོང་འདུས་སུ། །ཆ་རྒྱུས་མེད་པའི་མགྲོན་པོ་སླེབས་པ་བཞིན། །མཁས་གྲུབ་རྒྱ་མཚོ་བྱོན་པའི་གནས་མཆོག་འདིར། །ལོ་རྒྱུས་མེད་པའི་ངེས་ཤེས་ཇི་ལྟར་སྐྱེ། ༩ །ལེགས༵་བྱས་དུས་སུ་སྨིན་པའི་ལུས་ཕྲ་མའི། །ལེགས༵་པའི་ཟུར་མིག་གཡོ་བའི་འཁོར་ཕྱོགས་སུ། །ལེགས༵་བཤད་རོ་ལ་ཆགས་པའི་གཞོན་ནུའི་ཚོགས། །ལེགས༵་ཆ་མཆིས་མིན་གཟིགས་མོ་མཛོད་དང་ཀྱེ། ༡༠ །ཚུལ་འདི་མཐོང་ཚེ་བློ་གསལ་དོན་གཉེར་ཅན། །དད་པའི་སྒོ་འཕར་ཕྱེ་བའི་གྲོགས་ཡིན་མོད། །ཁུང་ཐུབ་ལོ་རྒྱུས་སྨྲ་ལ་ལྕེ་རྡུམ་པས། །ཚུལ་མིན་ཕྱོགས་ཞེན་ཅན་ལ་དེ་ལྟ་མིན། ༡༡ །རྣམ་དཔྱོད་གཤོག་རྩལ་ཞན་པའི་ངང་མོ་ཡིས། །རྒྱལ་བའི་གསང་གསུམ་ལྷ་ལམ་མི་དཔོག་པས། །མ་ཤེས་འཁྲུལ་དང་ཐོག་མེད་སྡིག་ལྟུང་བཅས། །རྣམ་ཀུན་ལྷ་དང་བླ་མའི་སྤྱན་སྔར་བཤགས། ༡༢ །དེ་ལྟར་བརྒྱུད་ལྡན་བླ་མའི་རྣམ་ཐར་ལ། །འབད་པའི་རྣམ་དཀར་གསེར་གྱི་མཎྜལ་གང་། །རྩ་བརྒྱུད་བླ་མ་དགྱེས་པའི་མཆོད་སྤྲིན་དུ། །འབུལ་ན་ཚེ་རབས་ཀུན་ཏུ་བརྩེ་བས་སྐྱོངས། ༡༣ །བཀྲ༵་ཤིས༵་ལུང་རྟོགས་བསྟན་པ་འཕེལ་བའི་གླིང༷་། །བདེ༵་ལེགས༵་མཁས་གྲུབ་རྒྱ་མཚོ་བྱོན་པའི་གླིང༷་། །ཕུན༵་སུམ་༵ཚོགས༵་པའི་གྲུ་ཆར་འཇོ་བའི་གླིང༷། །དར་བར་ཤོག་ཅིག་བས༵མ་གཏ༵ན་ཆོས༵་ཀྱི་གླིང༵་།

དེ་ལྟར་ཁྲོཾ་བཀྲ་ཤིས་དགོན་རྩོལ་མེད་བསམ་གཏན་ཆོས་གླིང་གི་ལོ་རྒྱུས་ལྷག་བསམ་རབ་དཀར་བཀྲ་ཤིས་དུང་གི་དབྱངས་སྙན་ཞེས་བྱ་བ་འདི་ནི། ཐོག་མར་མཁན་རིན་པོ་ཆེ་ཤེས་རབ་སེང་གེ་མཆོག་གིས་ཁྱོད་ཀྱི་འདི་ལྟ་བུ་ཞིག་བྲིས་དང་ཁོང་གིས་ཞུ་དག་མཛད་ཅེས་བཀའ་ཡི་གནང་བའི་བསྐུལ་ཀྱང་བླུན་རྨོངས་བདག་ལྟ་བུ་ལ་དེ་འདྲའི་ནུས་པ་མེད་པར་བསམ་ནས་རེ་ཞིག་བཏང་སྙོམས་སུ་ལུས། སླར་ཡང་མཚོ་རྫིས་བླ་མ་རིན་པོ་ཆེ་བསོད་དགའ་མཆོག་གིས་ཀྲུང་སྒོར་བརྒྱ་དང་དར་བཅས་གནང་སྟེ་བླ་མ་བཀྲ་ཚེའི་རྣམ་ཐར་ཞིག་བྲི་དགོས་ཞེས་བཀའ་ཕབ་པ་དང་། །རང་དགོན་གྱི་མཁན་པོ་རིན་ཆེན་ཚེ་རིང་གིས་ལི་ཁྲ་ལས་གྲུབ་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་དར་བཅས་གནང་སྟེ་སྔ་ཕྱིར་ཡང་ཡང་བསྐུལ་བ་དང་། མི་འགྱུར་འོད་གསལ་རྡོ་རྗེའི་མཆོག་གི་སྤྲུལ་བའི་སྐུ་སངས་རྒྱས་བསྟན་འཛིན་དང་། རང་དང་ལོ་མང་དགོན་སྡེ་འདིའི་ཆེད་དུ་སྐྱིད་སྡུག་གི་ལམ་བུ་བགྲོད་པའི་ཆོས་ཀྱི་གྲོགས་པོ་ཕྲིན་ལས་སོགས་ཀྱིས་ཡང་ཡང་བསྐུལ་བའི་རྐྱེན་བྱས་ཏེ། མཁན་རིན་པོ་ཆེ་ཤེས་རབ་སེང་གེས་མཛད་པའི་ཆོས་རྒྱལ་འཕགས་པ་དང་བླ་མ་དབུ་རྒྱ་བོ་གཉིས་ཀྱི་མཆོད་བརྗོད་དེ་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་དེ་ཉིད་ཀྱིས་བཅུད་ཕབས་པ་དང་། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་དང་། ངོར་ཆེན་གྱི་ཆོས་འབྱུང་བསྟན་པ་རྒྱས་པའི་ཉི་འོད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཆོས་འབྱུང་ངོ་མཚར་སྣང་བ། བོད་ཀྱི་ལོ་རྒྱུས་རྦ་བཞེད། རྒྱལ་དབང་ལྔ་བའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། རྒྱལ་རབས་གསལ་བའི་མེ་ལོང་། ཀུན་མཁྱེན་རོང་སྟོན་གྱི་རྣམ་ཐར་གོང་འོག །འཇམ་མགོན་ཨ་མེས་ཞབས་ཀྱིས་གསུང་ངག་རིན་པོ་ ཆེའི་བྱོན་ཚུལ་ལེགས་བཤད་འདུས་པའི་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེང་གེའི་ཆོས་འབྱུང་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད། མང་ཐོས་ཀླུ་གྲུབ་རྒྱ་མཚོའི་བསྟན་རྩིས་ཉིན་བྱེད་སྣང་བ། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་ལས་བཏུས་པ། རྙིང་མའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས། དཔལ་ཀཿཐོག་པའི་ཆོས་འབྱུང་རིན་ཆེན་ཕྲེང་བ་སོགས་ཚད་ལྡན་གྱི་གཞུང་ལུགས་མང་པོ་ལ་རྒྱབ་རྟེན་བྱས། རང་དགོན་གྱི་བླ་མ་འཇམ་དབྱངས་ཐབས་མཁས་ཀྱིས་མཛད་པའི་ལོ་རྒྱུས་མུ་ཏིག་ཕྲེང་མཛེས་དང་། གཞན་ཡང་ཁོང་གི་གསུང་ཐོར་བུར་བཞུགས་པ་དུ་མ་ཡོད་པ་རྣམས་ཉམས་པར་དོགས་ནས་དེ་དག་ལ་གཞིར་བྱས། གདན་ས་འདིའི་ལོ་རྒྱུས་བླ་མ་གོང་མ་རྣམས་ཀྱི་ཞལ་རྒྱུན་གོ་ཐོས་བྱུང་བ་དང་། རྒན་པོ་རྣམས་ཀྱི་ངག་ལམ་ནས་རང་གི་གོ་ཐོས་བྱུང་བ་རང་བློས་གང་དྲན་རྣམས་སྒྲོ་སྐུར་བྲལ་བའི་ཚུལ་གྱིས་ཕྱོགས་གཅིག་ཏུ་ཡེ་གེར་བཀོད་པ་ཡིན་ཀྱང་། རྨོངས་རྒན་བདག་ལྟ་བུ་ཐ་ན་ཚིག་འཕྲད་ཀྱི་འགྲོ་ལུགས་ཙམ་ཡང་མི་ཤེས་པའི་བསྟན་བཅོས་རྩོམ་པར་མི་འོས་མོད། རྡོ་རྗེའི་བླ་མ་དང་། རྡོ་རྗེའི་མཆེད་གྲོགས་ཀྱི་བཀའ་དང་འགལ་ན་འདི་དང་ཕྱི་མའི་ལེགས་པའི་རྟེན་འབྲེལ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཉེན་ཁ་ཆེ་བར་དོགས་པ་དང་། བདག་གི་དལ་བའི་རྟེན་བཟང་ཐོབ་སྟེ་རྒྱལ་བའི་བསྟན་པ་དང་འཕྲད། ལྷག་པར་ཆོས་སྡེ་འདི་ཉིད་ཀྱི་བསྟན་པའི་གྲལ་མཐར་ཚུད་ནས་མཚུངས་མེད་དྲིན་ཆེན་བླ་མའི་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་སོགས་ལ་ཚད་མེད་ཀྱི་གུས་སྤྲོ་དང་། སླད་མར་སྐྱེ་བའི་འཕྲེང་བ་ཀུན་ཏུ་དཔལ་མགོན་བླ་མ་དམ་པ་རྣམས་ཀྱི་བྲན་དུ་གྱུར་ཏེ་གསུང་གི་གསང་བ་འཛིན་པའི་རྟེན་འབྲེལ་ཀྱི་སྐྱེས་སུ་དམིགས་ནས། ཧ་རི་ཙནྡན་ལྗོན་པའི་སྐྱེད་ཚལ་གྱི་ཉེ་འདབས་ཆོས་སྡེ་ཆེན་པོ་ཁྲོཾ་བཀྲ་ཤིས་དགོན་རྩོལ་མེད་བསམ་གཏན་ཆོས་གླིང་གི་དབང་ཕྱོགས་རང་གནས་སྲིན་བྱའི་ལྡིང་ཁང་རུ་ཁྲོཾ་གྲྭ་ཐ་ཤལ་བ་འཛམ་ལྷ་རྣམ་རྒྱལ་ཞེས་འབོད་པས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་གིས་ཆོས་གྲྭ་འདི་ཆགས་བཏབ་ནས་ལོ་ངོ ༼༧༥༩༽ འདས་པ། བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བདུན་འདས་ནས་རྒྱལ་བ་ཞེས་པ་ཤི་ཕོ་རྟ༼སྤྱི་ལོ་༢༠༡༤༽ལོ་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་དུས་བཟང་ལ་བླ་མ་དང་ལྷག་པའི་ལྷ་ལ་གསོལ་འདེབས་དང་བཅས་དབུ་བཙུགས་ཏེ་བྲིས་པ་ལ་ཉེས་འགལ་ཅི་མཆིས་དང་བདག་དང་མ་གྱུར་འགྲོ་བའི་ཐོག་མེད་ནས་བསགས་པའི་སྒོ་གསུམ་གྱི་སྡིག་ལྟུང་དང་བཅས་པ་བརྒྱུད་ལྡན་བླ་མའི་སྤྱན་སྔར་ལན་བརྒྱར་བཤགས་ཤིང་། རྣམ་དཀར་ལྷག་བསམ་གྱི་ལས་ལ་དགེ་ཚོགས་ཅི་མཆིས་པ་འདིས་མཚོན་དུས་གསུམ་གྱི་དགེ་རྩའི་ཚོགས་ཀྱིས། མ་གྱུར་འགྲོ་བ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་རྒྱུར་འགྱུར་བ་དང་། བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་ལེགས་པའི་ལམ་བཟང་སྟོན་པའི་བླ་མ་དམ་པར་འཕྲད་ནས་རྒྱལ་བའི་བསྟན་པ་ལ་ཚུལ་བཞིན་བྱ་བ་བྱེད་པའི་རྒྱུར་གྱུར་ཅིག ། ། ། དགེ་འོ། དགེ་འོ། དགེ་འོ། །

གསལ་བཤད། ལོ་རྒྱུས་འདི་བཞིན་གོང་གསལ་ལྟར་རྒན་འཛམ་ལྷ་མཆོག་གིས་བྲིས་པ་ཞིག་ཡིན། ཁོང་གིས་བྲིས་པའི་དགོན་པའི་ལོ་རྒྱུ་རྒྱས་པོ་ཞིག་ཡོད་པ་དེ་ལས་ཁོལ་དུ་ཕྱུང་བ་ཡིན་པས་ནང་དོན་གྱི་ས་བཅད་ཁག་རྩོམ་པ་པོའི་ཆོག་མཆན་ཐོག་དོར་ནས་སྟག་ལྗོངས་འཆི་མེད་ཀྱིས་ཕྱོགས་སྒྲིག་ཞུས།

 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*