མགོན་དཀར་སྦྱིན་སྲེག

༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་སྦྱིན་སྲེག་བཀླགས་པས་དོན་འགྲུབ་བཞུགས་སོ།།

༄༅། །ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། མགོན་དཀར་ཡིད་བཞིན་ནོར་བུའི་བསྙེན་པ་རྫོགས་པའི་རྣལ་འབྱོར་པས། སྦྱིན་སྲེག་བྱ་ཚུལ་ལ། སྦྱོར་དངོས་རྗེས་སུ་གསུམ་ལས། དང་པོ་ནི། ཐབ་གནས་ཉམས་དགའ་བར། སའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་རུ་བྱས་པའི་སར། ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་གདབ། སྲད་བུ་ཁྲུ་གང་གི་ཚད་ཀྱིས་དབུས་ནས་ཚངས་ཐིག་ལ་ཕྱོགས་བཞིར་མཚན་མ་བྱས་ལ། དེའི་བར་གྱི་སྲད་བུ་དེས་གཡོན་པས་མཚན་མའི་སྟེང་ནས་གཟུང་། གཡས་པས་ལྷོ་བྱང་གི་ཟུར་ཐིག་ལ་རི་མོ་བྱས་ཏེ་ཤར་ནུབ་ལའང་རིགས་འགྲེའོ། །དེའི་སྟེང་ཐིག་བཞི་བཏབ་པས་ཐབ་ནང་དང་། དེའི་ཕྱི་རོལ་དུ་ཤར་ནུབ་ལ་སོར་བརྒྱད་པ་གཉིས་ཀྱི་མཚན་མ་བྱས་ལ་རྟགས་ནང་མ་ནས་དབུས་བར་གྱི་སྲད་བུ་དེས་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ། དེ་སྟེང་ཐིག་བཞི་བཏབ་པས་ཁ་ཁྱེར་འབྱུང་། ཡང་རྟགས་ཕྱི་མ་ནས་དབུས་བར་གྱི་སྲད་བུས་སྔར་བཞིན་ཟུར་བཞི་ལ་མཚན་མ་བྱས། དེ་སྟེང་ཐིག་བཏབ་པས་མུ་རན་འབྱུང་ངོ་། །ཐབ་སྟེགས་ཀྱི་ཐིག་མོ་དགོས། ཐབ་ནང་གི་དབུས་ནས་སཡམ་གཉིས་ཕྱིར་བཞག་པའི་སུམ་ཆ་ཟླུམ་པོར་བསྐོར་བས་པད་ལྟེ་དང་། ཕྱིའི་སུམ་གཉིས་ལ་གཅུས་ཐིག་བཏབ་པས་པད་འདབ་བྱ། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་སེར་པོ་བྱ། ཁ་ཁྱེར་མུ་རན་གང་རུང་ལ་རིན་པོ་ཆེའི་ཕྲེང་བས་བསྐོར། ཁ་དོག་འདྲེས་པའི་སྐྱོན་སྤང་པའི་ཕྱིར། བཅད་ཚོན་ཐམས་ཅད་དང་རིན་པོ་ཆེའི་ཁ་དོག་ལི་ཁྲིས་བྱ། དབུས་སུ་པད་ཉིའི་སྟེང་དུ་འབྲས་དཀར་རམ། རྡུལ་ཚོན་གྱི་ཚོམ་བུ་དཀར་པོ་འགོད། དེའང་གཙོ་བོའི་ཞལ་འཇིག་རྟེན་པའི་ལྷོར་བསྟན་པའི་དབང་དུ་བྱ། བུད་ཤིང་ཚེར་མ་ཅན་མ་ཡིན་པའི་འབྲས་བུ་ཅན་གྱི་ཤིང་། སེར་ཞིང་དྲི་ཞིམ་པོའི་དབུས་ཀྱི་ཆ་ལས་བྱུང་བའངམ། དེ་མེད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་དཔངས་ཁྲུ་གང་ཅམ་གྲུ་བཞིར་བརྩིགས་པའི་ནང་གི་འཇིག་རྟེན་པའི་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་གཅིག་ཀྱང་བཤམ། མེ་ནི་དགེ་འདུན་གྱི་བསྲོ་ཁང་ངམ། རྒྱལ་པོའི་ཁྱིམ་གྱི་མེས་བྱའོ། །ཐབ་ཀྱི་མཐའ་སྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ། དྲི་བཟང་པོས་བྱུག དེའི་མདུན་དུ་རང་གི་སྟན་ནང་ཚང་ཅན་ཁ་དོག་སེར་པོའི་སྟེང་དུ། ས་འཇའ་ལི་སོགས་ཁྱེལ་སྟེགས་བྱ། རང་གི་མདུན་དུ་བསང་ཆུའི་སྣོད་དུང་ཕོར་སོགས་དང་། ཀུ་ཤའི་འཐོར་ཡབ། རྡོ་དྲིལ་ནང་མཆོད་རྣམས་བཤམ། རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་ལ་བཞག །སོ་སོར་བཞག་ན་བར་ཆད་ཀྱི་ཆོས་ཡིན་གསུངས། ཀུ་ཤའི་ཆུན་པོ་བརྒྱད་ཀྱང་བཤམ། གྲུབ་ན་ཐབ་དང་སྒྲུབ་པ་པོའི་བར་དུ་འཇིམ་པ་ལས་བྱས་པའི་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་བཤམས་ཏེ། འདི་ཏི་སེའི་གངས་རིར་བསྒོམས་ཏེ། སྒྲུབ་པ་པོ་ལ་འཇིག་རྟེན་རང་རྒྱུད་པའི་མེ་ལྷའི་རིགས་ཀྱིས་ཉེར་འཚེ་སེལ་བར་བཤད། དཔལ་འབར་ཞིག་ཀྱང་སྟ་གོན་བྱ། རང་གི་གཡོན། ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཆ་གཉིས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ནས་བསྲེག་རྫས་གཟི་བརྗིད་འཕེལ་བྱེད་ཡམ་ཤིང་། འབྲས་བུ་ཅན་གྱི་ཤིང་སྦོམ་ཕྲ་གུང་མོ་ཙམ་སེར་ཞིང་དྲི་ཞིམ་པ། ཁྲུ་གང་པ་རྩྭ་རྩེ་མར་དང་སྦྲང་རྩིས་བྱུགས་པ། འབྱོར་པ་འཕེལ་བྱེད་མར་ཁུ་གཙང་མ། བདེ་དགེ་ཀུན་སྟེར་ཞིང་ཤེས་རབ་འཕེལ་བྱེད་འོ་མར་ཕྱེ་གསུམ་སྦྲང་རྩི་སོགས་བསྲེས་པ། སྡིག་པ་འཇོམས་བྱེད་ཏིལ་ནག་དང་། གེགས་ཞི་བྱེད་ཡུངས་ཀར། ནོར་འབྲུ་འཕེལ་བྱེད་སོ་བ། ལོངས་སྤྱོད་རྒྱས་བྱེད་འབྲས། རླུང་ཤུགས་འཕེལ་བྱེད་ནས། ནད་རྣམས་འཇོམས་བྱེད་གྲོ། སྟོབས་རྣམས་འཕེལ་བྱེད་སྲན་མ། ཚེ་རྒྱས་བྱེད་དཱུརྦ། རྫས་རྣམས་དག་བྱེད་ཀུ་ཤ་རྣམས་གོ་རིམ་བཞིན་བཤམས། རྫས་རྣམས་ལ་བདུད་རྩི་ལྔས་གཏོར་ལ་བཞག །སྒྲུབ་པ་པོ་རང་ཉིད་སྔ་དྲོའི་དུས་སུ་ཁྲུས་བྱས། འབྱོར་ན་གོས་རྒྱན་སེར་པོས་བརྒྱན། བདག་གི་ཚེ་དང་ལོངས་སྤྱོད་བསོད་ནམས་ལ་སོགས་པ་རབ་ཏུ་རྒྱས་ཏེ་ཚིམ་པར་བསམ་པས་སྔར་བཤམས་པའི་སྟན་ལ་ཁ་བྱང་དུ་བལྟས་ཏེ། ས་འཇའ་ལི་ལ་ཁྱིལ་འདུག་གིས་འདུག་པ་བཟང་པོའི་འདུག་སྟངས་ཞེས་པའི་སྤྱོད་ལམ་གྱིས་འདུག་གོ། །གཉིས་པ་དངོས་གཞི་ནི། མོ་གུ་རུ་བྷྱཿ  དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་འཆང་ཆེན་ཤ་བ་རི་དབང་ཕྱུག  །མཻ་ཏྲི་པ་དང་སྒྲ་གཅན་འཛིན་སྦས་པ།  །ཁྱུང་པོ་རྣལ་འབྱོར་རིན་ཆེན་བརྩོན་འགྲུས་དང་།  །སྐྱེར་སྒང་ཆོས་སེང་གཉན་སྟོན་རྣལ་འབྱོར་ཞབས།  །སངས་རྒྱས་སྟོན་པ་མཁས་གྲུབ་གཙང་པ་ཤངས།  །རྒྱལ་མཚན་དཔལ་བཟང་བླ་མ་རྡོར་གཞོན་མཚན།  །ནམ་མཁའི་རྣལ་འབྱོར་དཀོན་མཆོག་རྒྱལ་མཚན་དང་།  །སངས་རྒྱས་བཟང་པོ་ནམ་མཁའ་རྒྱལ་མཚན་ཞབས། །ཀུན་དགའ་བསོད་ནམས་དཀོན་མཆོག་ལེགས་འཛིན་དང་།  །དཔལ་ལྡན་དོན་གྲུབ་དཔལ་མཆོག་རྒྱལ་མཚན་དང་།  །ནམ་མཁའ་དཔལ་བཟང་སངས་རྒྱས་ཕུན་ཚོགས་མཚན།  །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་དང་།  །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་མཚན།  །འཇམ་དཔལ་བཟང་པོ་མཁྱེན་བརྩེའི་དབང་པོ་དང་།  །བློ་གཏེར་དབང་པོ་ཆོས་ཀྱི་ཉི་མའི་ཞབས།  །གཞན་ཕན་སྙིང་པོ་བསྟན་འཛིན་སྙིང་པོ་དང་།  །སྐྱབས་གནས་ཀུན་འདུས་དབང་གི་རྒྱལ་པོ་སོགས།  །དངོས་བརྒྱུད་བླ་མ་མགོན་དཀར་ཡིད་བཞིན་ནོར།  །མཁའ་འགྲོ་གནོད་སྦྱིན་ནོར་བདག་ཚོགས་དང་བཅས།  །འཁོར་དང་བཅས་ལ་རྩེ་གཅིག་གསོལ་བ་འདེབས།  །དཔལ་འབྱོར་ཕྲིན་ལས་རྒྱས་པའི་དངོས་གྲུབ་སྩོལ།  །སྟོབས་འབྱོར་བློ་ལྡན་སྐྱེ་འགྲོ་ལོངས་སྤྱོད་བཅས།  །བདག་གི་དབང་བསྡུས་ཆོས་དང་སྲིད་པའི་དཔལ།  །འཛད་མེད་གཏེར་ལ་དབང་འབྱོར་རྒྱལ་བསྟན་དང་།  །འགྲོ་ཕན་ཕྲིན་ལས་རྒྱས་པའི་དངོས་གྲུབ་སྩོལ།  །ཅེས་མགོན་དཀར་ཡིད་བཞིན་ནོར་བུའི་བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དབྱིག་གཏེར་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ནི་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པའོ། །སྐྱབས་འགྲོ་བྱ་བ་ནི། སྐྱབས་ཡུལ་གསལ་བཏབས་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར།  ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདགི་གི་རྒྱུད་བྱིན་གྱིས་བརླབས་ཏུ་གསོལ། ཞེས་ལན་གཅིག སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་མགོན་དཀར་ཡིད་བཞིན་ནོར་བུའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱི་ཚད་མེད་བཞི་བསྒོམ། རང་གི་སྙིང་གའི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་པ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་བའི་མདོག་ལྟ་བུ་ཅིག་བསྒོམ།  དེ་གཉིས་ལས་འོད་འཕྲོས།  འཕགས་པ་མཆོད།  སེམས་ཅན་གྱི་དོན་བྱས།  ཚུར་འདུས་དེ་གཉིས་ལ་ཐིམ།  སྙིང་གའི་ཧཱུྃ་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ།  རང་ཉིད་བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ།  ཞལ་འཛུམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ།  སྤྱན་གསུམ་པ།  ཕྱག་དྲུག་པ།  གཡས་ཀྱི་དང་པོས་གྲི་གུག་འཕྱར་བ།  གཉིས་པས་ཡིད་བཞིན་གྱི་ནོར་བུ།  གསུམ་པས་ཌཱ་མ་རུ་འཁྲོལ་བ།  གཡོན་གྱི་དང་པོས་ཐོད་པའི་ནང་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་བརླ་གཡོན་ལ་བརྟེན་ཏེ་འཛིན་པ།  བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ཤམ་ཐབས་དང་། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འབྱོན་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་ལ་ཕུག་དང་ནེའུ་ལེ་བཟུང་བ་རེ་རེ་མནན་པའི་ཁ་དང་བཤང་ལམ་ཐམས་ཅད་ནས་རིན་པོ་ཆེ་ལྷུག་ལྷུག་འོང་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ་ཞལ་འཛུམ་བག་དང་ལྡན་པ། གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ།  ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་གཡོན་ཐོད་པ་བསྣམས་པ། ཞབས་གཉིས་གར་སྟབས་ལིང་ངེ་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཅིག་ཏུ་གྱུར། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ  ཞེས་པས་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་པ་དྱཾ་ནས་སོགས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱས་བར་བརྗོད། ཨོཾ་རུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཨོཾ་ཤཔྟ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཨོཾ་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཨོཾ་ར་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཨོཾ་སྤརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཞེས་དེ་རྣམས་ཀྱིས་མཆོད། ནང་མཆོད། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ་དང་། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲཱུྃ་ཨྃ་ཛྲཱིཾ་ཁྃ་ཧཱུྃ་ལས་ཡེ་ཤེས་ལྔ་རྣམས་མེས་གདུངས་ཏེ་བསྐོལ་ཞིང་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ་ཧ་ཧོཿ ཧྲཱིཿ ལན་གསུམ་བརྗོད།  མཐེབ་སྲིན་གྱིས་འཐོར་བའི་ཚུལ་དང་། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ བླ་མ་དང་མགོན་པོ་དབྱེར་མེད་པའི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཞེས་དང་རང་གིས་མྱང་། འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཞེས་པས་མཆོད་ལ། དེ་ནས་བཟླས་པ་བྱ་བ་ནི། རང་གི་སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྲིད་ཞིའི་དགེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པར་གྱུར་པ་བསམ་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ  ཞེས་པ་ཅི་ནུས་བཟླ། ཡང་འོད་ཟེར་སྔར་བཞིན་འཕྲོས་པས། འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། སྲིད་པ་གསུམ་གྱི་དངོས་གྲུབ་ཐམས་ཅད་རིལ་གྱིས་བསྡུས་ནས་རང་གི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་བསམ། ཁྱད་པར་སྟོབས་འབྱོར་ཆེ་དགུ་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིམ་པ་དང་བཅས་པས་ཞུགས། དེ་དག་གི་བརྒྱུད་རང་དབང་མེད་པར་བསྐུལ་ནས་བདག་གིས་དབང་དུ་འདུས་པར་བསམ། ཁྱད་པར་དམིགས་ཡུལ་གྱི་སྙིང་དཀྱིལ་དུ་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཡོད་པ། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་པ་ནི། མཁའ་འགྲོ་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །ཐུན་མིན་ཚོགས་བདག་ལ་བརྟེན་པའི་ཟབ་ཁྱད་ནི། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང་། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ། ཚོགས་བདག་ལ་བསྟིམས་པས། དེ་དག་ཐམས་ཅད་ཀྱིས་རྣལ་འབྱོར་པའི་བཀའ་བཞིན་དུ་ཉན་ཅིང་། བྲན་བཞིན་དུ་ལས་བསྒྲུབས་པར་བསམ་ལ་བཟླས་པ་བྱ། བཟླས་པའི་མཇུག་ཏུ། བཅོམ་ལྡན་འདས་ཡིད་བཞིན་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །དགེ་འདུན་གྱི་སྡེ་སྐྱོངས་ཤིག བླ་མའི་སྐུ་ཚེ་སྲིངས་ཤིག །རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ་དང་། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང་། མི་ནོར་ཟས་གསུམ་འདུ་ཞིང་། ཐོས་བསམ་སྒོམ་གསུམ་འཕེལ་བ་དང་། འཕྲིན་ལས་འབད་མེད་དུ་སྒྲུབ་པར་མཛད་དུ་གསོལ། ཞེས་སོགས་གང་འདོད་པའི་དོན་ལ་གསོལ་བ་གདབ། ཨ་ཨཱ། ཨ་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷཱ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿ  ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་བྷ་ཝ། སརྦྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱ། རྣམས་ལན་གསུམ་རེ། དེ་དག་ནི་བསྐྱེད་རིན་མོ། །དེ་ནས་ཉེ་བར་བསྡུ་བ་ནི། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་གདན་དང་བཅས་པ་སྙིང་གའི་མཁའ་འགྲོ་མ་ལ། དེ་སྔགས་ཕྲེང་ལ། དེ་ཐིག་ལེ་ལ། དེ་ཧཱུྃ་ཡིག་ལ། དེ་ཡང་ནཱ་དའི་བར་དུ་ཐིམ། དེ་ཡང་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་ཞེས་མཉམ་པར་འཇོག །བཞག་པའི་ངང་ལ་རིག་པ་དེ་རིག་སྟོང་། འགྱུ་བ་དེ་འགྱུ་སྟོང་། མ་སྒྲིབ་པར་གསལ་བ་དེ་གསལ་སྟོང་། ཡིན་མིན་གྱི་མཐའ་དང་བྲལ་བར་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་ངོ་སྤྲོད་པ་ནི་རྫོགས་པའི་རིམ་པའོ། །ཞེས་ཤངས་པ་དུ་གུ་པ་བཞེད་དོ།། སླར་ཡང་དེའི་ངང་ནས་ལྷ་ཡི་སྐུར་གྱུར། དེ་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་ལ་ལག་པ་གཉིས་པུས་མོ་ལས་མི་འདའ་བ་ལ་བསླབ་བོ། །དེ་ནས་དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྤར་ཏེ། ཡམ་ཤིང་མར་ལ་སྦགས་པའམ། རྩྭ་སྐམ་པོ་གཞན་དང་བཅས། ལག་པ་གཉིས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང་། ངག་ཏུ། གུ་རུ་ཧམཱ་ཀཱ་ལ་ཧ་ཡི་ནི་ས་སིདྡྷི་ཛཿ  ཞེས་ལན་གསུམ་བརྗོད། ཨོཾ་ཛྭ་ལ་ཛྭ་ལ་རཾ། ཞེས་བརྗོད་དེ། ཐབ་ཀྱི་ནང་གི་ཏིང་ལོ་ལ་མེ་གསོ། ཁུ་ཚུར་གཉིས་བཅངས་པའི་མཐེབ་མཛུབ་གཉིས་བརྐྱངས་པའམ། རྩེ་སྦྱར་བ་རིན་པོ་ཆེའི་ཁུ་ཚུར་གྱི་ཕྱག་རྒྱས་དགང་གཟར་བླུགས་གཟར་བཟུངས་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་། བླུགས་གཟར་གྱིས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རཾ། ཞེས་བརྗོད། ཐབ་དང་ཡོ་བྱད་བསང་བ་ནི། རང་ལྷའི་ང་རྒྱལ་གྱིས་བསང་ཆུ་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ་རིང་པོ་འགའ་ཞིག་བརྗོད་པས་རྫས་རྣམས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམས་ལ། སྔགས་དེ་གཉིས་གང་རུང་བརྗོད་ཅེས་གསུང་ཀྱང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་བརྗོད། ཀུ་ཤའི་འཐོར་ཡབ་ཀྱིས་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱས་ཏེ་བགེགས་བསལ་ལ། བསྲེག་རྫས་དང་མཆོད་རྫས་རྣམས། ཨོཾ་སྭ་བྷཱ་ཝ་ཤུདྡྷཌྷཿ སརྦ་དྷརྨཿ སྭཱབྷཱ་ཝ་ཤུདྡྷོ྅ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང་། མཆོད་རྫས་འདི་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང་། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿ ཧཱུྃ་སྭཱཧཱས་ཡམ་ཤིང་། ཨོཾ་ཤྲཱིཾ་སྭཱཧཱས་མར། ཨོཾ་ཛྲིཾ་སྭཱཧཱས་འབྲུ། ཨོཾ་སྭ་སྭཱཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱས་རྫས་ཐམས་ཅད་སྦྱང། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུྃ་ནས་སོགས། ཤཔྡ་ཨཱཿ ཧཱུྃ་གིས་བར་བརྗོད། སོ་སོའི་ཕྱག་རྒྱ་རོལ་ཆེན་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གྷཎྜེ་ར་ནི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་ནས་སོགས། ཨ་ཁྃ་སྭཱཧཱ་གིས་བར་བྱིན་གྱིས་བརླབ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་སེར་པོ་རྒྱར་ཁྲུ་གཉིས་པ། ཟབས་སུ་ཁྲུ་གང་པ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། ཁ་ཁྱེར་རམ་མུ་རན་ལ་རིན་པོ་ཆེའི་ཕྲེང་པས་མཚན་པ། བྲིས་པ་དང་གཉིས་སུ་མེད་པར་གྱུར། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་དབྱུ་གུ་དང་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་སེར་པོ་ལས་འོད་ཟེར་སེར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ  ཞེས་དང་ལག་པ་གཉིས་ཀྱི་མཐ་བོང་གུང་མོའི་བར་བཞག །མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མཧཱ་ཏེ་ཛཿ  སརྦ་ཀརྨ་པྲ་སཱ་དྷ་ཀ །མཧཱ་བྷཱུ་ཏ་དེ་ཝ་རྀ་ཥི། དྭི་ཛ་སཏྭཱ་མ་གྲྀ་ཧཱི་ཏྭ། ཨཱ་ཧུ་ཏི་ཨཱ་ཧཱ་ར། ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་ལ་ཐབ་ནང་དུ་མེ་ཏོག་ཅིག་ཕུལ་ཏེ། ཐབ་ཀྱི་ཤར་ལྷོར་པདྨའི་གདན་ལ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་པཱདྱཾ་པྲ་ཏིཙྪ་སྭཱཧཱ། ཆུ་གཉིས་དབུལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་པའམ། སྤོས་དང་བཅས་པའི་དྲིལ་བུ་བཟུང་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལཱ་ཡ། སརྦ་བྷསྨི་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿ ཧཱུྃ་བྃ་ཧོཿ  ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ཛཿ ཧཱུྃ་བྃ་ཧོཿ ཞེས་པས་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ  ཞེས་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏིཙྪ་སྭཱཧཱ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་དྷུ་པེ་ནས་སོགས། ཤབྡ་པྲ་ཏིཙྪ་སྭཱཧཱ་གིས་བར་དུ་བརྗོད། ཞེས་ཉེར་སྤྱོད་དང་། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ་ནས་སོགས། ཨ་ཁཾ་སྭཱཧཱ་བར་བརྗོད། ཞེས་རོལ་མོ་དང་བཅས་པས་མཆོད། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུྃ་ཞེས་པས་ནང་མཆོད་དང་རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མི་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས།  སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ཏེ། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ཡང་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་བགེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་སཏྭ་ཨཱཿ  ཞེས་ལན་བརྒྱད་བརྗོད་དེ། ཐབ་ཀྱི་མདུན་ནས་གཡས་སྐོར་གྱིས་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་བགྲམ་མོ། འདས་པའི་མེ་ལྷ་མཆོད་པ་ནི། འཇིག་རྟེན་པའི་མེ་ལྷའི་ཐུགས་ཀའི་མེ་གྲུ་གསུམ་གྱི་དབུས་སུ་པད་ཉིའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་པའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དེ་ལ་ཐིམ། ཞིང་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་འཛུམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ། སྤྱན་གསུམ་པ། ཕྱག་དྲུག་པ། གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ། གསུམ་པས་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་པའི་ནང་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་བརླ་གཡོན་ལ་བརྟེན་ཏེ་འཛིན་པ། བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ཤམ་ཐབས་དང་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འབྱོན་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་ལ་ཕུག་དང་ནེའུ་ལེ་བཟུང་བ་རེ་རེ་མནན་པའི་ཁ་དང་བཤང་ལམ་ཐམས་ཅད་ནས་རིན་པོ་ཆེ་ལྷུག་ལྷུག་འོང་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ་ཞལ་འཛུམ་བག་དང་ལྡན་པ། གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་གཡོན་ཐོད་པ་བསྣམས་པ། ཞབས་གཉིས་གར་སྟབས་ལིང་ངེ་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིལ་ཧྲིལ་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཅིག་ཏུ་གྱུར། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་བསིལ་བའི་ཚལ་ནས་མགོན་པོ་ཡིད་བཞིན་ནོར་བུ་ལ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ  ཞེས་པས་སྤྱན་དྲངས།  ཛཿ ཧཱུྃ་བྃ་ཧོཿ  དེའི་མཐའ་སྐོར་དང་བར་སྣང་རྣམས་སུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། ལྷ་ཐམས་ཅད་འཛུམ་ཞིང་ཚིམ་པ། འོད་ཟེར་སེར་པོ་འཕྲོ་བ་དང་། གཟི་བརྗིད་དང་ལྡན་པའི་སྒོ་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་མཛད། ཅེས་བརྗོད་ཅིང་བསམ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུས་གཏོར་ཏེ། མི་གཙང་བ་དང་ཉམས་པ་ཐམས་ཅད་དག་པར་བསམ། དེ་ནས་ཁུ་ཚུར་གྱིས་གཟར་བུ་གཉིས་བཟུང་སྟེ། ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ཏེ། གུ་རུ་མཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ  ཞེས་ལན་འགའ་ཞིག་གིས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་མཧཱ་ཤྲི་ཡེ་ཧ་བྱ་བ་ཧ་ནཱ་ཡ། ཞེས་བརྗོད་དེ། གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམས་ལ། སྦྱིན་བདག་གི་ཞབས་རིམ་སྐབས་སོགས་ལ། བདག་དང་སྦྱིན་པའི་བདག་པོས་འཁོར་དང་ལོངས་སྤྱོད་དང་སོགས་སྦྲེལ། བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བརྗོད་དེ། དེ་ལྟ་བུ་ལན་གསུམ་ལ་སོགས་པའི་བྱོན་སྐྱེམས་དབུལ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་པ་དྱཾ་ནས་སོགསཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་མཐར། ཨོཾ་བཛྲ་གྷཎྜེ་ར་ནི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་ནས་སོགས། ཨ་ཁྃ་སྭཱཧཱ་ཞེས་བར་རོལ་མོ་དང་བཅས་ཏེ་ཕུལ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུྃ་ཞེས་ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང་། །འགྲོ་འདིའི་ཕུན་ཚོགས་རེ་བ་བསྐོང་བའི་ཕྱིར། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །དེ་ནས་ཡམ་ཤིང་བརྩམས་ཏེ་བསྲེག་རྫས་རྣམས་སྡེ་ཚན་རེ་རེའི་ཐོག་མར། ཨོཾ་བོ་དྷི་པྲྀ་ཀྵ་ལ་སོགས་པས་རང་རང་རྫས་སྔགས་ཚར་གསུམ་མམ་ལྔ་ལ་སོགས་པ་དང་། འབུལ་སྔགས། གུ་རུ་མཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་འབའ་ཞིག་གིས་དབུལ། ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་འདི་བསྙེན་པའི་ཁ་སྐོང་སྐབས་སྦྱིན་སྲེག་ཚང་མ་ལ་འདི་བཞིན་དང་དེ་མིན་ཞབས་རིམ་སོགས་ལ་གུ་རུ་མཧཱ་ཀཱ་ལ་སོགས་ལྷ་སྔགས་ཀྱིས་བྱིན་བརླབ་བྱ། བོ་དྷི་པྲྀ་ཀྵ་ཡ་བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་རྫས་སྔགས་ཀྱིས་འབུལ་བ་ནི་ཁྱད་པར་རོ། །མཇུག་ཏུ་སྤེལ་ཚིག་གོང་ལྟར་བརྗོད་ཅིང་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ཙམ་འབྱོར་པ་དབུལ། ལོགས་ནས་སྒྲུབ་གཡོག་གཅིག་གིས་གྲངས་བཟུང་སྟེ། ཡམ་ཤིང་ལ་སོགས་པ་རྣམས་རིམ་པ་བཞིན་ལག་པ་གཡོན་དུ་བཟུང་ལ། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླངས་ཤིང་ཅུང་ཟད་བསྐོར་ཏེ། མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ་བ་འོག་མ་རྣམས་ལའང་འདིའི་རིགས་འགྲེ་སྦྱར་ཏེ། ཨོཾ་ཨགྣ་ཡེ་སྭཱཧཱས་མར། ཨོཾ་སརྦ་སཾ་པ་དེ་སྭཱཧཱས་ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱས་ཏིལ་ལམ་ཡུངས་ཀར། ཨོཾ་བཛྲ་བི་ཛཱ་ཡ་སྭཱཧཱས་འབྲས་སོ་བ། ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱས་འབྲས། ཨོཾ་མ་ཧཱ་བེ་ག་ཡ་སྭཱཧཱས་ནས། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱཧཱས་གྲོ། ཨོཾ་མཧཱ་བ་ལཱ་ཡ་སྭཱཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱས་དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་རོ། །དེ་ནས་སྐབས་འདིར་ཁྱད་པར་གྱི་རྫས་ཟས་མཆོག་ལ་གྲངས་བཟུང་སྟེ། རྩ་སྔགས་ཀྱིས་སྟོང་ཕྲག་ལྔའམ། ཁྲི་ལ་སོགས་པ་ཇི་ཙམ་ནུས་པ་འབུལ་ཞིང་། སྐབས་སྐབས་སུ་ཡམ་ཤིང་དང་མར་ཅི་འབྱོར་བ་དབུལ། སྒྲུབ་གཡོག་གཅིག་གིས་མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་འཇིག་གོ །དེའང་ཡམ་ཤིང་འབར་བའི་མེ་འོད་ལ། ཞུ་པའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང་། གཤེགས་སྐྱེམས་འབུལ་བ་ནི། དགང་བླུགས་གཟུངས་ལ།  ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ་བསམ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་གྱིས་མཚན་པར་གྱུར། ཞེས་བརྗོད་ཅིང་བསམ། གུ་རུ་མཧཱ་ཀཱ་ལ་ཧ་རི་ས་སིདྡྷི་ཛཿ  ཞེས་ལན་འགའ་ཞིག་གིས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ།  ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་མཧཱ་ཤྲི་ཡེ་ཧ་བྱ་བ་ཧ་ནཱ་ཡ། བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་ལན་གསུམ་བརྗོད་ཅིང་དབུལ། དེ་ནས་མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿ ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་ཛས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱ་ཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱ་ཧཱུྃ་ནས་སོགས། ཤཔྟ་ཨཱཿ ཧཱུྃ་གི་བར་དང་། ཞེས་པས་བྱིན་གྱིས་བརླབས་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་མཆོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་ཞབས་བསིལ་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་མེ་ཏོག་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་བདུག་སྤོས་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་སྣང་གསལ་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་དྲི་ཆབ་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་ཞལ་ཟས་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ནཻ་ཝི་དྱེ་པྲ་ཏཱིཙྪ་སྭཱཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་རོལ་མོ་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཤཔྡ་པྲ་ཏཱིཙྪ་སྭཱཧཱ། ཞེས་དང་རོལ་མོ་བཅས། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ་ནས་སོགས། ཞེས་ཉེར་སྤྱོད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་གཟུགས་མཆོག་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་སྒྲ་སྙན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཤཔྡ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་དྲི་མཆོག་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་གནྡེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་ཟས་མཆོག་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་རཱ་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་ཛས་དམ་པའི་ན་བཟའ་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་སྤརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པ་རྣམས་ཀྱི་མཆོད་པ་ནི་ཕྱི་མཆོད་དོ། །ནང་མཆོད་ཀྱི་ཕུད་ནས་བླ་མ་ཡི་དམ་སོགས་ལ་དབུལ། འཇིག་རྟེན་ལས་འདས་པའི་གཏོར་མ་ལ་བར་ཕུད་དབུལ། ལྷག་མ་ཆོས་སྐྱོང་དང་འབྱུང་པོ་རིགས་དྲུག་སོགས་ལའང་མཆོད་ལ། རང་གི་སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མཆོད་པར་བསམས་ཏེ། བདུད་རྩི་ཅུང་ཟད་ལྕེ་ལ་མྱངས་ལ། ཞེས་གསུངས་པས་རྒྱས་པར་ན་ཆོ་ག་གཞན་ནས་འབྱུང་བ་ལྟར་ཕུད་མཆོད་རྒྱས་པ་བྱ། དེ་ཙམ་མི་ནུས་ན་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ བླ་མ་དང་མགོན་པོ་དབྱེར་མེད་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། འཁོར་གྱི་མཁའ་འགྲོ་ནོར་སྦྱིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཞེས་བརྗོད་པས་མཐུས། རྡོ་རྗེ་དྲིལ་བུ་འཛིན་པས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་བསྡུས་རྗེ་བཙུན་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱག་དྲུག་མགོན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟ་བུ་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་དྲུག་ཞབས་གཉིས་ནོར་བདག་མནན། །འགྲོ་བའི་དབུལ་བ་སེལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་དང་པོ་རྡོ་རྗེ་གྲི་གུག་བསྣམས། །བར་པ་ཡིད་བཞིན་ནོར་བུས་དགོས་འདོད་སྟེར། །ཐ་མ་ཌཱ་མ་རུས་མཁའ་འགྲོ་དབང་དུ་སྡུད། །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །གཡོན་པས་རིན་ཆེན་བུམ་པ་སྐུ་ལ་བརྟེན། །བར་པས་རྩེ་གསུམ་ཁམས་གསུམ་མ་ལུས་སྒྲོལ། །སྐུ་སྟོད་རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །སྐུ་སྨད་རིན་ཆེན་ཟར་བུས་རྣམ་པར་མཛེས། །ཕྱག་ཞབས་ཐམས་ཅད་རིན་ཆེན་ནོར་བུས་བརྒྱན། །འགྲོ་བའི་རེ་འདོད་སྐོང་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་དབུལ་ཕོས་སྡུག་བསྔལ་སེལ། །འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ཡིས། །འགྲོ་བའི་རེ་འདོད་སྐོང་ལ་བདག་བསྟོད་དོ། །ཁྱོད་ལ་མཆོད་ཅིང་གུས་པས་བསྟོད་བྱས་ན། །ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཡང་། །མགོན་པོ་ཁྱོད་ཀྱི་ཐུགས་རྗེ་བདག་བཟུང་ནས། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་བསྒྲུབ་པར་མཛོད། །དེ་ཡི་དགེ་བས་བདག་ཀྱང་དེ་བཞིན་དུ། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་དང་། །སེམས་ཅན་སངས་རྒྱས་ས་ལ་འགོད་པ་ཡི། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །དེ་ཙམ་མི་ནུས་ན། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང་། །འགྲོ་འདིའི་ཕུན་ཚོགས་རེ་བ་བསྐོང་བའི་ཕྱིར། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། འདས་པའི་གཏོར་མ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ་དང་། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲཱུྃ་ཨྃ་ཛྲཱིཾ་ཁྃ་ཧཱུྃ་ལས་ཡེ་ཤེས་ལྔ་རྣམས་མེས་གདུངས་ཏེ་བསྐོལ་ཞིང་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ་ཧ་ཧོཿ ཧྲཱིཿ ལན་གསུམ་བརྗོད། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་མམ་ལྔས་ཕུལ་ལ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པ་དྱཾ་པྲ་ཏིཙྪ་སྭཱཧཱ། པུཥྤེ་པྲ་ཏིཙྪ་སྭཱཧཱ། དྷུ་པེ་པྲ་ཏིཙྪ་སྭཱཧཱ་ནས་སོགས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ་གིས་བར་བརྗོད། གུ་རུ་མཧཱ་ཀཱ་ལ་ཧ་རི་ནི་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུྃ་ཞེས་ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང་། །འགྲོ་འདིའི་ཕུན་ཚོགས་རེ་བ་བསྐོང་བའི་ཕྱིར། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བསྟན་པ་བསྲུང་ཞིང་རྣལ་འབྱོར་པའི། །ཚེ་བསྲིང་ལོངས་སྤྱོད་རྒྱས་པ་དང་། །སྐྱེ་འགྲོའི་དབང་དུ་འདུ་བར་མཛོད། །ཅེས་དང་། བདག་གི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྣམས་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་ལ་གསོལ་བ་བཏབ་ལ་སྐབས་འདིར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ནས་སོགས། ཞེས་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཞེས་དང་། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པའི་དབང་གིས། ཏིང་ངེ་འཛིན་མི་གསལ་བ་དང་། བྱིང་བ་དང་། རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་རྗེས་སུ། ཨོཾ་ཨཱཿ ཧཱུྃ། བཛྲ་མུཿ ཞེས་དང་། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་རྡུལ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ། གསུམ་པ་རྗེས་ལ། འཇིག་རྟེན་པའི་མེ་ལྷ་ལ་བསྲེག་རྫས་ལྷག་མ་རྣམས་འབུལ་བ་ནི། ཨོཾ་ཨགྣ་ཡེ་སྭཱཧཱས་བྱིན་གྱིས་བརླབས་ནས། ཨོཾ་བོ་དྷི་པྲྀཀྵ་ཡ་བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཡང་། ཨོཾ་བོ་དྷི་པྲྀཀྵ་སྭཱཧཱ། ཇི་ཙམ་ནུས་པ་དང་། སླར་ཡང་། ཨོཾ་ཨགྣ་ཡེ་སྭཱཧཱ། ཨོཾ་བོ་དྷི་པྲྀཀྵ་ཡ་བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བརྗོད་པ་འོག་མ་རྣམས་ལའང་འདིའི་རིགས་འགྲེ་སྦྱར་ཏེ། ཨོཾ་ཨགྣ་ཡེ་སྭཱཧཱས་ནས། ཨོཾ་ཨགྣ་ཡེ་སྭཱཧཱས་མར། ཨོཾ་སརྦ་སཾ་པ་དེ་སྭཱཧཱས་ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱས་ཏིལ་ལམ་ཡུངས་ཀར། ཨོཾ་བཛྲ་བི་ཛཱ་ཡ་སྭཱཧཱས་འབྲས་སོ་བ། ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱས་འབྲས། ཨོཾ་མ་ཧཱ་བེ་ག་ཡ་སྭཱཧཱས་ནས། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱཧཱས་གྲོ། ཨོཾ་མཧཱ་བ་ལཱ་ཡ་སྭཱཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱས་དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་ལ་བདུན་ནམ་བཅུ་གཅིག་སོགས་ཅི་འབྱོར་དབུལ། དེ་ནས། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ལ། ཨོཾ་ཨགྣ་ཡེ་སྭཱཧཱ། ལན་གསུམ་གྱིས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་ལན་བདུན་གྱིས་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་མཧཱ་ཤྲི་ཡེ་ཧ་བྱ་བ་ཧ་ནཱ་ཡ། བདག་གི་འཁོར་དང་ལོངས་སྤྱོད་དང་། ནོརདང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་པ་ལན་གསུམ་གྱིས་སྦྱིན་སྲེག་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་ན། དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ། བདག་དང་ཡོན་བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སྤེལ་ཚིག་བརྗོད། བདུན་ཚན་གསུམ་པོ་རེ་རེའི་མཐར་བྱའོ། །མེ་ལྷའི་གཏོར་མ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿ ཧཱུྃ་ཞེས་པས་བྱིན་གྱིས་བརླབ། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱཧཱ། ཞེས་གསུམ་མམ་ལྔས་ཕུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པ་དྱཾ་ནས་སོགས། ཤཔྡ་པྲ་ཏིཙྪ་སྭཱཧཱ་གིས་བར་ཞེས་ཉེར་སྤྱོད་དང་། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་ནས་སོགས། ཞེས་རོལ་མོ་དང་བཅས་པས་མཆོད། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུྃ་ཞེས་ནང་མཆོད་དང་། རྡོ་རྗེ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་མེ་ལྷ་ཉིན་ལ་རྣམ་པར་འདུན། །ཅེས་དང་། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག།།འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་གི་འཁོར་དང་ལོངས་སྤྱོད་དང་། ནོར་དང་། འབྲུ་དང་། རེིན་པོ་ཆེ་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཞེས་དང་། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ་སོགས། ཞེས་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། ཨོཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱཧཱས་བསང་གཏོར་དང་། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱས་འཐོར་འཐུང་ཕུལ་ལ། བདག་གིས་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ། ཞེས་དང་། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་གར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །མྱུར་མཛད་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཞེས་པས་བསྲུང་བ་བྱ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །སོགས་ཀྱི་བསྔོ་བ་སྨོན་ལམ་ཅི་ཤེས་བྱ། འབད་དང་རྩོལ་བས་མ་གུས་པའི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་བསྐང་མཛད་པའི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་གང་ཤེས་བྱ། མཆོག་གི་དངོས་གྲུབ་བསྒྲུབ་པ་ཡིན་ན། མེ་མ་ཤིའི་བར་དུ་མི་བསྒུལ་ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ་མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ། །འདི་ནི་བཙུན་པ་སྙོམ་ལས་པ། བུདྡྷ་ལཀྵྨཱིས་བྲིས་པའོ། །དགེ་ལེགས་དཔལ་འབྱོར་རྒྱས་པས་ཕྱོགས་ཀུན་ཁྱབ་གྱུར་ཅིག།།  ༈  མགོན་དཀར་ཡིད་བཞིན་ནོར་བུ་ལ་གནད་ནས་བསྐུལ་བའི་ཚིགས་སུ་བཅད་བཞུགས་སོ།། དཔལ་ལྡན་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །སྙིགས་མའི་གནས་ཚུལ་གཟིགས་པས་ཐུགས་འབྱུང་ནས། །ཞག་བདུན་བརྒྱལ་ཞིང་སླར་ཡང་དགོངས་པའི་ཕུལ། །སྙིགས་མའི་སེམས་ཅན་ཚེ་ཐུང་བར་ཆད་མང་། །རྐྱེན་དབང་འགྲོ་ཞིང་ལོངས་སྤྱོད་འཚོ་བར་དམན། །སྒྲུབ་ལོང་མེད་པར་བར་ཆད་དབང་དུ་འགྲོ། །དམ་ཚིག་མི་བསྲུང་དམེ་འཁྲུག་ཆོས་མིན་བྱེད། །ཆོས་བྱེད་རློམས་ཀྱང་བར་དོ་མི་ཆོད་པ། །དེ་དག་གཟིགས་ནས་ཡུན་ལ་མི་ལྟོས་པར། །དྲན་ཅིང་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་། །བསམ་ཀུན་ཡིད་བཞིན་ནོར་ལྟར་འགྲུབ་ཅེས་པའི། །བདེན་པ་གནད་ནས་བསྐུལ་ཞཚིང་གསོལ་བ་འདེབས། །དབུལ་ཕོངས་སྡིག་སྡུག་གིས་གཟིར་མགོན་མེད་རྣམས། །ཡིད་ལ་རེ་བ་མཐའ་དག་རྫོགས་བགྱིད་པའི། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་ནམས་ཚོགས། །མྱུར་དུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་སྨར་ཁམས་པ་ཚེ་རིང་བསོད་ནམས་ཀྱིས་ཕྱི་ལོ་༢༠༡༥ ཟླ་བ་༢ ཚེས་༡༣ལ་གློག་ཀླད་དུ་པར་རྩ་ཞུས་པ་དགེ་ལེགས་འཕེལ།། །།    སརྦ་མངྒ་ལཾ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*