མཎྜལ་རྒྱས་བཤད་ཀྱི་རྣམ་གཞག་ཚོགས་གཉིས་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཏིང་འཛིན་དཀྱིལ་འཁོར་ཡངས་པའི་བརྩེགས་མ་ནས།། ཤེས་རབ་ཆེན་པོའི་རླབས་ཕྲེང་རྟག་ཏུ་གཡོ།། མཚན་དཔེའི་ལང་ཚོ་གཤིས་སུ་སྨིན་པ་ཡི།། སྟོན་པ་རྒྱལ་བ་རྒྱ་མཚོས་དགེ་ལེགས་སྩོལ།།མཚར་སྡུག་འཇོ་སྒེག་འབའ་བའི་ཞིང་ཁམས་ནས།། མཚན་མཆོག་གསུམ་གྱི་ཅོད་པན་སྤྱི་བོར་བཅིངས།།ས་གསུམ་འགྲོ་བ་འདྲེན་པའི་དེད་དཔོན་ཆེ།། གོང་མ་རྣམ་ལྔས་ཤིས་པའི་གྲོགས་མཛོད་ཅིག། བརྩེ་ཆེན་ལྷ་ལམ་ཡངས་པའི་གུར་ཁང་ནས།། བྱིན་རླབས་ཆར་གྱི་ཟེགས་མ་འཇོ་བ་ཡི།། སྨིན་གྲོལ་དགའ་སྟོན་སྤེལ་བའི་འདབ་སྟོང་ཅན།། དད་པའི་ཐལ་མོས་བཟུང་ཏེ་གཙུག་ཏུ་འགོད།།ཡབ་མེས་གསུང་གི་ཆུ་གཏེར་ཆེན་པོ་ལས།།བླངས་པའི་འདོད་རྒུར་སྩོལ་མཛད་མཆོད་པའི་སྤྲིན།། སྙན་ཚིག་ཡིག་གེའི་སྲད་བུ་ལ་རྒྱུད་དེ། ། སྲིད་ཞི་དགེ་ལེགས་འབྱུང་བའི་དགའ་སྟོན་སྤེལ།།ཞེས་མཆོད་ཚིག་མེ་ཏོག་ཕྲེང་བས་ཡུལ་དམ་པ་རྣམས་ལ་མཆོད་བརྗོད་དང་རྩོམ་པ་དམ་བཅའ་བས་སྒོ་འཕར་ཡངས་པོར་ཕྱེས་ཏེ། འདིར་གང་ཞིག་སྙན་སྒྲོན་དུ་འབུལ་བ་ནི། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། ལྷ་བཅས་སྐྱེ་དགུ་ཡོངས་ཀྱི་གཙུག་རྒྱན། མཁས་པའི་འབྱུང་གནས་གྲུབ་པའི་དབང་ཕྱུག༧སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་ཕྲིན་ལས་གང་གི་སྐུ་དྲུང་དུ། ཕུན་སུམ་ཚོགས་པ་ལྔ་བ་གསེར་གྱི་རི་བོ་འདྲ།  །ཞེས་པ་ནས། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། ཞེས་པའི་བར། སྟོན་མཆོག་ཐུབ་པའི་དབང་པོ་ཉིད་ཀྱི་ཞལ་ནས་གསུང་པའི་ཤིས་པ་བརྗོད་པའི་ཚིག་གི་མེ་ཏོག་འབུལ་བ་དང་བཅས། འདིར་གནའ་བོའི་རྒན་རབས་པ་རྣམས་ལ་གཏམ་དུ་གྲགས་པ་ལྟར། གནམ་ལ་གཟའ་སྐར་གྱི་འཕྲོད་སྦྱོར་ལེགས་པས་ཉེས་དགུ་རིང་དུ་སྤང་ཤིང་ལེགས་ཚོགས་ལྷུན་གྱིས་གྲུབ། ས་ལ་རང་བྱུང་གི་བཀོད་པ་ཕུན་སུམ་ཚོགས་ཞིང་དུས་ཚོད་ཀྱི་མཚན་མ་ལེགས་པས་ཆོས་སྤྱོད་ཀྱི་རླབས་ཕྲེང་དགུང་ལ་ཕྱུར། བར་ལ་འཇིག་རྟེན་པའི་ལ་ཉེར་བཟང་བས་རང་གཞན་ཀུན་གྱི་ཚེ་བསོད་དཔལ་འབྱོར་སྟོབས་དང་མངའ་ཐང་སྙན་གྲགས་སོགས་དབྱར་གྱི་ཆུ་བོ་ལྟར་རྒྱས་པའི་སྐབས་འདིར། རང་སེམས་བླ་མ་དང་དཀོན་མཆོག་ལ་གཏད་ཅིང་། སྐྱིད་སྡུག་ལེགས་ཉེས་རྣམས་ལས་ལས་འབྱུང་བར་ངེས་ཏེ་བསམ་པ་རྣམ་དག་གིས་ཚོགས་བསགས་ལ་འཇུག་ཅིང་སྨོན་ལམ་བྱེད་པ་གལ་ཆེ་སྟེ། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་གསུངས་། ཞེས་གསུངས་པས་སོ། ཚོགས་གསོག་པའི་ཐབས་ལ་འདྲེན་མཆོག་ཤཀྱཱའི་སྲས་པོ་དེ་ཉིད་ཀྱིས་མཐའ་བཀླས་པ་ཞིག་གསུངས་ཀྱང་དེ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པར་ནི་མཎྜལ་འབུལ་བ་འདི་ཉིད་ཡིན་ཏེ། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། ཞེས་གསུངས་པས་སོ། དེས་ན་ཐོག་མ་སྲིད་ཞིའི་དགེ་ལེགས་ཀུན་འདུས་ལྔ་རིག་སྤྲུལ་པའི་གཙུག་ལག་ཁང་ཆེན་མོའི་ཕྱི་ནང་བྱི་དོར་ལེགས་པ་མཛད་ཅིང་། དྲི་ཞིམ་གདུགས་སྤོས་རྣམས་གདུགས་ཅིང་མཛེས་སྡུག་རྣམ་པར་བཀྲ་བའི་ཡོ་བྱད་དག་གིས་ལེགས་པར་བརྒྱན་པའི་ནང་དུ་སྐུ་གཡོ་བར་མེད་པར་རྡོ་རྗེའི་ཆོས་བདུན་གྱི་ངང་དུ་གནས་ཤིང་། གསུང་འགག་མེད་ཆོས་ཀྱི་སྒྲ་དབྱངས་བར་མེད་དུ་སྒྲོག་པར། ཐུགས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལས་ནམ་ཡང་གཡོ་བར་མེད་པར་བཞུགས་པའི་དཔལ་མགོན་བླ་མ་དམ་པས་དབུ་བཟུང་། བསླབ་གསུམ་ནོར་བུའི་མཛོད་ལ་ཅི་དགའ་རོལ་ཅིང་ཆོས་སྤྱོད་ཀྱི་རླབས་ཕྲེང་དགུང་ལ་ཕྱུར་བའི་མཁས་གྲུབ་འདུས་པའི་ཚོགས་ཀྱིས་གྲལ་གྱི་གཞུང་དང་ཟུར་བརྒྱན། ཆོས་ལྡན་བོད་ཀྱི་ལྭ་བ་ལུས་ལ་སྤུད་པའི་དད་ཅན་ཕྱག་བདེ་བ་རྣམས་ཀྱིས་གྲལ་གྱི་མཐའ་བརྒྱན། གཞན་ཡང་ཕྱོགས་བཞི་ཕྱོགས་མཚམས་རྣམས་ལ་དྲི་མའི་སྐྱོན་གྱིས་མ་གོས་པའི་ལག་གི་པདྨ་གྱེན་དུ་སྟེགས་པའི་མཐིལ་ན། བཀྲ་ཤིས་པའི་རི་མོ་ལྷན་སྐྱེས་སུ་ཡོད་པའི་དྲི་མེད་ལྷ་རྫས་དཀར་པོ་བཟུང་ཞིང་མཛེས་འཛུམ་སྒེག་ཉམས་དཔལ་གྱིས་ཕྱུག་པའི་ཆོས་ལྡན་ཕོ་མོས་འཁོར་གྱི་ཁྱུ་ཚོགས་འཁྲིགས་ཏེ། སྟོན་འཁོར་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བཞུགས་པ་རྣམས་ཀྱི་སྙན་སྒྲོན་དུ་ཐོག་མ་ཞིང་ཁམས་རྒྱ་མཚོའི་མཆོད་སྤྲིན་རྒྱས་པར་འབུལ་བའི་དགོས་པ་ནི། གསང་བ་འདུས་པ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། ཞེས་དང་། རིམ་པ་ལྔ་པ་ལས། ཤིན་ཏུ་ཁྱད་པར་ཅན་གྱི་དངོས། །དེ་དང་དེ་ནི་བླ་མར་ཕུལ། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག ཞེས་དང་།  དཔལ་དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་བསྐྱབས་ཀྱང་། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་མཐུན་མོང་དངོས་གྲུབ་ནི། ཚེ་འདི་ཉིད་ལ་ངེས་པར་ཐོབ། ཞེས་མདོ་རྒྱུད་དུ་མ་ནས་རྣམ་པར་ཀུན་ཏུ་སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་ནི་ཚོགས་བསགས་ཐམས་ཅད་ཀྱི་རབ་བམ་མཆོག་གྱུར་ཡིན་པར་གསུངས་ལ་དེས་ན་ད་ལམ་སྐབས་སུ་བབས་པ་ནི། ཇི་སྐད་དུ། མཆོག་ཏུ་གུས་པས་དུས་གསུམ་དུ། །མཎྜལ་མེ་ཏོག་བཅས་ཐལ་མོས། །བླ་མ་སྟོན་པ་བསྙེན་བཀུར་ཞིང་། ཞབས་ལ་སྤྱི་བོས་ཕྱག་དག་བྱ། ཞེས་པ་ལྟར། སྒོ་གསུམ་གུས་ལྡན་དང་བཅས་ རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་མཆོད་པ་དང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་བསགས་སྦྱངས་ཀྱི་ཆེད་དུ་ ཞིང་ཁམས་རྒྱ་མཚོའི་མཆོད་སྤྲིན་མཎྜལ་འབུལ་བ་ལ། སྤྱི་མཎྜལ་ལ་བླ་མ་སྤྲུལ་པའི་སྐུའི་ཞིང་ཁམས་སུ་འབུལ་བར་བྱེད་པ་ལ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སུ་འབུལ་བར་བྱེད་པ་ལ་ནང་རྡོ་རྗེའི་ལུས་ཀྱི་མཎྜལ། བླ་མ་ཆོས་སྐུའི་ཞིང་ཁམས་སུ་འབུལ་བར་བྱེད་པ་ལ་གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ་གསུམ་ཡོད་པས་འདིར་དང་པོ་གཙོ་བོར་བྱས་ནས་འབུལ་བ་ལ། དཔལ་བརྩེ་བ་ཆེན་པོའི་ཞལ་ནས། ཞིང་དང་བསམ་པ་དངོས་པོ་གསུམ། གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། ཞེས་གསུངས་པ་ལྟར། ཞིང་གི་མཆོག་ཕྱོགས་རེ་བ་མ་ཡིན་པ་དཔལ་ལྡན་བླ་མ་གཙོས་པའི་ཕྱོགས་བཅུའི་རབ་འབྱམས་མུ་མཐའ་མེད་པར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ། བསམ་པ་མཆོག་ཕྱོགས་རེ་མ་ཡིན་པ་མཁའ་མཉམ་སེམས་ཅན་ཐམས་ཅད་དམིགས་འོག་ཏུ་ཚུད་པ། དངོས་པོ་མཆོག་ཕྱོགས་རེ་མ་ཡིན་པ དངོས་སུ་ཅི་འབྱོར་བ་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་རྫས་ཇི་སྙེད་ཡོད་པ་རྣམས་ཡིད་ཀྱིས་མཆོད་སྤྲིན་དུ་དམིགས་ནས་སེར་སྣ་དང་ཁེང་དྲེགས། སྡིག་པའི་དྲི་མ་དག་གིས་མ་གོས་པར་འཁོར་གསུམ་རྣམ་དག་གི་ལྟ་བས་རྩིས་པའི་ཐོགས་ནས་འབུལ་དགོས་ལ། འབུལ་བའི་ཚུལ་ལ་རྒྱ་བོད་ཀྱི་མཁས་གྲུབ་དག་གིས་སྣ་ཚོགས་པ་ཞིག་གསུང་ཀྱང་འདིར་མཁྱེན་པའི་སྤྲིན་ཚོགས་ཀྱི་རྣམ་དཔྱོད་མཁའ་ལ་འཁྲིགས་ནས། སྤོབས་པའི་གློག་ཕྲེང་གིས་ཕས་རྒོལ་བརླག་པའི་རྩོད་ལྡན་སྙིགས་མའི་དུས་འདིར་ཐམས་ཅད་མཁྱེན་པ་རུ་གྲགས་པའི་འཛམ་གླིང་བསྟན་པའི་བདག་པོར་མངའ་གསོས་པའི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དེ་ཉིད་ཀྱིས་གསུངས་པའི་མཎྜལ་ཚོམ་བུ་སོ་བདུན་པ་འདི་ཉིད་རང་ལུགས་ཙམ་དུ་མ་ཟད་གྲུབ་མཐའ་ཀུན་ལ་རླུང་ལྟར་གྲགས་པའི་ཕྱིར་ཞེས་ངོར་ཆེན་ཐམས་ཅད་མཁྱེན་པས་གསུང་པ་ལྟར་རང་ལུགས་སུ་བཟུང་ནས་འཆད་པ་ལ། ཐོག་མ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་སངས་རྒྱས་ཀྱི་སར་བཀོད་འདོད་ཀྱི་སེམས་བསྐྱེད་དང་། དད་དང་སྙིང་རྗེ་རྣམས་སྔོན་དུ་སོང་ནས་ལག་གཡོན་མཎྜལ་བཟུང་ནས་བྱི་དོར་ལེགས་པར་བྱས། ཕྱོགས་བཅུའི་ས་གཞི་ཐམས་ཅད་ཙནྡན་དང་གུར་གུའི་དྲི་ཆུས་བཏབ། ལྷའི་མེ་ཏོག་མནྡཱ་ར་བ་དང་ཨུཏྤལ་སོགས་པ་མཐའ་ཡས་པ་སིལ་མ་བཀྲམ་པར་བསམ་ལ་གཡས་པའི་མཐེབ་འཛུབ་ཀྱིས་མེ་ཏོག་བཟུང་ནས་སྲིན་ལག་གི་རྩེ་མོས་དྲི་བཟང་གི་ཆུ་དབུས་ནས་བྱང་ཤར་དུ་བྱུག་སྟེ་མཐའ་ནས་གྲུ་བཞི་གཡས་སྐོར་བྱེད་པ་དང་བསྟུན་ངག་ཏུ་ཨོཾ༷་བཛྲ༷་བྷཱུ༷་མི༷་ཨ༷་ཧུ༷ྃ། གཞི༷་ཡོང༷ས་སུ༷་དག༷་པ༷་དབང༷་ཆེན༷་གསེར༷་གྱི༷་ས༷་གཞི༷་ཞེས་བརྗོད། དེ་ལ་བཛྲ་བྷཱུ་མི་ནི་རྡོ་རྗེའི་ས་གཞི་དང་། ཐོག་མའི་ཨོཾ་དང་མཐའི་ཨ་ཧཱུྃ་ནི་རྡོ་རྗེའི་ས་གཞི་བྱིན་གྱིས་རླབས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་ཡིན་ལ་དེ་ལྟར་བརྗོད་པས་སེམས་ཅན་རྣམས་ཀྱི་ལས་ལས་གྲུབ་པའི་ས་རྡོ་རི་རབ་སོགས་མ་ཡིན་པར་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་འོག་གཞི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱ། མཐོ་ཚད་ལ་ས་ཡ་གཅིག་དང་དྲུག་འབུམ། ཞེང་ཚད་བཟུང་དུ་མེད་པའི་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས། དེའི་སྟེང་ཆུ་ཡི་དཀྱིལ་འཁོར་ཁ་དོག་དཀར་པོ་ཅན་མཐོ་ཚད་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་བཞི་བརྒྱ་ལྔ་བཅུ། ཞེང་ངམ་རྒྱ་ཁྱོན་ལ་དཔག་ཚད་འབུམ་ཕྲག་སོ་དྲུག་དང་ཆིག་ཁྲི་སུམ་བརྒྱ་ལྔ་བཅུ་ཡོད་པ་ཆགས། དེའི་སྟེང་དབང་ཆེན་གསེར་གྱི་ས་གཞི་རེག་ན་བདེ་བ། ཡངས་ཤིང་རྒྱ་ཆེ་བ། དབྱིབས་གྲུ་བཞི་པ་རྔམས་སུ་དཔག་ཚད་འབུམ་ཕྲག་གསུམ་དང་ཉི་ཁྲི། ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་བཞི་བརྒྱ་ལྔ་བཅུ་ཡོད་པར་ལམ་གྱི་གྲུབ་པ་བསམ་ལ། དེ་ནས་ཕྱིའི་ལྕགས་རི་འགོད་པའི་ཕྱིར་སྲིན་ལག་གིས་མཐའ་ནས་ཟླུམ་པོ་བསྐོར་བ་དང་བཅས། ཨོཾ༷་བཛྲ༷་རེ༷་ཁེ༷་ཨཱ༷་ཧུ༷ྃ། ཞེས་བརྗོད་ཅིང་། དེའང་བཛྲ་རེ་ཁེ་ནི་རྡོ་རྗེའི་རྭ་བ་དང་ཐོག་མའི་ཨོཾ་སོགས་ནི་སྔ་དང་འདྲ་བས་སྐུ་གསུང་ཐུགས་ཀྱི་ས་བོན་གྱིས་རྡོ་རྗེའི་རྭ་བ་བྱིན་གྱིས་རློབ་ཞེས་པའི་དོན་ཡིན།  ཕྱི༷་ལྕག༷ས་རི༷་འཁོར༷་ཡུག༷་གིས༷་བསྐོར༷་བའི༷་དབུས༷་སུ༷་ཧུ༷ྃ། ཞེས་བརྗོད་ཚེ་ས་གཞི་དེའི་མཐའ་བསྐོར་དུ་ལྕགས་རིའི་མུ་ཁྱུད་རིན་པོ་ཆེ་ལས་གྲུབ་པའི་ཁ་དོག་ནག་པོ་མཐོ་ཚད་དཔག་ཚད་སུམ་བརྒྱ་དང་བཅུ་གཉིས་རྒྱང་གྲགས་བཞི་དང་ལྡན་པ་ཞིག་འཁོར་ཡུག་ཏུ་གྲུབ་པ་དམིགས་ནས་མཐེབ་འཛུབ་བར་གྱི་མེ་ཏོག་དེ་དབུས་སུ་དགོད་ནས། ཧུྃ་ཞེས་བརྗོད་པས་བར་དུ་གཅོད་པའི་ཕྱི་ནང་གསང་གསུམ་གྱི་བགེགས་རྣམས་རྒྱང་རིང་དུ་བསྐྲད་པ་མོས་ལ་གནས་སྲུང་གི་ཚོམ་བུ་དཀྱིལ་དུ་བྱ། རིའི༷་རྒྱལ༷་པོ༷་རི༷་རབ༷། ཅེས་པས་དབུས་ཀྱི་རི་བོ་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ་ཤར་ངོས་རིན་པོ་ཆེ་ཀཱནྟ་ལས་གྲུབ་པའི་དཀར་པོ། ལྷོ་ངོས་བཻཌཱུརྱ་ལས་གྲུབ་པའི་སྔོན་པོ། ནུབ་ངོས་པདྨ་རཱ་ག་ལས་གྲུབ་པའི་དམར་པོ། བྱང་ངོས་སུ་ཝརྞ་ལས་གྲུབ་པའི་སེར་པོ། ཕྱོགས་བཞིའི་ནམ་མཁའི་མདོག་ཀྱང་རང་རང་གི་མདོག་ཏུ་བསྒྱུར་བ་དཔག་ཚད་བརྒྱད་ཁྲི་མཚོར་ནུབ་ཅིང་བརྒྱད་ཁྲི་སྟེང་དུ་འཕགས་པའི་བང་རིམ་བཞི་བརྩེགས་ཅན་གྱི་ལྷུན་པོ་དེ་ལ་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་གྱིས་ཡོངས་སུ་བསྐོར་ཞིང་།  དེའི་བང་རིམ་བཞི་པོ་རེ་རེའི་སྟེང་དུ་མས་རིམ་བཞིན་གནོད་སྦྱིན་ལག་ན་གཞོང་ཐོགས་དང་། ལག་ན་ཕྲེང་ཐོགས། རྟག་མྱོས། རྒྱལ་ཆེན་བཞིའི་ལྷ་རྣམས་འཁོད་པ་དང་། དེ་དག་གི་སྟེང་དུ་སུམ་བཅུ་རྩ་གསུམ་པའི་ལྷའི་གྲོང་ཁྱེར་ལྟ་ན་སྡུག་དང་། ལྷ་བའི་དབང་པོ་རྒྱལ་བྱིན་གྱི་བསྟི་གནས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཁང་བཟང་། གཞན་ཡང་ཤིང་ཡོངས་འདུས་ས་བརྟོལ་དང་། ཆོས་བཟང་ལྷ་ལྷའི་འདུན་ས། ལྷའི་རྔ་བོ་ཆེ་སོགས་ཕུན་སུམ་ཚོགས་པའི་བཀོད་པ་བསམ་ལས་འདས་པ་དང་།དེའི་སྟེང་དཔག་ཚད་བརྒྱད་ཁྲིའི་མཚམས་སུ་མས་ནས་རིམ་བཞིན་འཐབ་བྲལ་སོགས་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ལྷ་གནས་རྣམས་མཆོད་རྟེན་ཁ་སྦུབས་པའི་བང་རིམ་གྱི་རྣམ་པ་བཞིན་འོག་མ་འོག་མ་ལས་གོང་མ་གོང་མ་རྣམས་ཇེ་ཆེར་གནས་པ་དང་། དེའི་སྟེང་ནམ་མཁའ་མཐའ་ཡས་སོགས་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་རྣམས་ལམ་གྱིས་གྲུབ་པར་བསམ། ཤར༷་ལུས༷་འཕག༷ས་པོ༷་ནི་དབྱིབས་ཟླ་གམ་བཅད་ཁ་རི་རབ་ལ་བསྟེན་པ་ཁ་དོག་དཀར་པོ་དཔག་ཚད་དྲུག་སྟོང་སུམ་བརྒྱ་ཡོད། ལྷོ༷་འཛ༷མ་བུ༷་གླིང༷་ནི་ཨིནྡྲ་ནཱི་ལ་ལྟར་སྔོ་ཞིང་འོད་འབར་བ་དབྱིབས་གྲུ་གསུམ་པ་ཁ་རི་རབ་ལ་བསྟན་པ་ངོས་རིང་བ་གསུམ་ལ་དཔག་ཚད་ཉིས་སྟོང་རེ་དང་ཡུ་བའི་ངོས་ལ་དཔག་ཚད་ཕྱེ་བཞི་ཡོད་ཅིང་། དེའི་དབུས་ན་དུས་གསུམ་གྱི་སངས་རྒྱས་རྣམས་གཤེགས་བཞུགས་མཛད་པའི་གནས་མཆོག་རྡོ་རྗེ་གདན་ཆགས་པ་དང་། གཞན་ཡང་མཚོ་ཆེན་པོ་མ་དྲོས་པ་དང་དེ་ཉིད་ལ་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་གཡས་བསྐོར་དུ་འབབ་པ་སོགས་ངོ་མཚར་བའི་བཀོད་པ་བསམ་ལས་འདས་པ་ཡོད་དོ། ནུབ༷་བ༷་གླང༷་སྤྱོད༷་ནི་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་པདྨ་རཱ་ག་ལྟར་ཁ་དོག་དམར་ཞིང་འོད་འཚེར་བ་དབྱིབས་ཟླུམ་པོ་ཟླ་བ་ཉལ་གང་བ་ལྟ་བུ་ཡོད། བྱང༷་སྒྲ༷་མི༷་སྙན༷་ནི་དབྱིབས་གྲུ་བཞི་ངོས་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་ཡོད་ཅིང་ཁ་དོག་ནི་གསེར་ལྟར་སེར་ཞིང་འོད་འཕྲོ་བ་དང་བཅས་པའོ། གླིང་ཆེན་བཞི་པོ་རེ་རེའི་གཡས་གཡོན་དུ་རང་རང་གི་གླིང་ཕྲན་གཉིས་རེ་འགོད་དེ། ལུས༷་དང༷་ལུས༷་འཕག༷ས། རྔ༷་ཡབ༷་དང༷་རྔ༷་ཡབ༷་གཞན༷། གཡོ༷་ལྡན༷་དང༷་ལམ༷་མཆོ༷ག་འགྲོ༷། སྒྲ༷་མི༷་སྙན༷་དང༷་སྒྲ༷་མི༷་སྙན༷་གྱི༷་ཟླ༷། ཞེས་བརྗོད་པས་གླིང་ཕྲན་བརྒྱད་པོ་རྣམས་ཀྱི་དབྱིབས་དང་ཁ་དོག་ནི་རང་རང་གི་གླིང་རྣམས་དང་འདྲ་ཞིང་། རྒྱ་ཁྱོན་གླིང་ཆེན་རྣམས་ལས་ཕྱེ་ཕྱེ་ཆུང་བར་ཡིན་ནོ། དེ་ནས་ཤར་གླིང་ནང་དུ། རིན༷་པོ༷་ཆེའི༷་རི༷་བོ༷་ནི་སྲིད་པ་གསུམ་ན་བཀོན་པའི་རིན་པོ་ཆེའི་ཕུང་པོར་སྤུངས་པས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོ་བས་གང་བ། ལྷོ་གླིང་གི་ནང་དུ། དཔག༷་བསམ༷་གྱི༷་ཤིང༷་ནི་རིན་ཆེན་སྣ་བདུན་ལས་གྲུབ་པའི་ཡལ་ག་དང་། ལོ་མ་ཕུན་སུམ་ཚོགས་པ་རླུང་གི་བསྐྱོད་པའི་དྲི་བསུང་ཕྱོགས་བཅུར་ཁྱབ་ཅིང་འདོད་དགུའི་ལོངས་སྤྱོད་རྩོལ་མེད་དུ་འབྱུང་བ། ནུབ་གླིང་གི་ནང་དུ། འདོད༷་འཇོའི༷་བ༷་ནི་ཁ་དོག་མཛེས་ཤིང་དྲི་ཞིམ་པ་རོལ་བཅུད་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ། བྱང་གླིང་གི་ནང་དུ། མ༷་རྨོས༷་པའི༷་ལོ༷་ཏོག༷་ནི་མ་རྨོས་ཤིང་མ་བཏབ་ཀྱང་རོལ་བརྒྱའི་ནུས་པ་དང་ལྡན་པ་ནད་གདོན་བཀྲེས་སྐོམ་རྣམས་སེལ་ལ་ཇི་ལྟར་གཅོད་ཀྱང་སླར་སྐྱེ་བའོ། ཡང་ཤར་གླིང་ནང་དུ། འཁོ༷ར་ལོ༷་རིན༷་པོ༷་ཆེ༷་ནི་ཤར་གླིང་སྟེང་གི་བར་སྣང་ཐམས་ཅད་གསེར་གྱི་འཁོར་ལོ་དབྱིབས་ཟླུམ་པོ་རྩིབས་སྟོང་དང་ལྡན་པས་མུ་ཁྱུད་དུ་བསྐོར་ཞིང་། ཉིན་གཅིག་ལ་དཔག་ཚད་གསུམ་བགྲོད་པས་གླིང་ཐམས་ཅད་དབང་དུ་བསྡུ་ཞིང་ཕས་རྒོལ་བརླག་པའི་བྱེད་ལས་དང་ལྡན་པའོ། དེ་ནས་ཡང་ལྷོ་གླིང་ནང་དུ། ནོར༷་བུ༷་རིན༷་པོ༷་ཆེ༷་ནི་རྒྱུ་ལྷ་རྫས་བཻཌཱུརྱ་ལས་གྲུབ་པ་དབྱིབས་ཟུར་བརྒྱད་པ་དྭངས་ཤིང་གསལ་བ། འོད་ཀྱིས་དཔག་ཚད་གཅིག་གི་ཁོར་ཡུག་ལ་ཁྱབ་པས་མུན་པའི་སྲོག་འཕྲོག་ཅིང་ཅི་འདོད་ཐོགས་མེད་དུ་སྒྲུབ་པ་སོགས་ཡོན་ཏན་བདུན་ལྡན་གྱི་རང་བཞིན་ཅན་ནོ། ནུབ་གླིང་གི་ནང་དུ། བཙུན༷་མོ༷་རིན༷་པོ༷་ཆེ༷་ནི་གཟུགས་མཛེས་ཤིང་ལྟ་ན་སྡུག་པ། བ་སྤུའི་བུ་ག་རྣམས་ནས་ཙནྡན་གྱི་དྲི་དྲོ་བ། ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ་གཡོ་སྒྱུར་མེད་པ་སོགས་ཁྱད་ཆོས་དགུ་དང་ལྡན་པའི་རང་བཞིན་ཅན་ནོ། བྱང་གླིང་གི་ནང་དུ། བློན༷་པོ༷་རིན༷་པོ༷་ཆེ༷་ནི་གཟུགས་བཟང་ཞིང་སྟོབས་ཆེ་བ་སྒྱུ་རྩལ་དྲུག་བཅུ་རྩ་བཞི་ལ་མཁས་ཤིང་ཤེས་རབ་ཡངས་པ། ཚུལ་མིན་གྱི་སྤྱོད་པ་རྒྱང་དུ་བསྲིངས་ནས་ཆོས་ལྡན་གྱི་བྱ་བ་ལོངས་སུ་སྤྱོད་པ་སོགས་ཡོན་ཏན་བདུན་དང་ལྡན་པའོ། ཤར་ལྷོར། གླང༷་པོ༷་རིན༷་པོ༷་ཆེ༷་ནི་ཡན་ལག་བདུན་པོ་ས་ལ་གནས་ནས་ལྷུན་པོ་ལྟར་ཤིན་ཏུ་བརྟན་ཅིང་གཟུགས་ཆེ་ལ་མཛེས་པ་ལྟ་ན་སྡུག་པ། ཉིན་གཅིག་ལ་འཛམ་གླིང་བསྐོར་ནུས་པ་སྤྱི་གཙུག་ན་གསེར་གྱི་རྒྱལ་མཚན་འཆང་པ་ལུས་ཐམས་ཅད་གསེར་གྱི་དྲ་བས་གཡོགས་པ་ལ་སོགས་པ་ཁྱད་ཆོས་བཅུ་དང་ལྡན་པའོ། ལྷོར་ནུབ་ཏུ། རྟ༷་མཆོ༷ག་རིན༷་པོ༷་ཆེ༷་ནི་ཁ་དོག་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བ། ཉིན་གཅིག་འཛམ་གླིང་ལན་གསུམ་བསྐོར་བ། སྤྱི་གཙུག་ན་གསེར་གྱི་ནོར་བུའི་སྤྲས་པ་རྫུན་འཕྲུལ་རྣམ་པར་སྣ་ཚོགས་པ་སྟོན་ནུས་པ་སྟེ་ཡོན་ཏན་བདུན་དང་ལྡན་པའོ། ནུབ་བྱང་དུ། དམ༷ག་དཔོན༷་རིན༷་པོ༷་ཆེ༷་ནི་ལུས་སྟོབས་ཆེ་ཞིང་གཟི་བརྗིད་དང་ལྡན་པ། ཕ་རོལ་གྱི་དགྲ་སྡེ་ཐམས་ཅད་འཇོམས་པར་ནུས་པའི་དཔའ་ངལ་དང་ལྡན་པ། རིན་པོ་ཆེའི་གོ་ཁྲབ་གྱོན་པ་རྣོ་བའི་རལ་གྲི་ལག་ཏུ་འཕྱར་བ་སོགས་ཁྱད་ཆོས་དུ་མ་དང་ལྡན་ལ། བྱང་ཤར་དུ། གཏེར༷་ཆེན༷་པོའི༷་བུམ༷་པ༷་ནི་དྲང་སྲོང་རྣམས་ཀྱི་རིགས་སྔགས་ལས་གྲུབ་པ་རས་བཟང་གི་མགུལ་བརྒྱན། དཔག་བསམ་གྱི་ཤིང་གི་ཁ་རྒྱན་པ་འདོད་རྒུར་ཐམས་ཅད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར་འཛད་མེད་དུ་འཇོ་བས་ཡིད་བཞིན་གྱི་ནོར་བུ་དང་བྱེད་ལས་མཚུངས་པའོ། དེ་ནས་འདོད་ཆགས་ལམ་དུ་འཁྱེར་ལ་ལྷ་རྣམས་ཟག་མེད་ཀྱི་བདེ་བས་འཚིམས་པའི་ཕྱིར་སྒེག་སོགས་བརྒྱད་ཀྱི་མཆོད་པ་ནི། ཡང་ཤར་ལྷོ་རུ། སྒེག༷་མོ༷་མ༷་ནི་བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་རོལ་ཅིང་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱི་རྡོ་རྗེ་རྩེ་ལྔ་པ་རེ་རེ་དཀུ་གཡས་གཡོན་དུ་སྙེམས་པའི་ཚུལ་གྱིས་འཛིན་པས་འགྱིང་འབག་གི་སྟབས་ཀྱིས་བཞུགས་པ། ལྷོར་ནུབ་ཏུ། ཕྲེང༷་བར༷་མ༷་ནི་སྐུ་མདོག་སེར་མོ་རིན་པོ་ཆེའི་རྒྱན་གྱིས་མཛེས་པ་འཕགས་པ་རྣམས་མཉེས་པར་བྱེད་པའི་བརྡར། ཕྱག་གཉིས་ཀྱིས་རིན་པོ་ཆེ་དུ་མ་སྤེལ་བའི་རྒྱན་གྱི་ཕྲེང་བས་དོ་ཤལ་འཛིན་པ་འཇོ་སྒེག་གི་ཉམས་དང་ལྡན་པའོ། ནུབ་བྱང་དུ། གླུ༷་མ༷་ནི་སྐུ་མདོག་དཀར་ལ་དམར་བའི་མདངས་ཀྱིས་ཁྱབ་པ། ་གསུང་འགག་མེད་ཆོས་ཀྱི་སྒྲས་འཕགས་པ་རྣམས་མཉེས་པའི་བརྡར་ལག་གཉིས་ཀྱིས་པི་ཝང་རྡུང་ཞིང་གླུ་དབྱངས་ལེན་པའོ། བྱང་ཤར་དུ། གར༷་མ༷་ནི་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཛིན་པ་གར་སྟབས་ཀྱི་ཉམས་དང་ལྡན་པའོ། ཡང་ཤར་ལྷོར། བདུག༷་སྤོས༷་མ༷་ནི་སྐུ་མདོག་དཀར་མོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲི་བསུང་འཕྲོ་བ་དང་ལྷན་དུ་ཙནྡན་ལ་སོགས་པའི་དུད་སྤྲིན་གྱི་ཕུང་པོ་ཕྱོགས་བཅུ་ལ་ཁྱབ་པའི་སྤོས་ཕོར་འཛིན་པ། ལྷོར་ནུབ་ཏུ། མེ༷་ཏོག༷་མ༷་ནི་སྐུ་མདོག་སེར་མོ་ཕྱག་གཉིས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་མནྡཱ་ར་ལ་སོགས་པ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་རྟག་ཏུ་བསམ་སྦྱོར་གཉིས་ཀྱིས་མཆོད་པ་འབུལ་བའི་ལས་ལ་བརྩོན་པའོ། ནུབ་བྱང་དུ། མར༷་མེ༷་མ༷་ནི་སྐུ་མདོག་དམར་སྐྱ་ཕྱག་གཉིས་ན་རིན་པོ་ཆེའི་སྒྲོན་མེ་འཛིན་པ། ཤེས་བྱ་མཐའ་བཀླས་པ་ལ་སྒྲིབ་ཐོགས་མེད་པར་འཇུག་པའི་ཤེས་རབ་ཀྱི་སྣང་བས་ཁོར་ཡུག་ཐམས་ཅད་ལ་ཁྱབ་པའོ། བྱང་ཤར་དུ། དྲི༷་ཆབ༵་མ༷་ནི་སྐུ་མདོག་ལྗང་གུ་ཕྱག་ན་ག་བུར་དང་ཙནྡན་གུར་གུམ་སོགས་དྲི་ཞིམ་པོ་ཆུ་གཙང་དང་སྦྱར་བས་བཀང་པའི་དུང་ཕོར་བསྣམས་པའོ། ཡང་ཤར་དུ་ཚོམས་བུ་དགོད་ནས། ཉི༷་མ༷་ནི་དབྱིབས་ཟླུམ་པོ་འོག་གཞི་རིན་པོ་ཆེ་མེ་ཤེལ་ལས་གྲུབ་པ། ཁྱོན་དུ་དཔག་ཚད་ལྔ་བཅུ་ང་གཅིག་དང་ལྡན་པ་ཚར་ཟེར་གྱི་འོད་འཕྲོ་བས་གླིང་གཞི་མུན་པ་སེལ་བའི་གཞལ་མེད་ཁང་གི་ནང་དུ་ལྷའི་བུ་ཉི་མ་འཁོར་བཅས་གནས་ཤིང་ངོ་མཚར་བའི་གྲོང་ཁྱེར་ཕུན་སུམ་ཚོགས་པ་དང་ལྡན་པའོ། ནུབ་ཏུ། ཟླ༷་བ༷་ནི་ཁ་དོག་དཀར་ལ་དབྱིབས་ཟླུམ་པོ་འོག་གཞི་ཆུ་ཤེལ་ལས་གྲུབ་པ། ལྕགས་རི་དངུལ་གྱི་ར་བས་བསྐོར་བ་ཁྱོན་དུ་དཔག་ཚད་ལྔ་བཅུ་དང་ལྡན་པའི་ནང་ན་ལྷའི་བུ་ཟླ་བ་འཁོར་བཅས་གནས་ཤིང་གྲོང་ཁྱེར་གྱི་བཀོད་པ་ཕུན་སུམ་ཚོགས་པའོ། ལྷོ་རུ། རིན༷་པོ༷་ཆེའི༷་གདུག༷ས་ནི་རིན་ཆེན་སྣ་ཚོགས་པ་ལས་གྲུབ་པ་ཡངས་ཤིང་རྒྱ་ཆེ་བ། ནོར་བུའི་ཏོག་དང་གསེར་གྱི་ཡུ་བ་ཅན་རིན་པོ་ཆེ་དུ་མ་འཕྱང་བ་དང་དལ་བུས་གཡས་སུ་འཁོར་བའོ། བྱང་དུ། ཕྱོག༷ས་ལས༷་རྣམ༷་པར༷་རྒྱལ༷་བའི༷་རྒྱལ༷་མཚན༷་ནི་ལྷ་དར་སྣ་ཚོགས་པའི་ཅོད་པན་དང་རིན་པོ་ཆེའི་བརྒྱན་དུ་མ་བང་རིམ་དུ་སྤྲས་ཤིང་ནོར་བུའི་ཏོག་དང་གསེར་གྱི་ཡུ་བ་ཅན་ནོ། ལྷ༷་དང༷་མིའི༷་དཔལ༷་འབྱོར༷་ཕུན༷་སུམ༷་ཚོག༷ས་པ༷་མ༷་ཚང༷་བ༷་མེད༷་པ༷་ནི་ས་དང་བར་སྣང་ཡོངས་ལ་རྒྱལ་བ་རྣམས་ཀྱིས་མཚན་བཟང་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་དང་། ཡངས་པའི་ཐ་གྲུ་ཀུན་ལ་ལེགས་ཚོགས་མཐའ་དག་འབྱུང་བའི་རྫས་སུ་བྱིན་གྱིས་རླབས་པའི་བཀྲ་ཤིས་རྫས་བརྒྱད་དང་རྒྱལ་སྲིད་སྣ་བདུན་ཉེར་སྤྱོད་ལྔ་སོགས་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བ་དང་བདག་ལ་དབང་བའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་མཐུན་པ་དུས་འཁོར་བ་ཇི་སྲིད་མ་བཏང་གི་བར་དུ་ཞིང་ཁམས་རྒྱ་མཚོའི་མཆོད་སྤྲིན་འདི༷་ཉིད༷་རྒྱལ་བ་རྡོ་རྗེ་འཆང་དང་གཉིས་སུ་མེད་པའི་དཔ༷ལ་ལྡན༷་བླ༷་མ༷་དམ༷་པ༷་སྐུ༷་ཚེ༷་བསྐལ༷་བརྒྱ༷ར་བརྟ༷ན་ཅིང་། མཛད་ཕྲིན་དབྱར་གྱི་མཚོ་ཆེན་ལྟར་རྒྱས་པའི༷་ཆེད༷་དུ༷་དབུ༷ལ་བར༷་བགྱི༷འོ༷།  ཐུགས༷་རྗེས༷་འགྲོ༷་བའི༷་དོན༷་དུ༷་བཞེས༷་སུ༷་གསོ༷ལ། བཞེས༷་ནས༷་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན༷་གྱིས༵་བརླབ༷་ཏུ༷་གསོ༷ལ། ཞེས་བརྗོད་དེ་ནས་གོང་དུ་ཇི་སྐད་བཤད་པའི་བརྗོད་བྱ་རྣམས་ཐུགས་ལ་བཟུང་བཞིན་འཕགས་ཚོགས་དགེ་འདུན་འདུས་པའི་ཚོགས་ཀྱིས་མི་ཕྱེད་དད་པའི་རྦ་རླབས་ལྷག་ཏུ་གཡོ་ཞིང་སྒོ་གསུམ་གུས་པའི་རང་མདངས་ངོམ་བཞིན་ཐམས་ཅད་ཀྱིས་ལྷན་གཅིག་ཏུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་དེ་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་འབུལ་ལོ།། སླར་སྨྲས་པ།  ཟུང་འཇུག་མི་བཤིག་རྡོ་རྗེའི་དཀྱིལ་འཁོར་ནས། ། མཚན་དཔེའི་གཟི་འོད་འབར་བའི་ལོངས་སྐུ་བཞེངས། ། སྣ་ཚོགས་སྤྲུལ་པའི་གར་གྱི་རྣམ་པ་རྩེན། ། འདྲེན་མཆོག་ཤཀྱཱའི་སྲས་པོར་ཡང་གཅིག་གུས། །དགག་སྒྲུབ་རིག་པའི་འཕྲུལ་འཁོར་མ་བསྐོར་ཅིང་། །ཅལ་ཅོའི་ཚིག་གི་ཕྲེང་བས་མ་རྩོམ་པ། །གནའ་བོའི་སྲོལ་རྒྱུན་ཅང་ཤེས་ལ་འཆིབ་སྟེ། །ཚིག་ཚོགས་ཆུ་གཏེར་ཆེ་ལ་ལོངས་སུ་སྤྱད། ། །ལེགས་བྱས་བསོད་ནམས་མཆོད་པའི་ཉི་མའི་ཟེར། །ཆགས་སྡང་འབར་འབུར་མེད་པའི་ཐང་ཆེན་ནས། །རྣམ་མང་འགྲོ་བས་ཚུལ་བཞིན་ལོངས་སྤྱད་དེ། །ཟུང་མཇུག་ཆོས་སྐུའི་དགའ་སྟོན་རོལ་གྱུར་ཅིག །ཅེས་པ་འདི་བོད་མེ་ཕོ་སྤྲེལ་ལོའི་མགོ་ཟླ་བའི་རྫོགས་པ་གསུམ་པའི་ཉིན་མོར་རིག་གསུམ་སྤྲུལ་པའི་ལྷ་ཁང་གི་ཉེར་འགྲམ་བྱང་གླིང་ནང་མའི་ཁང་བརྩེགས་གསུམ་པའི་ཐོགས་ནས་རྫོང་སར་ཁམས་བྱེའི་སློབ་དཔོན་མཎྜལ་བ་བློ་བཟང་རྒྱ་མཚོ་དེས་རྫོགས་པར་སྦྱར་བའོ།། སརྦ་མངྒ་ལཾ། དགེའོ། དགེའོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*