ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་སྤྱི་ལོ་ ༡༩༢༡ ལོར་སྡེ་དགེ་རི་མདའ་གེ་ཡག་ཏུ་ཡབ་འུག་ཆུང་བསོད་བསྟན་དང་། ཡུམ་ཡོ་རུའི་ཨ་ཡག་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཚེ་རིང་དུ་གསོལ། དགུང་ལོ་བཅོ་བརྒྱད་ཐོག་མདོ་སྲིབ་དགོན་དུ་ཞུགས། མཁན་པོ་བཟོད་པ་ལེགས་བཤད་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་ལས་སྤྱོད་འཇུག་དང་། དབུ་ཕར་སོགས་གསན། དེ་ནས་ངོར་ཨེ་ཝཾ་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན་ལས་བསྙེན་པར་རྫོགས།
ལམ་འབྲས་ཀྱི་ཆོས་སྐོར་ཡོངས་རྫོགས་གསན། མཁན་ཆེན་དབོན་སྟོད་མཁྱེན་རབ་དང་། སྐྱེ་རྒུ་དགོན་གྱི་མཁན་པོ་ཕྲིན་ལས་ཆོས་འཕེལ་སོགས་ལས་ཚད་མའི་སྐོར་གསན། དགུང་ལོ་ཉེར་གཉིས་པར་ཁམས་བྱེའི་བཤད་གྲྭར་ཕེབས། ལོ་བརྒྱད་རིང་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་སོགས་ལས་པོད་ཆེན་དྲུག་སོགས་གཞུང་ཆེན་ཁག་དང་། ཐུན་མོང་རིག་གནས་སྐོར་གསན་སྦྱངས་མཛད། བཤད་གྲྭའི་སྐྱོར་དཔོན་ལོ་ལྔ་མཛད། རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་དགུང་ལོ་ཉེར་གཉིས་ནས་སོ་ལྔའི་བར་བསྟེན། ས་དགེ་བཀའ་རྙིང་སོགས་རིས་མེད་ཀྱི་ཟབ་ཆོས་ཡོངས་རྫོགས་གསན། ༧སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་། ༧ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་སོགས་ལས་སྒྲུབ་ཐབས་ཀུན་བཏུས་དང་། རྒྱུད་སྡེ་ཀུན་བཏུས། ལམ་འབྲས་སོགས་གདམས་ངག་དུ་མ་གསན་ཏེ་ཉམས་བཞེས་མཛད། དགུང་ལོ་སུམ་ཅུ་ནས་སོ་ལྔའི་བར་མདོ་སྲིབ་དགོན་གྱི་མཁན་པོ་དང་། དགུང་ལོ་སོ་ལྔ་ནས་སོ་དགུ་བར་ཝ་ར་བཤད་གྲྭའི་མཁན་པོ་མཛད། དགུང་ལོ་སོ་དགུ་ནས་དྲུག་ཅུ་བར་བཙོན་དུ་ཚུད་དེ་སྐུ་ངལ་ཚད་མེད་བྱུང་ཡང་། སྤྱོད་འཇུག་དང་། འགྲོ་མགོན་ཆོས་འཕགས་ཀྱི་ལས་འབྲས་སྐོར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྟན་དོན་དུ་སྐུ་སྲོག་བཏང་བའི་དཀའ་སྤྱད་སོགས་ཐུགས་ཉམས་སུ་བཞེས་ཏེ་བཟོད་སྒོམ་ཁོ་ན་མཛད། གསང་སྟབས་ཀྱིས་ཆོས་འཆད་སྤེལ་གནང་བ་དང་། ཡིད་ངོར་བཟླས་བརྗོད་དང་ཉམས་ལེན་ཉིན་ལྟར་ཆག་མེད་གནང་། སྤྱི་ལོ་ ༡༩༨༠ ལོར་བཙོན་གྲོལ་ཐོབ། སྤྱི་ལོ་ ༡༩༨༢ལོར་མཁྱེན་བརྩེའི་ཡང་སྲིད་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གི་བཀའ་བཞིན་འཕགས་ཡུལ་དུ་བྱོན། སྤྱི་ལོ་ ༡༩༨༣ ལོར་བྱེས་ཀྱི་རྫོང་སར་བཤད་གྲྭ་འབྲས་ལྗོངས་སུ་དབུ་བཙུགས་ཏེ་འཆད་ཉན་སླར་གསོ་གནང་།
སྤྱི་ལོ་ ༡༩༨༥ ནས་ ༢༠༠༤ སྦིར་རྫོང་སར་བཤད་གྲྭ་སྐལ་བཟང་ཆོས་ཀྱི་དགའ་ཚལ་གྱི་མཁན་པོ་གནང་། ཉིན་རེར་ཆོས་ཐུན་ཉུང་མཐར་ལྔ་ལས་མི་ཉུང་ཞིང་། གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པའི་འཆད་ཉན་གྱི་རྒྱུན་བཙུགས། ལྷག་པར་ཚད་མ་རྣམ་འགྲེལ་དང་རྣམ་ངེས་སོགས་ལ་མཆན་འགྲེལ་མཛད་དེ་༸གོང་ས་བཅུ་བཞི་པ་ཆེན་པོ་སོགས་ལ་ཁྲིད་ལུང་གི་རྒྱུན་ཕུལ། སྤྱི་ལོ་ ༢༠༠༤ ལོར་ཅོན་ཏ་ར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གསར་བཞེངས་མཛད། གཞན་ཡང་ཐེ་ཝན་དང་། མ་ལའི་ཤེ་སོགས་ལ་ཆོས་ཚོགས་གསར་བཙུགས་དང་། ཞལ་སློབ་ཀྱང་མཁན་སློབ་ཐོན་པ་བརྒྱ་ཕྲག་དུ་མ་བྱོན། གསུང་རྩོམ་ཡང་རྣམ་ཐར་དང་། སྤྱོད་འཇུག་སོགས་གཞུང་ཆེན་ཁག་གི་འགྲེལ་པ་སོགས་པོད་ཆེན་བདུན་ལྷག་བཞུགས། དགུང་ལོ་ ༨༧ སྤྱི་ལོ་ ༢༠༠༨ ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་བདེ་བར་གཤེགས། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།