དུས་བཟང་གི་གོམས་སྲོལ།

དུས་བཟང་གི་གོམས་སྲོལ།

བོད་མི་རིགས་ལ་དུས་བཟང་ངམ་དུས་ཆེན་སྣ་ཚོགས་པ་ཞིག་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། བོད་ཡུལ་དུ་དུས་བཟང༤༠ ལྷག་ ཡོད་ལ། ལོ་གཅིག་གི་ཟླ་བ་བཅུ་གཉིས་ལ་ཕལ་ཆེར་དུས་ཆེན་ཡོད་པ་རེད། གཤམ་དུ་ལོ་འཁོར་གཅིག་རིང་གི་དུས་སྟོན་གནས་ཚུལ་ངོ་སྤྲོད་ཞུ་ན།

      བོད་ཟླ་དང་པོའི་ཚེས་གཅིག་ཉིན་བོད་ཀྱི་ལོ་གསར་ཞེས་ལོ་འཁོར་མོའི་དུས་སྟོན་ཆེ་ཤོས་སམ་རྒྱས་ཤོས་དེ་ཡིན་ཞིང་།  དབུས་གཙང་དང་ཁམས་ཕྱོགས་སུ་བོད་ལུགས་ལོ་སར་ལ་རོལ།  དེ་ཉིན་རྒྱུན་ལྡན་གྱི་ལས་མཚམས་བཞག་སྟེ་ཞོགས་པ་སྔ་མོ་ནས་ལངས་ཐོག ཆུ་ཕུད་ལེན་པ་དང་འབྲེལ་ཆུ་ཁར་ བསངས་གཏོང་བ་དང་། དེ་རྗེས་ཁྱིམ་དུ་གྲོ་ས་ཕྱེ་མ་རྒྱུགས་རྒྱུ་དང་གོ་རིམ་གྱི་ ཟས་སྦྱོར་སྤྱོད་རྒྱུའི་གྲབས་བྱེད་པ་སོགས་ལ་བྲེལ། དེར་རྒྱལ་པོའི་ལོ་གསར་ཡང་བྱའོ། །མདོ་སྨད་དུ་རྒྱ་རྩིས་ཀྱི་ལུགས་དང་བསྟུན་པའི་ལོ་སར་ལ་རོལ། དེ་ཡང་སྔོན་དུས་བོད་རྩིས་ཀྱི་ལོ་གསར་ལ་རོལ་བ་ཡིན་ཏེ།

རྒྱ་རྩིས་དང་ བསྟུན་པའི་ལོ་སར་བར་རྒྱ་ལོ་ཚེས་གཅིག་ཟེར་བས་ཤེས་ཐུབ་ཀྱང་།    ད་ལྟ་དམངས་ཁྲོད་དུ་རྒྱ་ལོ་དར་ཁྱབ་ཆེ། ཉེ་དུས་མདོ་སྨད་ཀྱི་གྲོང་ཁྱེར་དང་གྲོང་ རྡལ་ན་འཚོ་བའི་བོད་རིགས་རྣམས་ཀྱིས་བོད་ལུགས་ལོ་གསར་ལ་སླར་ཡང་རོལ་བར་བྱེད་དོ། །

      བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ལྷ་སར་སྨོན་ལམ་ཆེན་མོ་བཙུགས་ཤིང་། དེ་ནི་སྟོན་པ་ཤཱཀྱ་ཐུབ་པས་མུ་སྟེགས་སྟོན་པ་དྲུག་ཟླ་བ་འདིར་ཆོ་འཕྲུལ་བསྟན་ནས་བཏུལ་བ་དེར་གཞི་བཟུང་ནས། ཞྭ་སེར་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ༡༤༠༩ལོར་སྲོལ་བཏོད་པའི་ སངས་རྒྱས་ཤཱཀྱ་ཐུབ་པའི་ཆོ་འཕྲུལ་དུས་ཆེན་ཡིན།

     མདོ་སྨད་དུ་རྒྱ་ལོ་དང་པོའི་ཚེས༡༣ནས༡༥བར་མཛད་སྒོ་དེ་སྤེལ་བས་རྒྱ་ལོ་སྨོན་ལམ་ཡང་ཟེར། གཙང་ཕྱོགས་སུ་ལོ་གསར་བོད་ཟླ་བཅུ་གཉིས་པའི་ནང་གཏོང་བའང་ཡོད།

   བོད་ཟླ་དང་པོའི་ཚེས་གནམ་གང་ཉིན། གཞི་རྒྱ་ཆེ་བའི་ཚོགས་མཆོད་སེར་སྦྲེང་ཞེས་ལྷ་ས་ནས་རྩེ་ཕོ་བྲང་བར་དུ་མཆོད་རྫས་སྣ་ཚོགས་ ཐོགས་པའི་སེར་མོ་བ་སྦྲེང་ཚར་དུ་བསྒྲིགས་པའི་པའི་དུས་མཆོད་ཡིན།

བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་གསུམ་པའི་སྒྲུབ་མཆོད་བྱ་སྟེ།     དགེ་ལུགས་པའི་དགོན་སྡེ་ཁག་ཅིག་གིས་དུས་འཁོར་སྒྲུབ་མཆོད་བཙུགས་ ཤིང་། དཀྱིལ་འཁོར་བཞེངས་པ་དང་སྦྱིན་སྲེག་ལྡུག་པའི་སྲོལ་ཡོད།

བོད་ཟླ་བཞི་བའི་ཚེས་བརྒྱད་ལ་དམངས་ཁྲོད་དུ་བཞི་བའི་སྨྱུང་ གནས་སྲུང་བར་བྱེད་ཅིང་། ཁམས་དར་མདོའི་གདན་ཐོག་བསྐོར་པའི་དུས་ སྟོན་ཆེ་ཤོས་ཀྱང་དེ་དུས་བྱེད། བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་ པའི་དུས་ཆེན་གསུམ་འཛོམས་ཡིན་པར་འདོད་ལ། དེ་ཉིན་དབུས་སུ་མི་ རྣམས་རྫོང་རྒྱབ་ཀླུ་ཁང་དུ་འཛོམས་ནས་ཀོ་གྲུ་གཏོང་བ་དང་། གླུ་གར་ལྟད་མོར་རོལ་བ་སོགས་དགའ་

སྤྲོའི་ངང་ས་ག་ཟླ་བའི་དུས་ཆེན་ལ་རོལ་བ་ཡིན།

      གཞན་བཞི་བའི་བཅོ་ལྔ་ནི་འཛམ་གླིང་སྤྱི་བསངས་ཞེས་མཆོད་པ་ བཞིའི་ཡ་གྱལ་ཡིན་ཞིང་། དེར་ཚང་མས་གླིང་གཏོང་སྤྲོ་སྐྱིད་ལ་རོལ་ཞིང་།    ལྷག་པར་སྐུ་དྲག་དང་ཚོང་པ་ཆེ་ཁག་རྣམས་གླིང་ག་ཁག་ཏུ་ཕན་ཚུན་གསོལ་སྟོན་དུ་གདན་འདྲེན་ཞུ་རེས་སོགས་ཀྱི་སྤྲོ་སྐྱིད་ཟླ་གཅིག་ཙམ་གཏོང་བ་རེད།

      བོད་ཟླ་དྲུག་པའི་ཚེས་བཞི་ཉིན་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཡིན་ཞིང་། དེར་དགོན་

པར་མཆོད་འབུལ་དང་བསང་ ཁ་བསང་གསོལ་བྱེད་པར་སྐྱོད་པ་དང་། ཕྱི་དྲོ་གླིང་གའམ་སྔོ་སྡིངས་ལ་སོགས་ པའི་ས་སྐྱིད་སར་ཟ་འཐུང་གླུ་གར་སོགས་ལ་རོལ་ནས་དུས་འདའ་བར་བྱེད།

     བོད་ཟླ་བདུན་པའི་ཚེས་གཅིག་ནས་ཞོ་སྟོན་ཞེས་དབྱར་གྱི་དགའ་སྟོན་སླེབས་པ་ཡིན། དེར་དབུས་གཙང་གི་ལྷ་མོ་བ་རྣམས་ལྷ་སར་འཛོམས་ནས་ནོར་བུ་གླིང་གར་ལྷ་མོའི་གཞུང་རྣམ་ཐར་མང་པོ་འཁྲབ་སྟོན་བྱེད། དེའི་རིང་ལྷ་ས་པ་རྣམས་ནོར་གླིང་དུ་ལྷ་མོའི་འཁྲབ་སྟོན་ལ་ལྟ་བ་དང་། གླིང་གཏོང་སྤྲོ་སྐྱིད་སོགས་ཀྱི་དགའ་སྟོན་ལ་རོལ་བ་ཡིན།

བོད་ཟླ་བརྒྱད་པའི་ནང་དུ་འོང་སྐོར་རམ་ཆོས་སྐོར་རན་པ་ཡིན་ཞིང་། དེ་ནི་ལོ་ལེགས་ལེན་ཁའི་དུས་སྟོན་ཞིག་ཡིན་པས། རྒྱ་ཆེ་བའི་ཞིང་ཁུལ་དུ་རང་རང་གི་ཁྱད་ཆོས་ལྟར་དུས་སྟོན་རྒྱ་ཆེར་ཤོམ་སྲོལ་ཡོད།

    བོད་ཟླ་དགུ་བའི་ཚེས་ཉི་ཤུ་གཉིས་ཉིན་ནི་ལྷ་བབས་དུས་ཆེན་ཞེས་སྟོན་པ་ཤཱཀྱ་ཐུབ་པའི་དབང་པོ་སུམ་རྩེ་དབྱར་གནས་མཛད་དེ་ཕྱིར་འཛམ་ བུའི་གླིང་དུ་བབས་པའི་དུས་སྟོན་ཡིན་པས། ལྷ་བབས་དུས་ཆེན་བྱ་ལ།   མཆོད་མཇལ་དང་བསང་གསོལ། སྤྲོ་སྐྱིད་གཏོང་བ་རེད།

      བོད་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་དཔལ་ལྷའི་རི་ཁྲོད་ཅེས་ལྷ་ལྡན་གཙུག་ལག་ཁང་གི་དཔལ་ལྷ་དང་གྲིབ་རྫོང་གཉིས་ཞལ་འཛོམས་པའི་དུས་ སྟོན་ཡིན།  ཉིན་དེ་ནི་བུད་མེད་ཚོས་རང་ཉིད་ཀྱི་དུས་སྟོན་ལྟ་བུར་བརྩི་ སྲོལ་ཡོད།

བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ནི་དགེ་ལུགས་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ཉིན་མོ་ཡིན། དེར་བཅུ་བའི་ལྔ་མཆོད་ཞེས་བྱ་ སྟེ། དེའི་ནུབ་དགོན་པ་དང་ཁྱིམ་པ་གང་ཡིན་ཡང་མཆོད་མེ་རྒྱ་ཆེར་འབུལ་ སྲོལ་ཡོད།

བོད་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་ནི། དགུ་གཏོར་ཞེས་རྩེ་པོ་ཏ་ ལར་འཆམ་རྒྱག་པ་དང་། དགོན་ཁག་གཞན་དུའང་དེ་དང་འདྲ་བའི་བྱེད་སྒོ་སྤེལ་ཏེ་ལོ་གཅིག་གི་བགེགས་དང་བར་ཆད་སེལ་བའི་གཏོར་རྒྱག་ཆོ་ག་བསྒྲུབ་ལུགས་ཡོད།

       མདོར་ན། བོད་ཡུལ་གྱི་དུས་བཟང་ལ་རིགས་དུ་མ་ཕྱེ་རུང་སྟེ། མི་ སྐྱའི་དུས་ཆེན་དང་སེར་མོ་བའི་དུས་ཆེན། སྐྱ་སེར་ཐུན་མོང་གི་དུས་ཆེན་ བཅས་སོ། །དེ་ཡང་མི་སྐྱའི་དུས་ཆེན་ནི་བོད་ཀྱི་ལོ་གསར་དང་ཤིང་གླིང་། འོང་སྐོར། རྟ་རྒྱུགས་དུས་ཆེན་སོགས་དང་། སེར་མོ་པའི་དུས་ཆེན་ནི་སྨོན་ ལམ་ཆེན་མོ་དང་། ལྷ་བབས་དུས་ཆེན་སོགས་ཡིན་ལ།

སྐྱ་སེར་ཐུན་མོང་གི་ དུས་ཆེན་ནི་ས་ག་ཟླ་བའི་དུས་ཆེན་དང་། གོས་སྐུ་བཤམས་པའི་དུས་ཆེན། ཞོ་སྟོན་དུས་ཆེན་སོགས་སོ། །

ས་བཅད་གསུམ་པ། སྤྱི་ཚོགས་ཀྱི་གོམས་སྲོལ།

      མི་ནི་རང་བྱུང་གི་མི་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་མིའང་ཡིན་ པས། སྤྱི་ཚོགས་འཚོ་བ་རོལ་བར་སྤྱི་ཚོགས་དང་ཁ་བྲལ་ཐབས་མེད་དེ།   འཚོ་ཐབས་མེད་པས་སོ།   །དེ་བས་ཡུན་རིང་གི་སྤྱི་ཚོགས་འཚོ་བའི་ནང་གོམས་སྲོལ་མང་པོ་ཆགས་ཡོད།

དང་པོ།  གུས་ལུགས་ཆེ་བ།

      འཚོ་བ་དང་ཐོན་སྐྱེད་བྱ་རིམ་ནང་དུ་གུས་ལུགས་ཤིན་ཏུ་ཆེ་ལ། ཁྱད་པར་ཆོ་ག་སྣ་ཚོགས་སུ་ངེས་པར་དུ་བསྒྲུབ་པའི་ཆོ་ག་བསྒྲུབ་པ་ལས། གང་བྱུང་དུ་བྱ་བ་མི་བྱེད། རྒན་པ་དང་འགྲུལ་པར་ཞེ་ས་བཀོལ་བ་དང་།    བླ་སྤྲུལ་སོགས་གོང་རིམ་ལ་གུས་བཀུར་བྱས་ཏེ་དྲུང་དུ་གང་བྱུང་གི་བྱ་བ་མི་བྱེད་དོ། །

གཉིས་པ། མགྲོན་བསུ་ཆེ་བ།

      བོད་རིགས་ཀྱིས་མགྲོན་པོ་ནི་ཁྱིམ་གྱི་གཟི་བརྗིད་དུ་བརྩི་བས། མགྲོན་པོ་ཡོང་བ་མཐའ་དག་ལ་སྤྲོ་སེམས་ཀྱིས་སྣེ་ལེན་བྱེད་པ་སྟེ། དགྲ་བོ་ ཡིན་ཡང་མགྲོན་དུ་འོང་ན་སྣེ་ལེན་ཡག་པོ་བྱེད། ཁ་དཔེར་ཡང་དགྲ་ཁྱིམ་ ཡོང་མགོ་ལ་མར་བྱུགས་ཞེས་གྲགས་སོ། །

གསུམ་པ།  མི་ལ་རོགས་རམ་བྱེད་པར་དགའ་བ།

      བོད་ཡུལ་དུ་མི་ལ་རོགས་རམ་བྱེད་རྒྱུ་ནི་གོམས་སྲོལ་དུ་གྱུར་ཡོད་དེ། མི་ཞིག་ལ་དཀའ་ངལ་བྱུང་ཚེ་རོགས་རམ་བྱེད་པ་ཡིན། དཔེར་ན་གྲོང་སྡེ་ནང་ དུ་གྱང་བརྡུང་དུས་གྲོང་ཚོ་ཡོངས་ཀྱིས་རོགས་བྱེད་པ་དང་། ན་ཚ་བྱུང་ན་ ཚང་མས་རོགས་བྱེད་པ་བཞིན་ནོ། །

བཞི་བ།  སེམས་ཅན་ལ་བྱམས་བརྩེ་ཆེ་བ།

       བོད་ཀྱི་སྤྱི་ཚོགས་ནང་ཆོས་དར་བའི་སྟོབས་ཀྱིས་མི་རྣམས་ཀྱི་རྒྱུད་ལ་བྱམས་སྙིང་རྗེས་གཏམས་པས། སེམས་ཅན་འབུ་གྲོག་མ་ཙམ་ཡང་གང་ བྱུང་དུ་མི་གསོད་ལ། ར་ལུག་ནོར་སོགས་ཚེ་ཐར་གཏོང་བ་དང་། སྦྱིན་པ་ གཏོང་བའི་དཔེ་སོགས་མང་དུ་ཡོད་དོ། །

ལྔ་བ།  རྩི་ཤིང་སོགས་ཁོར་ཡུག་སྲུང་སྐྱོབ་བྱེད་པ།

       གངས་ལྗོངས་མཐོ་སྒང་དུ་ཡུན་རིང་གནས་པའི་བོད་རིགས་ལ་སྣོད་བཅུད་བཏང་སྙོམས་ཐད་ཐུན་མོང་མ་ཡིན་

པའི་འདུ་ཤེས་ཆགས་ནས་ཁོར་ ཡུག་སྲུང་བའི་གོམས་སྲོལ་བྱུང་ཡོད། དཔེར་ན་རི་རྒྱ་དང་ཀླུང་རྒྱ་བསྡམས་པ་ དང་།

རྩི་ཤིང་ལ་སྲུང་འདོགས་པ་ལྟ་བུའོ། །

དྲུག་པ།  རྩེད་འཇོ་དང་རྩལ་འགྲན་པར་དགའ་བ།

       བོད་རིགས་ལ་རྩེད་འཇོའི་རྣམ་གྲངས་མང་སྟེ། བྱིས་པར་མ་མ་སྦ་ རེས་དང་ཀུ་རུ་ཁྱུང་ལུང་སོགས་དང་། དར་མས་འགྱིག་འདེད་པ་སྟེ་མིག་ མངས་རྩེ་བ། ཀུ་རེ་རྩེ་བ་སོགས་ཡོད་ཅིང་། ཀུ་རེ་རྩེ་བ་ནི་བོད་ཀྱི་ཐུན་མོང་གི་ ཁྱད་ཆོས་ཤིག་སྟེ། བོད་རིགས་ཡོད་ས་སྤྲོ་བས་གང་ཡོད།  བོད་ལ་རྩལ་འགྲན་ཚུལ་མང་སྟེ། འཇུ་རེས་བྱེད་པ་དང་། ཐག་པ་ འཐེན་པ། རྒྱུག་རྩལ་འགྲན་པ་སོགས་སོ། །

བདུན་པ། བླ་མར་ལུང་བསྟན་ཞུ་བ་དང་མོ་རྩིས་ལྷ་འབེབས་པར་ གོམས་པ།

          ལེགས་ཉེས་ཀྱི་བླང་དོར་རང་གི་བླ་མར་ཞུ་བ་ནི་བོད་ཀྱི་ཁྱད་ཆོས་ཤིག་སྟེ། ཐ་ན་བྱ་བ་ཆུང་ངུ་ཞིག་གི་ཆེད་དུའང་བླ་མར་ལུང་བསྟན་ཞུ་བ་ཡིན། ཡང་ན། ལྷ་བ་དང་། མོ་བ། རྩིས་པ་རྣམས་ལ་རྔན་པ་བྱིན་ནས་ལྷ་འབེབས་པ་དང་མོ་འདེབས་པ། རྩིས་བྱེད་པ་བཅས་བྱེད་ལ། ལྷ་པར་ལྷ་འབེབས་པ་ནི་ མཐོ་རིམ་གྲྭ་བའི་ནང་དུའང་དར་ཤུགས་ཆེ་སྟེ། རྒྱལ་བ་དང་པཎ་ཆེན་ལ་སྐུ་ རྟེན་ཡོད་པས་མཚོན་ནོ། །མོ་ལ་མོ་ཡིག་སྣ་ཚོགས་དང་རྩིས་ལ་བག་རྩིས།   གཤིན་རྩིས། ཀེག་རྩིས་སོགས་མང་དུ་སྣང་།

བརྒྱད་པ། བསང་བསུར་དང་རིམ་གྲོ་སྒྲུབ་པར་གོམས་པ།

      བོད་ཀྱི་སྤྱི་ཚོགས་ནང་དུ་བསང་དང་བསུར་གཏོང་བ་ནི་ཆེས་རྒྱུན་དུ་མཐོང་བ་སྟེ། དེར་བསང་མཆོད་དང་བསུར་མཆོད་ཀྱི་ཆོ་ག་མང་ངོ་། །

       རིམ་གྲོ་ནི་བོད་ཀྱི་སྤྱི་ཚོགས་གོམས་སྲོལ་ཞིག་སྟེ། ན་ཚ་དང་དོན་ངན་བྱུང་བ། མི་ཞིག་ཚེ་ལས་འདས་པ་དང་དོན་ཆེན་འགྲུབ་པ་བཅས་ཀྱི་ ཆེད་དུའང་བསྒྲུབས་པ་རེད།

       དུས་རྒྱུན་དུ་མཐོང་བ་ནི་གཞི་བདེ་བའི་ཆེད་དུ་སྒྲོལ་མའི་མཎྜལ་ འབུལ་བ་དང་། བགེགས་བཟློག་པར་གདུགས་དཀར་གཏོར་ཟློག་འཕེན་པ། ནད་དྲག་པར་སྨན་བླའི་སྟོང་མཆོད་འདོན་པ་སོགས་སོ། །

དགུ་བ། འཛེམ་འཛི་མང་བ།

      བོད་ལ་འཛེམ་འཛི་མང་ཞིང་། དེ་ནི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་ གྲུབ་པས་ན། རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། སྲོག་གཅོད་པ་སྤོང་བ་ནི་ཆོས་ལུགས་མི་སྣའི་ཁྱད་ཆོས་ཞིག་སྟེ། བོད་ རིགས་ཀྱི་ཁྱིམ་པ་རྣམས་ཀྱིས་ཀྱང་དགོས་མེད་དུ་སེམས་ཅན་གྱི་སྲོག་གཅོད་ པ་སྤོང་ངོ་། །

      བླ་མའམ་དགེ་རྒན་ལ་འགལ་བ་ནི་མ་རུང་བ་ཞིག་ཡིན་པས་འཛེམ་འཛི་མཆོག་ཏུ་བྱེད། ཕ་མ་ལ་མ་གུས་པ་ནི་འཛེམ་འཛི་ཆེན་པོར་བརྩིས་པས་ ཕ་མ་ལ་གུས་ལུགས་ཆེ་ཞིང་མ་གུས་པ་སྤོང་ངོ་། །རྟ་དང་དྲེལ། བོང་བུ། ཁྱི། བྱི་ལ། ཕོ་རོག  འུག་པ་སོགས་སྲོག་ ཆགས་ཀྱི་ཤ་མི་བཟའ་བ་དང་། ཞྭ་སོགས་གྱོན་གོས་སྟེང་དུ་འགོམ་ཡུགས་མི་ བྱེད་། མི་གཞན་གྱི་མགོ་དང་ཕྲག་པ་སོགས་ལ་ལག་པ་འཇོག་པ་ནི་འཛེམ་ འཛི་ཡིན་པས་བྱ་མི་རུང་ངོ་། །

      མི་རྣམས་ལ་བླ་གཟའ་དང་གཤེད་གཟའ་ཡོད་པས། བླ་གཟའ་དར་ དུས་བྱ་བ་སྒྲུབ་པ་དང་། གཤེད་གཟའི་ཉིན་བྱ་བ་ཆེ་ཕྲ་ཆུང་གསུམ་མི་བྱེད་ པར་འཛེམས་པ་རེད། མི་ཚང་མར་ཀག་ལོ་ཡོད་ཅིང་དེར་བགེགས་བར་ཆད་ཆེ་བར་བརྩིས་ནས་བྱ་བ་དང་རང་སྲུང་ལ་འབད་པ་དང་།     དོགས་ཟོན་བྱས་ ཏེ་ཕྱག་མཆོད་འབུལ་བ་དང་ཀག་བཟློག་གི་ཞབས་བརྟན་རིམ་གྲོ་ལ་སོགས་ བྱེད། ད་དུང་ལ་ལས་ཀག་གོས་ཞེས་ཕྱུ་བ་སེར་པོའི་ཐོག་རྒྱབ་ཏུ་ཉི་ཟླ་བརྒྱབ་པ་གྱོན་

ནས་བགེགས་བར་ཆད་ཟློག་པར་བྱེད་དོ།   །ལོ་ཀག་ནི་རང་ལོ་བཅུ་གསུམ་པའི་ཀག་དང་རང་ལོ་ཉི་ཤུ་རྩ་ལྔའི་ཀག སུམ་ཅུ་སོ་བདུན་པའི་ ཀག  བཞི་བཅུ་ཞེ་དགུའི་ཀག   དྲུག་ཅུ་རེ་གཅིག་གི་ཀག་སོགས་ལོ་ འཁོར་བཅུ་གཉིས་རེའི་མཚམས་སུ་ཀག་ལོ་འཁེལ་ནས་བྱུང་ངོ་། །མི་མང་སར་ཕྱེན་གཏོང་བར་འཛེམས་པ་ཡིན་ཞིང་། སྔོན་ཆད་ཕྱེན་ཤོར་ནས་ཁ་སྐྱེངས་ཏེ་ རང་སྲོག་བཅད་པའི་ལོ་རྒྱུས་མང་། མགྲོན་པོ་དང་རྒན་པ་སོགས་ལ་ཇ་སོགས་ སྟེར་དུས་ལག་པ་ཡ་གཅིག་གིས་སྟེར་བ་འཛེམས་པར་བྱེད་དེ། ལག་པ་གཉིས་ ཀྱིས་ཇ་ཆང་སོགས་སྟེར་བ་གཙིགས་སུ་འཛིན་ནོ། །

གཞན་ཡང་། མི་གཞན་དང་མཉམ་དུ་འདུག་དུས་སྐྱིལ་ཀྲུང་བྱས་ ནས་འདུག་པ་ལས།  རྐང་ལག་བསྲིངས་ནས་མི་འདུག་པ་སོགས་འཛེམ་ འཛིའི་རིགས་ཤིན་ཏུ་མང་ངོ་། །

      ཕ་དང་མའི་གཉེན་ཚན་མི་རབས་བདུན་ཡས་མས་ནས་གཉེན་སྒྲིག་བྱེད་ཆོག་པ་ལས་གཞན་དུ་ན་འཛེམ་འཛི་བྱེད། དེའང་ཕའི་རིགས་ཀྱི་རྒྱུད་པ་ མ་མཐའ་ཡང་མི་རབས་བདུན་རྗེས་ནས་གཉེན་སྒྲིག་བྱས་ཆོག་པ་དང་། མའི་གཉེན་ཚན་དུ་གཏོགས་པ་ནི་ཉུང་མཐའ་མི་རབས་ལྔ་ནས་ཕན་ཚུན་གཉེན་ སྒྲིག་བྱས་ཆོག དེ་ལས་འགལ་བ་ནི་འཛེམ་འཛི་ཆེན་པོར་བྱེད། རྒྱུ་མཚན་གང་ ཞེ་ན། ཤ་རུས་ཀྱི་འབྲེལ་བ་རིང་ན། གཉེན་སྒྲིག་བྱས་པའི་བཟའ་ཟླ་གཉིས་ ཀྱིས་བསྐྱེད་པའི་བུ་ཕྲུག་གི་གཟུགས་པོ་བདེ་ཐང་དང་བློ་རིག་གསལ་བར་བརྩི། དེ་ནི་དེང་རབས་གསོ་རིག་གཞུང་ལུགས་ཀྱིས་བཤད་པ་དང་མཐུན་ནོ། །

     ཐུབ་བསྟན་བོད་དུ་མ་དར་བའི་གོང་རོལ་ནས་བོད་རིགས་ཀྱིས་འཛེམ་འཛི་དེ་དག་བྱས་ཡོད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*