ཀུན་མཁྱེན་གོ་རམས་པ་རྗེས་སུ་དྲན་པ།

 

ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་རྗེས་སུ་དྲན་པའི་གདུང་དབྱངས། 

རྒྱལ་བའི་བསྟན་པ་གངས་ཀྱི་རི་བོའི་རྒྱན། །བསོ༵ད་ན༵མས་ཡེ་ཤེས་ལུས་སྟོབས་རབ་རྒྱས་ཤིང་། །
འཆད་རྩོད་རྩོམ་པའི་ང་རོ་ཆེས་ཆེར་སྒྲོག །སྨྲ་བའི་སེ༵ང་གེ༵་སྙིང་གི་ཐིག་ལེར་བཞུགས། །
ཕན་བདེའི་འབྱུང་གནས་འཆི་མེད་བདུད་རྩི་ཡི། །རྩ་ལག་འདུལ་བ་དཀྲུགས་པའི་ཐུར་མ་བཅག །
སྙིང་པོ་སྦས་པའི་ངན་རྟོག་ཡོལ་བ་བསྲེགས །ཡང་སྙིང་སྒྲིབ་པའི་ལོག་སྨྲའི་མུན་པ་བསལ། །
རྒྱལ་བའི་དགོངས་པ་མ་དྲོས་བརྒྱད་ལྡན་མཚོ། །ཀླུ་ཐོགས་ཡུར་བར་དྲངས་པའི་ཁ་འབབ་ཀླུང་། །
མཐའ་བྲལ་འཛམ་བུའི་ཆུ་གསེར་དྲི་མེད་བཅས། །གང་ཐུགས་རིན་ཆེན་འབྱུང་གནས་ལྟོ་རུ་འཁྱིལ། །
ཐུགས་བརྩེའི་ཆུ་འཛིན་ཡིད་ཅན་མཁའ་རུ་འཁྲིགས། །ལེགས་བཤད་ཟེགས་མ་སྐལ་ལྡན་ཞིང་སར་ཕབ། །
སྔ་རབས་ལུགས་བཟང་ལོ་ཏོག་སྤེལ་བ་ལ། །གཅིག་ཏུ་བཀའ་དྲིན་ཆེ་བ་ཁྱེད་ཉིད་ཙམ། །
གང་བློའི་རྟ་བདུན་དབང་པོ་ཤར་མེད་ན། །རྒྱལ་བསྟན་པད་ཚལ་རྨ་མེད་རྒྱས་པ་དང་། །
བསྟན་འཛིན་བུང་བས་ལྷད་མེད་བཅུད་འཇིབ་སྟེ། །བཤད་སྒྲུབ་སྦྲང་རྩི་གཙང་མ་སྤེལ་མཁན་དཀོན། །
འདི་ན་སྐྱེ་རྒུའི་བདེ་སྐྱིད་མ་ལུས་པ། །བུར་རམ་ཤིང་པའི་བསྟན་པར་རག་ལས་པ། །
ལམ་ཙམ་གོ་བའི་ཤེས་ནས་དད་ཅན་ཞིག །མགོན་པོའི་བཀའ་དྲིན་དྲན་བཞིན་བསྟོད་དབྱངས་གྱེར། །
གཟི་བརྗིད་མཐའ་ཡས་ཀྱིས། རབ་གནས་མེ་བྱ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས ༢༡ ཀུན་མཁྱེན་ཆེན་པོའི་དགོངས་རྫོགས་ཉིན་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་ཞོར་བྲིས།
                                                                  ༼གཟི་བརྗིད་མཐའ་ཡས་ནི་རྒྱ་གར་རྫོང་གསར་བཤད་གྲྭའི་མཁན་པོ་ཆོས་དབྱིངས་རྡོ་རྗེ་ཡིན། རྩོམ་སྒྲིག་པའི་མཆན།༽
About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*