ཁྱབ་བདག་རྣལ་འབྱོར་བ་ཆེན་པོ།

 

ཁྱབ་བདག་རྣལ་འབྱོར་བ་ཆེན་པོ།

རྩོམ་པ་པོ། སྨར་འཐོར་རླུང་།

   ཀྭ༵་ཡེ་ཡ་གི་འཁོར་འདས་དབྱེར་མེད་ཀྱི་ཀློང་ན། །

   ཁ༵་སྦྱོར་ཡན་ལག་ཀུན་རྫོགས་རིགས་ཀུན་གྱི་ཡབ་གཅིག །

   ག༵་པུར་འཛིན་པའི་ཚོགས་ཀྱི་སྤྲུལ་སྐུ་དེ་མཁྱེན་ན། །

   ང༵་འཛིན་རྩ་ནས་གཅོད་པའི་དངོས་གྲུབ་ཅིག་ཞུ་འོ། །

   ཅ༵་ལག་ཅ་ག་བྱེད་པའི་ངལ་བ་ཡང་མ་གནང་། །

   ཆ༵་མཐུན་གྲོགས་དང་མཉམ་དུ་གྲོང་ཆོག་ཀྱང་མ་ཕེབས། །

   ཇ༵་ཡུན་ཙམ་ཡང་མཉམ་རྗེས་ཐ་དད་ཏུ་མ་མཛད། །

   ཉ༵་གེ་ཉོག་གེ་གནང་བ་ངེད་ཅག་གིས་མ་མཇལ། །

   ཏ༵་ཟིག་ལ་སོགས་ཡུལ་གྲུ་འདྲ་མིན་ལ་ཉུལ་ཏེ། །

   ཐ༵་སྙད་ཙག་ཙིག་ཅིག་ལ་རྩོད་པ་དེ་སྤངས་ནས། །

   ད༵་ལྟ་ཉིད་དུ་མཁོ་བའི་དམ་ཆོས་ཀྱི་སྙིང་པོ། །

   ན༵་ནིང་ཞིག་ནས་ཁྱེད་ཀྱི་ཉམས་ལེན་ཏུ་མཛད་འདུག །

   པ༵་ལོ་བྲེགས་པ་ཙམ་གྱི་ཆོས་པ་ཞིག་མིན་པས། །

   ཕ༵་ཆོས་ཆེ་བ་བཅུ་གཅིག་ཅན་དེ་ལ་བརྩོན་ཏེ། །

   བ༵་གམ་བརྩེགས་ཐོག་དོར་བའི་དབེན་པ་ཡི་རི་ནས། །

   མ༵་གྱུར་འགྲོ་བའི་མགོན་པོའི་གོ་འཕང་ལ་བསྙེགས་སོང་། །

   ཙ༵་གེ་ཙོ་གེ་བྱ་བས་ཉི་མ་ཡང་མ་བརྫད། །

   ཚ་གི་ཚི་གི་གཏམ་གྱིས་དུས་ཚོད་ཀྱང་མ་འཛད། །

   ཛ༵་རེ་ཛོ་རེ་སྤྱོད་པས་འཇིག་རྟེན་གཅིག་མ་བསླུས། །

   ཝ༵་ལེ་ཡིད་ལ་འཆར་བའི་རྣལ་འབྱོར་གྱི་དབང་ཕྱུག །

   ཞྭ༵་མོ་རྫིག་པོ་བཙེམསཔའི་རྣམ་ཐར་ཡང་མ་བཞེངས། །

   ཟ༵་འོག་མཐུག་པོ་མནབས་པའི་སྐུ་པར་ཞིག་མ་མཇལ། །

   འ༵་ཆད་འུ་ཐུག་བྱུང་ཡང་ལམ་འབྲས་ཀྱི་ཉམས་ལེན། །

   ཡ༵་ལེ་ཡོ་ལེ་བྱས་པའི་ཉེས་པ་ཡང་མ་བསགས། །

   ར༵་ལང་ཆ་ལང་གནང་ནས་བསྟན་པ་ཡང་མ་བསྲུངས་། །

   ལ༵་ལུང་གཏམ་གྱིས་སློབ་མའི་རྒྱུ་ནོར་གཅིག་མ་བླངས། །

   ཤ༵་ཆང་སྤྱད་ནས་ཚོགས་འཁོར་ཡིན་རབས་ཀྱང་མ་གསུངས། །

   ས༵་དཀར་རྒྱལ་བའི་རིང་ལུགས་ཁྱེད་ཁོ་ནས་བཟུང་སོང་། །

   ཧ༵་ཅང་སྙན་པོ་མིན་ཡང་རྫུན་གཏམ་ནི་མ་ཡིན། །

   ཨ༵་རེད་མི་རེད་འབྲེལ་ཡོད་ཚང་མར་དྲིས་ཤིག །

   ཧ༵་བེ་ཧོ་བེ་བྱས་ནས་བྲིས་པ་ཞིག་ཡིན་མོད། །

   ཨ༵་ཀྱོག་པ་ཀྱོག་དེ་འདྲ་རྩ་ནས་རང་བྲིས་མེད། །

 

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*