ཀུན་མཁྱེན་གོ་རམས་པར་བསྔགས་པ་སྙན་བརྗིད་ལྷ་ཡི་རོལ་མོ།།
རྩོམ་པ་པོ། སྟག་ལྗོངས་འཆི་མེད།
ཟབ་གསང་བརྗོད་བྲལ་དོན་གྱི་འབྲས་བུ་གང་གི་ཐུགས་ཀྱི་མཚོ་མོར་འཁྱིལ།།
རབ་མཛེས་སྐུ་ཡི་འོད་སྟོང་བདག་པོ་མི་འཇེད་ཁམས་འདིར་མངོན་པར་གསལ།།
གྲགས་སྟོང་དྲུག་འགྱུར་ཆོས་ཀུན་སྟོན་པའི་གསུང་དབྱངས་རྡོ་རྗེའི་རྔ་བོ་ཆེ།།
གྲངས་མེད་མཁས་པའི་རྣ་བར་འཇོ་མཁས་གོ་རམས་མཚན་ཅན་ཕྱག་གི་ཡུལ།
མ་སྐུལ་དུས་ཀྱི་གོམ་ཁ་ལྷོད་པོ་དལ་གྱིས་བཞུད་པའི་འགྲོས་དང་ལྷན།།
བསིལ་ལྡན་ཁ་བའི་བླ་སྲོག་ངོ་མ་དབྱངས་གསལ་སོ་བཞིའི་གངས་ཆབ་དེ།།
ལྗགས་ཀྱི་དབང་པོས་མྱོང་བ་ཙམ་གྱིས་བསམ་བྱུང་ཤེས་རབ་ལོ་འདབ་གྲོལ།།
གཞོན་ནུ་ལོ་དྲུག་བྱིས་པའི་དུས་ནས་རབ་འབྱམས་པ་ཞེས་མཚན་སྙན་བཞེས།།
དེ་ཚེ་ཕུན་ཚོགས་དཔལ་གྱིས་བལྟམས་པའི་སྨར་ཡུལ་ནོར་འཛིན་སྒེག་མོ་སྟེ།།
འདོད་རྒུའི་རིན་ཆེན་གཏེར་གྱིས་ཕྱུག་ཀྱང་བདག་གིར་འཛིན་པའི་རེ་བ་སྤངས།།
དེད་དཔོན་མཁས་པ་རྒྱ་མཚོའི་ངོས་སུ་སྣ་ཚོགས་ཐབས་ཀྱིས་འཇུག་པ་ལྟར།།
དབུས་གཙང་དམ་ཆོས་ནོར་བུའི་གླིང་དུ་ཞབས་ཟུང་རེ་ཁཱ་མངོན་པར་བཀོད།།
བཅུ་ཕྲག་རིག་པའི་འབྱུང་གནས་ཆེན་པོ་འཕན་ཡུལ་ལྗོན་གྱི་དབང་པོ་རུ།།
ལྗོངས་འདིར་ཐུབ་དབང་གཉིས་པར་གྲགས་པའི་རོང་སྟོན་ཤཱཀྱིའི་མཚན་ཅན་གྱི།།
གཟི་བརྗིད་འབུམ་ལྡན་ཞལ་གྱི་དཀྱིལ་འཁོར་སྣང་བྱེད་དབང་པོ་མཇལ་བ་ན།།
ལུས་ཀྱི་འཁྲི་ཤིང་ས་རུ་ཕབ་སྟེ་དད་པའི་ལྷ་ཕྱག་གྲངས་མེད་བརྩེགས།།
དེ་སོགས་བརྒྱ་ཕྲག་མཁས་པའི་ཚོགས་སུ་དང་པོ་གནས་ལ་ལེགས་པར་བསླབས།།
བར་དུ་འཆད་རྩོད་རྩོམ་པའི་སྒྲ་དབྱངས་ཕྱོགས་ཀྱི་བུ་མོའི་རྣ་བར་བརྒལ།།
མཐའ་མར་སྒྲིབ་བྲལ་ཆོས་ཀྱི་སྐུ་ཡི་གོ་འཕང་མངོན་དུ་བྱས་པའི་ཚེ།།
གནད་མེད་ཚིག་སྐམ་ཁ་ལ་བྱང་བའི་མཁས་རློམ་ཡིད་ཀྱི་དྲེགས་པ་བཅོམ།།
ཐོས་པས་མྱོས་པའི་བློ་གསལ་ཚོགས་ལ་ལེགས་བཤད་ལྷ་ཡི་བདུད་རྩི་བྱིན།།
སྐལ་ལྡན་སྣོད་རུང་སློབ་མ་དག་ལ་རིམ་གཉིས་ལམ་གྱི་སྒོ་འཕར་ཕྱེ།།
ལྔ་ཟུང་རིག་པའི་སྦྲང་ཆར་ཟེགས་མ་ལྗོངས་འདིའི་ཞིང་སར་འཐོར་བ་ན།།
མཁས་མིང་འཛིན་པའི་སྐྱེ་བུ་འགའ་ཞིག་བར་སྐབས་ལྐུགས་པའི་ངང་ཚུལ་བསྐྱངས།།
རྣམ་དཔྱོད་རིགས་པའི་ཐོག་མདའ་ཞིག་གིས་རྒོལ་ངན་ཝ་ཚོགས་མཐལ་ལ་སྤྱུགས།།
བརྩེ་ཆེན་རྒྱལ་བསྟན་རིང་དུ་གནས་ཕྱིར་བཤད་སྒྲུབ་ལས་ཀྱི་བྱ་བ་རྩོམ།།
འཁྲུལ་ཟད་གོང་མའི་བཞེད་དགོངས་མ་ལུས་ཁྱེད་ཀྱི་ཐུགས་མཚོར་བལྟམས་པས་ན།།
ཀུན་མཁྱེད་གཉིས་པ་ཨེ་ཝཾ་པ་ཡི་རྒྱལ་སར་བསྙེག་ལ་ངལ་མེད་གྱུར།།
ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ལ་སོགས་འཕགས་ཡུལ་སྐྱེས་ཆེན་ཚོགས་རྣམས་དང་།།
གངས་ལྗོངས་མཁས་མང་བྱེ་བའི་གཙུག་ཏུ་ཀུན་དགའ་རྒྱལ་མཚན་མཛེས་ན་ཡང་།།
རླབས་ཆེན་བསྟན་འགྲོའི་ཕན་བདེ་སྒྲུབ་ལ་བརྩོན་པར་མཛད་པའི་རྣམ་ཐར་ལ།།
ཟུར་ཕུད་ལྔ་པའི་སྤྱན་ཟུང་གིས་ཀྱང་ཁྱད་པ་ཅི་ཞིག་གཟིགས་མི་འགྱུར།།
གང་གི་ཐུགས་རྗེ་ཐབས་ཀྱིས་བསྩལ་བའི་ལེགས་བཤད་ལྷ་ཡི་དྲི་བསུང་དེ།།
སྔོན་བསགས་བསོད་ནམས་རླུང་གིས་སྐུལ་འདིས་ཚ་བས་གདུང་ཞིང་ཉེན་པ་ན།།
ཡིད་ཀྱི་འཛིན་མར་ཕབ་པ་ཙམ་གྱིས་ངལ་དུབ་གཉིད་ལས་སངས་གྱུར་ཏེ།།
སྙན་ཚིག་མཚོན་གྱི་རྣམ་པར་བཀྲ་བའི་བསྟོད་དབྱངས་མཆོད་པའི་མེ་ཏོག་འཐོར།།
དེ་ལྟའི་རང་བློ་ཆུ་འཛིན་འཁྲུགས་པའི་གདེངས་ཀ་ལྷ་ལམ་ཡངས་པ་ནས།།
བསྟོད་ཚིག་སྦྲང་ཆར་སྙོམ་པོར་བབས་པས་ཡིད་ཀྱི་འཛིན་མ་བརླན་པ་དང་།།
ཟག་མེད་ཆོས་སྐུའི་ཞིང་སར་བསྙེག་པའི་མྱུ་གུའི་ལང་ཚོ་རྒྱས་འགྱུར་ཏེ།།
འགྲོ་རྣམས་བདེ་དགེའི་དཔལ་ལ་འགོད་པའི་བྱམས་པའི་གོ་ཆ་འཐོབ་པར་ཤོག །
ཅེས་པ་འདི་ནི་བྱང་ཕྱོགས་ཁ་བ་ཅན་པའི་བསྟན་འཛིན་ཀུན་གྱི་རྒྱན་གཅིག་པུར་གྱུར་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེང་གེའི་ཞབས་ལ་དད་པ་ཅན་སྟག་ལྗོངས་འཆི་མེད་དུ་འབོད་པས་བྲིས།།
Leave a Reply