མཁན་ཆེན་སྐལ་ལྡན་ཚེ་རིང་མཆོག་གིས་བཀའ་སློབ་དེང་གི་སྒྲོན་མེ།

༄༅། །མཁན་ཆེན་སྐལ་ལྡན་ཚེ་རིང་མཆོག་གིས་ས་ཟླའི་ཚེས་བཅོ་ལྔར་སྐྱ་སེར་རྣམས་ལ་གནང་བའི་བཀའ་སློབ་དེང་གི་སྒྲོན་མེ།

ཚང་མས་དགེ་སྒྲུབ་སྡིག་ཅསྤོང་བྱེད་པ་ལ་རྗེས་སུ་ཡི་རང་བའི་སྒོ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་རིང་དུས་ཁྱད་པར་ཅན་ས་ཟླ་བའི་ཚེས་བཅོ་ལྔ་རེད། དེ་ཡང་ས་ག་ཟླ་བའི་ཚེས་བདུན་ཉིན་སྟོན་པ་སྐུ་བལྟམས་པའི་དུས་ཆེན། དེ་རིང་ཚེས་བཅོ་ལྔ་ཉིན་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་དུས་ཆེན་རེད། ཡང་ལུགས་གཅིག་ལ་དེ་རིང་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སྟོན་པ་ལྷུམས་སུ་ཞུགས་པ། སངས་རྒྱས་པ། མྱ་ངན་ལས་འདས་པ་སྟེ། དུས་ཆེན་སུམ་འཛོམས་རེད། གང་ཡིན་ཡང་ཟླ་བ་རྣམས་ལས་ས་ག་ཟླ་བ་འདི་དུས་ཆེན་སུམ་འཛོམས་ཀྱི་ཟླ་བའམ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཟླ་བ་ཁྱད་པར་ཅན་ཞིག་རེད། སྤྱིར་དགེ་སྒྲུབ་སྡིག་སྤོང་བྱེད་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རེད། ཁྱད་པར་དུ་དུས་ཆེན་འདི་དག་གི་སྐབས་སུ་དགེ་སྒྲུབ་སྡིག་སྤོང་བྱེད་ན་དུས་རྒྱུན་དག྄ེ་སྒྲུབ་བྱེད་པ་ལས་ཀྱང་ཕན་ཡོན་ཆེ་རེད། དེ་ཡིན་དུས་དུས་ཆེན་འདི་དག་གི་སྐབས་སུ་འབུ་སོགས་མི་རྐོ་བ་དགེ་སྒྲུབ་སྡིག་སྤོང་བྱེད་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་རིང་ཉིན་གཅིག་ལ་དགེ་འདུན་མང་བས་རྣམ་རྒྱལ་སྟོང་མཆོད་འཚོགས་ཏེ་བུམ་སྒྲུབ་ཀྱང་བྱས་པ་ཡིན་པས། ཁྱེད་རང་རྣམས་ལ་རྣམ་རྒྱལ་ཁྲུས་བྱ་བ་ལ་ཕན་ཡོན་དང་བྱིན་རླབས་ཡོད་པ་བཤད་མ་དགོས་པ་རེད། དེ་རིང་ཁྱེད་རྣམས་ལ་རྣམ་རྒྱལ་ཁྲུས་དང་སྨན་བླ་མཆོད་བརྒྱད་ཀྱི་དབང་ཞིག་བསྐུར་རྒྱུར་ཡིན། སྨན་ལྷའི་དབང་འདིས་ཁྱད་པར་དུ་ད་ལྟའི་དུས་སུ་ནད་ཡམས་ཤིན་ཏུ་མང་པོ་ཡོད་པ་དེ་ཚོ་ལ་ཤིན་ཏུ་ཕན་པ་རེད། དེའི་དབང་གིས་སྨན་ལྷ་མཆོད་བརྒྱད་ཀྱི་དབང་འདི་བསྐུར་བ་ཡིན། དེ་ཡིན་དུས་ད་ཁྲུས་དང་དབང་བསྐུར་བྱ་རྒྱུར་ཡིན། ཚང་མས་ཁ་གཡེང་མིག་གཡེང་སོགས་མི་བྱེད་པར་དབང་བཤད་ཡག་མོ་ཉོན། འོ་་་་་་་། དེ་དག་གིས་ཁྲུས་དང་དབང་བྱས་ཟིན་པར་རེད། དེའི་འོག་ཏུ་ད་དོན་ཚན་བཞི་ཞིག་བཤད་རྒྱུར་ཡོད། 

དོན་ཚན་དང་པོར།  ཆོས་བཤད་ཟེར་ན་འདྲ། སློབ་གསོ་ཟེར་ན་ཡང་ཆོག་རེད། ཚང་མས་ཡག་མོ་ཉོན། དོན་ཚན་དང་པོ་སློབ་སྦྱོང་གི་སྐོར་འདི་ཡིན། ཐོག་མར་སློབ་སྦྱོང་གི་རྨང་གཞི་ཡག་པོ་ཞིག་ཡོད་དགོས་རེད། སློབ་སྦྱོང་གི་རྨང་གཞི་ནི་སྐད་དང་ཡི་གེ་འདི་རེད་ལ། སྐད་དང་ཡི་གེ་ཡག་པོ་ཞིག་མེད་ན་ད་ལྟ་དང་མ་འོངས་པ་ལ་ང་ཚོའི་མི་རིགས་འདི་འཛམ་གླིང་མིའི་གྲལ་དུ་མི་འཚུད་པའི་ཉེན་ཁ་ཏན་ཏན་ཡོད་རེད། དེ་ཡིན་དུས་ང་ཚོ་ཚང་མས་སྐད་དང་ཡི་གེ་ལ་དག་སྣང་། གཅེས་སྤྲས། སློབ་སྦྱོང་། ལག་ལེན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་དང་རྩ་ཆེན་རེད། དེ་ཡང་ཐོག་མར་གལ་ཆེ་བ་ཞིག་ནི། ཕ་མ་དག་གིས་བུ་རྒྱུད་རྣམས་སློབ་གྲྭར་གཏོང་བའམ་མངག་པ་འདི་རེད། དེ་མིན་སློབ་གྲྭར་མི་མངག་པར་ལས་ཀ་དང་དབྱར་འབུ་སོགས་ལ་མགོ་འཁོར་དེ་བསྡད་དུ་བཅུག་ན་བུ་རྒྱུད་ཀྱི་མདུན་ལམ་བརླགས་ཟིན་པ་མ་ཟད། ད་ལྟ་དང་མ་འོངས་པ་ལ་མི་རིགས་གཞན་གྱི་གཡོག་པོ་ཁོ་ནར་འགྱུར་བར་རེད། མདོར་ན་ཟོག་ལྟ་བུ་ཞིག་ཆགས་པར་རེད། དེ་ཡིན་དུས་བུ་བུ་མོ་རྣམས་སློབ་གྲྭར་མངག་པ་ཤིན་ཏུ་གལ་ཆེན་པོ་རེད། ཐོག་མར་སློབ་གྲྭར་མངག་པ་དེ་ཡང་སློབ་གྲྭ་ལ་ཡང་ཆུང་འབྲིང་ཆེ་གསུམ་སོགས་མང་པོ་ཡོད་པའི་ནང་ནས་ཐོག་མར་སློབ་གྲྭ་ཆུང་བ་མངག་དུས་རང་རང་གི་ས་གནས་ཀྱི་སློབ་གྲྭར་མངག་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཞིག་རིག་བསམ་གིན་འདུག ། གང་ཡིན་ཟེར་ན་དཔེར་ན་དེང་སང་བུ་བུ་མོ་ཆུང་དུས་ནས་རྒྱ་ནག་སོགས་ས་ཆེན་པོའི་སློབ་གྲྭར་མངགས་པ་དེ་ཚོ་ལ་གཅིག་ལྟོས་དང་རྒྱ་ཡིག་རྒྱ་སྐད་ཅུང་ཙམ་ཤེས་ཀྱང་བོད་མི་རིགས་རང་གི་སྐད་དང་ཡི་གེ་གཏན་ནས་ཤེས་ཀྱིན་མི་འདུག ། མི་དགོས་རྒྱུར་གོམས་གཤིས་ངན་པ། བྱ་བྱེད་ངན་པ་མང་པོ་ཞིག་ཤེས་ཏེ་རྒྱ་མིན་བོད་མིན་ཞིག་ཆགས་འདུག ། མ་ཟད་བོད་མི་རིགས་རང་གི་ལུགས་སྲོལ་གོམས་གཤིས་སྐད་ཡི་གེ་སོགས་ཐམས་ཅད་བརླགས་ཚར་བར་རེད། དེ་འདྲ་ཡིན་དུས་རང་ཉིད་མི་ཞིག་ཡིན་ན་མི་རིགས་གཞན་དག་གི་མདུན་དུ་ཤིན་ཏུ་ངོ་ཚ་དགོས་པ་མ་ཟད། གཞན་གྱིས་ཁྲེལ་ཡང་བརྒྱབ་འོང་བར་རེད། དེ་འདྲ་ཡིན་དུས་བུ་བུ་མོ་ཆུང་ཆུང་དུས་སུ་རང་རང་གི་ས་གནས་ཀྱི་སློབ་གྲྭར་མངག་ན་བོད་མི་རིགས་རང་གི་སྐད་དང་ཡི་གེ་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་མ་ཟད། གོ་རིམ་ཡོད་པ། ཁྱབ་གཞི་ཡོད་པ། ཚུལ་དང་མཐུན་པ་སོགས་ཀྱི་དགེ་མཚན་མང་པོ་ཡོད་པ་རེད། དེ་ནས་རིམ་བཞིན་སློབ་གྲྭར་འབྲིང་བ་ཆེ་བ་སོགས་ལ་མངག་ན་ཡག་པོ་ཡོད་པར་མ་ཟད། ཕན་ཐོགས་ཤིན་ཏུ་ཆེ་བས་མངག་དགོས་པའང་རེད། དེ་ཡང་དགེ་སློབ་རྣམས་ཀྱིས་ཀྱང་གཙོ་བོ་བོད་རང་གི་སྐད་དང་ཡི་གེ་ལ་འཁྲིད་སྦྱོང་བྱེད་པ་ཧ་ཅང་གལ་ཆེ་བ་ཞིག་རེད། རྒྱུ་མཚན་གོང་དུ་བཤད་པ་ལས་ཤེས་ཐུབ། བོད་རང་གི་སྐད་དང་ཡི་གེ་ཡག་པོ་ཤེས་པའི་སྟེང་དུ་མི་རིགས་གཞན་གྱི་སྐད་དང་ཡི་གེ་སྦྱོང་བའང་དགེ་མཚན་ཡིན་པས། རྒྱ་ཡིག་དབྱིན་ཡིག་སོགས་ལའང་སློབ་སྦྱོང་བྱེད་དེ་ཤེས་བཅུག་པ་ཤིན་ཏུ་གལ་ཆེན་པོ་རེད། མི་རིགས་གཞན་གྱི་སྐད་རིགས་ལ་གོམས་པའི་ཕྱིར་དུ་སློབ་གྲྭ་དང་མི་རིགས་གཞན་ལ་རྒྱ་སྐད་དབྱིན་སྐད་ལབ་ན་དགེ་མཚན་ཡིན་པས་སྐྱོན་ཡོད་མ་རེད། འོན་ཀྱང་མི་རིགས་རང་ལ་བོད་སྐད་གཙང་མ་བཤད་པ་དང་ལབ་པ་ནི་ཧ་ཅང་ཡག་མོ་དང་དགེ་མཚན་རེད་མ་གཏོགས་རྒྱ་སྐད་སོགས་བཤད་པ་དང་ལབ་པ་བྱེད་ན་ཧ་ཅང་སྡུག་པོ་རེད། དཔེར་ན་འགའ་ཞིག་གིས་རང་རང་གི་ཁྱིམ་དུའང་བོད་སྐད་མི་བཤད་ནས་རྒྱ་སྐད་རྐྱང་རྐྱང་བཤད་པར་མ་ཟད། རང་གི་བུ་བུ་མོ་རྣམས་ལའང་རྒྱ་སྐད་ཁོ་ན་བཤད་དུ་བཅུག ། དེ་ཡང་རྒྱ་སྐད་ཀྱང་དག་མོ་རྒྱག་མི་ཤེས་པ་རྒྱ་སྐད་བོད་སྐད་བསྲེས་མ་ཞིག་རྒྱག་ཤེས་པར་རེད། ད་དེ་འདྲ་བྱེད་ན་ཕན་ཐོགས་མེད་པའི་ཁར། བོད་མི་རིགས་རང་གི་སྐད་དང་ཡི་གེ་ལ་ཞབས་འདྲེན་དངོས་གནས་རེད། རང་གི་ཕ་མེས་དང་ཕ་མ་དག་གིས་བཞག་ཟིན་པའི་སྐད་དང་ཡི་གེ་དེ་དག །ད་རང་གི་ཚེ་ལ་བརླག་ན་ཤ་དང་རུས་པ་ཞིག་ཡོད་ན་ངོ་ཚ་རྒྱུར་རེད། མི་རིགས་གཞན་གྱིས་ཀྱང་ཁྲེལ་དགོད་བྱེད་ཀྱིན་རེད། དེ་ཡིན་དུས་དེ་འདྲ་རྩ་བ་ནས་མི་བྱེད་པར་བོད་སྐད་གཙང་མ་བཤད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཡང་སློབ་སྦྱོང་བྱེད་པ་དེ་ཡང་ལོ་ན་ཆུང་ཆུང་རྐྱང་རྐྱང་ཁོ་ནས་བྱེད་དགོས་པའང་གཏན་ནས་མ་རེད། ལོ་ན་ཆེ་བ་རྣམས་ཀྱིས། ད་ང་ནི་རྒས་ཚར་བ་རེད་ཡི་གེ་སོགས་ཤེས་མ་རེད། མི་རྒན་རྟ་རྒན་ལ་སྦྱོང་བརྡ་སྤྲོད་རྒྱུ་ཡོད་མ་རེད་ཟེར་མི་ཉན། ལོ་ན་ཆེ་ཡང་སྐད་ཡིག་ལ་སློབ་སྦྱོང་བྱེད་ན་ཤེས་ལེ་རེད། ཡ་མཚན་དང་དགེ་མཚན་རེད། ས་སྐྱ་པཎྜིཏས། རིག་པ་ནངས་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པ་མ་གྱུར་ཀྱང་།།སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པར་འདྲ།། ཞེས་གསུངས་ཡོད་པ་རེད། དེ་ཡིན་དུས་རྒན་གཞོན་ཚང་མས་སྐད་དང་ཡི་གེ་སློབ་སྦྱོང་དང་ལག་ལེན་བྱེད་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་དག་གིས་དོན་ཚན་དང་པོ་མདོར་བསྡུས་ཤིག་བཤད་ཟིན།

དོན་ཚན་གཉིས་པ།  ལག་རྩལ་དང་ཤེས་ཡོན་གྱི་སྐོར་འདི་ཡིན། ང་ཚོ་བོད་མི་རིགས་ལ་སྔོན་ནས་ཡོད་པའི་ལག་རྩལ་རྡོ་བཟོ། ཤིང་བཟོ། མཁར་བཟོ། མགར་བཟོ། ཁང་བཟོ། རྟེན་བཟོ། སྨན་བཟོ་སོགས་མང་པོ་ཡོད་པ་དེ་རྣམས་མི་ཉམས་གོང་སྤེལ། ཉམས་པར་སོ་ཆུད་བྱེད་པ་གལ་ཆེ་བར་མ་ཟད། དེ་ཚོ་མི་ཤེས་མི་ཚང་མས་དེ་དག་ལ་སློབ་སྦྱོང་བྱ་རྒྱུར་ཧ་ཅང་གལ་ཆེན་པོར་རེད། དེ་མ་ཟད་དེང་རབས་ཀྱི་ལག་རྩལ་དང་ཤེས་ཡོན་ཡང་དུས་དང་བསྟུན་ཏེ་སྦྱོང་རྒྱུ་ཧ་ཅང་གལ་ཆེན་དང་། རྩ་ཆེན་རེད། ཕྱི་རྒྱལ་སོགས་སུ་འགྲོ་དུས་ཀྱང་དེང་རབས་ཀྱི་ལག་རྩལ་དང་ཤེས་ཡོན་སྦྱོང་རྒྱུ་དེ་གལ་ཆེན་ནང་གི་གལ་ཆེན་རེད། གལ་ཏེ་ལག་རྩལ་དང་ཤེས་ཡོན་མི་སྦྱོང་བར་ལས་ཀ་ལས། དབྱར་འབུ་རྐྱང་རྐྱང་རྐོ་སྟེ་བསྡད་ན་ང་ཚོའི་མི་རིགས་འདི་བརླག་པའི་ཉེན་ཁ་ཡོད་པར་མ་ཟད། ང་ཚོའི་མི་རིགས་འདི་དེང་དང་མ་འོངས་པ་ལ་འཛམ་གླིང་མིའི་གྲལ་དུ་མི་འཚུད་པ་གོང་དུ་བཤད་ཟིན་པར་ལྟར་རེད། ལྟོས་དང་ད་ལྟ་དབྱར་འབུ་རྐོ་བའི་དུས་རེད། འབུ་ཚོང་རྒྱག་མཁན་དང་འབུ་རྐོ་མཁན་གཉིས་ཕལ་ཆེར་མང་ཉུང་འདྲ་བ་ལྟར་རེད་དེ། མི་རིགས་གཞན་ལྟ་ཅི་བོད་རིགས་འབུ་ཉོ་མཁན་ཕལ་ཆེར་བས་ང་ཚོའི་མི་རིགས་འདི་ཁོ་ན་མགོ་རྡུང་ཅི་ཐུབ། མགོ་སྐོར་ཅི་ཐུབ་གང་ཐུབ་བྱེད་པ་རེད་མ་གཏོགས་མི་རིགས་གཞན་དང་མི་རིགས་གཞན་གྱི་ས་ཆ་ཆེན་པོ་རྣམས་སུ་འགྲོ་སྟེ། ཚོང་རྒྱག་ཐུབ་མཁན་ཕལ་ཆེར་མེད་པའི་ཚོད་རེད། རང་གི་ས་ཆ་ནས་འབུ་ཞིག་གི་ཆ་ནས་ཀྱང་ཁེ་སྐྱེད་དམ་ཁེ་སྤོགས་རག་མཁན་ཡང་མི་རིགས་གཞན་དག་རེད། བོད་རང་གི་ས་ནས་གོར་མོ་འབུམ་ཕྲག་མང་པོ་རག་སྟེ་ཁུར་འགྲོ་མཁན་ཡང་རྒྱ་དང་ཁ་ཆེ་སོགས་མི་རིགས་གཞན་དག་རེད། ང་ཚོར་གོར་མོ་མང་པོ་དེ་འདྲ་མི་རག་པ་རེད། དེ་ཡང་གཙོ་བོར་ལག་རྩལ་དང་། ཤེས་ཡོན། སྐད་རིགས་མི་ཤེས་པའི་རྐྱེན་གྱིས་རེད། ཡང་ལྟོས་དང་རྒྱ་མི་ཞིག་གིས་ཉིན་གཅིག་ལ་ལས་ཀ་ལས་དུས་གོར་མོ་སུམ་བརྒྱ་བཞི་བརྒྱ་དགོས་ལེ་རེད། ང་ཚོ་ནི་དེ་དག་གི་གཡོག་པོ་གཡོག་མོ་མ་གཏོགས་མི་མཁོ་བ་རེད། དེ་ཡང་གཙོ་བོར་གཅིག་ལ་ལག་རྩལ་དང་། ཤེས་ཡོན་མེད་པའི་རྐྱེན་གྱིས་རེད། ད་འདི་འདྲ་བྱས་ཏེ་བསྡད་ན་ང་ཚོའི་མི་རིགས་འདི་རྗེས་ལུས་འགྲོ་བ་མ་ཟད། འཛམ་གླིང་ཐོག་ཏུ་ཟོག་ལྟ་བུ་ཞིག་ཆགས་འགྲོ་བར་གཏན་ཁེལ་རེད། དེ་ཡིན་དུས་ཚང་མས་ལག་རྩལ་དང་ཤེས་ཡོན་ལ་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་བྱེད་པ་ཧ་ཅང་གལ་ཆེན་པོ་རེད། དེ་དག་གིས་དོན་ཚན་གཉིས་པ་བཤད་ཟིན།

དོན་ཚན་གསུམ་པ། ཡུལ་གྱི་གོམས་སྲོལ་དང་ཁོར་ཡུག་སྲུང་སྐྱོབ་གཙང་སྦྲ་རྣམས་ཀྱི་སྐོར་ཡིན། དེ་ཡང་བོད་མི་རིགས་རང་གི་གོམས་སྲོལ་དེ་ཚོར་གཟབ་གཟབ་བྱེད་དགོས་རེད། གོས་ལ་སྟག་ལྤགས་གཟིགས་ལྤགས་སོགས་སྤྲས་པ་ནི་སྔར་ནས་བཀག་ཟིན་ཚར་བས། ད་དེ་འདྲ་གྱོན་མི་མེད་པ་ཡག་མོ་རེད། དེ་སྔར་འགའ་རེ་འདུག ། རྒྱ་ཆས་བྱེད་ན་བདེ་ཆེ། བོད་གོས་གྱོན་དུས་བདེ་མོ་གཏན་ནས་མི་འདུག་པའི་ཁར་དཀའ་མོ་འདུག་ཟེར། དེ་ནི་རང་གི་ཤ་དང་རུས་པ་ལ་མཐོང་ཆུང་ཡིན་པར་མ་ཟད། ངོ་ཚ་བའི་རྒྱུ་རེད། ད་ལྟ་ཚང་མས་དོར་མོ་གྱོན་རྒྱུ་འདི་ཡང་ངོ་མ་བྱེད་ན་རྒྱ་ཆས་ཅི་མ་རེད། ནུབ་ཕྱོགས་པ་སོགས་ཀྱི་ཆ་ལུགས་རེད། དེ་ཡིན་དུས་བོད་རང་གི་ཆས་བྱེད་པ་ཤིན་ཏུ་གལ་ཆེན་རེད། ཁྱད་པར་དུ་དགོན་པ་ནང་འོང་བ་དང་དབང་བསྐུར་སོགས་ཀྱི་སྐབས་སུ་བོད་ཆས་བྱེད་པ་གལ་ཆེ་ཞིང་ཡག་མོ་ཡང་རེད། མ་ཟད་བོད་རང་གི་རྒྱན་ཆ་ཟེར་ན་ཆོག ། རྒྱུ་ཟེར་ན་ཡང་ཆོག་པའི་གསེར། དངུལ། བྱུ་རུ། གཡུ ། གཟི་སོགས་རིན་པོ་ཆེ་དེ་ཚོ་ཉར་ཚགས་བྱེད་ན་ཕན་ཐོགས་ཡོད་པར་མ་ཟད། ནད་ཡམས་སོགས་ལའང་ཕན་པར་རེད། དེ་མིན་འགའ་རེས་བཤད་པ་ལ། གསེར་སོགས་རྡོ་དང་བོང་བ་དང་གཅིག་པ་རེད། ཕན་ཐོགས་ཡོད་མ་རེད་ཟེར། སྟོན་པ་སངས་རྒྱས་ཀྱིས་མདོ་ལས། རྡོ་དང་བོང་བ་མཉམ་པ་ཞེས་གསུངས་པ་ལྟར་རྡོ་དང་བོང་བ་མཉམ་པའི་རྟོགས་པ་འདྲ་ཡོད་ན་དེ་འདྲ་ལོས་ཡིན་མ་གཏོགས་ད་ལྟ་ཚང་མ་ལ་དེ་འདྲའི་རྟོགས་པ་ཡོད་མ་རེད། ཚང་མས་ས་རྡོ་དང་གསེར་སོགས་གཅིག་པ་མིན་པ་ལོས་ཤེས། རྟོགས་པ་མཐོན་པའི་སྐད་ཆ་བཤད་ན་ཚང་མ་ལ་འགྲིག་གིན་མ་རེད། དེ་ཡིན་དུས་གསེར་སོགས་ཉར་ཚགས་བྱེད་པར་མ་ཟད། ལུས་ལ་རྒྱན་ཆ་བྱས་ཏེ་ཅུང་བཏགས་ན་ཡང་ཆེར་འགལ་བ་ཡོད་རྒྱུ་མ་རེད། འོན་ཀྱང་རྒྱུ་ངོམ་སོགས་ཡིན་ཟེར་ཏེ་ལུས་ལ་གསེར་དངུལ་སོགས་ཆེས་མང་པོ་བཏགས་པ་ནི་དངོས་གནས་དོན་མེད་རེད། མིག་སྔར་ཡང་མཛེས་པོ་ཡོད་མ་རེད། ད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ། མི་རིགས་གཞན་ལ་མེད་པ་ང་ཚོ་བོད་མི་རིགས་ལ་ཡོད་པའི་ས་དང་སྤང་། ཤིང་ནགས། གཏེར་ཁ་སོགས་སྲུང་སྐྱོབ་ཚུལ་བཞིན་བྱེད་པའང་ཧ་ཅང་གལ་ཆེན་རེད། གལ་ཏེ་ས་དང་སྤང་རྐོ། ཤིང་བཅད། གཏེར་སོགས་རང་གིས་ལེན་པའམ་གཞན་ལ་ལེན་དུ་བཅུག་ན། ནད་ཡམས་དང་ས་ལོག་ཆུ་ལོག་སོགས་འབྱུང་བར་མ་ཟད། རང་གི་ཁོར་ཡུག་གཏོར་བཤིག་བྱེད་པ་ནི་ཤིན་ཏུ་སྡུག་པོ་རེད། དེ་ཡིན་དུས་ས་དང་ཤིང་ནགས་གཏེར་ཁ་སོགས་སྲུང་སྐྱོབ་བྱེད་པ་གལ་ཆེན་པོ་རེད། ད་ལྟ་སྡེ་དགེ་ན་དགོན་སྡེ་མང་པོ་ཞིག་གིས་ཤིང་ནགས་སོགས་མི་གཅོད་པར་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དཔེ་མེད་ཡག་པོ་རེད། ཁོར་ཡུག་སྲུང་སྐྱོབ་ལ་ཚང་མས་གཟབ་གཟབ་བྱེད་རོགས། གཙང་སྦྲ་གྱི་ཐད། ད་ལྟ་འཛམ་གླིང་ན་ཆུ་ལོག་ས་ལོག་སོགས་འབྱུང་། ཆར་པ་ཉིན་པ་མང་པོ་མི་འབབ་པའི་སྐྱོན་གཙོ་བོར་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲ་མེད་པའི་རྐྱེན་གྱིས་རེད། ད་ལྟ་ང་ཚོར་གཙང་སྦྲ་ཡོད་མ་རེད། དཔེར་ན་དབྱར་ཀ་སྤང་ཐོག་འགྲོ་དུས་རང་བསྡད་སའི་སྤང་ཐོག་དེའི་སྟེང་དུ་མི་གཞན་ཞིག་འདུག་དགོས་ནའང་ཕལ་ཆེར་འདུག་ཉན་མེད་མི་བྱས་ཚར་རེད། དེ་མ་ཚད་ས་གནས་འདི་ནས་ཡིན་ན་འདྲ་དེ་མིན་ས་ཕྱོགས་གཞན་ནས་འོང་བ་ཡིན་ཀྱང་འདྲ་སྟེ། སྡེ་དགེའི་པར་ཁང་སྐོར་ར་སྐོར་མི་རྣམས་ཀྱིས་སྡེ་དགེའི་སྤར་ཁང་ཆོས་མཛོད་ཆེན་མོའི་ཁོར་ཡུག་ལ་ཡང་གཅིན་སྐྱག་གཏོང་བར་རེད། ཆབ་ཁང་ཡོད་ན་ཡང་ཆབ་ཁང་ནང་གི་གཅིན་སྐྱག་གཏོང་སར་མི་གཏོང་བར་ཕྱི་རོལ་དུ་གཏོང་བར་རེད། དེ་འདྲ་བྱས་ན་ཚོགས་གསོག་སར་ཚོགས་ངན་རེད། ད་དུང་རང་རང་གི་ཁོར་ཡུག་དང་གྲང་གསེབ་རྣམས་ཀྱི་ནང་དུའང་གཙང་སྦྲ་མེད་པ་རེད། དེ་འདྲ་བྱས་ན་ཁོར་ཡུག་སོགས་ལ་ཤིན་ཏུ་གནོད་དེ། ས་ལོག་ཆུ་ལོག་སོགས་འབྱུང་ཞིང་། ས་འགུལ་དང་ཆར་པ་ཉིན་མང་པོ་མི་འབབ་པའི་ཚུལ་བཤད་ཟིན་པ་ལྟར་རེད། དེ་མ་ཟད་དམ་པའི་ཆོས་དང་ཡང་འགལ་བ་རེད། དེ་ཡིན་དུས་སྟོན་པས་ཀྱང་གཙང་སྦྲ་བྱེད་ན་རིག་པ་དྭངས། ལྷ་སྐྱེ་བ་སོགས་ཀྱི་ཕན་ཡོན་ཡོད་པ་གསུངས་ཤིང་། ས་གནས་དང་སའི་གོ་ལ། ཁོར་ཡུག ། རྩི་ཤིང་ནགས་ཚལ། ཆར་ཆུ་དུས་སུ་འབབ་པ་སོགས་ལ་ཤིན་ཏུ་ཕན་པས་ཚང་མས་གཙང་སྦྲ་བྱེད་པ་གལ་ཆེའོ།།

དོན་ཚན་བཞི་པ། སྔོན་གྱི་ལོ་རྒྱུས་ཤེས་པ་དེ་ཡིན། ལོ་རྒྱུས་ལ་ཤིན་ཏུ་མང་པོ་ཡོད་ཀྱང་སྐབས་འདིར་ཤིན་ཏུ་མཁོ་བ་ཞིག་ནི་འདི་ལྟར། དང་པོ་མཁན་སློབ་ཆོས་གསུམ་བྱོན་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཞེངས་པ་ན་དགོན་པ་ཞེས་པ་དེ་བྱུང་བར་རེད། དེ་ནས་ད་བར་དུ་གྲོང་དང་གྲོང་ཁྱེར། ས་ཁུག་དང་ལུང་ཁུག་སོགས་སུ་དགོན་པ་ཆགས་པ་རེད། བླ་མ་རེ་ལ་ཆོས་ལུགས་རེ། དཔོན་པོ་རེ་ལ་ཁྲིམས་ལུགས་རེ་ཟེར་བ་དེའང་བྱུང་བར་རེད། དགོན་པ་ཟེར་བ་དེའང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་། རྩ་འཛུགས་བྱེད་ས་ཞིག་ལ་ཟེར་བ་རེད། དགོན་པ་དེ་ལའང་ས་སྐྱ། བཀའ་བརྒྱུད། རྙིང་མ། དགེ་ལྡན། ཇོ་ནང་སོགས་ཆོས་ལུགས་ཁག་མང་པོ་ཞིག་ཡོད་པ་རེད་དེ། ཚང་མ་སྟོན་པ་གཅིག་པ། དམིགས་ཡུལ་གཅིག་པ། འབྲས་བུ་གཅིག་པ་ཤ་སྟག་རེད། ས་སྐྱ་དང་རྙིང་མ་བཀའ་བརྒྱུད་སོགས་གྲུབ་མཐའི་བར་ཕྱོགས་རིས་ཆགས་སྡང་། འཕྱ་སྨད་སོགས་བྱེད་ན་ཆོས་སྤོང་གི་ལས་རེད། དེ་ལས་ཉེས་པ་ཆེ་བ་མེད་པ་རེད། དེ་ཡིན་དུས་ཕྱོགས་རེས་ཆགས་སྡང་མི་བྱེད་པ་ཧ་ཅང་གལ་ཆེ་བ་རེད། དགོན་པ་དེ་ཡང་གོ་རིམ་ཡོད་པ། རྩ་ཁྲིམས་ཡོད་པ། སྒྲིག་ཁྲིམས་སོགས་ཡོད་པ་ཞིག་རེད་དེ། དགོས་ཀྱང་དགོས་པར་རེད། དགོན་ཆེན་དགོན་པ་འདི་ལ་ཆ་མཚོན་ན་དང་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་སྡེ་དགེ་རྒྱལ་རབས་དང་པོ་བོ་ཐར་བཀྲིས་སེང་གེ་སྟེ་མཆོད་ཡོན་ཟུང་འབྲེལ་གྱིས་ཕྱག་བཏབ་པ་ནས་བཟུང་ད་བར་མ་ཉམས་གོང་འཕེལ་དུ་གནས་པ་རེད། དེའང་གོ་རིམ་ཡོད་པ། རྩ་འཛུགས་ཡོད་པ། སྒྲིག་ཁྲིམས་ཡོད་པ། རྩ་ཁྲིམས་ཡོད་པ། ལོ་རྒྱུས་ཡོད་པ། ཆོས་ཁྲིམས་ཡོད་པ་རེད། དགོན་འདི་མཚོན་ནས་དགོན་པ་དང་དགོན་པ། རྒྱལ་ཁབ་དང་རྒྱལ་ཁབ་སོགས་གང་ཡིན་ཡང་རྩ་ཁྲིམས། སྒྲིག་ཁྲིམས། གོ་རིམ། ལོ་རྒྱུས་སོགས་ཡོད་པ་ཤ་སྟག་རེད་དེ། དགོས་ཀྱང་དགོས་རེད། རྩ་ཁྲིམས་དང་གོ་རིམ་དེ་དག་གི་འོག་ཏུ་འདུག་དགོས་པ་ཡང་རེད་དེ ། དགོན་ཆེན་འདི་ལ་ཆ་མཚོན་ན་དགོན་ཆེན་ལ་དད་པ་ཡོད་དམ་མེད་ཀྱང་རུང་ཆོས་ལུགས་དད་པ་རང་མོས་རེད། འོན་ཀྱང་ས་གནས་འདི་ལ་འདུག་ཚེ་ས་གནས་འདི་དང་དགོན་འདིའི་རྩ་ཁྲིམས། རྩ་འཛུགས། གོ་རིམ། སྒྲིག་ཁྲིམས་ཀྱི་འོག་ཏུ་གནས་པའམ་འདུག་དགོས་པར་རེད། དེ་འདྲ་བྱེད་ན་གོ་རིམ་སོགས་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་ཡག་མོ་ཡོད་པ་རེད། དེ་མིན་གོ་རིམ་དང་རྩ་འཛུགས་སོགས་མེད་པ་ཅི་མོས་གང་མོས་བྱེད་ན་ཡག་མོ་གཏན་ནས་མེད་པ་རེད། དཔེར་ན་སྔོན་རྒྱ་དམག་གིས་བོད་ཀྱི་ས་འདི་བཟུང་དུས་ཁོ་ཚོ་ལྕགས་དམག ། འཕྲུལ་ཆས་ཀྱི་དམག་ལྟ་བུ་མ་རེད། ཁོ་ཚོ་ལ་གཙོ་བོར་གོ་རིམ་ཡོད་པ། རྩ་ཁྲིམས་ཡོད་པ། རྩ་འཛུགས་ཡོད་པ། སྒྲིག་ཁྲིམས་སོགས་ཡོད་པའི་རྐྱེན་གྱིས་བོད་ཀྱི་ས་འདི་གཟུང་བར་རེད། ང་ཚོ་ལ་གོ་རིམ་མེད་པ། རྩ་འཛུགས་མེད་པ། སྒྲིག་ཁྲིམས་མེད་པ། མཐུན་སྒྲིལ་མེད་པ་སོགས་ཀྱིས་གཙོ་བོར་ས་འདི་ཤོར་བར་རེད་དེ། སྔོན་གྱི་དུས་སུ་སྡེ་དགེ་འདི་ན་བསམ་མནོ་ཞིག་གཏོང་ན་ཤེས་ཐུབ་པར་རེད། སྔོན་སྡེ་དགེ་འདི་ན་དཔོན་པོ་ཁག་མང་པོ་ཡོད་རེད་དེ། དཔོན་པོ་ཁག་དེ་ཚོར་གོ་རིམ་མེད་པ། རྩ་འཛུགས་དང་སྒྲིག་ཁྲིམས། མཐུན་སྒྲིལ་སོགས་མེད་པའི་རྐྱེན་གྱིས་གཅིག་གིས་གཡུལ་འཁྲུག་གམ་འཐབ་འཛིང་བྱེད་དུས་གཞན་རྣམས་དྲན་མེད་དུ་འདུག་སྡོད་པར་རེད། རྩ་འཛུགས་སོགས་མེད་ན་དེ་འདྲ་མ་གཏོགས་འོང་རྒྱུ་ཅི་ཡོད་མ་རེད། དེ་ཡིན་དུས་རྩ་ཁྲིམས་ཡོད་པ། གོ་རིམ་ཡོད་པ། ཆོས་ལུགས་ཡོད་པ། ཆོས་ཁྲིམས་ཡོད་པ། ལོ་རྒྱུས་ཡོད་པ། སྒྲིག་ཁྲིམས་ཡོད་པ། རྩ་འཛུགས་ཡོད་པ་ཞིག་དགོས་པར་མ་ཟད། དེ་དག་གི་འོག་ཏུ་གནས་པའམ་འདུག་དགོས་པ་ཞིག་དངོས་གནས་རེད། དགོན་འདི་མ་ཟད་དགོན་པ་དང་དགོན་པ་སུ་ཡིན་ཡང་རྩ་ཁྲིམས་སོགས་ཡོད་པ་དེའི་འོག་ཏུ་གནས་དགོས་པ་ཞིག་དངོས་གནས་རེད། དེ་འདྲ་བྱེད་ན་མཐུན་སྒྲིལ་དང་ཡར་རྒྱས་འོང་བ་མ་ཟད། གྲུབ་འབྲས་ཀྱང་ཡག་པོ་འབྱུང་བར་རེད། ཚང་མས་ལོ་རྒྱུས་དེ་དག་དང་བོད་ཀྱི་རྒྱལ་རབས་སོགས་ཀྱི་སྐོར་རྣམས་ཡག་མོ་ཤེས་བཅུག་དགོས་པར་རེད། དེ་དག་གིས་དོན་ཚན་བཞི་བོ་རྒྱས་པར་བཤད་པའི་དུས་ཚོད་མི་འདུག ། མདོར་བསྡུས་ཤིག་བཤད་ཟིན་པར་རེད། དེ་ཡིན་དུས་ངས་བཤད་པ་དེ་ཚོ་ལ་ནོར་བ་དང་། ཁྱེད་རང་ཚོའི་བློ་ལ་མི་བབས་པ་ཡོད་ན། སྤྲོ་མ་ལོང་། བཟོད་པ་གསོལ། མཐོལ་ལོ་བཤགས། ཞེས་གསུངས་སོ།།

ཚིག་ཉུང་ལ་དོན་རྒྱས་པ། ཚིག་དོན་ཟབ་ལ་རྒྱ་ཆེ་བ། གོ་རིམ་ཡོད་པ། བློ་དང་འཚམས་པ། དམ་པའི་ལྷ་ཆོས་དང་མཐུན་ཅིང་། འཇིག་རྟེན་མི་ཆོས་དང་མི་འགལ་བ། ཆོས་སྲིད་གཉིས་ཀྱི་གདམས་ངག་དམ་པ། གསོན་ན་ཉན་བདེ་ཞིང་། འཛིན་ན་གཟུང་བདེ་བ། དཔྱོད་ན་གཏིང་ཟབ་ཅིང་། ཡིད་ཚིམ་པ། དེང་རབས་དང་མཐུན་ཅིང་འཚམས་པ། དུས་ཀྱི་སྒྲོན་མེ་ལ་སོགས་པའི་ཁྱད་ཆོས་དང་ལྡན་པའི་དེང་གི་མཁས་དབང་དམ་པ། མདོ་དང་སྔགས། རིག་གནས་ཆོ་ག ། ཐིག་རྡུལ་ཚོན་ཕྱག་ལེན་ཕྲ་མོ་ཡན་ཆད་ཐུགས་སུ་ཆུད་པ་ཙམ་མིན་པ་ཉམས་ལེན་དང་ལྡན་པའི་མཁན་ཆེན་དམ་པ་སྐལ་ལྡན་ཚེ་རིང་ལགས་ཀྱི་བཀའ་སློབ་དེང་གི་སྒྲོན་མེ་ཞེས་པ་འདི་ཡི་གེ་ཕབ་མཁན་ནི་བཟོད་པའོ།། །།

Be the first to comment

Leave a Reply

Your email address will not be published.


*