དང་པོ་དམ་པའི་སྐྱེས་བུ་བསྟེན་པའི་མཛད་པ།
སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་མདུན་དུ་གཙུག་ཕུད་ཕུལ་ཅིང་། གོང་ས་ལྔ་བ་ཆེན་པོའི་དག་སྣང་གི་ཆོས་སྐོར་དབང་ལུང་ཁྲིད་མན་ངག་དང་བཅས་པའི་ཆོས་སྐལ་ཡོང་རྫོགས་གསན་བཞེས་གནང་པ་དང་། ད་དུང་གསང་ཆེན་རྙིང་མའི་བསྟན་འཛིན་ཆེན་པོ་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། གཏེར་སྟོན་མཆོག་གྱུར་གླིང་པ། མཉམ་མེད་བྱ་བྲལ་རིན་པོ་ཆེ། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ། སྨྱོ་ཤུལ་མཁན་ཆེན་དམ་པ་སོགས་དང་། དཔལ་ལྡན་ས་སྐྱའི་བསྟན་འཛིན་ཆེན་པོ་རྒྱལ་བ་༸རྡོ་རྗེ་འཆང་ཆེན་སྐྱབས་མགོན་གོང་མ་རིན་པོ་ཆེ་ཚང་དང་། དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་ཨ་པད་རིན་པོ་ཆེ། མཁན་ཆེན་བློ་གྲོས་བཟང་པོ། མཁན་ཆེན་ཁྲི་ཚོ་རིན་ཆེན། མཁན་ཆེན་ཟླ་ཟེར། མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་ས་སྐྱའི་བླ་ཆེན་རྣམས་དང་། རྒྱལ་བ་བཀའ་རྒྱུད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་༸ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་དང་། སྐྱབས་རྗེ་ཀ་ལུ་རིན་པོ་ཆེ། སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ། རྣལ་འབྱོར་པ་ཆེན་པོ་བསོད་ནམས་བཟང་པོ། སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་སོགས་མཁས་གྲུབ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་རིན་ཆེན་གཏེར་མཛོད་གཙོ་བོར་གྱུར་པའི་རྙིང་མའི་ཆོས་སྐོར་དང་། གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་ས་སྐྱའི་ཆོས་སྐོར། ནཱ་རོ་ཆོས་དྲུག་གཙོ་བོར་གྱུར་པའི་བཀའ་རྒྱུད་ཀྱི་ཆོས་སྐོར། དག་སྣང་གི་ཆོས་སྐོར་གཙོ་བོར་གྱུར་པའི་དགེ་ལྡན་པའི་ཆོས་སྐོར་སོགས་བོད་དུ་བཞུགས་པའི་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་ཆོས་རྒྱུན་མ་ལུས་པར་གསན་བཞེས་མཛད་དེ། ཆོས་ཀྱི་གླེགས་བམ་ཆེན་པོར་གྱུར་ནས་མཁྱེན་བརྩེ་གོང་མ་གཉིས་ཀྱི་མཛད་རྣམ་ཇི་བཞིན་སྐྱོང་བ་ནི་དམ་པའི་སྐྱེས་བུ་བསྟེན་པའི་མཛད་པ་སྟེ་དང་པོའོ།།
གཉིས་པ་བསྟན་པའི་གནས་གཞི་བཙུགས་པའི་མཛད་པ།
རིགས་གནས་གསར་བརྗེ་ཆེན་མོའི་དུས་འགྱུར་གྱི་ཁྲོད་ནས་ཚབ་ཆེན་གྱི་ཉམས་རྒུད་སོང་བའི་རིས་མེད་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོ་བསྐྱར་གསོ་མཛད་ཅིང་། ཁམས་བྱེའི་བཤད་གྲྭའི་ཡན་ལག་འཕགས་ཡུལ་རྫོང་སར་བཤད་གྲྭ་དང་། འབྲུག་ཤར་ཕྱོགས་རྫོང་སར་བཤད་གྲྭ། དེ་བཞིན་བྷིར་ཤྭ་བའི་གླིང་ཁ་ཞེས་པ་ནང་ཆོས་དོན་གཉེར་གྱི་མི་སྐྱའི་སློབ་གྲྭ་གསར་བཙུགས་མཛད། གཞན་ཡང་བཀའ་འགྱུར་རིན་པོ་ཆེ་དབྱིན་ཡིག་ཏུ་ཕབ་བསྒྱུར་གྱི་ལས་གཞི་“བརྒྱད་ཁྲི་བཞི་སྟོང་”ཞེས་པའི་འགྱུར་གྱི་སྡེ་ཆེན་པོ་གསར་བཙུགས་མཛད་པ་དང་། འཛམ་གླིང་ན་གྲགས་ཆེ་བའི་ཨ་མེ་རི་ཀའི་ཧ་པར་ཌི་གཙུག་ལག་སློབ་གྲྭ་དང་། དབྱིན་ཇའི་ཨོག་སི་པུར་རིའི་མཐོ་སློབ་ཀྱིས་གཙོས་པའི་སློབ་གྲྭ་ཆེན་པོ་ཁག་གི་མཐོ་སློབ་ཀྱི་སློབ་ཚན་ནང་དུ་ནང་ཆོས་འཇུག་གནང་མཛད་པ་སོགས་ནི་བསྟན་པའི་གནས་གཞི་བཙུགས་པའི་མཛད་པ་སྟེ་གཉིས་པའོ།།
གསུམ་པ་ཆོས་ཀྱི་སྦྱིན་བདག་གནང་བའི་མཛད་པ།
བསྟན་པའི་གནས་གཞི་ཆེན་པོ་དེ་དག་གི་སློབ་གཉེར་པ་རྣམ་པའི་མཐུན་རྐྱེན་ལ་གཙོ་བོར་དམིགས་ཏེ། མཁྱེན་བརྩེའི་ཐེབས་རྩ་ཚོགས་པ། པདྨའི་ཐེབས་རྩ་འཚོགས་པ། བརྒྱད་ཁྲི་བཞི་སྟོང་ཐེབས་རྩ་ཚོགས་པ་བཅས་བཙུགས་ནས། ཆོས་ཚོགས་དེ་དག་གི་ཡོངས་འབབ་ལ་བརྟེན་ཏེ་འབྲུག་རྫོང་སར་བཤད་གྲྭ་དང་། ཤྭ་བའི་གླིང་བཅས་གསར་བཞེངས་ཀྱི་འགྲོ་སོང་ཆ་ཚང་གནང་བ་དང་། གཞན་ཡང་རྒྱ་གར་རྫོང་སར་བཤད་གྲྭ་དང་འབྲུག་རྫོང་སར་བཤད་གྲྭ །ཤྭ་བ་གླིང་བཅས་ཀྱི་འཚོ་བའི་མཐུན་རྐྱེན་ཡོངས་རྫོགས་གནང་ཞིང་། བོད་རྫོང་སར་བཤད་གྲྭ། རྫོང་སར་དགོན་གཞུང་། རྫོང་སར་གྭ་གུ་རི་ཁྲོད། རྫོང་སར་དཀར་མོ་སྒྲུབ་གྲྭ་སོགས་སུ་འཚོ་བའི་ཁ་གསབ་གནང་བཞིན་པ་དང་། ད་དུང་ཆོས་དང་རིགས་གཞུང་ལ་སློབ་གཉེར་བྱེད་མཁན་གྱི་ཤར་ནུབ་མི་རིགས་མང་པོ་ཞིག་ལ་འགྲོ་སོང་གི་མཐུན་རྐྱེན་གནང་བཞིན་པ། གཞན་ཡང་གཞན་གྱིས་བཙན་ཚོང་དང་བསླུ་བྲིད་འོག་འཚུད་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་གཞོན་ནུ་མ་ལོ་བཅུ་ནས་བཅོ་ལྔའི་བར་གྱི་ན་ཚོད་ཅན་ལྔ་བརྒྱ་ལྷག་སྨད་འཚོང་གི་གནས་ལས་བསྐྱབས་ཏེ། མི་ཡུལ་གྱི་འཚོ་བ་གསར་བསྐྲུན་དང་སློབ་གྲྭར་འགྲིམ་པའི་བསྐལ་བཟང་གི་མཐུན་རྐྱེན་སྦྱར་ཞིང་། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་ཆ་རིན་ཐང་ཅན་ཁྲི་གཅིག་ལྷག་ཙམ་ཁྲིན་ཏུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་གནང་མཛད་པ་སོགས་ནི་ཆོས་ཀྱི་སྦྱིན་བདག་མཛད་པའི་མཛད་པ་སྟེ་གསུམ་པའོ།།
བཞི་པ་སྒྱུ་འཕྲུལ་རྩལ་གྱིས་རོལ་བའི་མཛད་པ།
དུས་རབས་ཀྱི་ཀྱོག་མཚམས་ཁྲོད་ནས་ལ་མི་རྣམས་ཀྱི་བསམ་བློ་ཡང་ཉིན་རེ་བཞིན་འགྱུར་གྱིན་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་གྱི་གཞི་རྒྱ་ཡང་ཆེ་རུ་འགྲོ་བའི་སྐབས་འདིར། གནའ་བོའི་འཆད་རྩོད་རྩོམ་གསུམ་གྱི་རིམ་པ་ཁོ་ནས་ནང་ཆོས་ངོ་སྤྲོད་པའི་ལམ་འགག་དེ་རྒྱ་ཆུང་གི་ཡོད་པ་འམ་དེས་མ་འཐུས་པའི་གདུལ་བྱ་ཡོད་པར་གཟིགས་པའི་མོད་ལ། དུས་ཀྱི་འཕོ་འགྱུར་དང་བསྟུན་པའི་གསར་རྩོམ་འཁྲབ་གཞུང་གི་ལམ་ནས་ཆོས་ལུགས་ཀྱི་བདེན་པ་ངོ་སྤྲོད་དགོས་པར་བཞེད་དེ། བརྗོད་དོན་གྱི་གནད་དང་རྗོད་བྱེད་ཀྱི་ཉམས་འཁྲབ་ཚུལ་གྱི་རྣམ་པ་དག་ནི། བཟོ་ལྟ་ཅི་ཞིག་སྟོན་དགོས་ནའང་བཙན་གྱིས་བཅོས་སྒྲིག་མིན་པར་གཤིས་སུ་དོད་པ་འདྲ་བའི་སྒྱུ་རྩལ་གྱི་ལམ་ནས་“ཕོར་པ་”ཞེས་པའི་གྲགས་ཅན་གྱི་གློག་བརྙན་དང་། “ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་།”“ཝ་རྭ་བྱིན་རློབས”ཞེས་པ་སོགས་དེང་སང་འཛམ་གླིང་གྲགས་ཅན་གྱི་གློག་བརྙན་གྲལ་དུ་བདམས་ཐོན་བྱུང་བའི་བརྙན་སྡེར་དུ་མ་འཁྲབ་ཁྲིད་དང་བཟོ་བསྐྲུན་མཛད་པས་མཚོན། བོད་རྒྱུད་ནང་བསྟན་གྱི་བླ་མས་གློག་བརྙན་གསར་རྩོམ་གྱི་ལུགས་སྲོལ་ཐོག་མར་འབྱེད་པ་དང་། འཁྲབ་ཁྲིད་ཀྱི་སྒོ་མོ་གསར་དུ་ཕྱེ་བ་སོགས་སྒྱུ་འཕྲུལ་རྩལ་གྱིས་རོལ་བའི་མཛད་པ་སྟེ་བཞི་པའོ།།
ལྔ་པ་འཆད་པས་རྒྱལ་བསྟན་གསོ་བའི་མཛད་པ།
ཡང་དག་པའི་ཆོས་ཀྱི་གནད་གསང་མ་ཤེས་པའི་དབང་གིས་ལོགས་པར་སྨྲ་བས་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་ཞིང་། རང་གཞན་ཀུན་ཕུང་ལ་སྦྱོར་བའི་སྐྱེ་བོ་རྨོངས་པ་དེ་དག་བརྩེ་བས་གཟིགས་ནས་༡༩༨༦ནས་བཟུང་ཤར་རྒྱ་ནག །ནུབ་ཡོ་རོབ། བྱང་ཨ་མི་རི་ཁ་སོགས་འཛམ་གླིང་རྒྱལ་ཁམས་དུ་མའི་ནང་དུ་ཞབས་ཀྱིས་བཅགས་ཏེ། ཚིག་དོན་བཟུང་སླ་ཞིང་གོ་བདེ་བའི་འཆད་ཚུལ་རྨད་དུ་བྱུང་བའི་སྒོ་ནས་ཟབ་ཅིང་རྒྱ་ཆེའི་ཐེག་ཆེན་བློ་སྦྱོང་གི་རིམ་པ་མང་པོ་འཆད་ཁྲིད་གནང་ཞིང་། གཞན་ཡང་རྒྱ་གར་དང་འབྲུག །སྤྱི་ཏི། འབྲས་ལྗོངས། བོད་ཡུལ་སོགས་ལ་སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་གྲངས་ཀྱིས་མི་ལང་པ་ཙམ་བསྩལ་བ་དང་། ད་དུང་སྔ་ཕྱི་དུ་མར་བོད་རྫོང་སར་དུ་ཞབས་སོར་འཁོད་ནས་བཀའ་ཆོས་ཟབ་རྒྱས་བསྩལ། ལྷག་ཏུ་སྤྱི་ལོ་༢༠༡༥ལོར་བོད་རྫོང་སར་དུ་ཆེད་ཕེབས་གནང་སྟེ། ངོ་མཚར་འབུམ་གྱིས་ཕྱུགས་པའི་བཀའ་སློབ་དང་དབང་ཆེན་སོགས་ཅི་དགར་བསྩལ་བ་སོགས་ཀྱིས་མཚོན། མདོར་ན་རྒྱལ་བསྟན་དྲི་མ་མེད་པ་འདི་ཉིད་འཛམ་གླིང་ཤར་ནུབ་ཀུན་ཏུ་ཉི་མ་གསལ་བ་ལྟར་མཛད་པ་ནི་འཆད་པས་རྒྱལ་བསྟན་གསོ་བའི་མཛད་པ་སྟེ་བཞི་པའོ།།
དྲུག་པ་རྩོད་པས་རྒྱལ་བསྟན་སྲུང་བའི་མཛད་པ།
སྟོན་པ་འཇིག་རྟེན་མིག་ནི་བྱོན་ཟིན་ཞིང་དཔང་གྱུར་སྐྱེས་བུ་ཕལ་ཆེར་ཟད་ལ་ཉེ་བའི་དེང་སང་གི་དུས་འདིར། གནའ་དེང་གི་ལོ་རྒྱུས་དང་། བདེན་དོན་གྱི་གནས་ལུགས་གང་དང་ཡང་མི་མཐུན་པའི་ཅ་ཅོའི་ལམ་ནས། དགག་སྒྲུབ་དང་དཀྱེལ་ཡངས། སྐྱོན་བརྗོད་དང་ཤན་འབྱེད། སྙིང་སྟོབས་དང་གསར་གཏོད་ཅེས་སོགས་མིང་བྱང་རྫིག་པོ་རེ་ཁ་ལ་འཁྱེར་ཞོར། ཐ་ན་སློབ་ཆུང་སློབ་མའི་ཡོན་ཚད་ཙམ་ལས་མེད་མཁན་དག་གིས་ཀྱང་སྟོན་པ་ག་གེ་མོ་ཞིག་ཚར་གཅོད་བཞག་ཡོད་པར་རློམ་ནས་ཁྱབ་སྒྲོག་བྱེད་ཀྱིན་པའི་དྲེགས་པ་ཅན་དུ་མ་དང་། གཞན་ཡང་ཡུལ་སྡེ་ཉི་ཚེ་བའི་ལུགས་སྲོལ་དང་ཆོས་ལུགས་ཀྱི་ལྟ་གྲུབ་གཉིས་གཅིག་ཏུ་བསྲེས་ནས་འཆད་ཉན་ཉམས་ལེན་བྱེད་པའི་ལོག་པར་རྟོག་པ་དེ་དག་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་གསུང་གིས་སུན་འབྱིན་པ་དང་། ཡང་དག་པའི་ནང་ཆོས་གཏན་ལ་དབབ་པར་དགོངས་ཏེ། ཐུགས་རྒྱུད་ལ་འཁྲུངས་བའི་ཉམས་མྱོང་ཚད་མས་དྲངས་བའི་ངེས་ཤེས་ཀྱི་ལམ་ནས། ཆོས་ལུགས་དང་ཆོས་ལུགས་བར་དང་གྲུབ་མཐའ་དང་གྲུབ་མཐའ་བར་གྱི་དགག་སྒྲུབ་དེ་ཚོ་དང་འཕྲད་སྐབས་སངས་རྒྱས་ཆོས་ལུགས་ཀྱི་ཚབ་མཚོན་ནུས་པའི་ལྟ་གྲུབ་ཆེན་པོའི་འཛིན་མཚམས་རྩལ་དུ་བཏོན་པ་དང་། ད་དུང་ལོག་པར་རྟོག་པའི་དབང་གིས་བསྟན་པ་ལ་རྨ་འབྱིན་པ་གང་བྱུང་བ་ཐམས་ཅད་གང་ལ་གང་འཚམ་གྱི་རིག་པའི་ལམ་ནས་ཚར་གཅོད་པ་མཛད་པ་སོགས་ཀྱིས་རྒྱལ་སྤྱིའི་བགྲོ་གླེང་ཆེན་པོའི་མཁས་པ་དག་གི་ཁྲོད་ནས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས་བ་ནི་རྩོད་པས་རྒྱལ་བསྟན་སྲུང་བའི་མཛད་པ་སྟེ་དྲུག་པའོ།།
བདུན་པ་རྩོམ་པས་རྒྱལ་བསྟན་སྐྱོང་བའི་མཛད་པ།
རྩོམ་ཚུལ་ཕུན་སུམ་ཚོགས་པའི་ལམ་ནས་མདོ་རྒྱུད་ཀྱི་དགོངས་པ་དང་མཐུན་ཞིང་། ཚད་ལྡན་གྱི་རིག་པ་དང་མི་འགལ་བ། མཁས་བླུན་ཀུན་གྱིས་གོ་སླ་བའི་སྦྱོར་བས་རྒྱན་ཏེ། སྟོན་པ་ཆེན་པོའི་གཞུང་ལུགས་ཀྱི་ལྟ་སྤྱོད་གོ་བདེར་སྟོན་པའི་གསུང་རྩོམ་“ཡང་དག་པའི་ལྟ་བ་”དང་། “མི་ཡུལ་ནི་གར་སྟེགས་ཤིག་ཡིན།” “གནས་སྐོར།” “ནང་བསྟན་གྱི་ལྟ་སྒོམ་དང་ལམ་རིམ།” “བདེ་སྐྱིད་ཀྱི་ཆེད་དུ་མིན།” ཞེས་སོགས་སྐྱེ་བོའི་ཡིད་ཀྱི་གསོས་སྨན་དུ་གྱུར་ཞིང་། ཕན་བདེའི་ལམ་གྱི་སྒྲོན་མེ་ལྟ་བུར་གྱུར་ལེགས་བཤད་དུ་མ་དབྱིན་ཡིག་གཙོ་བོར་གྱུར་པའི་སྐད་རིགས་དུ་མར་རྩོམ་སྒྲིག་ད་ཕབ་བསྒྱུར་མཛད་པ་དང་། གཞན་ཡང་བཀའ་སློབ་ཕབ་བཤུས་བྱས་པའི་དཔེ་ཆ་“ནང་ཆོས་བློ་སྦྱོང་”དང་“དུས་ཀྱི་རྟ་རྒོད་འདུལ་མཁན་”སོགས་ལེགས་པར་བཤད་པའི་བསྟན་བཅོས་དུ་མས་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ས་ཡ་མང་པོར་རྨོངས་པའི་མུན་པ་སེལ་ཞིང་། ཤེས་རབ་ཀྱི་སྣང་བ་བསྩལ་ཏེ་དེ་དག་སངས་རྒྱས་ཆོས་ལུགས་སྐྱོང་བའི་གྲལ་དུ་འཛུད་པར་མཛད་བཞིན་པ་ནི་རྩོམ་པས་རྒྱལ་བསྟན་སྐྱོང་བའི་མཛད་པ་སྟེ་བདུན་པའོ།།
བརྒྱད་པ་ངོ་མཚར་གྲུབ་རྟགས་སྟོན་པའི་མཛད་པ།
བདག་ཉིད་ཆེན་པོ་འདི་ནི་རྒྱུན་པར་གསུང་མཁས་ལ་མཛད་མི་ནུས་པའི་མི་བུ་དེ་དག་ལས་བརྒལ་བའི་སྐྱེས་བུ་དམ་པ་ཞིག་སྟེ། དེ་ཡང་རང་གིས་འཆད་ཉན་དང་གསན་བསམ་གནང་བ་དེ་དག་གྲུབ་པའི་རྟགས་མཚན་མ་བྱུང་གི་བར་དུ་སྒོམ་སྒྲུབ་ལ་སྦྱར་ནས་ཉམས་བཞེས་མཛད་པ་ཚུལ་ནི། དམ་པ་འདི་ཉིད་དགུང་ལོ་སུམ་ཅུ་ལོན་པ་ནས་བཟུང་ལོ་གཅིག་གི་ནང་ནས་ཟླ་བ་དྲུག་གི་རིང་ལ། སྒོམ་གྱི་གེགས་སུ་འགྲོ་བའི་བྱ་གཞག་ཡོད་ཚད་སྤངས་ནས་སྐུ་མཚམས་དོམ་པོར་བཞུགས་ཏེ། ད་བར་ལོ་ཉི་ཤུའི་ལྷག་གི་རིང་རྒྱུད་སྡེ་ཆེ་ཆུང་ཀུན་གཙོ་བོར་མཛད་པའི་མདོ་རྒྱུད་ཁག་ལ་སྒྲུབ་པ་ཉམས་བཞེས་མཛད་ཀྱིན་པའི་སྐབས་སུ། ཐེངས་ཤིག་ཨ་སུ་རི་ཡི་སྒྲུབ་ཕུག་ཏུ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དུས་མཆོད་ཀྱི་སྤྱན་འདྲེན་སྐབས། བུད་མེད་མང་པོ་ཞིག་མཇལ་ཁ་འོང་བའི་ནང་ནས་ལྕང་ལོའི་གོས་གྱོན་པའི་བུ་མོ་ལོ་བཅུ་ཙམ་ལོན་པ་ཞིག་གིས་རྩ་ཡི་གདན་ཞིག་ཕུལ་ནས་དེ་མ་ཐག་མི་མངོན་པར་བྱོན་སོང་བ་ནི་དེར་ཡོད་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་དང་། ཡང་ཕྱིས་སུ་ཡང་གནས་དེ་ཉིད་དུ་མཆོག་གླིང་ཚེ་སྒྲུབ་མཛད་པའི་མཇུག་དངོས་གྲུབ་ལེན་པའི་སྐབས་སུ་ལེགས་སྦྱིན་མཆོག་ཏུ་གྱུར་པའི་དངོས་གྲུབ་ཀྱི་འབྲང་རྒྱས་ལས་བདུད་རྩིའི་རྒྱུན་བབས་པར་དེར་ཡོད་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་སོགས་ཀྱིས་མཚོན་ཕྱི་ནང་གསང་བའི་གྲུབ་རྟགས་བསམ་གྱིས་མི་ཁྱབ་པར་བརྙེས་པར་གདོན་མི་ཟ་མོད། ཆ་ཤས་ཙམ་ཞིག་མཇལ་ཁ་གནང་བ་འདི་ནི་ངོ་མཚར་གྲུབ་རྟགས་སྟོན་པའི་མཛད་པ་སྟེ་བརྒྱད་པའོ།།
མཁྱེན་བརྩེའི་མཛད་པ་ཆེན་པོ་བརྒྱད་ཀྱི་བསྡུས་རྩོམ་འདི་ནི་དྲུང་རམ་པ་ཀརྨ་འཕྲིན་སྟོབས་སམ་སྨྱུག་མིང་གངས་སྐྱེས་བསིལ་རླུང་དུ་འབོད་པས་རྫོང་སར་ཁམས་བྱེའི་བཤད་སྒྲུབ་དར་རྒྱས་སློབ་གླིང་དུ་སྤྱི་ལོ་༢༠༡༦/༡༡/༡༥/དང་བོད་ཟླ་དགུ་བའི་དམར་ཕྱོགས་དགའ་བ་དང་པོའི་ཉིན་རྫོགས་པར་བྲིས།
Leave a Reply