འཇམ་མགོན་ས་པཎ་གྱི་ཆེ་བའི་ཡོན་ཏན་བརྒྱད་གསུམ་ཉི་ཤུ་རྩ་བཞི།


དང་པོ། འཇམ་པའི་དབྱངས་ཀྱི་སྤྲུལ་བར་ལུང་བསྟན་པ་གསུམ།
1སློབ་དཔོན་པད་མས། རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་ལ། མ་འོངས་པར་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ས་སྐྱ་པཎ་ཆེན་གྱིས་ང་ཡི་ལྷ་ཁང་དཔལ་བསམ་ཡས་ལ་ཞིག་གསོ་གནང་ཞེས་སོགས་ལུང་བསྟན།
2 ཇོ་བོ་རྗེས། ཁོང་གི་འཁོར་རྣམས་ལ་མི་རིང་བར་དཔལ་ས་སྐྱ་རུ་ས་པཎ་སོགས་འཇམ་དབྱངས་ཀྱི་སྤྲུལ་བ་བདུན་འབྱུང་ཞེས་ལུང་བསྟན།
3 རྗེ་བཙུན་སྒྲོལ་མས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ལ། འཇམ་པའི་དབྱངས་ཀྱི་སྤྲུལ་བ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་བྱོན་ན་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན།
གཉིས་པ། སྐུ་ན་ཕྲ་བའི་དུས་ཀྱི་ཆོས་འཆད་པ་གསུམ།
1དགུང་ལོ་དགུ་བར་སྒྲུབ་ཐབས་མཚོ་སྐྱེས་འཆད།
2དགུང་ལོ་བཅུ་གཅིག་པར་རྩ་རྒྱུད་བརྟག་གཉིས་དང་སངས་རྒྱས་མཉམ་སྦྱོར་འཆད།
3དགུང་ལོ་བཅུ་གཉིས་པར་རྡོ་རྗེ་གུར་དང་སཾ་བུ་ཊ་འཆད།
གསུམ་པ། སྔོན་སྦྱངས་བག་ཆགས་སད་པའི་ཚུལ་གསུམ།
1 བལྟམས་མ་ཐག་ནས་སཾ་སྐྲྀ་ཏའི་སྐད་སྨྲ།
2 བལྟམས་ནས་གོག་ཐུབ་ཙམ་ན་ཕྱག་མཛུབ་ཀྱིས་ས་ལ་ཡི་གེ་ཨཱ་ལི་དང་ཀཱ་ལི་ནཱ་ག་ར་དང་ལཉྩའི་ཡི་གེས་བྲི་ཞིང་། དེ་ཡང་མི་འགོམ་པའི་ཕྱིར་ཕྱག་གིས་ཕྱི་བར་མཛད།
3 དགུང་ལོ་བཅོ་བརྒྱད་པར་ས་སྐྱའི་ཨ་ཕྱིའི་འབུམ་པའི་དྲུང་དུ་སློབ་དཔོན་གབྱིག་གཉེན་ལས་ཆོས་མངོན་པ་མཛོད་གསན་པར་རྨིས། ཕྱི་ཉིན་མངོན་པ་མཛོད་ཀྱི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད།
བཞི་བ། བོད་ཁ་བ་ཅན་ལ་བཞག་པའི་མཛད་རྗེས་ཆེན་པོ་གསུམ།
1 ལྗོངས་འདིར་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་པའི་གནས་ཀྱི་སྲོལ་གསར་དུ་བཏོད་པ།
2 འགྲན་ཟླ་དང་བྲལ་བའི་ལུགས་གཉིས་ཀྱི་བསླབ་བྱ་ཡིག་ངག་གཉིས་ཐོགས་ནས་མང་དུ་གནང་བས་གངས་རིའི་ལྗོངས་འདིར་ཆོས་སྲིད་ཀྱི་ལམ་ཡངས་པོར་ཕྱེས།
3 ཧོར་ཆེན་པོས་གཡུལ་བཤམས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་སྐྱེ་འགྲོ་རྣམས་དམར་གསོད་བྱེད་ལ་ཉེ་བ་ན། སྐུ་སྲོག་ལའང་མ་འཛེམ་པར་ཆེན་པོ་ཧོར་ཡུལ་དུ་བྱོན་ནས་བཟློག་པར་མཛད།
ལྔ་བ། སངས་རྒྱས་ཀྱི་བསྟན་པ་ལ་བཞག་པའི་མཛད་རྗེས་ཆེན་པོ་གསུམ།
1 བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་དང་བོ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཉམས་ཉེས་སུ་གྱུར་པའི་ཚེ་ཕྱོགས་ཡོངས་ནས་སླར་གསོ་གནང་སྟེ་སྐུ་དྲིན་ཅན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ཐུགས་དགོངས་རྫོགས་པར་མཛད།
2 སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་མཛད་དེ། དཀར་པོ་ཆིག་ཐུབ་སོགས་ཆོས་ལོག་མང་བོ་སུན་བྱུང་སྟེ་སངས་རྒྱས་བསྟན་པ་དྲི་མ་མེད་པ་ཉི་མ་ཤར་བ་བཞིན་མཛད།
3 རྒྱལ་བའི་བསྟན་པ་ལ་རྒོལ་བའི་མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་སྨྲ་བ་ངན་པ་ཚར་བཅད་དེ་རྒྱལ་བའི་བསྟན་པ་བསྲུང་བར་མཛད།
དྲུག་པ། ཡོངས་གྲགས་གྲུབ་རྟགས་ཆེན་པོ་གསུམ།
1 ད་ལྟའི་ངོར་དགོན་ཡོད་སའི་བྲག་ངོས་སུ་ས་སྟེང་འདི་ན་ས་སྐྱ་པཎ་ཆེན་ང་ཞེས་ཕྱག་མཛུབ་ཀྱིས་ཡི་གེ་བྲིས།
2 ཧོར་གྱིས་ཁོང་ལ་མངོན་ཤེས་ཡོད་མེད་ཉམས་ཚོད་ལེན་ཕྱིར་རྒྱལ་བའི་བཀའ་འགྱུར་གྱིས་ཁྲི་བརྩིགས་པར། ཁོང་གིས་བཛྲ་མུ་ཞེས་བརྗོད་ཀྱིན་སེལ་གོལ་མཛད་ནས་བཞུགས་པར། ཡི་གེ་གཅིག་ཀྱང་མ་ལུས་པར་ཤོག་གུ་སྟོང་བར་གྱུར།
3 ཧོར་གྱིས་ཁོང་ལ་གྲུབ་རྟགས་ཡོད་མེད་ཉམས་ཚོད་ལེན་ཕྱིར། སྒྱུ་མའི་ཕོ་བྲང་ཞིག་ཕུལ་བར། ཁོང་གིས་རབ་གནས་མཛད་པས་སྒྱུ་མའི་ཕོ་བྲང་ཕྱིར་བསྡུ་རྒྱུ་མེད་པར་གྱུར།
བདུན་པ། ཆེན་པོ་ཧོར་ལ་བཞག་པའི་མཛད་རྗེས་ཆེན་པོ་གསུམ།
1 ཡོན་ཏན་ཀུན་གྱི་གཞི་མ་སོག་ཡིག་གསར་བཟོ་མཛད་པས་ཧོར་ཡུལ་མུན་པའི་གླིང་དེ་ཉིན་མོ་ལྟར་སྣང་བར་བྱས་ཏེ་ཆེན་པོ་ཧོར་གྱི་མིག་གཅིག་པུར་གྱུར།
2 རྒྱལ་བློན་འབངས་དང་བཅས་པར་གང་ལ་གང་འདོད་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད།
3 ལུགས་གཉིས་ཀྱི་བཀའ་སློབ་མཛད་དེ། མི་མང་བོ་སྡེབ་གསོད་བྱེད་པ་དང་། ཐེག་པར་དཀའ་བའི་ཁྲལ་སོགས་མཚམས་བཅད་དེ་རྒྱ་ཧོར་གྱི་སྐྱེ་བོ་རྣམས་དགའ་བདེའི་དཔལ་ལ་རོལ།
བརྒྱད་པ། ཁོང་གིས་མཛད་པའི་བསྟན་བཅོས་གཏེར་ཆེན་གསུམ།
1 སྡེ་བདུན་མདོ་དང་བཅས་པའི་དོན་འདུས་ཤིང་། གོ་སླ་ལ་ཚིག་གི་སྡེབ་ལེགས་པའི་ཚད་མ་རིག་པའི་གཏེར།
2 མཆོག་དམན་སུས་ཀྱང་གོ་སླ་ལ། ཚིག་རབ་ཏུ་སྙན་པས་ལུགས་གཉིས་ཀྱི་སྤང་བླང་ཚང་ལ་མ་ནོར་བར་སྟོན་པའི་ལེགས་བཤད་རིན་པོ་ཆེའི་གཏེར།
3 སྙན་ངག་དང་སྡེབ་སྦྱོར་སོགས་བྲི་བ་ལ་མེད་ཐབས་བྲལ་ཞིང་། ལྗོངས་འདིར་སྔོན་ཆད་མེད་པའི་དོན་གཅིག་ལ་མིང་གི་རྣམ་གྲངས་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་གཏེར།

དང་པོ། འཇམ་པའི་དབྱངས་ཀྱི་སྤྲུལ་བར་ལུང་བསྟན་པ་གསུམ། 1སློབ་དཔོན་པད་མས། རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་ལ། མ་འོངས་པར་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ས་སྐྱ་པཎ་ཆེན་གྱིས་ང་ཡི་ལྷ་ཁང་དཔལ་བསམ་ཡས་ལ་ཞིག་གསོ་གནང་ཞེས་སོགས་ལུང་བསྟན།
About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*