མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།
༼༡ སྟོན་པའི་ལོ་ཚིགས་ལ་དཔྱད་པ།༼༢སྟོན་པའི་འཁྲུངས་འདས་ཀྱི་ཟླ་བ་དཔྱད་པ།༼༣སྟོན་པའི་འཁྲུངས་འདས་ཀྱི་ཚེས་གྲངས་ལ་དཔྱད་པ།
བོད་ཟླ་བཞི་པའམ་ས་ག་ཟླ་བ། དེ་བཞིན་དུ་འབུམ་འགྱུར་ཟླ་བ་ཞེས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར་ནས་འགྲོ་བའི་དོན་དུ་རྒྱུན་མི་ཆད་པར་མཛད། དེ་ཡང་སྟོན་པའི་མཛད་པ་ཐེག་ཆེན་དང་ཐེག་དམན་སོགས་ཀྱི་སྣང་ངོར་བཅུ་གཉིས་ལས་ས་ག་ཟླ་བ་འདིའི་ནང་དུ་དྲུག་འཛོམས་པས་ནང་པའི་རྗེས་འཇུག་པ་ཚོས་དགེ་སྒྲུབ་སྡིག་སྤོང་སོགས་བྱས་དགོས་པར་བཤད་ཅི་དགོས་སོ། དེ་ཡང་སྔོན་ཚེ་སྨོན་ལམ་བཟང་པོ་མཐུ་ཚེ་ལོ་བརྒྱ་པའི་དུས་སུ་བབ་ནས་གཟིགས་པ་རྣམ་པ་ལྔས་གཟིགས་ནས་དགའ་ལྡན་གྱི་གནས་ནས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པའི་ས་ག་ཟླ་བའི་ཚེས༡༥ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བྷིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་དང་། ས་བྱི་ས་ག་ཟླ་བའི་ཚེས་བརྒྱད་ལ་རབ་ཏུ་བྱུང་བའི་དུས་ཆེན། ཤིང་རྟ་ས་ག་ཟླ་བའི་ཡར་ཚེས་༡༥ཡི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་ས་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་ལ་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས། ལྕགས་འབྲུག་ས་ག་ཟླ་བའི་ཚེས༡༥ཉིན་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་འདས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་དེ། འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།། མྱ་ངན་ལས་འདས་པ་ཞི་བའོ།། ཞེས་གསུང་གི་ཐ་མ་བསྩལ་ནས་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པའི་ཟླ་བ་ཁྱད་པར་ཅན་ཞིག་པས་རྣམ་དཀར་དགེ་བའི་བྱ་བ་སྤེལ་ན་བྱིན་རླབས་དང་ཕན་ཡོན་ཤིནཏུ་ཆེ་བའི་དུས་སྟོན་འགྱུར་ཆེར་བརྩི་བའི་སྔོན་བྱོན་མཁས་གྲུབ་དག་གིས་གསུངས་ཤིག
་དེ་ཡང་ཡང་དག་པའི་སྐྱེས་བུ་ཁྱུ་མཆོག་སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བརྩི་ཚུལ་ཐད་བོད་དུ་རྩི་ཚུལ་མི་འདྲ་བ་ཉི་ཤུ་རྩ་གཅིག་ལྷག་ཙམ་ཡོད་པ་དང་། རྒྱ་གར་ལ་རྩི་ཚུལ་མི་འདྲ་བ་གསུམ་ཙམ་དང་། རྒྱ་ནག་ལ་ཡང་བཤད་ཚུལ་མི་འདྲ་བ་གསུམ་མམ་ལྔ་ཙམ་ཡོད་པ་སོགས་འཛམ་གླིང་ཟླུམ་པོ་འདིར་མཁས་པ་ཚོས་བཞེད་པ་མི་མཐུན་པ་དྲུག་ཅུ་ཙམ་བྱུང་ཡོད་པར་བཤད། དེང་སང་འཛམ་གླིང་གི་ཡོངས་སུ་མཁས་པ་ཚོས་སྟོན་པའི་འཁྲུངས་འདས་ཀྱི་ཐད་ལ་ཚད་འཛིན་གནང་ས་ཁག་ལྔ་ཙམ་ཡོད།༼༡ ས་སྐྱ་པའི་ལུགས། ༼༢ ཕུག་པའི་ལུགས། ༼༣ བུ་སྟོན་གྱི་ལུགས། ༼༤ ཁ་ཆེ་པཎ་ཆེན་ལུགས། ༼༥ གནས་བརྟན་སྡེ་པའི་ལུགས། དེང་སང་འཛམ་གླིང་གི་ཡོངས་ཁྱབ་ནས་གནས་བརྟན་སྡེ་བའི་ལུགས་དང་བོད་དུ་ཁ་ཆེ་པཎ་ཆེན་གྱི་ལུགས་སུ་གྲགས་པ་དེ་ཚད་མར་འཛིན་བཞིན་འདུག
༼དང་པོ། སྟོན་པའི་ལོ་ཚིགས་ལ་དཔྱད་པ།
༼༡ ས་སྐྱ་པའི་ལུགས་ལྟར་ན་དཔལ་ལྡན་ས་སྐྱ་པའི་ལུགས་ནི་སྟོན་པ་མེ་ཡོས་ལོར་ལྷུམས་སུ་ཞུགས་པ་དང་། ས་ཕོ་འབྲུག་པར་སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས་པ། མེ་མོ་ཕག་ལོ་རྫོགས་ནས་ཕོ་བྱི་བའི་མགོ་བརྩམས་པའི་མཚམས་སུ་མྱ་ངན་ལས་འདས་པ་གསུངས། སྤྱི་ལོའི་སྔོན་དུ་ལོ ༢༡༣༣་ལ་མྱ་ངན་ལས་འདས་པ་ནས་ད་ལྟའི་བར་དུ་རབ་བྱུང་བཅུ་བདུན་པའི་རབ་གནས་ཤིང་ལུག་ལོ་ སྤྱི་ལོ ༢༠༡༥ ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༤༡༤༧སོང་ཞིག
༼༢ ཕུག་པ་ཡབ་སྲས་ཀྱི་ལུགས་ལ་སྟོན་པ་ས་མོ་ལུགས་ལ་ལྷུམས་སུ་ཞུགས་པ་དང་། ལྕགས་ཕོ་སྤྲེལ་ལ་སྐུ་བལྟམས། ཤིང་ཕོ་རྟ་ལ་སངས་རྒྱས་པ། ལྕགས་ཕོ་འབྲུག་ལ་མྱ་ངན་ལས་འདས། སྤྱི་ལོའི་སྔོན་དུ་ ༨༨༡་ལ་མྱ་ངན་ལས་འདས་ནས་སྤྱི་ལོ་༢༠༡༥ ཡན་ལ་ལོ་༢༨༩༥སོང་ཟིན།
༼༣ བུ་སྟོན་རིན་པོ་ཆེའི་ལུགས་ལ་སྟོན་པ་མེ་ཕོ་རྟ་ལ་སྐུ་བལྟམས། ལྕགས་མོ་སྦྲུལ་ལ་སངས་རྒྱས། མེ་ཕོ་སྟག་ལ་མྱ་ངན་ལས་འདས། སྤྱི་ལོ་སྔོན་༨༣༥་ལ་མྱ་ངན་ལས་འདས་པ་གསུངས། སྤྱི་ལོ་༢༠༡༥ཡན་ལ་ལོ་༢༨༤༩སོང་ཟིན།
༼༤ ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ནི་མེ་སྤྲེལ་སྟོན་པ་ཕྱི་ལོའི་སྔོན་གྱི་ལོ་ ༥༤༤ལ་འཁྲུངས་བར་བཞེད་པ་དང་སྤྱི་ལོ་༢༠༡༥་བར་དུ་ལོ་༢༥༥༩་སོང་འདུག
༼༥ གནས་བརྟན་སྡེ་པའི་ལུགས་ལ་མེ་འབྲུག་དང་མེ་སྦྲུལ་བཤད་སྲོལ་གཉིས་འདུག་ལོར་སྐུ་འཁྲུངས་པ་བཤད། སྤྱི་ལོའི་སྔོན་དུ་འཁྲུངས་པ་༥༤༤ལོར་གསུངས། སྤྱོ་ལོ་༢༠༡༥་བར་དུ་སྟོན་པའི་འདས་ནས་ ༢༥༥༨སོང་འདུག
༼ གཉིས་པ། སྟོན་པ་འཁྲུངས་འདས་ཀྱི་ཟླ་བར་དཔྱད་པ།
སྟོན་པ་བཀའ་དྲིན་གྱི་རྣམ་ཐར་མཛད་མཁན་ཐོག་མ་ཕལ་ཆེར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པར་ངེས་སོ། དེས་མཛད་པའི་སྟོན་པའི་མཛད་པ་བཅུ་གཉིས་ཐབས་མཁས་མའི་ནང་དུ། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་དེ།། བཀྲ་ཤིས་ལུམྦཱིའི་ཚལ་དུ་བལྟམས་པའི་ཚེ།། ཞེས་གསུངས་པའི་ལུགས་འདིས་འཕགས་བོད་སྔོན་བྱོན་མཁས་གྲུབ་དག་གིས་མགྲིན་གཅིག་ཏུ་ཞལ་སུ་བཞེད་ཀྱི་འདུག ས་ག་ཟླ་བའི་ཚེ་བཅོ་ལྔར་ལྷུམས་སུ་ཞུགས་པ་དེ་ནས་གྲངས་པའི་ཟླ་བ་བཅུ་འདས་པའི་རྗེས་སུ་དཔྱིད་ཟླ་ར་བའི་ཚེས་བདུན་ལ་སྐུ་བལྟམས། དེའི་ཕྱིར་དཔྱིད་ཟླ་ར་བའི་བོད་ཟླ་དང་པོའམ་བོད་ཟླ་བཅུ་གཉིས་གང་རུང་ཡིན་དགོས་སོ། ཀུན་མཁྱེན་པད་མ་དཀར་པོས་དཔྱིད་ཟླ་ཐ་ཆུང་གི་སྐར་མ་རྒྱལ་ལ་འཁྲུངས་གསུངས། དེ་ཡིན་ན་དཔྱིད་ཟླ་ཐ་ཆུང་ནི་བོད་ཟླ་གསུམ་པའམ་བཅུ་པ་ཡིན་དགོས། བུ་སྟོན་ཆོས་འབྱུང་ནང་དུ་དེ་ལྟར་གསུངས་འདུག
རྒྱ་གར་པ་དག་གིས་བོད་ཟླ་གསུམ་པའི་ཚེས་གྲངས་བཅོ་ལྔ་ནས་བོད་ཟླ་བཞི་པའི་ཚེས་གྲངས་ཚེས་གྲངས་བཅུ་དྲུག་བར་དུ་ཟླ་བ་གཅིག་རྩིས་ནས་ས་ག་ཟླ་བ་ངོས་འཛིན་གནང་གིན་འདུག དེང་སང་དང་རྒྱ་གར་དང་མ་ལེ་ཤེ་ཡ། ཐན་ཝན་དང་སིང་ག་པུར་བཅས་སུ་ངོས་ལེན་རྩི་སྲུང་གནང་བཞིན་འདུག
བལ་པོའམ་བལ་ཡུལ་ཡུལ་མི་དག་གིས་བོད་ཟླ་གསུམ་པ་དེར་ས་ག་ཟླ་བ་ངོས་འཛིན་གནང་སྲོལ་འདུག ཏཱ་ར་ནཱ་ཐའི་ཞལ་ནས་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་འཁྲུངས་པ་གསུངས། ཀོང་སྤྲུལ་རྩིས་གཞུང་ལས་ཏཱ་ར་ནཱ་ཐ་ལྟར་ཞལ་སུ་བཞེད་འདུག དེ་ཡིན་ཆུ་སྟོད་ཟླ་བ་ནི་བོད་ཟླ་དྲུག་པ་ཡིན་དགོས། འགོས་ལོའི་དེབ་སྔོན་དུ་དབོ་ཟླ་བའི་ཚེས་བཅོ་ལྔར་སྐུ་འཁྲུངས་པར་གསུངས། ཤེས་བྱ་ཀུན་ཁྱབ་ལས་དབོ་ཟླ་བའི་ཚེས་བརྒྱད་ལ་སྐུ་འཁྲུངས་པ་གསུངས། འདུལ་གཞུང་ལས། བཅོམ་ལྡན་ཟླ་བ་གང་ལ་བཙས་ཞེས་ཞུ་བས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། ལུང་གླེང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་ས་ག་ལ་སྐུ་བལྟམས་སོ། ཞེས་གསུངས། འགྲེལ་ཆུང་ལས། དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བདུན་ལ་སྐུ་བལྟམས་པར་གསུངས། ཕུག་པ་ཡབ་སྲས་ཀྱི་ལུགས་ལ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས་པ་གསུངས།
༼ གསུམ་པ། སྟོན་པའི་འཁྲུངས་འདས་ཀྱི་ཚེས་གྲངས་ལ་དཔྱད་པ།
༡ དང་པོར་ཚེས་བདུན་ལ་སྐུ་བལྟམས་པའི་ལུགས་བཤད་པ། མདོ་རྒྱ་ཆེ་རོལ་བ་ལས།
དཔྱིད་ཟླ་ཐ་ཆུང་གི་ཚེས་བདུན་པ་སྐུ་བལྟམས་པར་གསུངས་ཤིང། རྒྱ་གར་འགྲེལ་ཆུང་ལས། དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེ་བདུན་གྱི་སྐར་མ་རྒྱལ་ལ་བབ་པའི་ཚེ་ན་སྐུ་བལྟམས་པའི་དུས་སྟོན་བྱའོ་ཞེས་གསུངས། ལུང་གླེང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་གི་ས་ག་ཟླ་བ༼ཟུར་མཆན་དུ་ཚེས་བདུན་པ་སྐུ་བལྟམས་པར་གསུངས།༽ལ་སྐུ་བལྟམས་པར་གསུངས། ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊཱིཀ་རྣམ་བཤད་ལས། འགྲེལ་ཆུང་གཞི་བཟུང་གཞི་གསུངས་འདུག སིངྒ་གླིང་གི་གནས་བརྟན་སྡེ་པས་ས་ག་ཟླ་བའི་ཚེས་བདུན་ལ་བལྟམས་པར་གསུངས། གཞི་བཞུགས་བོད་གཞུང་སྨན་རྩིས་ཁང་དང་བྱེས་བོད་གཞུང་སྨན་རྩིས་ཁང་གི་ཕུག་ལུགས་ལྟར་ཚེས་བདུན་ལ་སྐུ་བལྟམས་པར་བཞེད་འདུག དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཚེས་བདུན་ལ་ཞལ་བཞེད་འདུག
༢ ཚེས་བརྒྱད་ལ་ངོས་འཛིན་གནང་མཁན། མདོ་ལས་ཚེས་བརྒྱད་ལ་སྐུ་འཁྲུངས་གསུངས། ༼མདོ་ལུགས་དྲངས་པ་ཙམ་ལས་མདོ་འདིའི་མཚན་གསལ་པོ་མི་འདུག༽ སློབ་དཔོན་ བསོད་ནམས་རྩེ་མོས་ཚེས་བརྒྱད་ལ་སྐུ་འཁྲུངས་གསུངས། ཤེས་བྱ་ཀུན་ཁྱབ་ལས་ཚེས་བརྒྱད་ལ་སྐུ་བལྟམས་པར་གསུངས། ཀོང་སྤྲུལ་རྩིས་གཞུང་ལས་ཚེས་བརྒྱད་ལ་སྐུ་འཁྲུངས་གསུངས། ༼ཚེས་བདུན་དང་བརྒྱད་ལ་འཁྲུངས་པ་གཉིས་ལ་དེ་ཙམ་ཁྱད་པར་མེད། རྒྱུ་མཚན་ཚེས་བདུན་གྱི་ནམ་ཕྱེ་ལ་འཁྲུངས་པ་བཞེད་པ་དང་ཚེས་བརྒྱད་པའི་ཐུན་མཚམས་དང་པོར་འཁྲུངས་པ་བཞེད་པས་སྐར་ཆ་ཁ་ཤས་མ་གཏོགས་དེ་ཙམ་ཁྱད་པར་མེད་ལགས།༽༣ ཚེས་བཅོ་ལྔ་ལ་སྐུ་བལྟམས་པ་ངོས་འཛིན་གནང་མཁན། ཀུན་མཁྱེན་པད་མ་དཀར་པོ་དང་བོད་མཁས་པ་དགེ་ལེགས་རྣམ་རྒྱལ། གོང་ས་ལྔ་པ་ཆེན་པོ། འགོས་གཞོན་ནུ་བློ་གྲོས་བཅས་ཀྱིས་ཚེས་བཅོ་ལྔ་ལ་སྐུ་བལྟམས་པར་གསུངས། ཆོས་རྒྱལ་མྱ་ངན་པའི་ལོ་རྒྱུས་ནང་དུ་ཟུང་མཆན་དུ་ཚེས་བཅོ་ལྔ་ལ་འཁྲུངས་པར་གསུངས་འདུག༼ཡིག་བསྒྱུར་པས་མཆན་ལས་རྩོམ་པ་པོས་དགོངས་པ་ཡིན་པར་མ་ཚོར་ལགས། དེ་ཡང་ཚེས་བཅོ་ལྔར་སྐུ་འཁྲུངས་པ་བཞེད་པ་དག་གིས་འཁྲུལ་གཞི་ནི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྲས་སྒྲ་ཅན་འཛིན་འཁྲུངས་པ་དེ་དང་འཁྲུལ་བ་སྣང་། ༽ དེ་བཞིན་དུ་ལོ་རྒྱུས་ཚད་ལྡན་ཡིན་ཁུངས་ནུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་གུང་ལ་ཡུམ་སྒྱུ་མ་ལྷ་མཛེས་མཆོག་ལ་ལྷུམས་སུ་ཞུགས་པ་དང་། དཔྱིད་ཟླ་ཐ་ཆུང་ཡར་ངོ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས་པ་དང་། ས་བྱི་ས་ག་ཟླ་བའི་ཚེས་བརྒྱད་ལ་རབ་ཏུ་བྱུང་། དགུང་ལོ་སོ་ལྔར་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། ཐོ་རངས་སུ་ཏིང་ངེ་འཛིན་གྱི་མཉམ་པར་བཞག་ནས་མངོན་པར་རྫོགས་པ་སངས་རྒྱས། དཔྱིད་ཟླ་ཐ་ཆུང་ཉ་ཡི་ས་ག་ཟླ་བའི་ཚེས་བཅོ་ལྔར་མྱ་ངན་ལས་འདས་ཚུལ་བསྟན་པ་སོགས་ས་ག་ཟླ་བར་མཛད་པ་དུ་མ་ཡང་ཡང་བསྟན་པས་ཆེས་ཁྱད་པར་འཕགས་པའི་དུས་ཆེན་བླ་ན་མེད་པའི་དུས་བཟང་ངམ་ཟླ་བ་ཞིག་ཡིན་དུས་ནང་པའི་རྗེས་འབྲངས་དག་གིས་དགེ་སྒྲུབ་སྡིག་སྤོང་ཅི་ནུས་བྱ་དགོས་པར་སྨོས་མེད་དོ། ས་ག་ཟླ་བའི་དུས་སྟོན་བྱེད་པའི་ལུགས་སྲོལ་འདི་དག་སྟོན་པ་ཞལ་བཞུགས་དུས་ནས་དར་ཏེ། ལུང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་ས་ག་ལ་སྐུ་བལྟམས་སོ་ཞེས་གསུངས་ཤིང་། འགྲེལ་ཆུང་ལས་ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས་ཞེས་བཤད་པ་དང་། རྣམ་བཤད་ཉི་མའི་འོད་ཟེར་ལས་འགྲེལ་ཆུང་ལས་བཤད་པ་ལྟར་དཔྱིད་ཟླ་ཐ་ཆུང་ཡར་ངོའི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པའི་ཚེ་ན་སྐུ་བལྟམས་པའི་དུས་སྟོན་བྱའོ། ཞེས་གསུངས་པ་ལྟར་སྐུ་བལྟམས་པའི་དུས་སྟོན་ནི་འཇིག་རྟེན་པའི་སྐྱེས་སྐར་སྲུང་བརྩི་བྱེད་པའི་ཡུལ་ཆོས་དང་མཐུན་པའི་སྒོ་ནས་སྟོན་པའི་བཀའ་དྲིན་རྗེས་དྲན་དང་བསོད་ནམས་རླབས་པོ་ཆེ་གསོག་པའི་དགའ་སྟོན་རྒྱ་ཆེར་བཤམས་ཀྱི་ཡོད་པ་རེད། དེ་བཞིན་འཇིག་རྟེན་པའི་ཚུལ་ལུགས་ལ་བྱིས་པ་ཆུང་ངུ་སྐྲ་ལན་གཅིག་བྲེགས་པ་དེ་དང་མཐུན་པར་དགུང་ལོ་ལྔ་ལོན་པ་ན་དབུ་སྐྲ་བྲེགས་པའི་དུས་སྟོན་གསུངས་པ་དང་། དགུང་ལོ་དྲུག་ལོན་པ་ན་གཙུག་ཕུད་བཞག་ནས་ད་ཕྱིན་དབུ་སྐྲ་མི་འདྲེག་ཅེས་གཙུག་ཕུད་བཞག་པའི་དགའ་སྟོན་གསུངས་པ་དང་། དགུང་ལོ་ཉེར་དགུ་ལོན་པ་ན་ཁྱིམ་ནས་མངོན་པར་བྱུང་སྟེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་སྟེང་གི་ནམ་མཁའ་ལ་བོར་བ་དང་བརྒྱ་བྱིན་གྱིས་མཁའ་ལས་བླངས་ནས་མཐོ་རིས་ཀྱི་གནས་སུ་བཞག་པ་གྱུར་པའི་ཉིན་མོ་དེར་དད་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་གིས་དུས་སྟོན་བྱས་པ་དེ། གཙུག་ཕུད་འདྲེག་པའི་དུས་སྟོན་གསུངས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་ཀྱང་མཆོད་པའི་རྟེན་དུ་བྱེད་ཅིང་ལོ་རེ་བཞིན་བྱེད་སྲོལ་ཡོད་ལགས། དེ་བཞིན་དུ་བདག་ཅག་རྣམས་ཀྱི་སྟོན་པ་བཀའ་དྲིན་ཅན་མཉམ་མེད་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་མཁའ་ཁྱབ་ཀྱི་འགྲོ་བའི་དོན་དུ་བྱོན་ཚུལ་ལ་གདུལ་བྱ་ཐུན་མོང་བའི་སྣང་ངོར་བཤད་ཚུལ་ཞིག་དང་ཐུན་མོང་མ་ཡིན་སྣང་ངོར་བཤད་ཚུལ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་བཤད་ཚུལ་དང་ཐེག་ཆེན་ཐུན་མོང་གི་བཤད་ཚུལ། ཐེག་དམན་གྱི་བཤད་ཚུལ་བཅས་ཀྱི་ བདག་ཅག་གི་སྟོན་པ་འཁྲུངས་འདས་དང་ཟླ་ཚེས་ཀྱི་ཐད་དུ་གདུལ་བྱ་ཐུན་མོང་བའི་སྣང་ངོར་མཛད་པ་བཅུ་གཉིས་མཛད་ཚུལ་་སྐོར་ལ་ཅུང་ཟད་དཔྱད་ཆོག་པར་ཞུ།སྔོན་བྱོན་འཕགས་ལྗོངས་ཀྱི་པན་གྲུབ་དང་གནའ་བོའི་བོད་ཀྱི་མཁས་གྲུབ་དག་གིས་དད་པའི་སྟོབས་ཀྱིས་ལྷ་སྒྲུང་གི་རྣམ་པར་བཟོས་ཏེ་གསུངས་པ་ཞིག་མ་ཡིན་པར། རྒྱ་གར་ཁོ་རང་ཚོའི་ནང་པའི་གསུངས་རྒྱུན་ཞིག་རེད་སྙམ། དེའི་རྒྱུ་མཚན་ནི། རྒྱ་གར་གྱི་བདག་ཅག་གི་སྟོན་པ་སྐུ་ཞལ་བཞུགས་པའི་སྐབས་ནས་ཤེས་ཐུབ་ཀྱི་འདུག ཡིན་ན་ཡང་བདག་ཅག་གི་སྟོན་པ་སྐུ་འཁྲུངས་འདས་དང་ཟླ་ཚེས་བཅས་ལ་བཞེས་ཚུལ་མི་འདྲ་བའི་རྐྱེན་གྱིས་དོགས་སློང་བྱེད་འདོད་བྱུང་།སྤྱིར་བདག་ཅག་གི་སྟོན་པའི་མཛད་པ་བཅུ་གཉིས་འདི་ལ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་མཛད་ཚུལ་དུམ་བུ་གཉིས་སུ་དགར་ན་འགྲིག་མོད། དེ་ཡང་དཔལ་ལྡན་ས་སྐྱའི་ལུགས་ལ་སྟོན་པ་ཕྱི་ལོའི་སྔོན་གྱི་ ༢༡༣༣ ལོར་འཁྲུངས་པ་དང་། ཇོ་བོ་རྗེས་འབྲངས་དང་པའི་ལུགས་ནི་ཕྱི་ལོའི་སྔོན་གྱི་ ༢༡༣༦ ཡིན། ཁ་ཆེའི་པཎ་ཆེན་ལུགས་ནི། སྟོན་པ་ཕྱི་ལོའི་སྔོན་གྱི་ལོ་ ༥༤༣ ལ་འཁྲུངས་བར་བཞེད། དེ་ཡང་སྔོན་བྱོན་བོད་ཀྱི་མཁས་གྲུབ་དག་གིས་བསྟན་རྩིས་རིག་པའི་ནང་དུ་བོད་རང་གི་མཁས་པའི་ལུགས་སུ་གཞི་ནས་བྱས་ན། རྒྱ་གར་འཕགས་ཡུལ་དུ་སྟོན་པ་བཀའ་དྲིན་ཅན་ཐུབ་པའི་དབང་བོ་མཆོག་ཡུམ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པའི་ལོ་ནས་འགོ་བརྩམས་ཏེ། མ་ཧཱ་ཙི་ནའི་ཡུལ་དུ་འཇམ་དབྱངས་བྱིས་པའི་ཚུལ་དུ་སྐུ་བལྟམས་པའི་ལོ་དང་། ཁ་བ་གངས་ཀྱི་ལྗོངས་སུ་མང་མོས་ཀྱི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པ་ནས་མཁས་གྲུབ་ཆོས་རྒྱལ་རིམ་བྱོན་དང་། ས་དགེ་བཀའ་རྙིང་ལ་སོགས་པའི་གྲུབ་མཐའ་རིས་མེད་ཀྱི་ལོ་པཎ་མཁས་གྲུབ་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ལོ་རྒྱས་དང་རྣམ་ཐར། དེབ་ཐེེར་དང་ཆོས་འབྱུང་དག་ལས་སྟོན་པའི་འཁྲུངས་ལོ་དང་། འདས་ལོ། ཟླ་ཚེས་བཅས་ཀྱི་ལོ་ཚིགས་གལ་ཆེན་རྣམས་བཀོད་པ་བརྒྱུད་རིམ་བཞེས་ཚུལ་མི་འདྲ་བའི་སྣ་ཚོགས་དང་རྩིས་སྟངས་ཡང་མི་འདྲ་ཇི་སྙེད་བྱུང་འདུག ནང་བསྟན་བོད་མཁས་དག་གིས་བསྟན་རྩིས་སུ་བཀོད་པའི་ལོ་ཚིགས་རྣམས་ལས་སྟོན་པའི་འདས་ལོ་ནི་ཆེས་ལོ་ཚིགས་གལ་ཆེན་ཞིག་ཏུ་ཆགས་བསྡད་ཡོད་ཅིང་། སྟོན་པའི་འདས་ལོའི་ངོས་འཛིན་གནང་སྟངས་ཐད་རྒྱ་གར་གྱི་མཁས་པས་བརྩི་ཚུལ་མི་འདྲ་བ་དང་། རྒྱ་ནག་གི་མཁས་པས་བརྩི་ཚུལ་མི་འདྲ་བ། བོད་ཀྱི་མཁས་པས་བརྩི་ཚུལ་མི་འདྲ་བ་མང་བོ་ཡོད་པ་དེ་ཚོ་ཚང་མའི་གནད་འགག་ཐུག་ས་གཙོ་བོ་ནི་རྒྱ་གར་རྒྱལ་བོ་ཟས་གཙང་མའི་སྲས་གཞོན་ནུ་དོན་གྲུབ་མཆོག་ཉིད་དགུང་ལོ་སོ་ལྔ་ལ་སངས་རྒྱས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རྒྱལ་སྲས་གཞོན་ནུ་དོན་འགྲུབ་སངས་རྒྱས་པ་དང་། རྒྱལ་སྲས་ཀྱི་སྲས་སྒྲ་ཅན་འཛིན་སྐུ་འཁྲུངས་པ་དེ་ཡང་ཟླ་བ་གཟའ་འཛིན་བྱུང་བས་སྒྲ་ཅན་འཛིན་ཟེར། སྐབས་དེར་སྟོན་པ་སངས་རྒྱས་པ་དང་སྲས་སྒྲ་ཅན་འཛིན་འཁྲུངས་པ་གཉིས་དུས་མཉམ་པར་སྟོན་པའི་རྣམ་ཐར་གྱི་མདོ་བསྟན་བཅོས་ཁུངས་ལྡན་སྔ་ཤོས་རྣམས་སུ་འཁོད་ཡོད་ཀྱང་། སངས་རྒྱས་པའི་ལོ་དེའི་ལོ་རྟགས་དང་། ལོ་ཁམས་གང་ཡིན་པ་བཅས་གསལ་བོར་འཁོད་མེད་པའི་རྐྱེན་གྱིས་ལོ་དེ་ནི་དོན་དངོས་སུ་གང་ཡིན་ངོས་འཛིན་པར་ཕྱིས་ཀྱི་མཁས་པ་ཚོས་དུས་འཁོར་གྱི་སྐར་རྩིས་རི་མོའི་ཐོག་ནས་རྩིས་མཛད་སྐབས་རྩིས་འབྲས་མི་འདྲ་བ་མང་བོ་ཡོང་གི་ཡོད་པ་དེར་ཐུག་པ་ཡིན་པར་གསུངས་སོ། ། སྔོན་བྱོན་མཁས་པ་སོ་སོས་སྐར་རྩིས་ཀྱི་རི་མོ་འགོད་སྟངས་ཐད་འགའ་ཤས་ཀྱིས་ནང་བའི་གྲུབ་མཐའི་ལུགས་ཏེ་གྲུབ་རྩིས་གཙོ་བོར་བྱས་ནས་བརྩིས་པ་དང་། འགའ་ཞིག་གིས་ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལུགས་བྱེད་དེ་རྩིས་སྟངས་གཙོ་བོར་བྱས་ནས་བརྩིས་པའི་དབང་གིས་ཟླ་བ་གཟའ་འཛིན་ཡོད་མེད་ཀྱི་རི་མོ་མི་མཐུན་པ་བྱུང་། རྗེས་སུ་རྩིས་ཀྱི་རིག་བྱེད་སྨྲ་བའི་དབང་བོ་རེ་གཉིས་ཀྱིས་ཟླ་བ་གཟའ་འཛིན་ཡོད་མེད་ཐད་རྩིས་གཞུང་ལས་བྱེད་རྩིས་གནད་ཐིག་པ་ཡོད་པ་དང་། ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཐེག་དམན་སོགས་སུ་འཛིན་པའི་དུས་ཚོད་དང་འཛིན་སྟངས་ཀྱི་ཆ་ཆེ་ཆུང་ཐད་བྱེད་རྩིས་ལས་གྲུབ་རྩིས་གནད་ལ་ཁེལ་བ་ཡོད་པའི་ཉམས་མྱོང་ཕྱོགས་བསྡོམས་གནང་ཐོག་སྟོན་པའི་འདས་ལོ་འདྲ་མིན་མང་བོ་བྱུང་བ་དག་ལ་ལོ་མང་བའི་ཕྱོགས་དང་། ཉུང་བའི་ཕྱོགས་ཏེ་དབྱེ་བ་གཉིས་སུ་བཀར་ཡོད་པ་དང་། ཉེ་རབས་ཀྱི་མཁས་པའི་དབང་བོ་དཔལ་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་སྟོན་པའི་འདས་ལོ་ལ་ལོ་ཆེས་མང་བའི་ཕྱོགས་དང་། མང་བའི་ཕྱོགས། ཉུང་བའི་ཕྱོགས། ཆེས་ཉུང་བའི་ཕྱོགས་ཏེ་ཞིབ་ཕྲས་དབྱེ་བ་བཞིར་མཛད་ཡོད། དེང་སྐབས་རྒྱ་གར་དང་། སིངྒ་ལ། འབར་མ་སོགས་ནང་བའི་བསྟན་པ་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་མཁས་པ་མང་བོ་ཞིག་གིས་སྟོན་པའི་འདས་ལོ་རྒྱ་གར་ལུགས་ཀྱི་བརྩི་སྟངས་མི་འདྲ་བ་རྣམས་ལས། ལོ་ཉུང་བའི་ཕྱོགས་ཏེ་སིངྒ་ལ་གནས་བརྟན་སྡེ་བའི་ལུགས་སམ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་གཙོ་བོར་བཟུང་གི་ཡོད་ཅིང་། ཁ་ཆེ་པཎ་ཆེན་ལུགས་ཀྱི་བརྩི་སྲོལ་ལྟར་ན་རབ་རྒྱལ་མེ་སྤྲེལ་སྤྱི་ལོ ༡༩༥༦ ལོ་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ ༢༥༠༠ ཉིས་སྟོང་ལྔ་བརྒྱ་ཧྲིལ་བོ་སོང་བར་བརྟེན་རྒྱ་གར་དུ་སྟོན་པ་བཅོམ་ལྡན་འདས་དྲན་གསོའི་ཚོགས་འཛོམས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་བདག་ཉིད་ཆེན་པོ་པཎ་ཆེན་བཅུ་བ་དང་རྒྱལ་མཆོག་བཅུ་བཞི་བ་རྣམ་གཉིས་གདན་ཞུས་ལྟར་ཕེབས་བསྐྱོད་གནང་བ་རེད། ཁ་ཆེ་པཎ་ཆེན་གྱི་ལུགས་འདི་ལ་སྟོན་པ་བཅོམ་ལྡན་འདས་སྤྱི་ལོ་སྔོན་གྱི་མེ་སྦྲུལ ༥༤༤ ལ་མྱ་ངན་ལས་འདས་པ་ཡིན། ཡང་ལུགས་འདིར་སྟོན་པ་སྤྱི་ལོ་སྔོན་གྱི་མེ་འབྲུག ༥༤༥ ལ་འདས་ཤིང་། སྟོན་པའི་འདས་ལོ་བརྩི་དུས་མེ་འབྲུག་དེའི་ཕྱི་ལོ་མེ་སྦྲུལ་ནས་བརྩི་དགོས་པར་གསུངས་པའང་ཡོད། རབ་བྱུང་བཞི་བའི་མེ་ཡོས་སྤྱི་ལོ ༡༢༠༧ ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ལྷོ་ཁ་སོལ་ནག་ཐང་བོ་ཆེའི་དགོན་པར་བཞུགས་སྐབས་ཁོང་གིས་ནག་པ་ཟླ་བའི་ཚེས་ལྔ་ཉིན་སྟོན་པའི་འདས་ལོའི་བསྟན་རྩིས་ཤིག་མཛད་ཅིང་། སྤྱི་ལོ་སྔོན་གྱི་མེ་སྦྲུལ ༥༤༤ནས་གོང་ལོའི་བར་སྟོན་པའི་འདས་ལོ ༡༧༥༠ ཆིག་སྟོང་བདུན་བརྒྱ་ལྔ་བཅུ་དང་ཟླ་བ་གཉིས་དང་ཟླ་ཕྱེད་སོང་ཞེས་གསུངས་པ་དེ་དེང་སང་འཛམ་གླིང་ཡོངས་གྲགས་སུ་གནས་བརྟན་སྡེ་བའི་ལུགས་ཀྱི་བསྟན་རྩིས་ཞེས་བརྗོད་སྲོལ་ཡོད་པ་དེ་ཡིན་ནོ། །རྒྱ་ནག་གི་སྟོན་པའི་འདས་ལོ་བརྩི་སྟངས་མི་འདྲ་བ་རྣམས་ལས། ལོ་ཆེས་མང་བའི་ཕྱོགས་ཏེ་ཙནྡན་ཇོ་བོའི་ལོ་རྒྱུས་ལུགས་ཀྱི་བརྩི་སྲོལ་དེ་གྲགས་ཆེ། རྒྱ་ནག་གི་ཙནྡན་ཇོ་བོའི་ལོ་རྒྱུས་རྒྱས་པ་ནི་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེས་མཛད་པ་ཞིག་ཡོད་འདུག་ཅིང་། བསྡུས་པ་ཞིག་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་གྲུབ་མཐའི་སྐོར་གྱི་རྣམ་བཤད་ཀྱི་ནང་དུ་ནང་འཁོད་འདུག ཙནྡན་ཇོ་བོའི་ལོ་རྒྱུས་ལུགས་ལ་སྟོན་པ་བཅོམ་ལྡན་འདས་སྤྱི་ལོ་སྔོན་གྱི་ཆུ་བྱ ༩༤༨ ལ་མྱ་ངན་ལས་འདས་པར་འགོས་ལོའི་དེབ་སྔོན་དུ་འཁོད་ཡོད་ཅིང་། འདིའི་ལུགས་ལ་ནི་གཞན་རྣམས་དང་མི་འདྲ་བར་སྟོན་པའི་འདས་ལོ་བརྩི་བའི་འགོ་ནི་འཁྲུངས་པའི་ལོ་སྤྱི་ལོ་སྔོན་གྱི་ཤིང་སྟག ༡༠༢༧ ནས་བརྩི་དགོས་པ་ཡིན་ལ། རབ་རྒྱལ་མེ་སྤྲེལ་སྤྱི་ལོ ༡༩༥༦ ཡན་ལ་ལོ ༢༩༨༢ ཉིས་སྟོང་དགུ་བརྒྱ་གྱ་གཉིས་འདས་པ་ཡིན།ཙནྡན་ཇོ་བོའི་ལོ་རྒྱུས་རྒྱ་ནག་སྐད་ལས་བོད་སྐད་དུ་བསྒྱུར་པ་ཞིག་སྣར་ཐང་དང་པེ་ཅིན་བསྟན་འགྱུར་ཁྲོད་དུ་བཞུགས་པ་དེར་བཤད་པ་དང་།འགོས་ལོས་བཞེད་པ་གཉིས་ཀྱི་འཁྲུངས་ལོ་གཅིག་པུ་མཐུན་པ་ཙམ་ལས་ལོ་ཚིགས་གཞན་རྣམས་མི་འདྲ་བས་དཔྱད་གཞི་ཅུང་ཟད་ཡོད་པར་མངོན་ནོ། །བོད་ཀྱི་སྟོན་པའི་འདས་ལོ་བརྩི་སྟངས་མི་འདྲ་བ་རྣམས་ལས།ལོ་མང་བའི་ཕྱོགས་ཏེ་དཔལ་ལྡན་ཕུག་པའི་ལུགས་ཀྱི་བརྩི་སྲོལ་དེ་གྲགས་ཆེ་ཞིང་གནད་ལ་ཁེལ་བ་ཡིན།དེང་སྐབས་འཛམ་གླིང་ཡོངས་གྲགས་སུ་ལོ་རྒྱུས་མཁས་པ་ཕལ་མོ་ཆེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་དེ་ཁས་ལེན་གྱི་ཡོད། འོན་ཀྱང་ཁ་ཆེ་པཎ་ཆེན་ལུགས་ལྟར་ན་རབ་རྒྱལ་མེ་སྤྲེལ་སྤྱི་ལོ ༡༩༥༦ ལོ་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ ༢༥༠༠ ཉིས་སྟོང་ལྔ་བརྒྱ་སོང་བ་དེ་ནས་ཡར་ཕྱིར་སློག་བྱས་ཏེ་རྩིས་ཤིག་བརྒྱབ་ན་རྒྱལ་བུ་གཞོན་ནུ་དོན་གྲུབ་དགུང་ལོ་སོ་ལྔ་བ་ལ་ཕེབས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་མོར་ཟླ་བ་གཟའ་འཛིན་གྱི་རི་མོ་ཡོང་གི་ཡོད་མེད་དང་། དེའི་དགོང་མོར་རྒྱ་གར་ལ་ཟླ་བ་གཟའ་འཛིན་བྱུང་ཡོད་མེད་དེ་ད་ལྟ་བརྟག་དཔྱད་ཞིབ་འཇུག་བྱ་དགོས་པ་ཞིག་ཡིན་ཅིང་། དཔལ་ལྡན་ཕུག་པ་བས་རབ་རྒྱལ་མེ་སྤྲེལ་སྤྱི་ལོ ༡༩༥༦ ལོ་ནས་ཡར་བརྩིས་དུས་གནས་བརྟན་སྡེ་བའི་ལུགས་ཀྱི་ལོ ༢༥༠༠ ཉིས་སྟོང་ལྔ་བརྒྱ་བ་དེའི་ཟླ་བཞི་བའི་ཉ་ལ་ཟླ་བ་གཟའ་འཛིན་གྱི་རི་མོ་ཡོང་གི་མེད་ལ། ཕུག་པ་རང་ལུགས་ལ་རབ་རྒྱལ་མེ་སྤྲེལ་སྤྱི་ལོ ༡༩༥༦ ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ ༢༨༣༦ ཉིས་སྟོང་བརྒྱད་བརྒྱ་སོ་དྲུག་སོང་ཡོད་དོ། །དཔལ་ལྡན་ཕུག་པའི་ལུགས་ལ་ནི་སྤྱི་ལོ་སྔོན་གྱི་ས་མོ་ལུག ༩༦༢ ལ་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ལྕགས་ཕོ་སྤྲེལ ༩༦༡ ལ་འཁྲུངས། ས་ཕོ་བྱི་བ ༩༣༣ ལ་རབ་ཏུ་བྱུང་། ཤིང་ཕོ་རྟ ༩༢༧ ལ་སངས་རྒྱས། ལྕགས་ཕོ་འབྲུག ༨༨༡ ལ་མྱ་ངན་ལས་འདས་པ་ཡིན། འཁྲུལ་བྲལ་དཔལ་ལྡན་ཕུག་པའི་རྩིས་ལུགས་འདིས་བདག་ཅག་གི་སྟོན་པ་རྒྱལ་བོ་ཟས་གཙང་མའི་སྲས་དགུང་ལོ་སོ་ལྔ་བ་ལ་སངས་རྒྱས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་མོར་ཟླ་བ་གཟའ་འཛིན་གྱི་རི་མོ་འབབ་པར་ཏག་ཏག་གཏན་ཁེལ་གནང་ཐུག་ཀི་ཡོད་པ་རེད།རྩིས་ལུགས་འདི་ཉི་ཟླ་གཟའ་འཛིན་ཙམ་དུ་མ་ཟད་ལྔ་བསྡུས་གཟའ་ལྔ་ཞག་གསུམ་སྟོང་འཇུག་སོགས་རྩིས་ཀྱི་རི་མོ་མཐའ་ཡས་པ་ལས་གང་ཞིག་གཏན་འབེབ་བྱེད་པ་ལ་རྩིས་རིག་གཞན་ལས་གནད་ལ་ཁེལ་ཞིང་ལག་ལེན་བདེ་བ་བྲི་སྒྲུབ་ཀྱི་ཆོ་ག་ཚང་སྟབས། གངས་ལྗོངས་རྩིས་ཀྱི་འཁོར་བསྒྱུར་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སོགས་ཕྱིས་ཀྱི་ས་དགེ་བཀའ་རྙིང་གི་རིས་སུ་མ་བཅས་པའི་མཁས་གྲུབ་དུ་མས་རྩིས་ལུགས་འདི་ཉིད་གཞུང་ཤིང་དང་གཞན་རྣམས་ཡན་ལག་ཏུ་བྱས་ནས་རྩིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་སུ་འདུག་པ་ཡིན་ནོ། ། གཞན་ལྷ་སར་བོད་ལྗོངས་སྨན་རྩིས་ཁང་བཙུགས་ནས་ད་བར་ལོ་ངོ་བརྒྱད་ཅུ་གྱ་གྲངས་ལྷག་སོང་རིང་། ལྗོངས་ཡོངས་ལ་གཅིག་གྱུར་གྱི་ལོ་ཐོ་ཤིང་པར་དང་། ད་ལྟ་ལྕགས་པར་ཐོག་ནས་དཔེ་སྐྲུན་བྱས་པ་ལོ་རེར་ལོ་ཐོའི་ཁ་གྲངས་ཉུང་དུས་ཁྲི་བཅུ་ལྷག་དང་། མང་དུས་ཁྲི་ཉི་ཤུ་ལྷག་ཙམ་འགྲེམས་སྤེལ་བྱེད་ཀྱི་ཡོད་ཅིང་། ལོ་རེར་གནམ་གཤིས་འགྱུར་བ་དང་། ཆར་ཞོད་ཆེ་ཆུང་། སད་སེར་བཙའ་ཐན། གངས་སྐྱོན་རླུང་འཚུབ། རོང་འབྲོག་ཐོན་སྐྱེད། ནད་མུག་འཁྲུག་ལོང་། ཉི་ཟླ་གཟའ་འཛིན་སོགས་རང་བྱུང་ཁམས་ལ་ཚོད་དཔག་བྱས་ཏེ་སྔོན་བརྡ་བཏང་བ་རྣམས་རྗེས་སུ་ཧ་ཅང་ཐིག་པོ་བྱུང་དང་འབྱུང་བཞིན་པ། བོད་ཙམ་དུ་མ་ཟད་རྒྱབ་ཁབ་ཕྱི་ནང་གི་སྤུན་ཟླ་མི་རིགས་གཞན་གྱི་ཁྲོད་ནའང་ཡིད་ཆེས་དང་གདེང་འཇོག་བྱེད་མཁན་གྱི་དཔྱོད་ལྡན་མང་བའི་ལྷ་སའི་ལོ་ཐོ་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ། ཡང་དཔལ་ལྡན་ཕུག་པའི་རང་ལུགས་ལྟར་གངས་ལྗོངས་སྨན་རྩིས་རིག་པའི་རྒྱན་དུ་འཕེལ་བ་ཡིན་ནོ། །མདོ་སྨད་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཆེ་ཁག་རྣམས་སུ་རྩིས་མཁས་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་པ་རྣམས་ཀྱིས་ཀྱང་དཔལ་ལྡན་ཕུག་པའི་རྩིས་ལུགས་འདི་ཉིད་ཕྱག་ལེན་དུ་བསྟར་ཞིང་། སྟོན་པའི་འདས་ལོའི་ཐད་དུའང་ཕྱག་རྗེས་ཀྱི་རི་མོ་རིན་ཐང་བྲལ་པ་བཞག་ཡོད། ཉེ་རབས་ཀྱི་མ་ཧཱ་པཎྜི་ཏ་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི བསྟན་རྩིས་ཀུན་བཏུས། ཞེས་པའི་ནང་དུ་གསུང་རྒྱུར། བདག་གི་བསྟན་རྩིས་ཀྱི་རེའུ་མིག་འདིར་ཕུག་ལུགས་གཞིར་བྱས་པའི་རེའུ་མིག་བཀོད་ཡོད་དོ། །རྒྱུ་མཚན་ནི། སྟོན་པ་སངས་རྒྱས་པའི་དུས་ཀྱི་ཟླ་འཛིན་ལ་དུས་འཁོར་ལུགས་ཀྱི་དྷྲུ་ཝ་ཡར་སློག་ཕུག་པས་བཀོད་པ་དེ་གཙིགས་པར་མ་ཟད། བདག་གིས་རྒྱ་རྩིས་སྟེང་ནས་དྷྲུ་ཝ་ཡར་སློག་བྲིས་པའང་སྟོན་པའི་འདས་ལོ་གཞན་ལས་གཙིགས་པར་མཐོང་བའི་དབང་གིས་ཡིན་ནོ་ཞེས་ལོ་མང་བསགས་པའི་ཉམས་མྱོང་གི་སྒོ་ནས་བཞེད་པ་དང་། ད་དུང་ཁོང་གིས མཉམ་མེད་ཤཱཀྱའི་རྒྱལ་བོ་སངས་རྒྱས་པའི་དུས་ཀྱི་ཟླ་འཛིན་ཡར་སློག་རི་མོར་བཀོད་པ་ཕུག་པའི་དགོངས་རྒྱན། ཞེས་པ་ཞིག་ཀྱང་ལོགས་སུ་བརྩམས་གནང་མཛད་ཡོད་པ་བཅས་ཀྱིས་མཚོན་དཔལ་ལྡན་ཕུག་པའི་རྩིས་ལུགས་སྐྱོང་བའི་མཁས་དབང་དག་གིས་རང་རེའི་སྟོན་པའི་འདས་ལོ་ནི་གསལ་ཐག་ཆོད་པ་ཞིག་གཏན་ཕབ་གནང་ཡོད་དོ། །སྤྱིར་འདས་ལོ་བརྩི་སྲོལ་ལ་སྐབས་འགར་ངོ་ཐོག་ལ་བབས་པའི་ལོ་དེ་ཉིད་བརྩི་བ་དང་། སྐབས་འགར་མི་བརྩི་བའི་ལུགས་གཉིས་ཡོད་ཅིང་། འདིར་ཕྱི་མའི་དབང་དུ་བྱས་ཏེ་གོང་ཞུས་རྒྱ་དཀར་ནག་དང་བོད་ཀྱི་རྩིས་ལུགས་གྲགས་ཆེ་བ་གསུམ་གྱི་སྟོན་པའི་འདས་ལོའི་དཔེར་བརྗོད་ཅིག་སོ་སོར་དགོད་ན། ད་ལྟ་རབ་རྒྱན་ཤིང་ལུག་ལོའི་བར་དུ་གནས་བརྟན་སྡེ་བའི་ལུགས་ལྟར་ན་སྟོན་པའི་འདས་ལོ ༢༥༥༨ ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱད་སོང་བ་དང་། ཙནྡན་ཇོ་བོའི་ལོ་རྒྱུས་ལུགས་སུ་ ༣༠༤༡ སུམ་སྟོང་བརྒྱ་མེད་བཞི་བཅུ་ཞེ་གཅིག་སོང་བ་དང་། དཔལ་ལྡན་ས་སྐྱ་པའི་ལུགས་སུ་ ༤༡༤༧ བཞི་སྟོང་གཅིག་བརྒྱ་བཞི་བཅུ་ཞེ་བདུན་སོང་་བ་དང་། དཔལ་ལྡན་ཕུག་པའི་ལུགས་ལྟར་ན ༢༨༩༥ ཉིས་སྟོང་བརྒྱད་བརྒྱ་གོ་ལྔ་སོང་བ་ལྟ་བུ་ཡིན་ནོ། ། དེང་སང་འཛམ་གླིང་གི་ཡོངས་ཁྱབ་ནས་གནས་བརྟན་སྡེ་བའི་ལུགས་སྟེ། བོད་དུ་ཁ་ཆེ་པཎ་ཆེན་གྱི་ལུགས་སུ་གྲགས་པ་དེ་ཚད་མར་འཛིན་བཞིན་ཡོད། ལྟ་ཚུལ་དེ་གཞིར་བཟུང་ནས་སྤྱི་ལོ༡༩༥༥ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་གྱི་ཚོགས་འདུ་འཚོགས་པས་དེ་ནས་ཡར་འདེད་བྱས་ན་ལོ་ཉིས་སྟོང་ལྔ་བརྒྱ་ནི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་སྔོན་གྱི༥༤༤ཡིན་པ་ལ་རྩོད་པ་མེད། ཡིན་ཡང་། དེ་ལ་ལས་འདས་ལོ་དང་བོར་བརྩི་ཞིང་། ལ་ལས་མྱ་ངན་ལས་འདས་པའི་ལོ་དང་བོར་བཞེད་པས་མྱ་ངན་ལས་འདས་པ་དང་། འཁྲུངས་པའི་ལོ་ལ་ཉོག་དྲ་བཟོས་པ་འདི་ལྟར། དུང་དཀར་བློ་བཟང་འཕྲིན་ལས་དང་དར་མདོའི་བཀྲ་ཤིས་དབང་འདུས་གཉིས་ཀྱིས་བསྒྲིགས་པའི《བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རེའུ་མིག་ངོ་མཚར་ཀུན་སྣང》ཞེས་པར“སྤྱི་ལོ་གོང་གི༦༤༤ལོ་སྟེ་མེ་བྱ་ལ་འཁྲུངས་ནས་སྤྱི་ལོ་གོང་གི༥༤༤ལོ་སྟེ་མེ་སྦྲུལ་ལ་སྐུ་གཤེགས་པར་བཞེད། མཁས་དབང་བསམ་འགྲུབ་རྒྱ་མཚོའི《སྐར་རྩིས་ཀུན་འདུས་ནོར་བུར》“སྤྱི་ལོ་སྔོན་གྱི༦༤༤མེ་བྱ། གནས་བརྟན་པའི་ལུགས་ལ་སྟོན་པའི་སྐུ་བལྟམས། བུ་སྟོན་ཆོས་འབྱུང་དུ་ཉན་ཐོས་སཻནྡྷབའི་ལུགས་ཞེས་བརྗོད། དེང་སྐབས་འཛམ་གླིང་དུ་ལུགས་འདི་གཙོ་བོར་བྱེད་པར་སྣང་། ལུགས་འདི་རྣམས་ལ་སངས་རྒྱས་ནམ་བྱོན་པའི་ལོ་ཚིགས་མི་མཐུན་ཡང་། དགུང་ལོ་ཉེར་དགུ་ཁབ་ཏུ་བཞུགས། དེ་ནས་ལོ་དྲུག་དཀའ་བ་སྤྱད། བརྒྱད་ཅུ་གྱ་གཅིག་ལ་མྱ་ངན་ལས་འདས་པ་རྣམས་ཕལ་ཆེར་མཐུན་ནོ་གསུངས། ཀྲིག་ལང་གིས་བྲིས་པའི《ད་ལོ་སྟོན་པའི་འདས་ལོ༢༥༣༩རེད》(རྒྱ་ཡིག)ཅེས་པར“ད་ལོ་སྟོན་པའི་འདས་ལོ༢༥༣༩ཡིན་པ་ནི་ལྷོ་རྒྱུད་ནང་བསྟན་གྱི་རྒྱུ་ཆ་ལྟར་ཡིན། སིང་ག་ལའི་སྟོན་པ་མྱ་ངན་ལས་འདས་པའི་ལོ་ནི་སྤྱི་ལོ་སྔོན་གྱི༥༤༣ཡིན་ལ་ནང་བསྟན་མཁས་པ་དག་གིས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟོན་པའི་འདས་ལོ་བརྩིས་པ་ཡིན། དེ་ལྟར་ན༥༤༤+༢༠༡༥=༢༥༥༩ཡིན”ཞེས་འཁོད་འདུག(རྒྱ་ཡིག་ལས་སྨྱུག་ཐོགས་པས་བསྒྱུར)མཁས་དབང་ཚེ་ཏན་ཞབས་དྲུང་གི《བསྟན་རྩིས་ཀུན་བཏུས》ལས། “མེ་སྦྲུལ། སྤྱི་ལོ་སྔོན་གྱི༦༤༣གནས་བརྟན་སྡེ་བ་ལྟར་ན་སྟོན་པ་སྐུ་འཁྲུངས་ཞེས་དང་།“མེ་འབྲུག སྤྱི་ལོ་སྔོན་གྱི༥༤༥-ལོ་དགུང་ཐའི་ཚེས་བརྒྱད་ལ་སྟོན་པ་འདས་ཞེས་དང་། ”(གནས་བརྟན་སྡེ་བའི་ལུགས)མེ་སྦྲུལ། སྤྱི་ལོ་སྔོན༥༤༤-གནས་བརྟན་སྡེ་བའི་ལུགས་ཀྱི་འདས་ལོ་འདི་ནས་ཚུགས”གསུངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ལས།“ད་ལྟ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་འདི་བར་སྟོན་པ་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་དྲུག་སོང་། མྱ་ངན་ལས་འདས་པའི་ལོ་དེ་རྒྱ་རྩིས་ཀྱི་མེ་སྦྲུལ་ཡིན་ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོ་བོད་དུ་བྱོན་པའི་ཁྱི་ལོའི་ཤིང་བྱི་དེ། གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པ་འདས་ནས་ལོ་སྟོང་དང་བདུན་བརྒྱ་ཞེ་བརྒྱད་པ་ཡིན་ལ། དེ་དུས་ཁོང་གིས་སོལ་ནག་ཐང་བོ་ཆེར(འཕྱོངས་རྒྱས)བརྩིས་པ་ན་སངས་རྒྱས་འདས་ནས་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་སོང་ཞེས་བཤད་པ་ཡང་། སིང་ག་ལ་བའི་ལོ་དེ་དང་བརྩི་བའི་དབང་གིས་ལོ་གཉིས་མ་མཐུན་པ་ཙམ་ལས། གཅིག་ཏུ་བབ་པས་ཁོང་གིས་ཀྱང་དོན་ལ་ལོ་ཚིགས་དེ་རང་ལ་བརྟེན་པར་གསལ་ལོ། །་ཞེས་གསུངས། དེ་དག་ཐམས་ཅད་ལ་དྲི་མ་ཅུང་ཟད་རེ་ཡོད་དེ། ལུགས་དང་བོ་ལྟར་ན། སྤྱི་ལོ༥༤༤སྟེ་འདས་ལོ་དང་མྱ་ངན་ལས་འདས་པའི་ལོ་གཉིས་གཅིག་ཏུ་འཁྲུལ་ཡོད་ལ། གལ་ཏེ་ལོ་དེར་སྟོན་པ་མྱ་ངན་ལས་འདས་ན། དེ་ནས་མར་དེད་པའི་སྤྱི་ལོ༢༠༡༥ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་དགུ་ལས་སོང་མེད་དེ་སྤྱི་ལོ་སྔོན་གྱི༥༤༤ལོ་དེར་སྟོན་པ་མྱ་ངན་ལས་འདས་ནས་ལོ་གཅིག་མ་འཁོར་བའི་ཕྱིར། ཁྱབ་སྟེ། འདས་ལོ་དང་བོ་ཡིན་ན་མྱ་ངན་ལས་འདས་ནས་ལོ་གཅིག་འཁོར་དགོས་པའི་ཕྱིར། དེ་བས༥༤༤ལོ་དེ་འདས་ལོ་དང་བོ་ཡིན་ན་མྱ་ངན་ལས་འདས་པའི་ལོ༥༤༥སྟེ་མེ་འབྲུག་ཡིན་དགོས་ལ་དེ་ནས་ཡར་དེད་པའི་ལོ་གྱ་གཅིག་པ་ནི་སྤྱི་ལོ་སྔོན་གྱི༦༤༥མེ་སྤྲེལ་ལོར་སྟོན་པ་འཁྲུངས་དགོས་པ་ལས་སྤྱི་ལོ་སྔོན་གྱི༦༤༤ག་ལ་ཡིན། འདི་ནི་གནམ་ལོ་དང་འདས་ལོ་གཅིག་ཏུ་བསྲེས་པའི་སྐྱོན་ཡིན་ནོ། ། ལུགས་གཉིས་པ་ལ་ཡང་སྐྱོན་སོ་ན་གནས་ཏེ་ལུགས་གཉིས་པ་འདི་ནི་གཞན་གྱི་བཤད་ཡམས་བཀོད་པ་ཙམ་ལས་ཁོང་གིས་བརྟག་ཅིང་དཔྱད་ནས་བཀོད་པ་མ་ཡིན་ཏེ། ཁོང་ནི་གནམ་ལོ་དང་འདས་ལོ་ལ་འཁྲུལ་བའི་མཁས་པ་ཞིག་མིན་ཏེ། གནམ་ལོ་དང་འདས་ལོ་ལ་ཁྱད་མ་ཕྱེས་ན་རྩིས་གཞུང་ལ་འཇུག་ཐབས་མེད་པས་སོ། ། ལུགས་གསུམ་པ་ལས་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་སྟོན་པའི་འདས་ལོར་བརྩི་བ་དང་། སྤྱི་ལོ་སྔོན་གྱི༥༤༤ལོར་འདས་ལོ་ཚུགས་པར་བཤད་པ་དོན་ལ་གནས་པ་ཡིན་ཀྱང་། སྟོན་པ་མྱ་ངན་ལས་འདས་པའི་ལོ༥༤༣ལ་བཤད་པ་ནི་ནོར་ཞིང་ནང་འགལ་དུ་གྱུར་པ་སྟེ། ལོ་དེ་སྟོན་པའི་འདས་ལོ་གཉིས་པ་ཡིན་པ་ལས་མྱ་ངན་ལས་འདས་པའི་ལོ་ག་ལ་ཡིན་ཏེ། འདས་ལོ༥༤༤ཡིན་ན་དེ་སྔོན་གྱི་ལོ་སྟོན་པ་མྱ་ངན་ལས་འདས་པའི་ལོ་ཡིན་པས་དེ་ནི༥༤༥ཡིན་དགོས་ཏེ། སྤྱི་ལོ་སྔོན་གྱི་ལོ་ལུགས་ལྡོག་གིས་བརྩི་དགོས་པས༥༤༥དང་དེའི་ཕྱི་ལོ༥༤༤ཡིན་ལ་དེའི་ཕྱི་ལོ༥༤༣ཡིན་པས་སོ། །
ལུགས་བཞི་བ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་མེ་སྦྲེལ་ལ་འཁྲུངས་ཤིང་མེ་འབྲུག་ལ་མྱ་ངན་ལས་འདས། མེ་སྦྲུལ་ལ་འདས་ལོ་ཚིགས་པར་གསུངས་པ་ལ་སྐྱོན་གྱི་དྲི་མས་དབེན་ན་ཡང། མེ་སྦྲུལ་སྤྱི་ལོ་སྔོན་གྱི༦༤༣གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པ་འཁྲུངས་ཞེས་པ་ལ་སྐྱོན་ཞུགས་ཏེ༦༤༣ལོར་འཁྲུངས་ནས་མེ་འབྲུག་ལོར་མྱ་ངན་ལས་འདས་པ་ཡིན་ན། གྱ་གཅིག་ལ་ད་དུང་ལོ་གཉིས་མ་ལོངས་པས་ད་དུང་ལོ་གཉིས་སྔ་སྣུར་མི་བྱེད་ག་མེད་ཡིན་ལ། དེ་ལྟར་ན་སྤྱི་ལོ་སྔོན་གྱི༦༤༥ཡིན་དགོས་པ་ལས༦༤༣ག་ལ་ཡིན། འདི་ནི་ཡིག་སྐྱོན་ཡིན་ཏེ་མེ་སྦྲུལ་ཡིན་ན་སྤྱི་ལོ་སྔོན་གྱི༦༤༥ཡིན་དགོས་ལ། ༦༤༣ནི་ས་ཁྱི་ཡིན་པ་ལས་མེ་སྦྲུལ་མིན་པས་པཎ་ཌི་ཏའི་ཐུགས་མཉམ་མ་བཞག་པའི་སྐྱོན་ནོ། །
ལུགས་ལྔ་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བཞེད་པ་དེ་ལ་སྐྱོན་གསུམ་ཡོད་དེ། ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་ལོ༡༢༠༤ཡིན་ཞིང། དེ་ལྟར་ན༡༢༠༤+༥༤༤=༡༧༤༨ཡིན་པས་སྟོན་པ་འདས་ནས་ལོ་སྟོང་དང་བདུན་བརྒྱ་ཞེ་བརྒྱད་པ་ཡིན་པ་སྨོས་མེད་ཡིན་ནའང་སྟོན་པ་མྱ་ངན་ལས་འདས་པའི་ལོ་མེ་སྦྲུལ་ཏེ། སྤྱི་ལོ་སྔོན་གྱི༥༤༤ཡིན་ན་དེའི་ཕྱི་ལོ་སྟོན་པ་མྱ་ངན་ལས་འདས་པའི་ལོ་དང་བོ་ཡིན་པས་ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་ལོ༡༢༠༤ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ༡༧༤༧མ་གཏོགས་སོང་མེད་པས། མྱ་ངན་ལས་འདས་པའི་གནམ་ལོ་འདས་ལོ་གཉིས་གཅིག་ཏུ་བསྲེས་པའི་སྐྱོན་ཡོད།
ལྷག་པར་ཁ་ཆེའི་པཎ་ཆེན་གྱི་ལུགས་དེ་གནས་བརྟན་སྡེ་བའི་ལུགས་དང་ལོ་གཉིས་ཀྱིས་མ་མཐུན་པར་བཤད་པ་ལ་ཡང་སྐྱོན་ཡོད་དེ། ཁ་ཆེའི་པཎ་ཆེན་གྱིས་འདས་ལོ་བརྩི་བའི་ལོ་དེ་ཁོང་བོད་དུ་ཕེབས་པའི་ལོ་གསུམ་པ་སྟེ། སྤྱི་ལོ༡༢༠༧ཡིན་པས་དེ་ལྟར་ན༡༢༠༤+༥༤༤=༡༧༤༨ཡིན་པས་དེང་གི་རྩི་ཚུལ་དང་ཡོངས་སུ་མཐུན་ནོ། །
ཡང་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ལོར་སྟོན་པ་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་དྲུག་སོང་ཞེས་པ་ཡང་མི་འཐད་དེ། ཤིང་སྤྲེལ་དེ༡༩༤༤ལོ་ཡིན་ལ། དེའི་སྟེང་འདས་ལོ་བསྣན་པའི་ལོ་ནི༡༩༤༤+༥༤༤=༢༤༨༨ཡིན་པས་ཉིས་སྟོང་བཞི་བརྒྱ་གྱ་བརྒྱད་ཡིན་པ་ལས་གྱ་དྲུག་ལ་ལོ་གཉིས་ཉུང་བའི་སྐྱོན་ཡོད་དོ། །དེ་ནི་འདས་ལོ་རྩི་བའི་ལོ་དང་བོད་དུ་བྱོན་པའི་ལོ་གཉིས་གཅིག་ཏུ་བསམ་ནས་འཁྲུལ་བར་སྣང་ངོ་། །བརྩིས་པས་གོང་གི་ཉོག་དྲ་དེ་བྱུང་བར་མངོན། སྟོན་པའི་འདས་ལོ་བརྩི་དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་དུ་སོང་བརྩི་བ་ཡིན་པས་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་མྱ་ངན་ལས་འདས་ནས་ལོ་གཅིག་སོང་བ་ཡིན་པས་འདས་ལོ་དང་བོ་ཡིན་པ་ལས་མྱ་ངན་ལས་འདས་པའི་ལོ་དེ་འདས་ལོ་དང་བོ་མིན་ཏེ། འདས་ལོ་ཞེས་པའང་མྱ་ངན་ལས་འདས་པའི་ལོ་ཞེས་པ་མ་ཡིན་པས་སོ། །མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ལས། “སྤྱིར་སྔོན་གྱི་ཉན་ཐོས་སྡེ་བས། ཟླ་བ་རེ་རེ་དང་ཞག་རེ་རེ་བཞིན་སྟོན་པ་མྱ་ངན་ལས་འདས་ནས་དུ་སོང་བརྩི་བར་གྲགས་ཞེས་གསུངས་པ་དེས་ཀྱང་གསལ་བོར་ཤེས་པས། མཁས་དབང་ཚེ་ཏན་ཞབས་དྲུང་གིས། “མེ་སྦྲུལ་ལ་འཁྲུངས། དགུང་ལོ་གྱ་གཅིག་པ་མེ་འབྲུག་ལ་འདས། འདིའི་ལུགས་ཀྱི་སྟོན་པའི་འདས་ལོ་མེ་འབྲུག་དེའི་ཕྱི་ལོ་ནས་བརྩི་དགོས⑩”ཞེས་བཞེད་པ་ལྟར་གཟུང་དགོས་ཏེ། 《དུང་དཀར་ཚིག་མཛོད》ལས། མེ་འབྲུག་ལ་འཁྲུངས། “སྤྱི་ལོ་གོང་གི༥༤༥གནས་བརྟན་སྡེ་བ་རྣམས་ཀྱིས་སྟོན་པ་སངས་རྒྱས་ལོ་འདིར་སྐུ་འཁྲུངས་པར་བཞེད། འདི་དེང་སང་རྒྱ་གར་གྱིས་ནང་བ་སངས་རྒྱས་པ་མང་ཆེ་བའི་རང་ལུགས་ཡིན་ཀྱང་། སྲས་དགྲ་གཅན་འཛིན་འཁྲུངས་པའི་ཟླ་འཛིན་དང་བསྡུར་དགོས་ཞེས་ཁོང་གི་ལུགས་སྔ་མ་ཡོ་བསྲངས་བྱས་པ་ཤིན་ཏུ་ལེགས་སོ། །
མདོར་ན། སྟོན་པ་མེ་སྦྲུལ་ཏེ་སྤྱི་ལོ་སྔོན་གྱི༦༢༥ལོར་སྐུ་འཁྲུངས། དགུང་ལོ་གྱ་གཅིག་པ་མེ་འབྲུག་སྟེ་སྤྱི་ལོ་སྔོན་གྱི༥༤༥ལོར་མྱ་ངན་ལས་འདས། དེའི་ཕྱི་ལོ་མེ་སྦྲུལ་ཏེ་སྤྱི་ལོ་སྔོན་གྱི༥༤༤འདས་ལོ་ཚུགས་པ་ནི་རྨ་མེད་པ་ཡིན་པས། དེ་བས་མྱ་ངན་ལས་འདས་པའི་ལོ་དེ་ནི་གནམ་ལོ་ཡིན་ལ། དེའི་ཕྱི་ལོ་ནི་འདས་ལོ་ཡིན་པ་དེ་གསལ་བོར་ཤེས་དགོས། གོང་དུ་བཤད་པ་དག་གི་འཁྲུལ་གཞི་ཡང་གནམ་ལོ་དང་འདས་ལོ་གཉིས་གཅིག་ཏུ་བསྲེས་པའི་རྐྱེན་ཡིན་པས་དེ་གཉིས་ཀྱི་ཁྱད་པར་ནི་གཏན་ནས་ནོར་མི་ཉན་ནོ། །
དེ་བས་ང་ཚོས་སྟོན་པའི་འདས་ལོ་བརྩི་དུས་འདི་ལྟར་བརྩི་དགོས་ཏེ༥༤༤+ད་ལྟའི་སྤྱི་ལོ=སྟོན་པའི་འདས་ལོ་ཡིན་ཏེ། དཔེར་ན། ༥༤༤+༡༩༥༥=༤༥༠༠སྟེ་ལོ་དེར་རྒྱ་གར་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་བའི་ཚོགས་འདུ་འཚོགས་པ་ཡིན་པས་གནད་འདི་ཀུན་གྱིས་ཐུགས་ལ་ཉོག་དྲ་ཅི་ཡང་མི་འབྱུང་ངོ་། །དེང་སྐབས་སྤྱི་ལོ་ཞེས་ཡོངས་སུ་གྲགས་པའི་ལོའི་ཐོག་མ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་རྩ་བའི་སྟོན་པ་ཡེ་ཤུ་མ་ཤི་ཀ་ཞེས་པ་དེ་ཉིད་ཡོ་རུབ་གླིང་གི་ཡོའུ་ཐེ་ཞེས་པའི་མི་རིགས་སུ་སྐྱེས་པའི་ལོ་ཡིན་ལ། སྤྱི་ལོའི་ལོ་གྲངས་སུ་ངོ་ཐོག་གི་ལོ་བགྲང་བ་ཡིན། གནའ་དུས་ཕྱི་གླིང་རྣམས་སུ་ཡེ་ཤུའི་གྲུབ་མཐའ་དར་ཆེ་བར་བརྟེན་དེའི་རྗེས་འཛིན་པ་ཚོས་ལོ་རྒྱུས་དང་སྐར་རྩིས་དང་སྔོན་རབས་རྣམས་བརྩི་བའི་ཚེ་ན་རང་གི་སྟོན་པའི་འདས་ལོ་དེ་གཞིར་བཟུང་ནས་བརྩི་བའི་རྒྱུན་ཆགས་པའི་ཤུགས་ཀྱིས། རིམ་པར་དེའི་གྲུབ་མཐའ་ལ་ཞུགས་པ་དང་མ་ཞུགས་པའི་རྒྱལ་ཁབ་གང་གིས་ཀྱང་ཐུན་མོང་དུ་སྤྱོད་པའི་འདས་ལོ་རྩོད་བྲལ་ཞིག་ཏུ་གྱུར་པ་རེད། དེ་བཞིན་དུ་སྤྱི་ལོ་མ་ཚུགས་པའི་གོང་གི་འདས་ལོ་བརྩི་བ་ན་ཡང་། ལུགས་ལྡོག་གི་ཚུལ་དུ་ལོ་གྲངས་གྱེན་འདེད་ཀྱིས་སྤྱི་ལོ་སྔོན་གྱི་ལོ་དང་བོ་དང་གཉིས་པ་ཞེས་སོགས་སུ་བརྩི་བའི་སྲོལ་ཆགས་ཡོད། སྤྱི་ལོ་ཡེ་ཤུའི་འདས་ལོར་བརྩི་བའི་སྲོལ་ནི་ཡེ་ཤུ་སྐྱེས་པའི་ལོ་དེ་ནས་དར་བ་མ་ཡིན་གྱི། སྤྱི་ལོ ༥༣༢ ཀྱི་དུས་སུ་ཡེ་ཤུའི་རྗེས་འབྲང་བ་ཞིག་གིས་དེ་འདས་ལོར་བཀོད་པ་ནས་བཟུང་དར་བར་གྲགས། ཕྱིས་སུ་ཡང་འཛམ་གླིང་སྤྱི་འགྲོས་དང་མཐུན་པའི་རྩིས་ལུགས་ཤིག་གཏན་ལ་འབེབ་སྐབས་ཨ་ལ་པོའི་ཨང་ཀི་ལྟ་བུས་ཡེ་ཤུའི་འདས་ལོ་འདི་མི་སྤྱོད་ཀ་མེད་ཡིན་ཀྱང་། རང་བསྟན་ཐུན་མོང་མ་ཡིན་པའི་སྐབས་རྣམས་སུ་སྔོན་ནས་བཟུང་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོ་བརྩི་བའི་སྲོལ་ཆགས་ཡོད་པ་ཡིན་ཏེ། སྔོན་རྒྱ་གར་གྱི་ཉན་ཐོས་སྡེ་བའི་གཙུག་ལག་ཁང་དུ་གནས་བརྟན་གྱིས་ཉི་མ་རེ་རེ་བཞིན་སྟོན་པ་འདས་ནས་ལོ་ཟླ་ཞག་གྲངས་འདི་ཉིད་ཅིག་གོ་ཞེས་བསྒྲགས་སྲོལ་ཡོད་པ་དང་། སྔར་བོད་ཀྱི་ཆོས་རྒྱལ་རིམ་པས་ཡབ་མེས་རྣམས་གྲོངས་རྗེས་འདད་མཛད་པའི་དུས་སུ་ཡང་སྟོན་པའི་འདས་ལོ་བརྩི་བའི་སྲོལ་ཡོད་པ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་སོགས་ཀྱིས་བསྟན་བཅོས་ཆེན་པོ་རེ་བརྩམས་གྲུབ་པའི་མཇུག་ཏུའང་སྟོན་པའི་འདས་ལོ་འགོད་པའི་སྲོལ་ཡོད་པ་སོགས་ཀྱིས་མཚོན་སྔོན་ཆད་ནས་བཟུང་དེའི་ཕྱག་ལེན་དར་ཆེ་བ་དང་། ད་ལྟ་ཐེག་དམན་པའི་ནང་བསྟན་དར་བའི་རྒྱལ་ཁབ་རྣམས་སུ་ཡང་། གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པའི་འདས་ལོ་དེ་ལོ་རྩིས་ཀྱི་འདས་ལོར་བགྲང་བར་བྱེད་ཅེས་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་བྲིས་པ་སྣང་བར་མཁས་པ་རྣམས་ཀྱིས་གསུངས་ཡོད་དོ། །
དེ་ལྟར་ས་བཅད་གསུམ་གྱི་སྟེང་དུ་སྟོན་པ་བཀའ་དྲིན་ཆེ་ཅན་གྱི་འཁྲུངས་འདས་དང་ཟླ་ཚེས་བཅས་ལ་སྔོན་བྱོན་འཕགས་བོད་ཀྱི་མཁས་པ་དང་རྒྱལ་ཕྱི་ནང་གི་ལུགས་སྲོལ་རྩི་སྲུང་གི་ཟླ་བ་གང་ཡིན་མིན་བཅས་ལ་ཞིབ་ཕྲ་ཞིག་དཔྱད་བཞི་ཞིག་དུས་ཚོད་རྐྱེན་པས་བྱེད་ཐུབ་མ་སོང་བས་དགེ་སློབ་ལྷན་རྒྱས་ལ་དགོངས་སེལ་དང་སྦྲགས་སོ་སོས་དཔྱད་པར་གནང་རོགས། ངེས་པར་དོན་གྱི་བདག་པོ་སྟོན་པ་བཀའ་དྲིན་ཅན་གྱི་རྣམ་ཐར་ཐེག་ཆེན་གྱི་ལུགས་དང་ཐེག་དམན་གྱི་ལུགས་དང་། ཐུན་མོང་བའི་མཛད་པ་རྣམ་ཐར་དང་ཐུན་མོ་མ་ཡིན་པའི་མཛད་པ་རྣམ་ཐར་སོགས་སེམས་ཅན་ཁམས་དང་མོས་པ་མི་འདྲ་བའི་རྐྱེན་གྱིས་ལྟ་གྲུབ་ཀྱི་གནས་ལུགས་དང་སྟོན་པའི་སྐྱེས་རབས་ཀྱི་གཏན་འབེབས་ལ་ཡང་མི་འདྲ་བ་སྣ་ཚོགས་ཤིག་ཡོང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་པས་ནང་འགལ་ག་བ་ཡོད་སྲིད། ལས་དག་པ་དང་མི་དག་པ་དག་གིས་སྣང་ངོར་ལས་མ་འདས་པོ་སྙམས་པར་སོམས། དེ་མིན་སྟོན་པའི་མཛད་རྣམ་དང་ལོ་རྒྱུས། གཞུང་དོན་ཟབ་གནས་ལ་འདྲེན་ཡུལ་གྱི་སྔོག་ཀློག་མ་བྱེད་ནས་ཚིག་མཛོད་དང་དུས་དེབ་ཁ་ཤས་ལ་ཡེ་ཤེས་སྤྱན་གྱིས་ཡིན་ཁུལ་བྱེད་ནས་ལོ་ཚིགས་དང་འཁྲུངས་འདས་ཐད་ལ་ཚད་མ་འཛིན་ནས་མ་བརྟག་མ་དཔྱོད་ཀྱི་གནས་དང་གཉིས་སུ་མོད་དོ། སྟོན་པའི་མཛད་རྣམ་ནི་གནའ་རབས་རྒན་པས་གཏམ་དང་ལྷ་སྒྲུང་ང་ཀླུ་སྒྲུང་། གཏམ་རྒྱུད་ལྟབུའི་བསམ་གཞིགས་དང་གཞི་རྟེན་མེད། ལུང་ཚད་མེད་པའི་གྱ་ཚོམ་ལྟབུའི་ཡེ་ནས་མ་ཡིན་པར་མཁྱེན་པར་མཛད་དགོས་སོ། སྟོན་པའི་རྣམ་ཐར་རྒྱས་པ་མཁྱེན་འདོད་ན་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་དག་གིས་གཞུང་ལུགས་དང་ལོ་རྒྱུས་ལ་ཕྱི་མིག་ཞིག་གཟིགས་དགོས་པ་ལས་མ་འདས་སོ།
གུས་པས་ཐེག་ཆེན་དང་ཐེག་དམན་གྱི་སྟོན་པའི་མཛད་རྣམ་དང་ལོ་རྒྱུས་དང་དེབ་ཐེར། དྲྭ་རྒྱ་བཅས་ནས་བསྔོགས་ནས་ཟུར་སྟོན་དང་དྲྭ་རྒྱ་ལས་རྩོམ་ཡིག་ལེགས་ཆར་དང་གནས་ལུགས་མཐུན་པ་སོགས་ལ་ཁ་སྣོན་ཙམ་ལས་སོར་བཞག་བྱས་ཡོད།
མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་ཀྱིས་ས་ག་ཟླ་བའི་ཚེས་གྲངས་གཅིག་ཉིན་ལེགས་པར་མཇུག་གྲུབ།
༢༠༡༥་༥་༡༩། འཕགས་ཡུལ་གནས་ཆེན་ཉེར་བཞི་ལས་ཛཱལན་དྲ་རའི་ཡུལ་གནས་རྡོ་གནམ་ཐག་གི་ཉེ་འགྲམ་རང་གནས་ཤེས་རབ་དགའ་ཚལ་དུ་སྦྱར།
༄༅། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་
འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབས་ཏུ་གསོལ།
ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔
དགེ་བ་དེའི་མྱུར་དུ་བདག འོད་དཔག་མེད་ཀྱི་གྲུབ་འགྱུར་ནས།
འགྲོ་བ་གཅིག་ཀྱང་མ་ལུས་པ། དེའི་ས་ལ་འགོད་པར་ཤོག