བཀའ་སློབ་བདུད་རྩི་བུམ་བཟང་གི་ཟེགས་མ།

དཔལ་ལྡན་ས་སྐྱ་པའི་༧ སྐྱབས་རྗེ་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་རཏྣ་བཛྲ་མཆོག་གིས་ཏྲེ་ཧོར་གདོང་ཐོག་དགོན་གྱི་བླ་སློབ་ཡོངས་ལ་སྩོལ་བའི་བཀའ་སློབ་བདུད་རྩི་བུམ་བཟང་གི་ཟེགས་མ།

བཀའ་སློབ་ཕབ་བསྒྱུར་བ། སློབ་དཔོན་སངས་རྒྱས་རྒྱ་མཚོས།

བཅོམ་ལྡན་འདས་ནི་བྱོན་པར་ལེགས།
༧ སངས་རྒྱས་བསྐལ་བཟང་རྣམ་འདྲེན་ཤཱཀྱའི་ཏོག།
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས།།
ལྷར་བཅས་ཐུབ་བསྟན་གསལ་མཛད༧ ས་སྐྱ་པ།།
འདྲེན་མཆོག་༧ འཁོན་གདུང་ཕྲེང་བར་རྣམས་ལ་འདུད།།
 ལྷར་བཅས་སྐྱེ་དགུའི་སྐྱབས་མཆོག་འགྲོ་བའི་མགོན།།
འདི་ཕྱི་ཚེ་རབས་ཐམས་ཅད་གདུལ་བྱའི་ཆེད།།
བཀའ་བསྟན་མན་ངག་ཟབ་ཆོས་ཆར་ལྟར་བསྙིལ།།
༧ དཔལ་མགོན་དམ་པ ༧ འཁོན་གདུང་ཞབས་ལ་འདུད།།
 དུས་འདིར་ཏྲེ་ཧོར་གདོང་ཐོག་འདུ་ཚོགས་ལ།།
སངས་རྒྱས་གསུངས་དབྱངས་ཡན་ལག་ལྔ་ལྡན་གྱིས།།
༧ མགོན་པོ་གང་གི་ཟབ་དོན་གསུང་སྒྲོས་ཤིག།
མཐོང་ཐོས་དྲན་རེག་མྱུར་བའི་བསྐལ་བཟང་ཐོབ།།
དད་འདུད་ལྷག་བསམ་དཀར་པོའི་མེ་ཏོག་ཕྲེང་།།
དྲི་མེད་ཁ་དར་དཀར་པོའི་སྣེ་བསུ་ནས།།
ལེགས་བཤད་གསུང་གི་བསིལ་ཟེར་སྟོང་འཕྲོ་བས།།
སྐྱེས་དགུའི་བློ་མིག་ལེགས་པར་སྦྱོང་བ་ཞུ།།
 སྔོན་དང་འབྱུང་འགྱུར་གདོང་ཐོག་དགོན་པ་ཡི།།
བསྟན་དང་འགྲོ་བའི་བྱ་གཞག་ཅི་མཆིས་པ།།
ཡང་དག་ལམ་སྟོན་མཛད་པའི་དུས་ལ་བབས།།
ཐར་འདོད་འགྲོ་སྨིན་མཛད་པར་གསོལ་བ་འདེབས།།
རྒྱལ་བསྟན་སྤྱི་དང་ཁྱད་པར་ས་སྐྱའི་བསྟན།།
ཅི་དགོས་ཅི་མཆིས་འདི་ནས་ཅི་ནུས་བསྒྲུབ།།
དེ་ཡང་སྔོན་སོང་དམ་བཅའ་འགྱུར་མེད་དང་།།
༧མགོན་པོ་གང་གི་དད་འདུད་དལ་ལྷོད་མེད།།
དེ་རིང་སྐལ་ལྡན་གདོང་ཐོག་འདུ་སྤྱི་ལ།།
༧ སྐྱབས་མགོན་དམ་པའི་ལེགས་བཤད་གསུང་སྒྲོས་ཤིག།
ཐོས་པའི་བསྐལ་བཟང་རིན་ཆེན་གསེར་ལས་ཆེས།།
ཁོ་བོས་ལུས་ངག་ཡིད་གསུམ་ཁྱེད་ལ་ཕུལ།།
  ༄། རང་ཅག་རྣམས་ཀྱི་མེ་ཏོག་གངས་ལ་ཕོག་བའི་ལྷ་དཀར་༧ དཔལ་ལྡན་ས་སྐྱ་པའི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་གདུང་སྲས་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས། སྤྱི་ལོ་༢༠༡༦/༤/༡༥ཉིན། ཏྲེ་ཧོར་དཀར་མཛེས་གདོང་ཐོག་དགོན་གྱི་བླ་སློབ་ཡོངས་ལ་བསླབ་བྱ་བདུད་རྩི་བུམ་བཟང་གི་ཟེགས་མ་ཞེས་བྱ་བཞུགས་སོ། 
༡༽࿉ འོ་གདོང་ཐོག་དགོན་པའི་དགེ་འདུན་འདུས་པ་ཡོངས་ལ་ཐོག་མ་ངས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་ཀིན་ཡོད། སྤྱིར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེ་པོ་དང་ལྡན་པ་འདི་ཉིད་ཀྱིས་ཐོག་མར་བདེན་པ་བཞིའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་བཟུང་བར་གཅིག་གི་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་མོས་པ་དང་བསྟུན་ནས་ཆོས་ཀྱི་རྣམ་གྲངས་བསམ་གྱི་མི་ཁྱབ་པ་གཅིག་གསུངས་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་དེ་ལུང་པ་མང་པོ་ནང་དུ་དར་ཡོད་པ་རེད།
༢༽ དེའི་ནང་ནས་བོད་གངས་ཅན་ལྗོངས་ལ་རྒྱ་གར་འཕགས་པའི་ཡུལ་དང་དབྱེ་མ་ཆད་པ་ལྟ་བུ་མདོ་དང་སྔགས་དང་རིག་གནས་དང་བཅས་པ་ཆ་ཚང་བ་གཅིག་དར་ཡོད་སྡོད་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་བསྟན་པ་རིན་པོ་ཆེ་འདི། སྔོན་མ་ནས་བྱེད་པ་གཅིག་གིས་ད་ལྟར་བར་དུ་རྒྱུན་མི་ཆད་པ་ད་ལྟར་བར་དུ་གནས་ཐུབ་ཡོད་རེད། དེ་ནི་གནས་ཐུབ་ཡ་གིན་རྒྱུ་མཚན་གཙོ་བོ་ནི། སྔོན་བྱོན་བླ་མ་གོང་མ་རྣམས་ཀྱིས་ཐུགས་རྗེ་དང་རླབས་ཆེན་གྱིས་མཛད་འཕྲིན་ལ་རྟེན་ནས་དེ་ནས་ད་ལྟར་བར་དུ་བསྟན་པ་མི་ཉམས་པ་མུ་མཐུད་ནས་གནས་ཐུབ་པ་དང་བྱུང་ཡོད་རེད། 

༣༽ སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་གཙོ་བོ་བཤད་པ་དང་སྒྲུབ་པ་གཉིས་ཀྱིས་སྒོ་ནས་འཛིན་སྐྱོང་བྱེད་དགོས་ཀྱིས་ཡོད་རེད། དེ་འཛིན་སྐྱོང་བྱེད་མཁན་དེ་དབུས་ལ་བཞུགས་མཁན་གྱིས་བླ་མ་དང་མཁན་པོ་ལ་སོགས་པ་ཙམ་མ་ཡིན་པ། ང་རང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འགྲོ་ཐམས་ཅད་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པར་འཛིན་པའི་འགན་དེ་ཡོད་པ་ཡིན་པ་རེད། དེ་འདྲ་བྱས་དུས་བསྟན་པ་རིན་པོ་ཆེ་དེ་འཛིན་སྐྱོང་བྱེད་པ་ལ་ཐོག་མར་ཀུན་སློང་བཟང་པོ་དགོས་ཡ་དེ་ཞེ་དྲག་གི་གལ་ཆེ་པོ་ཡིན་པ་རེད། ཀུན་སློང་བཟང་པོ་ཞིག་མེད་པ་ཡིན་ན། 

༤༽ ཨེ་ནས་ང་རང་ཚོས་སྐྱབས་འགྲོའི་སྡོམ་པ་ཞུ་ཡ། བྱང་ཆུབ་སེམས་དཔའི་སྡོམ་པ་ཞུ་ཡ། སྔགས་སྡོམ་ཞུ་ཡ། དེ་ག་ནང་བཞིན་ཆོ་ག་ཕྱག་ལས་སྦྱོང་ཡ། གཞུང་ལུགས་རྒྱ་ཆེ་པོ་ལ་སློབ་སྦྱོང་བྱེད་ཡ། མཚམས་བསྡད་ཡ་ལ་སོགས་པ་དེ་དག་རྣམས་སྤྱིར་བཏང་ཆོས་ཀྱི་བྱ་བ་ཡིན་པ་རེད་དེ། ཡིན་ན་ཡང་ཀུན་སློང་ཡག་པོ་མེད་པས་ཐོག་ནས། ད་གིན་གོང་དུ་ཞུ་པ་དེ་ཚོ་བྱེད་པ་ཡིན་ན། དེ་ཆོས་ཀྱི་བྱ་བ་ཡང་དག་པ་གཅིག་འཛིན་པའི་གྲས་སུ་འགྲོ་གིན་ཡོད་པ་མ་རེད། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་འཁོར་བྱང་ཆུབ་སེམས་དཔའ་དང་བཅས་པའི་

༥༽གཞུང་ལུགས་རྒྱ་ཆེ་པོར་སློབ་སྦྱོང་བྱེད་ཡ་མཚོན་པའི་ཆོས་ཀྱི་བྱ་བ་གང་དང་གང་བྱེད་པ་ཡིན་ན་ཡང་། དེ་འདྲ་ཡི་བྱེད་མཁན་གྱིས་གང་ཟག་དེ། ཆོས་པ་ཡང་དག་པ་ཞིག་ཆགས་ཀྱིས་ཡོད་པ་མ་རེད། དེ་ཡིན་དུས་ང་རང་ཚོས་ལུས་ངག་ཡིད་གསུམ་གྱིས་ནང་ནས་གཙོ་བོ་སེམས་ཀྱིས་ཆོས་སྒྲུབ་དགོས་ཡ་སེམས་ཀྱིས་ཐོག་ནས་ལས་དགེ་བ་བྱེད་དགོས་ཡ་དེ་ཞེ་དྲག་གིས་གལ་ཆེ་པོ་ཡིན་པ་རེད། སེམས་པ་བཟང་པོ་དང་། སེམས་ཀྱི་ཐོག་ནས་ཀུན་སློང་བཟང་པོ་ཞིག་མེད་པས་ཐོག་ནས་ལུས་ངག་གིས་ལས་དགེ་བ་དང་། ལུས་ངག་གིས་ཆོས་ག་ཚོད་སྒྲུབ་པ་ཡིན་ན་ཡང་།

༦༽ དེས་འཁོར་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་སྙིང་པོ་གཅིག་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆགས་ཐུབ་ཀྱིས་ཡོད་པ་མ་རེད། དེ་ཡིན་དུས་གཙོ་བོ་ང་རང་ཚོས་ཆོས་བྱེད་པའི་དུས་སྐབས་སུ་ཀུན་སློང་བཟང་པོ་ཡོད་པ་དེ་ཞེ་དྲག་གིས་གལ་ཆེ་པོ་ཡིན་པ་རེད། ཆོས་ཟེར་བ་དེ་གང་འདྲ་ཡིན་པ་སོ་སོའི་ཤེས་པ་དང་། ཆོས་ཀྱི་ཉམས་ལེན་བྱེད་སྟངས་སོ་སོའི་ཤེས་པ་ཡིན་ན་ཡང་དེར་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན། ཡང་ན་ཀུན་སློང་བཟང་པོ་ཞིག་མེད་པ་ཡིན་ན། དེ་ནས་དེ་འདྲ་ཡིས་ཆོས་ཀྱི་ཉམས་ལེན་དེ། ཡང་དག་པ་གཅིག་ཆགས་ཐུབ་ཀྱི་ཡོད་པ་མ་རེད།

༧༽ ཀུན་སློང་བཟང་པོ་ཟེར་ཡ་དེ་མེད་པ་ཡིན་ན། ང་རང་ཚོས་ཉམས་ལེན་གང་བྱེད་པ་ཡིན་ན་ཡང་། ནང་པ་སངས་རྒྱས་པའི་ཉམས་ལེན་གཅིག་ཆགས་ཐུབ་ཀྱིས་ཡོད་མ་རེད། ཀུན་སློང་བཟང་པོ་དེ་ག་འདྲ་ཞིང་དགོས་པ་རེད་ཞུས་པ་ཡིན། ང་རང་ཚོ་ཐམས་ཅད་ཀྱིས་མཁྱེན་གསལ་ལྟར་དུ་གཙོ་བོ་ཁམས་གསུམ་འཁོར་བ་ཟེར་བར་དེ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ་ཡིན་པ་ཤེས་པའི་ཐོག་ནས་འཁོར་གསུམ་འཁོར་བར་ལས་ཐར་དགོས་ཀྱིས་འདུག་བསམ་པའི་ཐར་འདོད་ཀྱི་ངེས་འབྱུང་ཡང་དག་པ་གཅིག་སྐྱེས་དགོས་ཀྱིས་ཡོད་པ་རེད། དེའི་ཐོག་ལ་དེ་ནས་མ་འགྱུར་པའི་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན།

༨༽ དེ་རྣམས་ལ་བྱམས་པ་ཚོད་མེད་སྒོམ་ཡ། སྙིང་རྗེ་ཚོད་མེད་སྒོམ་ཡ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེན་དེ། རྒྱུད་ལ་སྐྱེས་ཐུབ་པའི་ཐོག་ནས། དེ་ནས་ཆོས་ཀྱི་ཉམས་ལེན་གང་དང་གང་བྱེད་པ་ཡིན་ན་ཡང་སྤུས་དག་པོ་གཅིག་དང་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་རྣམ་དག་འཛིན་ཐུབ་པ་གཅིག་ཡོང་གིས་ཡོད་རེད། དེ་འདྲ་གིས་ཉམས་ལེན་བྱེད་པ་ཡིན་ན། འཁོར་བའི་སྙིང་པོ་ཆགས་འགྲོ་གི་ཡོད་རེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་ཏན་ཏན་འགྲོ་ཐུབ་པ་གཅིག་ཡོང་གིས་ཡོད་པ་རེད།

༩༽ དེ་ཡིན་དུས་ང་རང་ཚོས་ཆོས་ཀྱི་ཉམས་ལེན་བྱེད་པའི་གནས་སྐབས་སུ། ཉམས་ལེན་དེ་ཡང་དག་པ་གཅིག་བྱེད་དགོས་པའི་ཐབས་ལ་འབད་བརྩོན་བྱེད་དགོས་པ་རེད། དེ་འདྲ་ཡིན་དུས་ཡང་དག་པ་བྱེད་དགོས་ཡ་དེ་ཞེ་དྲག་གིས་གལ་ཆེ་པོ་ཡིན་པ་རེད། དེ་ནས་བསྟན་པ་འཛིན་སྟངས་གཙོ་བོ་གཞི་ཚུལ་ཁྲིམས་རྣམ་པ་དག་པ་ལ་གནས་པའི་ཐོག་ནས་ཐོས་བསམ་སྒོམ་གསུམ་གོ་རིམ་མ་ནོར་བས་ཐོག་ནས་ཉམས་ལེན་བྱེད་དགོས་རེད།

༡༠༽ མངོན་པ་མཛོད་ཀྱི་ནང་དུ། ཚུལ་གནས་ཐོས་དང་བསམ་གཏན་པའི།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ནང་བཞིན་ཐོག་མར་བསྟན་པའི་རྩ་བ་དམ་པའི་ཆོས་འདུལ་བ་ལ་སློབ་སྦྱོང་བྱེད་ནས། དེ་ནས་ཚུལ་ཁྲིམས་རྣམ་པ་དག་པ་སྲུང་དགོས་ཀྱི་ཡོད་པ་རེད། ཚུལ་ཁྲིམས་ཟེར་བ་དེ་ཞེ་དྲག་གིས་གལ་ཆེ་པོ་ཡིན་པ་རེད། ཚུལ་གནས་རྒྱུད་དང་མི་གནས་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞན་དོན་བསླབ་པ་བཞིན།། ཞེས་གསུངས་པ་ནང་བཞིན་བྱེད་ནས།

༡༡༽ ཚུལ་ཁྲིམས་དེ་ང་རང་ཚོས་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་དེ་ཆགས་སྡོད་ཀྱི་ཡོད་པ་རེད། ཚུལ་ཁྲིམས་སྲུང་ཟེར་དུས་ག་འདྲ་ཞིག་བྱེད་དགོས་རེད་ཟེར་ན། གཙོ་བོ་ཀུན་སློང་བཟང་པོས་ཐོག་ནས་བྱེད་དགོས་པ་དང་། དེ་ནས་ལུས་ངག་ཡིད་གསུམ་གྱིས་མི་དགེ་བའི་ལས་སྤོང་དགོས་ཀྱི་ཡོད་པ་རེད། ལུས་ཀྱིས་སྒོ་ནས་གཞན་ལ་རྡུང་རྡེག་བྱེད་པ་ལ་སོགས་པ་དེ་ཚོ་སྤོང་དགོས་ཀྱི་ཡོད་པ་རེད། ངག་གིས་སྒོ་ནས་གཞན་ལ་ཚིག་རྩུབ་ཀྱི་མཚོན་པའི་མི་དགེ་བའི་རིགས་དེ་ཚོ་སྤོང་དགོས་ཀྱི་ཡོད་པ་རེད། སེམས་ཀྱིས་སྒོ་ནས་མི་གཞན་ལ་གནོད་པ་བྱེད་པ་དང་མི་གཞན་ལ་ཕྲག་དོག་བྱེད་ཡ་མིན་པ།  

༡༢༽ མདོར་ན་ཚུལ་ཁྲིམས་རྣམ་པ་དག་པར་གཅིག་སྲུང་པ་ཡིན་ན། དེ་ནས་རང་གཞན་གྱི་ཐུགས་མཐུན་ཁྲིམས་གཙང་ཟེར་ཡ་དེ་ཡོང་གི་ཡོད་རེད། ཚུལ་ཁྲིམས་ཡག་པོ་སྲུང་མཁན་ཞིག་ཡིན་ན། མི་གཞན་ལའང་ཡིན་ན་མཐུན་པོ་གཅིག་ཡོང་ཐུབ་ཀྱི་ཡོད་རེད། སོ་སོའི་རྒྱུད་ལ་ཚུལ་ཁྲིམས་རྣམ་དག་གཅིག་མེད་ན། དེ་ནས་དེའི་རྐྱེན་བྱེད་ནས་མི་གཞན་ལ་མི་མཐུན་པ་བྱེད་ཡ་ལ་སོགས་པ་ཡོང་གིས་ཡོད་རེད།

༡༣༽གཞན་དང་མ་མཐུན་པས་རྒྱུ་རྐྱེན་གཙོ་བོ་དེ་ང་རང་ཚོས་ཉོན་མོངས་པའི་སེམས་རྣམ་རྟོག་མི་དགེ་བའི་སེམས་དེ་ལ་བསྟེན་ནས་ཡོང་གིས་ཡོད་རེད། དེ་ཡིན་དུས་ཉོན་མོངས་པའི་ཀུན་ནས་སློང་པས་སྒོ་ནས་བྱེད་པ་རེད། ལས་དེ་སྤྱིར་བཏང་གང་དང་གང་བྱེད་པ་ཡིན་ན་ཡང་དེ་བསྟན་པའི་བར་ཆད་ཆགས་འགྲོ་གིན་ཡོད་རེད། མི་མཐུན་པ་ཆགས་འགྲོ་གིན་ཡོད་རེད། དེ་ཡིན་དུས་ང་རང་ཚོ་ཉོན་མོངས་པའི་རིགས་དེ་ཚོ་སྤོང་བྱ་ཡིན་པ་ཐམས་ཅད་ཀྱིས་སྤྱིར་བཏང་ཧ་གོ་གིན་ཡོད་རེད། དེའི་ཐོག་ལ་ཤུགས་སྣོན་རྒྱག་ནས།

༡༤༽ ད་ངེས་པར་དུ་སྤང་དགོས་ཀྱི་འདུག་བསམ་པ་དྲང་པོ་ཤུགས་དྲག་པོ་གཅིག་རྒྱུད་ལ་སྐྱེས་དགོས་ཀྱི་ཡོད་རེད། དེའི་ཐོག་ནས་དེ་ནས་ང་རང་ཚོ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ཟེར་ཡ་དེ་བྱེད་ཡ་ཞེ་དྲག་གིས་གལ་ཆེ་པོ་ཡིན་པ་རེད། ཐུགས་མཐུན་ཁྲིམས་གཙང་དེ་བསྟན་པའི་རྩ་བར་ཡིན་པ་རེད། བསྟན་པའི་གཞི་རྩ་ཡིན་པ་རེད། སྤྱིར་བཏང་དགོན་པའི་ནང་ལ་མི་མི་འདྲ་བ་བསམ་ཚུལ་མི་འདྲ་བ་དེ་འདྲ་ཡོང་གིན་ཡོད་རེད། དེ་ཡིན་ན་ཡང་ང་རང་ཚོ་ཐམས་ཅད་ཀྱིས་ཤུགས་རྒྱག་ས།

༡༥༽ ང་རང་ཚོ་ཐམས་ཅད་ཀྱིས་ཞབས་ཕྱི་ཞུ་ས་དེར་སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་ཡིན་པ་རེད། སངས་རྒྱས་ཀྱི་བསྟན་པ་ལ་ང་རང་ཚོ་ཐམས་ཅད་ཀྱི་ཞབས་ཕྱི་ཞུ་དགོས་ཀྱི་ཡོད་རེད། ཞབས་ཕྱི་ཞུ་མཁན་ག་ཚོད་ཀྱི་མང་བ་ཡོད་པ་ཡིན་ན། དེ་ཙམ་གྱི་བསྟན་པའི་ཞབས་འདེབས་རླབས་ཆེ་བ་གཅིག་སྒྲུབ་ཐུབ་ཀྱིས་ཡོད་པ་རེད།

༡༦༽དེ་ཡིན་དུས་སོ་སོའི་ངོས་ནས་ཡིན་ན་ཡང་། སངས་རྒྱས་བསྟན་པ་ལ་ཞབས་ཕྱི་ཧུར་ཐག་བྱེད་ནས་ཞུ་དགོས་ཀྱི་ཡོད་རེད། དེ་གར་ནང་བཞིན་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཕྱི་ཞུ་མཁན། སློབ་སྦྱང་ཡོད་མཁན་རྗེས་འགྲོ་ཡོད་མཁན། ནུས་པ་ཡོད་མཁན་དེ་འདྲ་བྱུང་བར་ཡིན་ན། དེ་ཚོ་ལའང་དགའ་བ་སྒོམ་རྗེས་སུ་ཡིད་རུང་བྱེད། མདོར་ན་མི་མང་པོ་མཉམ་དུ་བློ་མཐུན་ནས་དེ་ནས་བསྟན་པའི་ཞབས་འདེབས་སྒྲུབ་ན།

༡༧༽ཨེ་ནས་བསྟན་པའི་ཞབས་འདེབས་བསྒྲུབ་ཐུབ་ཀྱིས་ཡོད་རེད། མང་པོ་གཅིག་དང་བློ་མཐུན་ན་ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ་ཞེས་ནས་གསུང་ཡོད་རེད། དེ་ཡིན་དུས་ང་རང་ཚོ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ཡོང་དགོས་ཡ་དེ་ཞེ་དྲག་གིས་གལ་ཆེ་པོ་ཡིན་པ་རེད། སྤྱི་བཏང་སོ་སོས་རྣམ་རྟོག་གིས་དབང་གིས་སྐབས་རེ་སྐབས་རེ་མི་མཐུན་པ་ཡོང་གིས་ཡོད་རེད་དེ།

༡༨༽ ཡིན་ན་ཡང་དེ་ཚོ་གལ་ཆེ་པོ་མ་རྩིས་ནས་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་རང་ལ་བསམ་བློ་གཏོང་ནས། སངས་རྒྱས་ཀྱི་བསྟན་པ་རང་ལ་ཞབས་ཕྱི་ཞུ་ཡ་གིས་ཀུན་སློང་ཁྱེར་ནས། དེ་ནས་ལས་བྱེད་པ་ཡིན་ན། མ་མཐུན་པ་ཟེར་ཡ་དེ་ཡག་པོ་མ་ཡིན་པ། མ་མཐུན་པ་ཟེར་ཡ་དེའི་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཀྱིས་ཡོད་རེད། ཁྱེད་རང་ཚོས་རང་ལུགས་ཀྱི་བསྟན་པ་ལ་གནོད་ཀྱིས་ཡོད་རེད་དེའི་ནང་ནས་ཀྱང་སོ་སོའི་སྡོད་ས་དགོན་པ་དེ་ལ་གནོད་པ་ཆེ་པོ་གཅིག་ཆགས་འགྲོ་གིས་ཡོད་རེད།

༡༩༽དེ་ཡིན་དུས་མ་མཐུན་པའི་རིགས་དེ་ཚོ་སྤོང་ནས།
ཐམས་ཅད་ཀྱིས་ཤུགས་སྣོན་རྒྱག་ནས། དེ་ནས་དགོན་པའི་ཞབས་འདེབས་སྒྲུབ་དགོས་ཀྱི་ཡོད་རེད། སྤྱིར་བཏང་བསྟན་པ་འཛིན་ཟེར་ཡ་དེ་ཀུན་སློང་བཟང་པོའི་ཐོག་ནས་བསྟན་པ་འཛིན་དགོས་ཀྱི་ཡོད་རེད། ཉོན་མོངས་པའི་སེམས་ཀྱི་ཐོག་ནས་བསྟན་པ་འཛིན་ཐུབ་ཡ་ཟེར་ཡ་ཡོང་ཡ་ཡོད་མ་རེད། ཕྲག་དོག་གིས་ཐོག་ནས་བསྟན་པ་འཛིན་ཐུབ་ཀྱི་ཡོད་མ་རེད།

༢༠༽ འགྲན་སེམས་ཀྱི་ཐོག་ནས་བསྟན་པ་འཛིན་ཐུབ་ཀྱི་མ་རེད། ང་རྒྱལ་གྱིས་ཐོག་ནས་བསྟན་པ་འཛིན་ཐུབ་ཀྱི་མ་རེད། ང་རྒྱལ་ཕྲག་དོག་འགྲན་སེམས་དེ་ཚོ། ཨེ་ནས་མ་མཐུན་པའི་ཆགས་ཡ་གིན་རྒྱུ་རྐྱེན་ཆགས་འགྲོ་གིན་ཡོད་རེད། དེ་ཡིན་དུས་མ་མཐུན་པ་ཆགས་འགྲོ་བའི་རྒྱུ་རྐྱེན་དེ་ཚོ་སངས་རྒྱས་ཀྱི་བསྟན་པའི་བར་ཆད་རེད་མ་གཏོགས་སངས་རྒྱས་བསྟན་པ་འཛིན་པའི་མཐུན་རྐྱེན་ཆགས་ཀྱི་ཡོད་པ་མ་རེད། དེ་ཡིན་དུས་སངས་རྒྱས་ཀྱི་བསྟན་པའི་བར་ཆད་རེད་བསམ་ནས།

༢༡༽ སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གནས་སྐབས་སུ་བསྟན་པ་འཛིན་པའི་བར་ཆད་ཀྱིས་རྐྱེན་བྱེད་མཁན། དེ་ནས་ང་རྒྱལ་ཕྲག་དོག་འགྲན་སེམས་ཉོན་མོངས་པ་ལ་སོགས་པ་དེ་ཚོ། གང་ཐུབ་ཐུབ་སྤོང་ནས་མདོར་ན་ཀུན་སློང་བཟང་པའི་ཐོག་ནས། དེ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་ཀྱིས་ཡོད་རེད། ང་རང་ཚོ་ཐམས་ཅད་བསྟན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡིན་དུས།

༢༢༽ ཐོག་མའི་ཀུན་སློང་ངེས་འབྱུང་གི་བསམ་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་དགོས་ཡ་དེ། ང་རང་ཚོ་ཐམས་ཅད་གཅིག་པ་ཡིན་པ་རེད། དེ་ནས་ཐམས་ཅད་ཀྱིས་བསྟན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེམལུང་དང་རྟོགས་པའི་བདག་ཉིད་དེ་འཛིན་དགོས་ཡ་དེ་ཡང་ཤིན་ཏུ་ནས་ཀྱང་སྒོ་ནས་འཛིན་དགོས་ཡ། ང་རང་ཚོ་ཐམས་ཅད་ལ་ལས་འགན་ཆགས་སྡོད་ཡོད་རེད།

༢༣༽དེ་ནས་ང་རང་ཚོ་ཐམས་ཅད་ཀྱི་མཐར་ཐུག་གི་དམིགས་ཡུལ་མཐར་ཐུག་གི་འབྲས་བུ་ཐོབ་ཡ་དེ་རྫོགས་པའི་སངས་རྒྱས་ཀྱི་གོང་འཕང་རིན་པོ་ཆེ་ཐོབ་ཡ་དེ་ཡིན་པ་རེད། དེ་ཡིན་དུས་ཐོག་མའི་ཀུན་སློང་། བར་དུ་ཉམས་ལེན་བྱེད་ཡ། མཐར་འབྲས་བུ་ཐོབ་ཡ་ཐམས་ཅད་གཅིག་པ་ཡིན་པ་རེད།

༢༤༽ང་རང་ཚོ་ཐམས་ཅད་ཀྱིས་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས། དེ་ནས་བསྟན་པ་ཡང་དག་པ་འཛིན་དགོས་ཡ་ཐབས་ལ་འབད་བརྩོན་བྱེད་དགོས་ཡ་དེ་ཞེ་དྲག་གི་གལ་ཆེ་པོ་ཡིན་པ་རེད། སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ལས། གལ་རྟེན་བདག་དང་གཞན་གཉིས་ཀ། བདེ་བ་འདོད་པ་མཚུངས་པ་ལ།། བདག་དང་ཁྱད་པར་གཅིག་ཡོད་ན།། གང་བྱེད་བདག་དང་གཞན་གཉིས་ཀ།

༢༥༽སྡུག་བསྔལ་མི་འདོད་མཚུངས་པ་ལ།། བདག་དང་ཁྱད་པར་གཅིག་ཡོད་ན།། གང་བྱེད་བདག་མིན་གཞན་སོགས་འགྱུར།། ཞེས་གསུངས་པ་ནང་བཞིན། སྤྱིར་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་བསམ་པ་གཅིག་པ་ཡོད་པ་ཡིན་པ་རེད། དེ་ཡིན་དུས་ང་རང་ཚོ་མི་འགའ་ཞིག་གིས་དོན་དག་ལ་བསམ་བློ་མ་གཏོང་པ།

༢༦༽ཕ་མ་གྱུར་པའི་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་དགོས་ཀྱི་ཡོད་རེད། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་བྱེད་པ་ལ། དེ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་དགོས་ཀྱི་ཡོད་རེད། དེ་འདྲ་སྐྱེས་པའི་གནས་སྐབས་སུ་འགའ་ཞིག་ལ་དགའ་འགའ་ཞིག་ལ་མི་དགའ་བའི་རྣམ་རྟོག་དེ་ཡོང་གི་ཡོད་མ་རེད།

༢༧༽ ད་དུང་ང་རང་ཚོ་མཐུན་མི་མཐུན་ཟེར་ཡ་དེ་ཐམས་ཅད་དགའ་མི་དགའི་རྣམ་རྟོག་གིས་ཐོག་ནས་ཡོང་གིས་ཡོད་རེད། དགའ་མི་དགའ་རྣམ་རྟོག་ཟེར་ཡ་དེ་ཚོ་བྱམས་པ་སྙིང་རྗེ་ཚོད་མེད་པ་ལ་སོགས་པའི་ཐེག་པ་ཆེན་པའི་ཉམས་ལེན་གྱི་བར་ཆད་རེད་མ་གཏོགས། ཐེག་པ་ཆེན་པའི་ཉམས་ལེན་གྱི་མཐུན་རྐྱེན་ཆགས་ཀྱི་ཡོད་མ་རེད་ཞུ་ཡ་ཡིན། དེ་ཡིན་དུས་ང་རང་ཚོ་ཐམས་ཅད་ཀྱིས་མཉམ་དུ་སྒྲིལ་ནས།

༢༨༽དེ་ནས་སྤྱིར་བསྟན་པ་རིན་པོ་ཆེ་དེ་མི་ཉམས་གོང་འཕེལ། ཉམས་པ་གསོ་བཅོས་ཀྱིས་ཐོག་ལ་
འབད་བརྩོན་བྱེད་དགོས་ཡ་དེ། བྱེད་ཐུབ་པ་ཡིན་ན་རང་གཞན་གྱི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པ་གཅིག་དང་། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་ཐུབ་པ་གཅིག་ཡོང་གིས་ཡོད་རེད་ཟེར་ཞུ་ཡ་ཡིན། དེ་ནས་མཐར་དོན་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།

༢༩༽དེ་ནས་བསྟན་པ་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད། ཨེ་ནས་སྐུ་ཚེ་རྒྱལ་བར་ཚེ་དཔག་ཡོད་པའི་ངོ་བོར་བརྟན་གྱུར་ཅིག རླབས་ཆེན་གྱིས་མཛད་པ་འཕྲིན་ལས་ནམ་མཁའ་ལྟར་ཁྱབ་ནས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་མྱུར་དུ་རྣམ་མཁྱེན་རྒྱལ་བའི་གོང་འཕང་རིན་པོ་ཆེ་དེ་ཐོབ་ཐུབ་པའི་སྨོན་འདུན་ཞུས་ཀིན་ཡོད། ཐུགས་རྗེ་ཆེ། བོད་ཟླ་༤:ཚེས་༡༩:རེ་གཟའ་ལྷག་པ ༢༠༡༦:༥:༢༥ཉིན་དུ་མཇུག་རྫོགས།

༣༠༽
ལྷ་པའི་ལྷ་མཆོག་འཇམ་དབྱངས་རྗེས་བཟུང་ནས།།
རིང་ནས་ཚོགས་གཉིས་རླབས་ཆེན་ཆེས་བསྐྲུན་མཐུས།།
རྒྱལ་བསྟན་གསུངས་རབ་པདྨོའི་མངའ་རྙེད་པ།།
གདོང་ཐོག་བསྟན་རྒྱན་མཆོག་ལ་གུས་ཕྱག་འཚལ།།
དཔལ་ལྡན་འཇིགས་མེད་གདོང་ཐོག་མཆོག་སྤྲུལ་ཉིད།།
ཐུབ་བསྟན་གངས་རིའི་ངོགས་སུ་ལྷང་ངེ་རྒྱུད།།
ལུང་རིགས་རྣམ་དཔྱོད་འོད་སྟོང་ལང་ཚོ་ཡིས།།
ཀུན་ཁྱབ་གྲགས་པའི་རྒྱ་རྔ་རབ་ཏུ་བསྒྲགས།།
བདེ་གཤེགས་བསྟན་པའི་འཕྲིན་ལས་སྐྱོང་པ་ལ།།
དུས་དང་བསྐལ་པ་ཟད་པ་མེད་ན་ཡང་།།
ལས་འབྲེལ་གདུལ་བྱའི་སྐལ་པའི་དུས་མཁྱེན་ནས།།
རྟག་འཛིན་ངོ་ལ་ཞི་བའི་ཚུལ་དུ་བསྟན།།
སླར་ཡང་བསྟན་དང་འགྲོ་བའི་དོན་མཛད་ཕྱིར།།
གདོང་མཁན་བདག་ལ་གསོལ་བའི་ཚིག་དུམ་མཆིས།།
སྐྱབས་མཆོག་རྩ་བླ་ཡུད་ཙམ་དགོངས་སུ་གསོལ།།
མགོན་མེད་བདག་དང་བསྟན་འགྲོ་སྤེལ་བའི་ཕྱིར།།
མཚན་དཔེ་བཟང་པོའི་འོད་ཟེར་རབ་བརྒྱན་ཏེ།།
འཇིག་རྟེན་ཀུན་གྱིས་མཆོད་པའི་རྟེན་གྱུར་པ།།
སྐྱེས་སྲིད་ཕྲེང་མའི་ཉི་གཞོན་དཔལ་མགོན་དུ།།
མྱུར་བྱོན་ཆོས་བཞིན་རྟག་ཏུ་སྐྱོང་བར་མཛོད།།
སྐྱབས་ཡུལ་རྩ་བླ་དམ་པའི་བྱིན་རླབས་དང་།།
ཆོས་ཉིད་རྟེན་འབྲེལ་བཟང་པོ་ཟབ་མོའི་མཐུས།།
གུས་སློབ་བདག་གིས་དད་གུས་རྩེ་གཅིག་ཏུ།།
གེགས་མེད་བདེ་བླག་རེ་བསྐུལ་ལེགས་འགྲུབ་ནས།།
ས་བསྟན་སྤྱི་དང་བྱེ་བྲག་གདོང་ཐོག་བསྟན།། 
ཕན་བདེ་ཡུན་ནས་ཡུན་རིང་གནས་པ་དང་།།
གདོང་ཐོག་བླ་གྲྭ་ཐུགས་མཐུན་ཁྲིམས་གཙང་དང་།།
གདོང་བསྟན་ཡིད་བཞིན་ནོར་མཚོ་ཁེངས་པར་ཤོག།
 མཐའ་ཡས་བསྟན་འགྲོའི་དུ་མའི་དཔལ་མགོན་གྱུར།།
བརྩེ་ཆེན་ཕྱོགས་ལས་རྣམ་རྒྱལ་འཁོན་གདུང་ཞེས།།
འགྲན་བྲལ་སྙན་གྲགས་ནམ་མཁའི་མུ་ཁྱུད་བརྒལ།།
གླིང་འདིར་སངས་རྒྱས་གཉིས་པ་ས་སྐྱ་པ།།
འཇམ་མགོན་འཁོན་གདུང་གྲགས་པ་ཞབས་པད་དུ།།
སྒོ་གསུམ་དྭངས་མས་ཚེེ་རབས་ཕྱག་འཚལ་ལོ།།
མཐོང་ཐོས་དྲན་རེག་མཆོད་པས་མཆོད་སྤྲིན་བགྱིས།།
བླ་མེད་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག།
ལྷ་གཅིག་འགྲོ་བའི་མགོན་པོ་དཔལ་ལྡན་ས་སྐྱ་པ།། 
 རིགས་ལུང་དྲི་མ་མེད་པའི་བསྟན་འཛིན་བྱེ་བའི་ཚོགས།།
 ལུང་རྟོགས་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ།། 
ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡུན་རིང་གནས་པར་ཤོག།

༣༣༽ཞེས་རྣམ་དག་གིས་སྨོན་ཚིག་གསོལ་བར་འདེབས་ནས་༧དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་པའི་བསྟན་འཛིན་སྐྱེས་ཆེན་༧ སྐྱབས་རྗེ་འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ཏྲེ་ཧོར་དགོང་ཐོག་དགོན་གྱི་བླ་སློབ་ཡོངས་ལ་བཀའ་སློབ་ཟབ་མོ་འདི་ཉིད་གུས་པས་སྐད་འཕྲིན་ནས་ཡིག་ཐོག་ཏུ་ཕབ་པ་ཡིན་ན་ཡང་། རང་ཉིད་ལ་སྒྲ་ཕབ་དང་ཡིག་བསྒྱུར་སོགས་ཀྱི་ཉམས་མྱོང་མེད་པས་ཡིག་ནོར་དང་ཚིག་སྐྱོན་ཡོད་ངེས་པས་རྒྱ་ཆེ་བའི་ཀློག་པ་པོ་ཚོས་ལམ་སྟོན་དང་དགོངས་འཆར་གནང་རོགས།  
གུས་པ་སློབ་དཔོན་གྱི་མིང་འཛིན་པ་གདོང་ཐོག་དགོན་གྱི་གྲྭ་སངས་རྒྱས་རྒྱ་མཚོས་ནས་ཟླ་བཟང་ཚེས་བཟང་ནས་ཕུལ། བཀྲ་ཤིས་བདེ་ལེ

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*