རྐང་གླིང༌།
རྐང་གླིང་ནི་སྔགས་ཀྱི་མཆོད་རྫས་བྱེ་བྲག་མིའི་བརླ་རྐང་རུས་ལས་བཟོས་པའི་གླིང་བུ་ཞིག་སྟེ། དེའི་མིང་གི་རྣམ་གྲངས་ལ་རྐང་དུང་ཞེས་ཀྱང་འབོད། དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཐོབ་རྣམས་ཀྱིས་རང་ཉིད་བྱ་བྲལ་གྱི་སྤྱོད་པར་གཞིགས་ཏེ་གནས་ངེས་མེད་དུར་ཁྲོད་སོགས་སུ་གསང་སྔགས་ཀྱི་ཆོ་ག་མཛད་སྐབས་མི་རྟག་པ་སྒོམ་པ་ལ་གྲོགས་བྱེད་པའི་ཆེད་དུ་དུར་ཁྲོད་ནས་མི་ཤི་བའི་བརླ་རྐང་རུས་ལ་གླིང་བུ་མཛད་སྲོལ་ཡོད་དེ། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་ལས་ཀྱང༌། གང་ཉིད་ལོ་ཙཱ་ལ་སོགས་སློབ་སྦྱོང་གང་དུ་མཛད་ཚུལ་སྐོར་གསུང་སྐབས། དེ་ནས་ཉི་མ་ཕྱེད་ཙམ་ནས་ཁ་ཆེའི་ཡུལ་སྣ་ཟིན་པས། བྲམ་ཟེ་གྲོང་བདུན་པ་ཞིག་ཏུ་སླེབས་ཏེ་དེར་ཟླ་བ་གཅིག་ཙམ་བཞུགས་ནས་ཕལ་སྐད་ཨེན་ཙམ་བསླབས། དེ་ནས་ཞག་གཅིག་གི་ལམ་དུ་ཤིང་དྲུང་ཞིག་ན་ཛོ་ཀི་རྣལ་འབྱོར་པ་གཅེར་བུ་མི་རྐང་གི་གླིང་བུ་འབུད་པ་ཞིག་དང་མཇལ་ཏེ། རྣལ་འབྱོར་པ་དེས་བླ་མའི་དབུ་ལ་མི་རྐང་གི་གླིང་བུ་དེ་ལན་གསུམ་བསྐོར་ནས་ནགས་གསེབ་ཏུ་གཤེགས་ཞེས་དང༌། ཡང་དེ་ནས་ཕར་བྱོན་པ་དང་སྟག་གྲུས་མ་ཞིག་དང་འཕྲད་པ་ལ། ནགས་གསེབ་ནས་མི་རྐང་གི་གླིང་བུའི་སྒྲ་བྱུང་བས་སྟག་དེ་ལོགས་སུ་བཟུར་སོང་ངོ་ཞེས་སོགས་བྱུང་བ་ལས་ཀྱང་རྟོགས་ཐུབ་ལ། རང་རེའི་ཡུལ་དུ་ནི་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་བཅུ་གཉིས་ནང་ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་སྒྲོལ་སོགས་ནས་བརྒྱུད་པའི་ཞི་བྱེད་གཅོད་ཀྱི་ལུགས་ཞེས་ཕུང་པོ་གཟན་བསྐྱུར་གྱིས་དུར་ཁྲོད་སོགས་སུ་གཅོད་གཏོང་བའི་ཆོ་ག་སྤེལ་ཚུལ་དར་བ་ནས་རིམ་བཞིན་ཁྱབ་གདལ་ཕྱིན་པ་ཞིག་ཡིན་ཞིང༌། དེ་ཡང་མ་ཅིག་གི་ཞལ་ནས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་ཐུག །ཅེས་གསུངས་པ་ལྟར་གཅོད་པས་གདུལ་རྒྱུའི་ལྷ་འདྲེ་ནི། ཕྱི་ན་སུ་ཡང་མེད་པར་ནང་ན་ཡོད་དེ། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་སུ་སྣང་བ་དེ་ཐམས་ཅད་ཀྱང་ནང་ང་དང་བདག་ཏུ་འཛིན་པའི་སྙེམས་བྱེད་ཀྱི་རྩ་བ་མ་ཆོད་པ་ལས་བྱུང་བ་ཡིན་པའི་ཕྱིར་ན། རྗེ་བཙུན་མི་ལས་བྲག་སྲིན་མོ་ལ་གསུངས་པ་ལས་ཀྱང༌། འདྲེ་ཁྱོད་ལས་ཐུ་བ་ངར་འཛིན་ཡིན། །འདྲེ་ཁྱོད་ལས་མང་བ་འདུ་ཤེས་ཡིན། །འདྲེ་ཁྱོད་ལས་ལངས་ཤོར་རྣམ་རྟོག་ཡིན། །ཞེས་སོགས་ནན་དུ་གསུངས་པ་ལས་ཀྱང་ཤེས་ཐུབ། དེ་བཞིན་གཅོད་ཀྱི་དབྱེ་བའི་སྐོར་ལ་ཡང༌། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གཅོད་ལ་ཡང་ཕྱི་ནང་དོན་གསུམ་གྱི་དབྱེ་བ་བསྟན་པ་སོགས་ཡོད་པས་ཞིབ་ཏུ་གཞན་ལ་གཟིགས་པར་འཚལ། སྐབས་འདིར་བསྟན་དུར་ཁྲོད་སོགས་སུ་ཕུང་པོ་གཟན་བསྐྱུར་གྱི་གཅོད་གཏོང་སྐབས་གཅོད་པའི་ཡོ་བྱད་ལ་ཌ་མ་རུ་དང༌། རྡོར་དྲིལ། རྐང་གླིང་སོགས་དགོས་ལ། མི་རྐང་གི་གླིང་བུ་དེ་ཡང་གཅོད་རྐང་ཞེས་དམིགས་བསལ་བུད་མེད་ལོ་བཅོ་ལྔ་བཅུ་དྲུག་ལ་སོན་པ་བུ་འདོད་ཅིང་བཙས་མ་ཐག་ཏུ་རང་ཉིད་འཆི་བའི་བརླ་རྐང་རུས་ལས་བཟོས་པའི་བམ་རྐང་ཞེས་པ་དེ་རིགས་དགོས་པར་བཤད་ཅིང༌། དེ་ལྟར་དགོས་པའི་རྒྱུ་མཚན་ཡང་བུད་མེད་དེ་ཉིད་འཆི་ཁར་རྟེན་བུ་དེ་ཉིད་བྱས་ཏེ་དེར་སྙིང་རྗེ་ཤུགས་དྲག་སྐྱེས་པའི་ངང་ནས་འཆི་བས། དེའི་བརླ་རྐང་ལས་བྱས་པའི་གླིང་བུ་དེའི་སྐད་ཐོས་པ་ཙམ་གྱིས་ལྷ་འདྲེ་གང་འདྲ་ཞིག་ཡིན་རུང་དེར་སྙིང་རྗེའི་སེམས་སྐྱེ་བར་གྲགས། དེ་ཡང་དུར་ཁྲོད་དུ་སྤྱོད་པའི་རྐང་གླིང་ནི་ནམ་རྒྱུན་དགོན་སྡེའི་ནང་ཆོ་གཞི་སྐབས་སྤྱད་བྱའི་རྐང་གླིང་དང་མི་འདྲ་སྟེ། གཅོད་རྐང་ཞེས་མི་རྐང་གི་རུས་ཚིགས་ངོས་ནས་བུ་ག་གཉིས་སུ་བཏོན་ཞིང་རྒྱ་ཀོ་དམར་པོས་བཏུམས་པ་དང༌། ཕུ་འགག་གི་སྟེང་དུ་དངུལ་དང་རག་སོགས་ཀྱི་ཤན་བརྒྱབ་པ་གང་ཞིག་དང་དོད་ཆེ་བར་མདའི་སྲིད་དུ་དངུལ་སྐུད་ཀྱིས་དཀྲིས་བརྒྱབ་པ་དེ་འདྲའང་ཡོང་གི་འདུག གཅོད་རྐང་དེ་ལྟ་བུ་གཅོད་པ་ཙམ་མ་ཟད་སེར་སྲུང་སྔགས་པས་ཀྱང་ཉེ་བར་སྤྱོད་པ་ཡིན་ཞིང༌། སྤྱིར་སེར་སྲུང་སྔགས་པར་མཁོ་བའི་ཡོ་བྱད་ནི་གཙོད་དང༌། རྐང་གླིང༌། ཐུན་རྭ། མདའ་དར་སོགས་ཡིན་ལ། ཡང་སྒོས་ཐུན་རྭ་དང་རྐང་གླིང་གཉིས་པོ་ནི་སེར་བའི་གནོད་འཚེ་སྲུང་བའི་སྐབས་མེད་དུ་མི་རུང་བའི་ཡོ་བྱད་ཡིན་པས། གལ་ཏེ་སེར་སྲུང་སྔགས་པས་སེར་བའི་གནོད་འཚེ་སྲུང་མ་ཐུབ་པར་ལོ་ཏོག་ལ་སྐྱོན་བྱུང་ཚེ་མང་ཚོགས་རྣམས་ནས་ཟུར་ཟ་དང་འཕྱ་སྨོད་བྱེད་སྲོལ་ཡོད་དེ། དམངས་གཞས་ལས། སེར་བ་བྱ་གསར་སྒོ་ངས། །འབྲས་བུའི་ཡ་ཟམ་བཅག་སོང༌། །ཐུན་རྭ་རྒྱ་གར་རྐང་དུང༌། །གདང་བུའི་རྒྱན་ཆ་ཡིན་འདྲ། ། ཞེས་གཏོང་སྲོལ་ཡོད་པ་ལྟ་བུའོ། །
དེ་བཞིན་དགོན་སྡེའི་ནང་ལྷ་སྲུང་དགྱེས་པར་བྱེད་ཅིང་ཉམས་ཆག་གི་ཉེས་པ་གསོ་བར་བྱེད་པའི་བསྐང་གསོའི་ཆོ་གཞི་སྐབས་དང༌། དགྲ་བགེགས་ལ་གཏོར་རྒྱག་འཕེན་པའི་སྐབས་དྲག་རོལ་གྱི་ཁོངས་སུ་སྤྱོད་པའི་རྐང་གླིང་འདི་བཞིན་མདའ་ནི་མི་རྐང་ངམ་དངུལ་སོགས་ལས་བྱས་པ་གང་ཞིག ཕུ་འགག་དང་ཁ་བོ་ཆེ་དངུལ་དང༌། རག ཏུང་སོགས་ལས་བྱས་པ་ཡོད་ལ། གཞི་རྐང་གཡག་རྭ་ལྟ་བུར་གུག་པ་ལ། ཁ་བོ་ཆེ་ནི་ཆུ་སྲིན་གྱི་ཁ་དང༌། ཉ་མོའི་ཁ་དང༌། ཀ་ལིའི་དབྱིབས་སོགས་བྱས་པ་སྣ་ཚོགས་བྱུང༌། དེ་ཡང་སྐྱེས་པ་དར་མ་གྲིར་ཤི་བའི་བརླ་གཡོན་པའི་རྐང་རུས་ཕྲ་བའི་ཕྱོགས་རས་སོར་མོ་བཅུ་གཉིས་ཀྱི་ཚད་ངང་ལྡན་པ་བཅད་ནས་བཟོས་པའི་རྐང་གླིང་ལ་ནི་གསང་བའི་གླིང་བུ་ཞེས་ཀྱང་ཟེར་ཏེ་མ་མཁའ་འགྲོ་འདོད་པའི་རྟེན་དང༌། བུད་མེད་དར་མ་གྲིར་ཤི་བའི་བརླ་རྐང་གི་རུས་ལས་བཟོས་པའི་རྐང་གླིང་ནི་དཔའ་བོ་འབོད་པའི་རྟེན་ཡིན་པས་འབུད་ཚིག་ཀྱང་སོ་སོར་ཡོང་པར་གྲགས་ཤིང༌། བར་སྐབས་ཤིག་ལ་“བོད་ཡུལ་སོགས་སུ་རྐང་གླིང་གི་རྒྱུ་ལ་ཨ་ཙ་ར་ཤི་བའི་རྐང་དེ་ཕྲ་ལ་རིང་བ་སྐད་ལེགས་པར་འོང་འདུག་ཅེས་ཨ་ཙ་རའི་རྐང་ལ་རྐང་གླིང་བྱས་པ་ཕལ་ཆེར་རྟོགས་ལྡན་ཚོས་ཀྱང་དེ་འདྲ་ཐོགས་པ་མང་”ཞེས་“རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་”ཅེས་པའི་ནང་ཞིབ་པར་གསུངས་ལ། དོན་དམ་པར་དགོན་སྡེའི་ནང་དུ་ཨ་ཙ་ར་ཤི་བའི་རྐང་ལས་བྱས་པའི་རྐང་གླིང་ཡོད་ཚུལ་སྐོར་ལའང༌། མྱང་སྨད་དགའ་སྡོང་དགོན་གྱི་མཁན་པོ་དགེ་སློང་བློ་བཟང་རབ་རྒྱས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དེ་སྔ་དགའ་སྡོང་དགོན་དུ་ཨ་ཙ་ར་ཤི་བའི་རྐང་ལས་བྱས་པའི་རྐང་གླིང་ཆ་གཅིག་ཡོད་འདུག་པ་དང༌། དེ་བཞིན་དེ་སྔ་ས་སྐྱ་དགོན་པར་ཡང་མོན་པ་ཞེས་ཨ་ཙ་ར་ཡིན་ལ་རྒྱ་གར་བ་ཡང་མ་ཡིན་པ་ལྷ་མ་ཡིན་ལྟ་བུ་ཞིག་ཡོད་པ་དེའི་རྐང་ལས་བཟོས་པའི་རྐང་གླིང་ཁྱད་འཕགས་ཅན་ཆ་གཅིག་ཡོད་པ་དེ་དག་རིག་གསར་སྐབས་བོར་བརླག་སོང་ཡང༌། ད་ལྟ་དོན་གཉེར་ཅན་འགའ་ཞིག་གི་བཀའ་དྲིན་ལ་བརྟེན་ཡ་གཅིག་མགོན་ཁང་གི་ནང་དུ་ཉར་ཚགས་བྱེད་ཐུབ་ཙམ་བྱུང་བ་བཅས་སོ། །
མདོར་ན་རྐང་གླིང་ནི་དུར་ཁྲོད་སོགས་སུ་གཅོད་གཏོང་སྐབས་ཌ་དྲིལ་དང་ལྷན་དུ་འབུད་ཆོག་པའི་གསང་སྔགས་དང་། ཞི་རོལ་ཆ་ཞིག་ཡིན་པར་མ་ཟད། དགོན་སྡེའི་ནང་དུ་བསྐང་གསོ་དང༌། གཏོར་རྒྱག སྦྱིན་སྲེག གར་འཆམ་སོགས་ཀྱི་ནང་དགོས་དབང་དང་བསྟུན་ཏེ་འབུད་དགོས་པའི་དྲག་རོལ་ཞིག་ཀྱང་ཡིན། གཞན་ཡང་“ཁམས་ཕྱོགས་སུ་ཐུན་དུང་ཞེས་གྲྭ་ས་རྣམས་སུ་ཐུན་ཚད་ལ་རྐང་དུང་འབུད་པའི་ཕྱག་སྲོལ་སྣང་བ་ལ་ནི་རྐང་ངམ་གཞན་ཤིང་དུང་རྭ་དུང་སོགས་ཀྱིས་ཆོག་པར་མངོན་ལ། རྭ་དུང་ལའང་ཁྲི་སྙན་རྭ་དུང་སོགས་འབྱོར་ན་ནི་ཤིན་ཏུ་རང་ལེགས་ཏེ། རྒྱུ་མཚན་རི་དྭགས་འདི་སྔོན་བྱང་ཆུབ་སེམས་དཔའ་གང་ཞིག་སྟོང་ཉིད་ཀྱིས་རྩིས་མ་ཟིན་པའི་སྙིང་རྗེ་ཁ་རྐྱང་དུ་གོལ་བས་ཕྱི་མ་འདིར་སྐྱེས་པ་ཡིན་ལ། རི་དྭགས་ཕལ་པའི་རྭ་དང་ལར་འདྲ་བར་མ་བཤད་ཀྱང་རྭ་དུང་འདིའི་སྐང་ཐོས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེ་བར་བཤད་དེ། སྔོན་དགེ་གཉེན་པུ་ཏོ་བ་སོགས་བཀའ་གདམས་པའི་དགེ་བཤེས་མང་པོས་བསྣམས་ཞིང་རྩེ་ལེ་སྣ་ཚོགས་རང་གྲོལ་སོགས་ཀྱིས་རྔོན་པ་དང་ཉ་པ་སོགས་ལིང་ལ་འོང་སྐབས་ཁོང་གིས་ཁྲི་སྙན་རྭ་དུང་འབུད་པས་རྔོན་པའི་ཁྱི་ཡིས་རི་དྭགས་མི་གསོད་པ་དང༌། ཉ་པས་ཉ་མི་གསོད་པ་སོགས་ངེས་ཤེས་འདྲོངས་པ་བྱུང་ཞེས་གསུངས་སོ”ཞེས་“རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་”ལས་གསལ་བར་བྱུང་ངོ༌། །
དེ་བཞིན་རྐང་གླིང་འབུད་ཚིག་ཐད་གཅོད་རྐང་ལ་དམིགས་བསལ་གྱི་འབུད་ཚིག་ཇི་འདྲ་ཡོད་མིན་མ་ཤེས་ནའང༌། དགོན་སྡེ་སོ་སོའི་ཆོ་གའི་སྐབས་གཏོང་བའི་རྐང་གླིང་ལ་རང་རང་སོ་སོའི་ཕྱག་བཞེས་རྩ་ཚིག་འདྲ་མིན་ཡོད་པ་སྟེ། དཔེར་ན། དགེ་ལུགས་ལས་ཀུན་བདེ་གླིང་དགོན་ལ་ནི། བསྐང་གསོའི་སྐབས་སུམ་རྡུང་ཡིན་ཚེ་ཛག་རིང་ཛག་ཐུང་དང༌། མགོན་པོ་ཞལ་གྱི་བསྐང་གསོའི་སྐབས་མ་ཧཱ་ཀཱ་ལ། ལྕམ་སྲིང་གི་བསྐང་གསོར་རྟ་སྐད། ལིངྒ་བསྒྲལ་ཆོག་དང་གཏོར་རྒྱག་སྐབས་སྣོལ་རྐང་བཅས་འབུད་ཚིག་སྣ་ཚོགས་ཡོད་ལ། དེ་བཞིན་ས་སྐྱ་དགོན་ལ་ཡང་བསུ་རིང་བསུ་ཐུང༌། རཀྟ་དམར་ཆེམ་མ། རྐང་གླིང་སྟན་པའི་རོལ་མོའི་སྒྲ། སྤྱང་ཀིའི་ངུར་སྐད་སོགས་སྣ་ཚོགས་པ་ཞིག་ཡོད་པ་བཅས་སོ། །
གཞན་ཡང་ཐུན་དུང་གི་འབུད་ཚིག་ལ། བཀའ་བརྒྱུད་པ་རྣམས་དགུ་འབུད་ཟེར་བ་བདེ་མཆོག་རྩ་སྔགས་ཀྱི་ཡི་གེ་བདུན་མའི་བརྡ་ཚིག་ཏུ་གྲགས་ལ། གཞན་རྙིང་མ་ལུགས་ལས་ནི་ཁམས་ཀཿཐོག་གི་བླ་མ་དམ་གཙང་བྱམས་གསུམ་གྱི་ཕྱག་སྲོལ་ལ། ཐོག་མར་མཆོད་མཆོད་ཅེས་རིང་ཐུང་གཉིས། བླ་མ་བླ་མ་ཞེས་རིང་པོ་གཉིས། བླ་མ་མཁྱེན་མཁྱེན་མཁྱེན་མཁྱེན་ཞེས་རིང་ལ་ལྡེམ་འགྱུར་ཅན། ཕཊ་ཕཊཿཅེས་རིང་ལ་རྗེས་མ་རྦད་ཀྱིས་བཅད་པ་བཅས་ཤིན་ཏུ་ངོ་མཚར་ཆེ་བ་ཡོད་པས་རྒྱས་པར་གཞན་ལ་གཟིགས་པར་འཚལ་ལོ། །
དེ་བཞིན་ཚག་ཤར་ཡང་རྐང་གླིང་གི་ཁོངས་སུ་གཏོགས་ཀྱང༌། རྐང་གླིང་དང་ཅུང་ཟད་མི་འདྲ་སྟེ། གཞི་རྐང་རྒྱུ་ཟངས་དང༌། ཏུང༌། རག་སོགས་ལས་གྲུབ་པ་གང་ཞིག མདར་མི་རྐང་སོགས་གང་ཡང་མེད་པར་སྟོད་ནས་རིམ་བཞིན་ཇེ་སྦོམ་དུ་སོང་བའི་མཐར་ཁ་བོ་ཆེ་གཡེར་ཞིང་ཉ་མོའི་ཁ་ལྟ་བུ་ཁ་སྤུ་དང་བཅས་པ་དང༌། སྨད་ནས་སྟོད་ཀྱི་ཕྱོགས་སུ་རིམ་གྱིས་ཕྲ་བའི་སྟེང་དུ་ཏིང་ཤོགས་སྦུབས་ཅན་ཁ་ཕྱིར་ལོག་པའི་རྣམ་པ་ཅན། སྲིད་དུ་རིང་ཐུང་འཚམས་པའི་མདའི་ཐོག་ཚགས་དཀྲོལ་གྱི་པ་ཏྲས་མཛེས་པའི་ཝ་ཚིགས་གཉིས་དང་ལྡན་པ་བཅས། དངོས་གཞི་ཆོ་གའི་སྐབས་རྐང་གླིང་དང་མ་བུ་ལྟ་བུར་སྤྱོད་སྲོལ་ཡོད་དེ། དཔེར་ན། གཏོར་སྒྲུབ་སོགས་དྲག་པོའི་ཆོ་གཞི་སྐབས་སུ་ལྷ་སྲུང་གཙོ་བོ་སྤྱན་འདྲེན་སྐབས་རྐང་གླིང་དང༌། དེའི་འཁོར་རྣམས་སྤྱན་འདྲེན་སྐབས་ཚག་ཤར་འབུད་དགོས་པ་ལྟ་བུ་ཡིན་པས། རྐང་གླིང་དང་ཚག་ཤར་གཉིས་གཅིག་ཏུ་བསམ་ནས་གང་བྱུང་དུ་འབུད་ན་ནི་དེ་གཉིས་ཀྱི་གནས་ལུགས་མ་རྟོགས་པའི་སྐྱོན་དུ་ཟད་དོ། །
བོད་ལྗོངས་ཆ་འཕྲིན་དྲ་བ་ལས་བཏུས།
Leave a Reply