ཀཿ བྲག་ཇོ་ཁང་གི་ལོ་རྒྱུས། ༼ཀཿ བྲག་གཙུག་ལག་ཁང་།༽
___མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།
སྤྱི་ལོའི་དུས་རབས་བདུན་པ་ནས་༧སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལུགས་དང་བོན་ཆོས་དེ་བཞིན་དུ་བོད་ཀྱི་རིག་གཞུང་མཉམ་འབྲེལ་གྱིས་དར་ཁྱབ་བྱུང་བ་དང་དུས་མཚུངས་ཏྲེ་ཧོར་ཡུལ་ཕྱོགས་སུ་ཡང་བོད་ཀྱི་གདོད་མའི་ཆོས་དང་གོམས་སྲོལ་བཅས་པ་ཆོས་དང་རིག་གཞུང་ནི་མངོན་གསལ་དོད་པའི་ཐོག་ནས་དར་སྤེལ་གྱི་འགོ་འཛུགས་གནང་ཡོད་པར་ལོ་རྒྱུས་ཀྱི་དཔང་པོ་དང་གནའ་རབས་རྒས་པོས་འབེམས་གཏམ་སོགས་སུ་གསལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ལས། མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་སུ་གསོལ། པུས་མོ་གཡོན་པ་ལ་ཏྲེའི་ཀཿ བྲག་བཞེངས་སོ་ཞེས་གསུངས་པ་དང་། ཡང་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བ་ཞེས་པ་ནས་པུས་མོ་གཡོན་པ་ལ་ཏྲེའི་ཀཿ བྲག་ཅེས་སོགས་ལུང་མང་ངོ་། དེ་ཡང་མ་ཎི་བཀའ་འབུམ་ལས། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་བཞེངས་པའི་ནང་ནས་ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་ཏྲེ་ཤོད་ཀཿ བྲག་ཇོ་ཁང་འདི་ནི། དུས་རབས་བརྒྱད་པའི་ནང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་བན་གཉིས་ཀའི་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་སློབ་དཔོན་བཻ་རོ་ལོ་ཙཱ་ན་ལྷ་ས་ནས་རྒྱལ་མོ་ཚ་བ་རོང་དུ་རྒྱང་འབུད་བཏང་རྗེས་སུ་རྒྱལ་མོ་ཚ་བ་རོང་ནས་ཧོར་ཁམས་ཏྲེ་ཤོད་མཎྜལ་ཐང་གི་རི་ཕུག་ཏུ་ཙཱ་དག་སྒྲུབ་ཕུག་ཏུ་སྒྲུབ་པའི་དངོས་གྲུབ་ཀྱི་གོ་འཕང་རྙེད་པའི་གནས་སུ་མ་འོངས་པར་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཕྱག་ཟུང་འབྲེལ་གྱིས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཏེ་ཀཿ བྲག་མཎྜལ་ཐང་དུ་ཇོ་ཁང་གསར་བཞེངས་མཛད། དེ་ཡང་རྒྱས་ཙམ་ཞུ་ན་སྤྱི་ལོ་༦༤༢ལོ་ཙམ་ལ་བོད་ཀྱི་རྒྱལ་པོ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་པའི་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་ཁྱབ་པའི་དུས་དེར་ཆོས་རྒྱལ་རང་ཀྱིས་ཕྱག་བཏབ་གནང་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གསར་བཞེངས་གནང་། འདི་ལ་མཚན་གཞན་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ། དགའ་བཞི་གཙུག་ལག་ཁང་ཞེས་ཞུ། དགའ་བཞི་གཙུག་ལག་ ཁང་ཞེས་པ་ནི། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། རྩིག་པ་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། ལྕམ་གདུང་རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ་ཞེས་ཟེར། གཙུག་ལག་ཁང་འདི་ནི་ལྷ་ས་གྲོང་ཁྱེར་རྙིང་པའི་ལྟེ་བར་ཆགས་ཡོད། དེའང་ཆོས་རྒྱལ་སྲོང་བཙན་གྱིས་ཕོ་བྲང་དམར་ པོ་རིའི་སྟེང་མ་བསྐྱོན་གོང་། ལྷ་སའི་ཁུལ་དུ་སྐྱིད་ཤོད་ཅེས་དང་དེ་ཁུལ་དུ་རྒྱུགས་ཆུ་བོ་ལ་སྐྱིད་ཆུ་ཞེས་ཟེར། ད་ལྟའི་ར་ས་གཙུག་ལག་ཁང་གི་ཤུལ་དུ་འོ་མཚོ་ཞེས་མཚེའུ་ཆུང་ངུ་ཞིག་ཡོད་ཅིག དེ་ནས་ཆོས་རྒྱལ་སྲོང་བཙན་དམར་པོ་རི་ལ་བཞུགས་པའི་སྐབས་སུ་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་རྒྱལ་པོའི་བཙུན་མོར་བསུས། བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་ར་མོ་ཆེའི་ཇོ་བོ་ཞེས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་ར་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་བཅས་སོ་སོར་གདན་དྲངས་པའི་ཇོ་བོའི་གཙུག་ལག་ཁང་གསར་བཞེངས་དང་དུས་མཚུངས་པའི་ཀཿ བྲག་ཇོ་བོའམ་དཀར་མཛེས་ཇོ་བོ་ཞེས་འདི་ནི་ཁམས་ཀྱི་ཤོད་བཅུ་ལས་ཏྲེ་ཤོད་མཎྜལ་ཐང་དུ་ཀཿ བྲག་རྡོ་རྗེ་གདན་ཞེས་པའི་གནས་གཙང་ཞིང་ཉམས་དགའ་བའི་གནས་ཁྱད་པར་ཅན་འདིར་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བརྩིགས་པའི་ནང་ཚུན་ཏྲེའི་ཀཿ བྲག་བྱ་བ་ཡིན་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ལས། མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་སུ་གསོལ། པུས་མོ་གཡོན་པ་ལ་ཏྲེའི་ཀཿ བྲག་བཞེངས་སོ་ཞེས་དང་། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལས། ཀཿ བྲག་དཀོན་མཆོག་འབྱུང་གནས་དང་འོ་སྟོང་བྱམས་ཆེན་ལ་སོགས་པ་སངས་རྒྱས་བྱང་སེམས་ཀྱི་རྟེན་བཙུགས་ཞེས་དང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ལ་ཞེས་པ་ནས་པུས་མོ་གཡོན་པ་ལ་ཏྲེའི་ཀཿ བྲག་ཞེས་དང་། ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ལས། ཡང་སྲིན་མོའི་ཡན་ལག་བཞི་གནོན་དགོས་པར་མཁྱེན་ནས་གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ་ལྷ་ཁང་། གཡོན་པ་ལ་ལྷ་བྲག་མཁོ་མཐིང་། པུས་མོ་གཡས་པ་ལ་ཀཿ བྲག གཡོན་པ་ལ་པྲ་དུམ་རྩེ་མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་བཞི་བརྩིགས་ཏེ་ཞེས་སོགས་ལུང་མང་ངོ་། ལྷ་སའི་གཙུག་ལག་ཁང་གི་གཙོ་བོའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས་པའི་ནང་ནས། ཏྲེའི་ཀཿབྲག་གཙུག་ལག་ཁང་ནི་བོད་ལྕགས་གླང༼༦༤༢༽ལོར། རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་ཀོང་ཇོ་མཚོའི་པདྨ༼འུན་ཤིང་ཀོང་ཇོ༽ཞི་ཨན་བཀྲ་ཤིས་ཁྲི་སྒོ་ནས་གངས་ལྗོངས་བོད་ཀྱི་རྒྱལ་པོ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕྱོགས་སུ་ཆིབས་ཁ་བསྒྱུར་སྐབས་སུ་བཞེངས་པར་གྲགས་ཏེ། བཀའ་གདམས་བསྟན་པའི་སྲོལ་འབྱེད་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་སྟེ་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་མཚན་བཞག་ཇོ་བོ་རྗེ་ཨ་ཏི་ཤ་ཞེས་བྱ་བའི་པཎཌི་ཏ་ཆེན་པོ་དེ་ཉིད་དགུང་ལོ་རེ་བདུན་བཞེས་པ། བོད་ཀྱི་རབ་བྱུང་དང་པོའི་བགྲང་བྱ་ཉེར་གཉིས་པ་ས་བྱི་ལོ་སྟེ་སྤྱི་ལོ༡༠༤༩ལོར། ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་མོར་གཏེར་ནས་བཏོན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ་ལས། བོད་ཡུལ་ཁ་བ་ཅན་དུ་ཉེས་པ་ཐམས་ཅད་ནུབ་པར་བྱ་བ་དང་། ལེགས་པ་ཐམས་ཅད་ཀྱི་བསོད་ནམས་བསོག་པའི་ཕྱིར་དུ། དམ་པའི་ཆོས་ལ་སོགས་པ་དགེ་བ་བཅུའི་ལས་ཐམས་ཅད་འབྱུང་བར་བྱ་བའི་དོན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་མོ་ཀོང་ཇོ་གཉིས་བཀའ་གྲོས་ནས་ས་དཔྱད་ཞིབ་མོར་མཛད་པས། བོད་ཡུལ་ཁ་བ་ཅན་གྱི་ས་གཞི་འདི་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བའི་མགོ་དང་། དཔུང་མགོ་གཉིས། དཔྱི་རུས། པུས་མོ་གཉིས། རྐང་མགོ་གཉིས། ཡན་ལག་གི་ཚིགས་བཞིའི་མེ་བཙས་མནན་དགོས་པར་ཤེས་ནས། རུ་བཞིའི་གཙུག་ལག་ཁང་བཞེངས་དགོས་པར་མཁྱེན་ནས། ཆོས་རྒྱལ་གྱིས་སྤྲུལ་པ་ལས་མི་དང་བཟོ་བོ་མང་པོ་མཛད་ནས་ཞེས་པ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དེ་ནས་ལྷ་གཅིག་ཀོ་ཇོས་ས་དཔྱད་མཛད། བོད་ཡུལ་སྲིན་མོ་གན་རྐྱལ་འགྱེལ་བ་འདྲ། དེ་ཡི་ཚིགས་ཆེན་བརྒྱད་དང་མཐིལ་བཞི་བོ་གནོན་པའི་ལྷ་ཁང་རེ་རེ་དང་པོར་ཐོབ་ཅེས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ལས། མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་སུ་གསོལ། པུས་མོ་གཡོན་པ་ལ་ཏྲེའི་ཀཿབྲག་བཞེངས་སོ་ཞེས་གསུངས་པ་དང་། དེ་ལྟར་ཏྲེའི་ཀཿབྲག་གི་གཙུག་ལག་ཁང་བཞེངས་སྔ་ན་ཡང་དེའི་སྐབས་སུ་ཡུལ་འདི་ནི་བོན་ཆོས་དར་ཁྱབ་ཆེ་བས། ཡུན་རིང་དུ་བདག་གིར་དང་ཉར་ཚགས་བྱེད་མཁན་ལོགས་སུ་མེད་པའི་ཞིག་ནས་ས་ཕུང་དུ་གྱུར་པར་མངོན། བོད་ཀྱི་རབ་བྱུང་བཞི་བའི་ས་སྦྲེལ་ཏེ་སྤྱི་ལོ༡༢༤༨ལོར། ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵ་ཡིས་ཇོ་ཁང་གི་ལྟེ་བ་བྱས་པའི་ཀཿ བྲག་རྡོ་རྗེ་གདན་ཞེས་པའི་ཀརྨ་བཀའ་རྒྱུད་པའི་དགོན་ཆེན་ཞིག་བཞེངས། དེ་ནས་དགོན་པ་འདིས་ཇོ་ཁང་བདག་གཉེར་མཛད། རབ་བྱུང་བཅུ་གཅིག་གི་ས་ཡོལ་ལོ་སྟེ་སྤྱི་ལོ༡༦༣༩ལོར། གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ཐོག་མར་ཀརྨ་བསྟན་སྐྱོང་དབང་བོའི་དཔུང་རོགས་བེ་རི་དཔོན་པོ་དོན་འགྲུབ་རྡོ་རྗེ་དང་མཉམ་དུ་ཏྲེ་ཤོད་ཕྱོགས་ཀྱི་ཀརྨ་བཀའ་རྒྱུད་པའི་དགོན་སྡེ་ཁག་ཚར་བཅད་པར་སྐད། དེང་སང་ལའང་གདོང་ཐོག་དགོན་པ་སྔར་གྱི་ཀཿ བྲག་རྡོ་རྗེ་གདན་གྱི་ཀ་རྡོ་རེད་ཅེས་པའི་ཀ་རྡོ་ཆེན་པོ་མཇལ་རྒྱུ་དང་ཏྲེའི་ཀཿ བྲག་ཇོ་བོ་དང་ལྷ་སྒང་ཇོ་བོ། ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་གསུམ་གྱི་ཕན་ཡོན་གཅིག་པས་སེམས་རྣམ་པར་དག་པའི་སྒོ་ནས་ཕྱག་མཆོད་དང་། མར་མེ། ཇོ་དར། བསང་མཆོད་འབུལ་བ་སོགས་དགེ་བ་གང་འགྲུབ་དང་། སྐོར་བར་བསྐོར་སོགས་སྡིག་སྤངས་དགེ་སྒྲུབ་ཀྱི་ལས་ལ་བརྩོན་ན། སྟོང་འགྱུར་གྱིས་འགྱུར་སྟོབས་ཆེ་ཞིང་། ལྷག་པར་བསྐོར་ཚད་རེ་ལ་མ་ཎི་དུང་བཅུ་དང་། སིདྡྷི་དུང་ལྔ་སོགས་ཀྱི་ཕན་ཡོན་ཡོད་པར་བཤད་སྲོལ་ཡོད། དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་ཞིག་བརྩིགས་ཡོད་ནའང་ཕྱིས་སུ་འབྱུར་བཞིས་དུས་ཀྱི་འགྱུར་འགྲོས་ཀྱིས་རྩ་སྟོང་དུ་འགྱུར། དེ་ནས་རིམ་བཞིན་སྔོན་སློབ་དཔོན་བེེ་རོ་ཙཱ་ན་ཆབ་སྲིད་ཀྱི་འཕོར་འགྱུར་རྐྱེན་པས་ཁམས་ཕྱོགས་སུ་མ་ཕེམས་དཀའ་མེད་བྱུང་སྟེ་ཏྲེ་ཤོད་དུ་ཕེབས་ནས་ལྷ་ཕྱོགས་ཀྱི་རི་རྒྱུད་ཙཱ་ཟླ་སྒྲུབ་ཕུག་གམ་རིན་ཆེན་སྒྲུབ་ཕུག་ཏུ་བཞུགས་སྐབས།༼རྫོང་བྲག་སྤུན་གསུམ་ཞེས་པའི་རི་གཤོང་དུ་གནས་ངོ་ཚ་ཅན་གྱི་སྒྲུབ་ཕུག༽ ༼ལོ་ཆེན་བེེ་རོ་ཙཱ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་དང་རྙིང་མ་རྒྱུད་འབུམ་སོགས་སུ་གསལ།༽ སློབ་དཔོན་རྩ་ཟླ་སྒྲུབ་ཕུག་༼ཙཱ་དག་སྒྲུབ་ཕུག༽ཏུ་བཞུགས་སྐབ་སུ་ སློབ་དཔོན་བེེ་རོ་ཙ་ན་ཏྲེ་ཤོད་ཕྱོགས་སུ་ཕེབས་ནས་ལྷོ་ཕྱོགས་རི་རྒྱུད་ཙཱ་ཟླ་རིན་ཆེན་ཕུག་ཏུ་མཚམས་བཞུགས་སྐབས། ཀཿ བྲག་ཐང་གི་ས་ཕུང་ཞིག་གི་སྟེང་༼ ཀཿ བྲག་ཐང་དུ་འོད་ཁྱད་པར་ཅན་ཞིག་གཟིགས་སྣང་བྱུང་བས་དེར་ཕེབས་པའི་ཚེ་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཞེངས་པའི་སྟོན་པའི་སྐུ་བརྙན་རྩ་ཆེན་ཞིག་རྙེད་པས་༼ རྡོ་ལས་གྲུབ་པའི་༧སྟོན་པའི་སྐུ་བརྙན་ཞིག་རེད་ཟེར་བ་དང་། རྡོ་ནག་ལས་གྲུབ་པའི་གུར་མགོན་གྱི་སྐུ་བརྙན་ཞིག་རེད་ཟེར་བ་བཅས་ཀྱི་ལོ་རྒྱུས་ལས་མི་མཐུན་པ་མང་།༽དུ་དཔལ་འབར་བའི་འོད་ཟླུམ་འཚེར་བ་རྒྱུན་དུ་མཐོང་བར་དེར་ཕེབས་པའི་ཚེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་བཞེངས་པའི་སྟོན་པའི་སྐུ་བརྙན་རྩ་ཆེན་ཞིག་རྙེད་པས། བསྟི་གནས་འདིར་སྟོན་པའི་སྐུ་བརྙན་དེ་དང་། ཙནྡ་ལས་གྲུབ་པའི་བདེ་མཆོག་གི་དཀྱིལ་འཁོར། སངས་རྒྱས་ཀྱི་རིང་བསྲེལ། སློབ་དཔོན་པདྨ་འབྱུང་གནས། རིམ་བྱོན་ལོ་པཎ་མཁས་གྲུབ་སོགས་ཀྱི་དབུ་སྐྲ་དང་ན་བཟའ་རྣམས་ནང་གི་གཟུངས་བཞུགས་བྱས་པའི་ཇོ་ཁང་བཞེངས་ནས་རབ་གནས་བསྙེན་བཀུར་གཟབ་རྒྱས་མཛད།ཕྱིས་སུ་སྟོན་པའི་སྐུ་བརྙན་དེ་ནང་གཟུངས་སུ་བཞུགས་པའི་ཇོ་བོའི་སྐུ་ཞིག་བཞེངས་ཡོད། ཇོ་ཁང་གི་རྒྱབ་ཕྱོགས་ནས་བརྒྱ་རྩ་ཞེས་མཆོད་རྟེན་ཆུང་ཆུང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་སློབ་དཔོན་བེེ་རོ་ཙཱ་ནའི་ཕྱག་ཕྲེང་ཕྲེང་རྡོ་རེ་རེར་བཞུགས་པའི་ལོ་རྒྱུས་ཡོད། ཇོ་ཁང་དེ་དུས་ཀྱི་འགྱུར་འགྲོས་ཆུ་ཡིས་ཉམས་ཆགས་བྱུང་བར་གདོང་ཐོག་སྐུ་ཕྲེང་གསུམ་པ་སྤྲུལ་སྐུ་འཇམ་དཔལ་རིག་པའི་རལ་གྲིས་ཉམས་གསོ་བསྙེན་བཀུར་མཛད། ཇོ་ཁང་གི་འོག་ཤོལ་དང་ཐོག་ཁང་གཉིས་གཤིག་གསོས་དང་། ཇོ་ཁང་འོག་ཤོལ་དུ་ཇོ་བོ་རིན་པོ་ཆེ་སྐུ་མི་ཚད་གཉིས་ཅན་དང་། ཐོག་ཁང་སྟེང་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་གཉིས་ཙམ་ཡོད་པ་གཡས་གཡོན་དུ་འཇམ་དབྱངས་དང་ཕྱག་རྡོར་གྱི་སྐུ་མདའ་ཚད་མ་ཙམ་ཡོད་པ་གསར་བཞེངས་གྲུབ། ཇོ་ཁང་མཐའ་སྐོར་དུ་མ་ཎི་འཁོར་ལོའི་ཕྲེང་བས་བསྐོར། ཇོ་ཁང་གི་རྒྱབ་ལོགས་སུ་རྣམ་རྒྱལ་མཆོད་རྟེན་ཆེན་པོ་ཞིག་དང་མདུན་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་ཆེན་པོ་ཞིག་བཅས་ལེགས་པར་བཞེངས་པ་གྲུབ་པའོ། ཇོ་ཁང་འདི་ནི་སྔོན་དང་ད་ལྟ་གདོང་ཐོག་དགོན་པའི་བདག་གཉེར་བྱེད་བཞིན་ཡོད། དེང་རབས་ཀྱི་ཆ་སྲིད་འགྱུར་འགྲོས་དང་བསྟུན་ནས་ཁང་གསར་ ༧སྐྱབས་མགོན་རིན་པོ་ཆེས་ཀཿ བྲག་ཇོ་ཁང་གི་ཕྱི་ནང་གི་ཆ་རྐྱེན་ཕུན་སུམ་ཚོགས་པའི་རྒྱ་ཆེ་འཛུགས་སྐྲུན་དང་བདག་གཅེས་བྱས། དེ་བཞིན་དུ་ཀཿ བྲག་བསྟན་ལྡན་ཚང་གི་ཡབ་དམ་པ་འདས་སོང་རྗེས་སུ་རིམ་གྲོ་ཆེད་དུ་ཡུམ་ཆེན་ཡེ་ཤེས་ལྷ་མཚོ་གཙོས་འགན་བཞེད་པའི་ཐོག་ནས་ཨ་བུ་ཚང་མའི་མགྲིན་དབྱངས་གཅིག་ཏུ་ཀཿ བྲག་ཇོ་ཁང་གི་ལྡེབས་རིས་དང་ལྕགས་རི། སྒོ་ཆེན་སོགས། དེ་བཞིན་དུ་སློབ་དཔོན་བེ་རོ་ཙཱ་ནའི་ཕྲེང་རྡོག་གཟུངས་བཞུགས་ཡོད་པའི་བརྒྱ་རྩ་མཆོད་རྟེན་སྔོན་མ་ཡིན་ན་ས་སྤུངས་པའི་ཚ་ཚ་འདྲ་བའི་གཟུགས་རིས་ཤིག་ལས་མེད། ཁོང་མ་བུ་ཚོས་བརྒྱ་རྩ་མཆོད་རྟེན་དངོས་གནས་སངས་རྒྱས་དང་བྱང་ཆུབ་སེམས་པའི་རྟེན་གཙོ་དང་ཁྱད་པར་དུ་སློབ་དཔོན་བེ་རོ་ཙཱ་ན་མཆོག་རྗེས་དྲན་ཕྱིར་མཆོོད་སྡོང་དང་མིང་དོན་མཚུངས་པའི་མཆོད་རྟེན་གྱི་རྣམ་པ་དང་མིའི་ལུས་པོ་རིང་ཚད་ཙམ་ལས་གྲུབ་པའི་གསར་བཞེངས་ལེགས་པོ་རྒྱ་ཆེ་བྱས། དེ་བཞིན་དུ་གནས་འདིར་ དུས་རབས་བཅུ་གཅིག་པའི་དུས་འགོར་ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་དུ་བོད་ཀྱི་སྤྲུལ་སྐུ་དང་པོ་རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པ་ཏྲེ་ཤོད་ར་ལྟག་སྟེང་དུ་མཚན་དཔེ་སྐུའི་མེ་ཏོག་བཞད་ནས་དབུས་གཙང་དང་ལྷ་ལྡན་ཁུལ་དུ་ཕེབས་ནས་མདོ་སྔགས་ཐ་སྙད་རིག་གནས་དང་བཅས་པ་ལ་སྐྱེས་སྦྱངས་ཀྱི་ཟེའུ་འབྲུ་ཡོངས་སུ་སྨིན་པར་མཛད། འཛིན་མའི་ཁྱོན་ཀུན་ཡོངས་སུ་བརྡལ་བའི་བཀའ་དྲིན་གྱི་གྲུབ་ཆ་ལས་བསྟན་པ་སྤྱི་དང་སྒོས་སུ་ཕྱག་ཆེན་བཀའ་བརྒྱུད་པའི་བསྟན་བདག་ཏུ་གྱུར། ད་དུང་དུས་རབས་དེའི་ནང་ཀཿ བྲག་ལོ་ཙཱ་བའམ་ཏྲེ་ཧོར་ལོ་ཙཱ་བ་ཞེས་འཕགས་བོད་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་ཁྲོད་སྙན་གྲགས་ངེས་ཅན་ཡོད་པ་ཞིག་ཀྱང་བྱུང་ཞིང༌། ཁོང་གིས་གསུང་རབ་མང་པོ་བོད་བསྒྱུར་བྱས་ཚུལ་བུ་སྟོན་ཆོས་འབྱུང་སོགས་སུ་གསལ། དེ་བཞིན་དུ་ཏྲེ་ཧོར་ཕྱོགས་སུ་སྔོན་རྗེས་སུ་མཁས་པ་གྲངས་ལས་འདས་པ་བྱུང་མྱོང་ཡོད་པ་ཞིག་ལོ་རྒྱུས་དང་ངག་རྒྱུན་ལས་གསལ། དེ་རིང་ཁོ་བོས་ལོ་རྒྱུས་ཀྱི་ཡིག་ཆ་དང་ཉམས་ཞིབ་པ་ཁག་གཅིག་གིས་དྲ་ཐོག་ནས་སྤེལ་ཟིན་པ་དག་ལས་མིག་དཔེ་དང་སྦྲགས་རང་དགོན་ཆོས་གྲོགས་ཁ་ཤས་དང་སྙན་ངག་པ་ཚོས་རེ་བསྐུལ་ལྟར་སུག་བྲིས་ཐར་ཐོར་གྱི་ལམ་ནས་གཡོ་ཟོལ་མེད་པའི་ཐོག་ཡིད་འཇོག་དོགས་སྣང་བྱེད་ཕྱོགས་ཀྱིཡིག་ཆ་ཞིག་དང་ལོ་རྒྱུས་ཀྱི་དཔང་རྟགས་ར་སྤྲོད། མ་འོངས་པའི་རྩ་སོན་པ་ཚོར་མིག་དཔེ་དང་གནས་བཤད་ཙམ་ལས་མ་འདས་སོ་སྙམས་པར་སོམས། ༢༠༡༥ལོའི་ཟླ་བ་ ༡༡ པའི་ཚེས་ ༡༥་ཉིན་འཕགས་ལྗོངས་གནས་ཆེན་ཛཱ་ལན་ཌ་རའི་ཉེ་འདབ་ནས་ཀཿ བྲག་མཁན་པོ་དངོས་གྲུབ་བསོད་ནམས་བོས་པས་མགྲིན་ནས་ཐལ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།