དང་པོ་སྲིད་པའི་འཁོར་ལོའི་བྱུང་ཚུལ།
སྲིད་པའི་འཁོར་ལོའི་བྱུང་ཚུལ་ལ་བཞེད་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་། བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐབས་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་བོ་ལ། མཐའ་འཁོབ་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨིན་ཏྲ་ནས་རིན་པོ་ཆེའི་ཕྲ་རིན་ཐང་བྲལ་བ་ཞིག་བསྐུར་རྒྱུ་མ་རྙེད་པར་བདག་ཅག་གི་སྟོན་པས་འཁོར་འདས་གཉིས་དང་བདེན་པ་བཞིའི་རྣམ་གཞག་མཚོན་བྱེད་རང་ཉིད་ཀྱི་ཞལ་བཀོད་གནང་བ་ལྟར་སྲིད་པའི་འཁོར་ལོའི་རི་མོ་དང་། དེའི་འོག་ཏུ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་བྲིས་ནས་བསྐུར་བ་རྒྱལ་པོས་བཟུང་ནས་ནམ་ལངས་པའི་ཚེ་སྐྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་དྲན་པ་ཕྱོགས་པར་བཞག་ཏེ། རྟེན་འབྲེལ་གྱི་ཚུལ་གཉིས་ལ་རྣམ་པར་བལྟས་པས་འཕགས་པའི་གོ་འཕང་འཐོབ་པར་གྱུར་ཅེས་རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེ་བ་དང་། སྐྱབས་རྗེ་ཕ་བོང་ཁ་བའི་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་ལས་གསུངས་པ་ལྟར་རོ།
གཉིས་པ་སྲིད་པའི་འཁོར་ལོའི་རྣམ་གཞག།
འཁོར་ལོའི་དབུས་སུ་ཕག་བྱ་སྦྲུལ་གསུམ་བྲིས་ཡོད་ལ། དེའི་ཕྱི་རུ་ངན་འགྲོ་དང་བདེ་འགྲོ་གཉིས་ཀྱི་བར་སྲིད་བྲིས་ཡོད་པ་དང་། དེའི་ཕྱི་ལ་ཆ་ལྔ་རུ་བཀར་ནས་སྟེང་གི་ཆ་གཉིས་ལ་ལྷ་དང་མི། འོག་གི་ཆ་གསུམ་གྱི་དཀྱིལ་དུ་དམྱལ་བ། གཡས་སུ་དུད་འགྲོ། གཡོན་དུ་ཡི་དྭགས་དང་། དེའི་ཕྱི་ལ་ལོང་བ་དང་རྫ་མཁན། སྤྲེའུ། གྲུ་གཟིངས། ཁང་སྟོང་། མི་གཉིས་འོ་བྱེད་པ། མིག་ལ་མདའ་ཕོག་པ། ཆང་འཐུང་བ། སྤྲེའུས་ཤིང་ཏོག་ལེན་པ། སྦྲུམ་མ། ཕྲུ་གུ་སྐྱེ་བ། མི་རི་འཁུར་བ་བཅས་དང་། འཆི་བདག་གིས་ཁ་དང་རྐང་ལག་བཞིས་བཟུང་བའི་ཕྱི་ནང་རིམ་པ་བཞི་ཅན་གྱི་འཁོར་ལོ་ཟླུམ་པོ་ཞིག་ཡིན།
གསུམ་པ་སྲིད་པའི་འཁོར་ལོའི་མཚོན་དོན།
འཁོར་ལོའི་དབུས་སུ་བྲིས་པའི་བྱ་སྦྲུལ་ཕག་གསུམ་གྱིས་འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་མཚོན། ཕག་གིས་གཏི་མུག་མཚོན་ཏེ། ཕག་ནི་གཏི་མུག་གི་དབང་གིས་གཙང་བཙོག་གི་རིགས་ལ་ཧ་ཅང་བླུན་པོ་ཡིན་པ་བཞིན། གཏི་མུག་མ་རིག་པའང་རང་ཡུལ་ལ་རྨོངས་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པས་དེ་ལྟར་དུ་མཚོན་པའོ། བྱ་ཡིས་འདོད་ཆགས་མཚོན་ཏེ། བྱ་ནི་འདོད་ཆགས་ཤིན་ཏུ་ཆེ་བ་དང་ངོམས་པ་མེད་པར་འདོད་པ་མང་དུ་སྤྱོད་པས་དེ་ལྟར་དུ་བཞག་པའོ། སྦྲུལ་གྱིས་ཞེ་སྡང་མཚོན་ཏེ། སྦྲུལ་གྱིས་རང་ལ་གནོད་པ་ཅུང་ཙམ་བྱས་ན་མི་བཟོད་པར་སེམས་ཅན་གྱི་ཚེ་སྲོག་འཇོམས་པ་སོགས་བྱེད་པས་དེ་ལྟར་དུ་བཞག བྱ་དང་སྦྲུལ་གཉིས་ཀྱི་རྔ་མ་ཕག་གིས་ཟ་བ་ནི་སེམས་ཅན་འཁོར་བ་འཆིང་བྱེད་ཀྱི་རྒྱུ་ནི་དུག་སུམ་ཡིན་ལ། དུག་གསུམ་ལས་ཀྱངའཁོར་བའི་རྩ་བ་ནི་མ་རིག་པའམ་གཏི་མུག་ཡིན་པས་དེ་ལྟར་དུ་མཚོན་པའོ།
དེའི་མཐའ་རུ་ལམ་དཀར་ནག་གཉིས་བྲིས་པ་ནི་བདེ་འགྲོ་དང་ངན་འགྲོ་གཉིས་སུ་འགྲོ་བ་ལས་དཀར་ནག་གཉིས་སུ་ངེས་པ་མཚོན། དེ་ཡང་ལམ་དཀར་པོ་ལ་གྱེན་དུ་འགྲོ་བ་བྲིས་པས་ནི་བདེ་འགྲོའི་བར་སྲིད་མཚོན་ཏེ། བདེ་འགྲོའི་བར་སྲིད་སྐབས་སུ་མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ། གངས་རི་ལ་ཉི་འོད་ཕོག་པ་ལྟར་ལམ་གྱེན་དུ་འགྲོ་བའི་སྣང་བ་ཤར་བར་གསུངས་པས་ཡིན། ལམ་ནག་པོར་མགོ་བོ་ཐུར་དུ་བསྟན་ནས་འགྲོ་བ་བྲིས་པ་ནི་ངན་འགྲོའི་བར་སྲིད་མཚོན་ཏེ་ངན་འགྲོའི་བར་སྲིད་སྐབས་མཚན་མོར་མགོ་བོ་ཐུར་དུ་བསྟན་ནས་འགྲོ་བའི་སྣང་བ་ཤར་བར་གསུངས་པས་ཡིན།
དེའི་ཕྱི་ལ་ཆ་ལྔ་རུ་ཕྱེས་ནས་སྟེང་གི་ཆ་གཉིས་ལ་ལྷ་དང་མི། འོག་གི་ཆ་གསུམ་གྱི་དཀྱིལ་དུ་དམྱལ་བ། གཡས་སུ་དུད་འགྲོ། གཡོན་དུ་ཡི་དྭགས་བཅས་བྲིས་པ་ནི་ལས་ཀྱི་དབང་གིས་འཁོར་བར་གནས་པའི་འགྲོ་བ་རིགས་ལྔའམ་རིགས་དྲུག་མཚོན། སྤྱིར་བཏང་འགྲོ་བ་རིགས་ལྔ་དང་རིགས་དྲུག་སོགས་འབྲི་སྲོལ་ཡོད་ཀྱང་འདིར་ལྷ་མ་ཡིན་དངོས་སུ་མ་བྲིས་པ་ནི་ལྷའི་ཁོངས་སུ་བསྡུས་པ་རེད།
དེའི་ཕྱི་ལ་ལོང་དང་རྫ་མཁན། སྤྲེའུ། གྲུ་གཟིངས། ཁང་སྟོང་། ཕོ་མོ་གཉིས་འོ་བྱེད་པ། མིག་ལ་མདའ་ཕོག་པ། ཆང་འཐུང་བ། སྤྲེའུས་ཤིང་ཏོག་ལེན་པ། སྦྲུམ་མ། ཕྲུ་གུ་སྐྱེ་བ། རྒན་པོས་མི་རོ་འཁུར་བ་བཅས་བྲིས་ཡོད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་མཚོན་ནོ།།
Leave a Reply