བརྩོམས་ཆོས་ཀྱི་རྒྱུན་ཤེས་དང་བསམ་བློར་ཚ་འདྲི་གཏོང་བ།

རྩོམ་པ་པོ།—–ས་དཀར་མདའ་སྨྱུག་གམ་གདོང་མཁན་པས།

ཉིན་ཤས་སྔོན་དུ་གྲོགས་པོ་ཞིག་གི་རེ་བསྐུལ་དང་སྦྲགས་ཕྱི་ནང་གི་བརྩོམས་ཆོས་ཀྱི་བརྒྱུད་རིམ་དང་འཕེལ་རིམ་བསྐོར་མདོར་བསྡུས་ཤིག་བྲིས་རོགས་ཞེས་སྐུལ་མ་ཡང་ཡང་བྱེད་སོང་། རེད་དེ་འཁོར་བ་ནི་འཁོར་བ་རང་ལས་མ་འདས་པའི་སྤྱི་སྒེར་གཉིས་ཀྱི་བྲེལ་ཟིང་ངང་རྒྱུན་ལྡན་རང་བཞིན་གནས་སུ་མཆིས་པས་དུས་ཐོག་ཏུ་དཔྱད་རྩོམ་སྤེལ་མ་ཐུབ། དེ་རིང་སླར་ཡང་ཁོ་བོ་དགོང་དྲོར་ཕྱག་ཚོད་དགུ་པ་ཙམ་ལ་རང་གནས་སུ་སླེབས་མ་ཐག་ཁ་པར་སྐད་འཕྲིན་སྒོ་ཕྱེ་སྐབས་འཕྲིན་ཆུང་ཞིག་གཞག་གནང་བ་འདི་ལྟར་ཏེ་དགེ་ལགས་ཚར་སོང་ངམ་ཞེས་འདྲི་རྟགས་མཉམ་དུ་བཀའ་མོས་གནང་སོང་བས་དེའི་ཕྱིར་དགོང་ཕྱི་ཉལ་བྱེད་དེ་མི་རིགས་གཞན་ཞིག་བྲིས་གནང་བའི་རྩོམ་ཡིག་གི་འཕེལ་རིམ་དང་བརྩོམས་ཆོས་ཀྱི་སྒྲོལ་གཞི་དང་བོད་ཀྱི་སྨྱུག་ཐོགས་པས་བརྩམས་གནང་བའི་སྒྱུ་རྩལ་གཉིས་ཀྱི་བསམ་བློའི་འཆར་བཀོད་དང་སྲོལ་རྒྱུན་རིག་གཞུང་གིས་བསྐྱེད་པའི་གསར་བཏོད་དང་། འཕྲལ་གནས་ཀྱི་ཁོར་ཡུག ལ་རྩོམ་པ་པོ་སོ་སོས་མིའི་ཚེ་སྲོག་གི་རིན་ཐང་ལ་བསྐལ་དོན་དུ་ལྟ་ཞིང་འཛམ་གླིང་སྤྱི་འགྲོས་ཀྱི་ལྟ་སྟངས་མི་འདྲ་ཞིག ད་དུང་མི་རིགས་སོ་སོའི་ཐུན་མིན་གྱི་ཁྱད་པར་དང་མཁས་མཛངས་ལྡན་པའི་མེས་པོ་དེ་དག་གིས་ལུགས་གཉིས་ཀྱི་རྒྱ་བསྐྱེད་ཀྱི་བསམ་བློའི་འོག་ནས་ལོ་རྒྱུས་དང་གོམས་གཤིས་བཅས་ཀྱི་རྩོམ་པ་པོ་སོ་སོས་བསམ་བློའི་འཆར་སྒོ་དང་སེམས་ཚོར་དང་མི་མཐུན་པར་མངོན་གསལ་དོད་པོ་ཞིག་སོན་འབྱུང་ཡང་ལོས་བདེན། རེད་དེ་ཤ་གསེང་གི་ཁྲག་དང་རུས་གསེང་གི་རྐང་མི་ཉམས་པའི་དཔེ་ལྟར།​ སྒྱུ་རྩལ་བློས་བསླངས་ནང་གི་བརྩམས་ཆོས་ཀྱི་བརྗོད་བྱ་གཞི་བཟུང་ནས་མི་སྣ་ངོ་སྤྲོད་དང་དུས་ཚོད་ཀྱི་བྱུང་རིམ། བདེ་སྡུག་གི་ཚོར་བ། ཁོར་ཡུག་གི་མཛེས་སྡུག་བཅས་སྒྲིག་གཞི་དང་བྱ་དངོས་ཡོད་ཚད་གསར་བཏོད་ཀྱི་རྣམ་པ་ཇི་འདྲ་བཀོད་ཐུབ་བ་དེ་ཙམ་བརྩམས་ཆོས་ཀྱི་སྒྱུ་རྩལ་སྤུས་ཀ་ཡག་པོ་ཡོད་མེད་དེ་ཀློག་པ་པོས་མྱོང་ཚོར་ལས་མ་འདས་སོ་སྙམས་པར་སོམས། དེའི་ཕྱིར་དག་གིས་བཀླགས་པའི་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་ཆོས་ནང་གི་བརྩམས་སྒྲུང་༼ཤ་དང་རུས་པའི་བརྩེ་དུངས།༽ཞེས་པའི་བརྩོམས་སྒྲུང་འདིར་རབ་རིབ་མིང་གིས་སྐྲ་ཤད་མཐོང་བའི་དཔེ་དང་ཤེས་པར་རློམ་པའི་ང་རྒྱལ་ཆེ་ཞིང་། སུ་ཞིག་ཡིན་པར་སྙམ་པའི་རང་མཐོང་ཆེ་བས་བརྩམས་སྒྲུང་ཞིག་གི་ཚོར་སྣང་དང་དཔྱད་ཞིབ་བྱེད་དགོས་ན་དགོད་བྲོ་བའི་གནས་ལས་མ་འདས། རེེད་དེ་གྲོགས་པོས་རེ་བསྐུལ་དང་བསམ་བློའི་འཆར་སྒོ་ནང་དུ་བློས་བསླངས་ཏེ་ཕྱོགས་ཟུར་ཡན་གར་བ་རེའི་དོན་སྤྱི་རགས་པ་ཙམ་ལ་བརྟེན་ནས་རྩོམ་གཤིས་འདིར་ཀློག་པ་པོ་སུ་འདྲ་ཞིག་ཡིན་རུང་བསམ་པའི་བརྩེ་དུང་གི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་དྲན་འཛིན་གྱི་རི་མོའི་གནའ་དཔེ་ལྟར་ཀློག་གིན་ཀློག་གིན་བཤད་མི་ཤེས་པའི་ཚོར་བ་ཞིག་སྤྲོད་ཐུབ་པ་བརྩམས་ཆོས་འདིས་ཁྱད་ཆོས་གཙོ་བོ་ཞིག་རེད་སྙམ། སེམས་ཚོར་དང་ཡིད་ཀྱི་རྣམ་འགྱུར། ཀུན་རྟོག་རྣམ་ཤེས་ཀྱི་བརྟན་པ་ཡང་ཡང་དུ་འཕྲོག་འགྲོ་བ་ནི་རང་བཞིན་དང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལས་མ་འདས་ཀྱང་། སྐུ་ཞབས་དོན་གྲུབ་རྒྱལ་ཁོང་གི་རྩོམ་ཡིག་གི་ལང་ཚོར་འབུར་པའི་འགྱུར་ཁུགས་ཀྱི་སྡེབ་སྦྱོར་སྙན་པ་དང་། དོན་མཚོན་གྱི་བརྗོད་པར་བཀོད་པའི་མི་སྣའི་སྣང་བརྙན། དུས་ཚོད་ཀྱི་བྱུང་རིམ། ཡུལ་ལྗོངས་ཀྱི་མཛེས་སྡུག་བཅས་གསལ་ཆ་དོད་པོ་དང་ངོ་སྤྲོད་ཡག་དྲགས་པས་ཡིན་པ་རྐྱེན་གྱིས། ཀློག་པ་པོ་ཕལ་ཆེར་བ་རྩོམ་པ་པོ་དོན་གྲུབ་རྒྱལ་ལ་དགའ་ཞེན་དང་བརྩམས་ཆོས་ལ་ཞིབ་ཀློག་ཀྱིས་ཟབ་དོན་གྱི་གནད་ཀ་དཔོག་པའི་ཤེས་རབ་དང་བློ་གྲོས་འཇུག་པ་འདོད་པ་ཡང་དེ་རེད། ཤ་དང་རུས་པའི་བརྩེ་དུངས་ལ་ལྟ་ཀློག་གིས་རྩོམ་པ་པོའི་རང་གཤིས་རྒྱུས་ལོན་ཞིབ་ཏུ་བྱས་པ་དང་རྩོམ་པ་པོ་འཚོ་བ་ཅི་འདྲ་ཞིག་ལས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་པར་ཆེ་ལོང་ཙམ་ཤེས་ཐུབ་པ་མངོན། ཤ་ཟ་གིན་ཟ་གིན་ཚིལ་ལ་དགའ། གླུ་ལེན་གིན་ལེན་གིན་ཁ་ཤགས་ལ་དགའ། ཟེར་བའི་དམངས་ཁྲོད་གཏམ་དཔེ་ལྟར་རྩོམ་པ་པོ་ཁོང་ནི་སྲོལ་རྒྱུན་རྩོམ་རིག་ལ་དགའ་ཞེན་ཡོད་པ་ཙམ་མིན་པར། དོན་དངོས་སུ་སྲོལ་རྒྱུན་རྩོམ་རིག་གི་གཞུང་ལུགས་ཁག་ལ་དོ་སྣང་དོན་གཉེར་དང་། ཆེས་བཀུར་གཅེས་སེམས་བྱེད་མཁན་ཞིག་ཀྱང་རེད་འདུག་སྟེ། བརྩམས་ཆོས་འདི་ནས་མི་སྣའི་ཆེས་ཐོག་མར་བྱུང་རིམ་དང་ངོ་སྤྲོད་རགས་བསྡུས་དང་འཚོ་བའི་གཏན་ཚིགས་དང་མི་སྣའི་རང་བཞིན་དང་ཡུལ་ལྗོངས་ཀྱི་སྒྲིག་གཞིའི་དུས་ཚོད་བཀོད་སྒྲིག་ལེགས་པོ་ཡོད་པར་མཐུང་ཐུབ་ལ་འབུར་དུ་ཐོན་ཞིང་གཏིང་ཟབ་པའི་སྒོ་ནས་རང་བཞིན་བརྩམས་ཆོས་བརྗོད་བྱའི་བསྟན་དོན་མཚོན་ཐུབ་པ་དང་སེམས་ཚོར་སྤྲོད་ཐུབ་ཐབས་གནང་འདུག དེའི་ཕྱིར་རྩོམ་པ་པོ་ཧྤིན་ཡུས་ཀྲུས་རྩོམ་གནང་བའི་སྒྲུང་རྩོམ་རྒྱས་བཤད་ལས་གོང་འོག་སྔ་ཕྱི་ལེགས་བསྡེབས་ཤིང་། ནང་ནས་ཕྱི་རོལ་མཐོང་བར་བྱེད་ཅེས་གསུངས་པ་ལྟར་ཤ་དང་རུས་པའི་བརྩེ་དུངས་ཀྱི་བརྩམས་ཆོས་འདིར་དུས་ཚོད་ཀྱི་སྔ་ཕྱིའི་གྲུབ་ཆ་དང་མི་སྣའི་ངོ་སྤྲོད་དང་སྦྲགས་འབྲེལ་བ་བྱུང་རིམ་བཅས་སྒྲུང་གཏམ་གྱི་བཀོད་སྒྲིག་དམིགས་གསལ་གྱི་ཡིད་འཇོག་ཐུབ་པར་གཞི་རྩ་བཟུང་ནས་ཐུགས་སྣང་དང་བློ་སྤོབས་ཆེན་པོས་རྩོམ་སྒྲུང་གི་མི་སྣ་དང་དུས་ཚོད་བྱུང་རིམ་བཅས་སྒྲིག་གཞི། སྲོལ་རྒྱུན་བརྩམས་ཆོས་འབུར་ཐོན་་ཡོད་པར་བཀོད་འདུག མ་གཞི་ང་ཚོའི་སྤྱི་ཚོགས་སུ་ཕལ་ཆེར་རང་རང་དགའ་ཞེན་ཡིན་མིན་མ་ལ་ལྟོས་པར་ཕྱོགས་ལྷུང་དབང་བཙན་གྱིས་རང་འདོད་དང་གདེང་འཇོག་མཐོ་དམན་གྱི་ཧེ་བག་ཤོར་བཞིན་ཡོད་པར་མངོན་སུམ་དོོད་པོ་ཞིག་རེད། དཔྱད་བརྗོད་པ་ཞིག་གིས་སེམས་ལྷོད་དུ་ཕབ་ནས་བསམ་གཞིགས་ཀྱི་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣང་གང་དྲན་དང་ཕྱོགས་ཞེན་གྱི་རྟ་ཕོ་གཡས་མཆོང་གཡོན་མཆོང་དང། མཐོ་དམན་གྱི་ཤེས་རློམ་སྨྲ་ལྕེ་དག་གཙང་མེད་ན་རེ་དོགས་དང་ལྐོག་ཉར་གནས་ལས་མ་མཆིས་སོ། རྩོམ་པ་པོ་དོན་གྲུབ་རྒྱལ་ཁོང་ནི་ལྷན་སྐྱེས་ཀྱི་ཤེས་རབ་དང་བརྩོན་འགྲུབ་ཀྱི་དད་འདུན་ཟུང་གིས་སྲོལ་རིག་གི་རྩོམ་གཞུང་དང་མྱོང་བ་མངོན་སུམ་དང་། སྙན་ངག་རྩོམ་རྩལ་གྱི་སྡེབ་སྦྱོར་ཉམས་འབུར་བཏོན་ཡོད་སོགས་ཡོད་པར་ང་ཚོས་མངོན་ཐུབ་པའི་བརྩོམས་ཆོས་འདི་དག་ལས་རྩལ་འདོན་ཐུབ་པ་ཞིག་རེད། མདོར་བསྡུས་ཏེ་བཤད་ན་སྙན་ངག་གི་ཕ་ཁྱིམ་དྲོན་མོ་མ་ཤོར་ནས་སྙན་དངགས་ཀྱི་དབྱངས་སུ་གྱེར་པའི་རང་གྲོལ་ཟེར་ན་འདྲ་དོན་གྲུབ་རྒྱལ་སྙན་ངག་གི་ཚོར་འདུ་མཚོན་པའི་སྒེར་ཚུགས་དང་བསམ་བློའི་རྒྱལ་མཚམས་ལས་བརྒལ་བའི་ལྟ་སྤྱོད་ཅིག་ཡོད་པར་ཚོར་སྣང་དང་མི་རིགས་ལ་ལ་རྒྱ་བཅངས་པའི་མི་བུ་ཞིག་ཡིན་པར་ཚོར།
ས་དཀར་མདའ་སྨྱུག་གམ་གདོང་མཁན་པས་མཚན་མོའི་དུས་མཐའ་དང་པོ་ནས་ཤར་མ་བྲིས།​ ༢༠༡༥/༡༡/༢༦

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*