༧ གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ།

 

སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཐོག དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཤར་བྱང་གི་གཙོས་པའི་གདན་ས་ཁག་གི་མཁན་ལས་ཟུར་དང་གྲྭ་བཙུན་རྣམ་པ། ས་གནས་མགོ་འཛིན། ས་གནས་གྲོས་ཚོགས་རང་བདེན་ཚོགས་ཆུང་གི་འཐུས་མི་སོགས་གཙོས་པའི་ས་གནས་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་ཁ་ཤས་ལ་འཆི་མེད་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་བསྩལ་གནང་ཡོད་པ་དང་། བཀའ་དབང་བསྩལ་གྲུབ་མཚམས་མོན་གྷོ་གཞིས་གྲོང་ཐུན་མོང་དང་ལྷོ་ཕྱོགས་ས་དགོན་གསུམ་བཅས་ནས་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། དམ་ཆོས་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་བརྟན་བཞུགས་ཀྱི་མནྜལ་ལྗགས་བཤད་གནང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༤ ཉིན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གདན་ས་ཁག་དང་ས་གནས་མི་མང་བཅས་ཀྱི་ཕེབས་བསུ་ཟབ་རྒྱས་ཁྲོད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་དང་། ཕྱི་ཚེས་༦ ཉིན་ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་དགོན་པ་གསར་བཞེངས་ལེགས་སྒྲུབ་ཀྱི་དབུ་འབྱེད་མཛད་སྒོ་གནང་། ཚེས་ ༧ ནས་༩ བར་དགོན་པར་རབ་གནས་དང་ཕུར་པའི་དབང་ཆེན་སོགས་མཛད་གནང་ཡོད་འདུག

སང་ཉིན་སྔ་དྲོར་དགའ་ལྡན་ཁྲི་ཐོག་ཁང་དང་པདྨ་ཚལ་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་རྒྱུ་དང་། དེ་ནས་མོན་གྷོ་ས་དགོན་བརྩེ་ཆེན་མདོ་སྔགས་ཆོས་གླིང་དུ་ཞབས་སོར་འཁོད་གནང་སྟེ། ཕྱི་ཚེས་ ༡༧ བར་ཆོས་སྡེ་ཁག་ལ་ཚད་མ་རིགས་གཏེར་གྱི་ལྗགས་ལུང་དང་བཀའ་དབང་སོགས་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ནས་ཟླ་འདིའི་མཇུག་བར་ཀོ་ལི་གྷལ་དོན་ལྡན་གླིང་དང་སྦེལ་ཀོབ་བཅས་སུ་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
དུས་བབ་ལས་དྲངས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*