གང་སྐུ་གཟི་དཔལ་མཚན་དཔེའི་རྒྱན་ཅན་སྐུ།།
ཟབ་གསལ་འགག་མེད་དྲུག་བཅུའི་དབྱངས་ལྡན་གསུང་།།
གཏིང་མཐའ་མི་མངོན་སྤྲོས་བྲལ་ལྟ་བའི་ཐུགས།།
དམ་པའི་མཚན་ཅན་གངས་རིའི་ལྗོངས་སུ་བཞད།།
ཐོས་པས་གཞུང་ལུགས་རབ་འབྱམས་ཡུད་ཀྱིས་སྦྱངས།།
བསམ་པས་ཐེ་ཚོམ་དྲ་བ་ཅིག་ཅར་བསལ།།
སྒོམ་པས་སྒྲིབ་གཉིས་མུན་པ་རིམ་གྱིས་བཅོམ།།
ཐོས་བསམ་སྒོམ་པས་རྒྱལ་བསྟན་དགུང་དུ་བཏེགས།།
འཆད་པས་གདུལ་བྱའི་རྨོངས་ཐག་རིམ་བཞིན་བཅད།།
རྩོད་པས་རྒོལ་ངན་བྲག་རི་རྡུལ་དུ་བརླགས།།
རྩོམ་པས་ལྟ་བའི་འགལ་མེད་གཅིག་ཏུ་བཀྲལ།།
འཆད་རྩོད་རྩོམ་གྱིས་རྟག་ཏུ་གཞན་དོན་མཛད།།
ལྟ་བ་རྣམ་དག་འཁོར་འདས་དབྱེར་མེད་དང་།།
སྟོན་པ་རྣམ་དག་མཚན་མཆོག་གསུམ་གྱི་གདུང་།།
དམ་ཆོས་རྣམ་དག་སྙན་བརྒྱུད་ཚད་མ་བཞི།།
རྣམ་གསུམ་བརྩེ་ཆེན་རིང་ལུགས་བདག་གིར་བཞེས།།
ཁྱད་པར་ས་ངོར་ཚར་རྫོང་བྱེ་བྲག་ཏུ།།
ཚར་ཆེན་རྒྱལ་བའི་རིང་ལུགས་རྨ་མེད་འདིར།།
སྙིང་སྟོབས་ཐུགས་ཀྱི་གོ་ཆ་གརྟན་པོ་ཡིས།།
མི་ནུབ་རྒྱལ་མཚན་དགུང་དུ་འདྲེན་པར་མཛད།།
མདོ་སྔགས་ཆོས་ཚུལ་ཉམས་ལེན་གདམས་ངག་མཛོད།།
ཡོངས་རྫོགས་བསྟན་པའི་གསལ་བྱེད་རྟ་བདུན་དབང་།།
ཡོངས་ཀྱི་བཤེས་གཉེན་ཁྲི་ཆེན་རྡོ་རྗེ་འཆང་།།
རྟག་ཏུ་སྒོ་གསུམ་གུས་པས་སྐྱབས་སུ་མཆིའོ།།
རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར།།
རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ།།
ཐིམ་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན།།
རྗེས་དྲན་མཆོད་པའི་ཚུལ་དུ་ཤར་མར་ཐལ།།
ཞེས་གང་གི་སློབ་མའི་གྲལ་མཐར་གནས་པ་ཨཅརྱ་བློ་བཟང་རྒྱལ་མཚན་གྱིས་མགོན་པོ་གང་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས་པའི་དུས་བཟང་ཉིན་མོར་ཕུལ།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།