ཨིན་ལོ་ར།

ཨིན་ལོ་ར།

ཨིན་ལོ་རའམ་ཨ་ལོ་ར་ནི་ཨིན་རམ་གྷ་སྦ་ཐིན་ནས་སྤྱི་ལེ་ཉེར་བརྒྱད་མཚམས་སུ་ཆགས་ཤིག དེ་ཡང་རྒྱལ་ཁང་རྡོལ་ཏ་སྦར་ཐིན་སྒོ་ཆེན་བརྒྱུད་ནས་འགྲོ་དགོས་ཤིག ཨིན་ལོ་རའི་མིང་འདི་ཡང་གྲོང་བརྡའི་མིང་ཡིན་ཞིག རིམ་བཞིན་གནས་ཀྱི་མིང་ཆགས་པ་ཞིག་རེད་འདུག དེ་ཡང་ཡུལ་བསྐོར་སྤྲོ་འཁྱམས་ཀྱི་ལོ་རྒྱུས་དེབ་ནང་དུ་མི་གསལ་ཡང་བྲག་ཕུག་གི་སྒོ་འགྲམ་གྱི་ངོ་སྤྲོད་དབྱིན་ཧིན་ཐོག་ནས་དུས་རབས་བརྒྱད་ནས་གནས་འདིར་ནང་པའི་དགོན་པ་དང་སྒྲུབ་གནས་སོགས་དར་མགོ་ཚུགས་པ་ཞིག་རེད་འདུག དེ་ནས་རིམ་བཞིན་ཧིན་དྷུ་ཆོས་ལུགས་དང་གཅེར་བུའི་ཆོས་ལུགས་དར་འདུག བྲག་ཕུག་༡-༡༦ བར་ནང་པའི་གཙུག་ལག་ཁང་དང་འདུ་ཁང་། རུང་ཁང་དང་གྲྭ་ཤག་སོགས་ཆེ་ཆུང་ཧ་ཅང་མང་། བྲག་ཕུག་༡༢-༡༣ ནང་དུ་སྟོན་པའི་སྐུ་བརྙན་ངོ་མཚར་ཅན་དང་རྒྱལ་བ་བྱམས་པའི་སྐུ་བརྙན། སྤྱན་རས་གཟིགས་དང་སྒྲོལ་མ། དུས་གསུམ་སངས་རྒྱས་དང་ཉེ་བའི་སྲས་བརྒྱད་སོགས་མཐོང་གྲོལ་ལྡན་པའི་བྲག་བརྐོས་སྐུ་འདྲ་ཧ་ཅང་མང་པོ་ཞིག་འདུག འདུ་ཁང་ཐོག་བརྩེགས་གསུམ་དང་བར་འཁྱམས་རིམ་པ་གཉིས། འདུ་ཁང་ནང་དུ་བྲག་རྡོ་ལས་གྲུབ་པའི་ཀ་བ་༧༢ ཙམ་དང་འདུ་ཁང་གི་གྲལ་གདོང་དབུས་སུ་སྟོན་པའི་སྐུ་བརྙན་ཆེ་ཆུང་མི་ཚད་གཉིས་ཙམ་འདུག གྲལ་གདོང་ངོས་གཉིས་ཀྱི་སྣེ་མོ་ལ་སྟོན་པ་དང་རྒྱལ་བ་བྱམས་པའི་སྐུ་བརྙན་ཁྱོན་བསྡོམས་བརྒྱད་འདུག ལྡེབས་རིས་སུ་མཆོད་པའི་ལྷ་མོ་དང་སྟོད་དུ་དུས་གསུམ་སངས་རྒྱས་ཀྱི་འདྲ་སྐུ་སོགས་བཞེངས་འདུག བྲག་ཕུག་༡༦- ༡༩ ཧིན་དྷུ་ཆོས་ལུགས་ཀྱི་གཙུག་ལག་ཁང་དང་འདུ་ཁང་སོགས་འདྲ་སྐུའི་གཟུགས་བརྙན་སོགས་མང་། ཧིན་དྷུང་ལྷ་ཁང་ཁ་ཤས་ནང་དུ་སྔོན་མའི་དུས་སྟོན་པའི་སྐུ་འདྲ་བཞེངས་ཡོད་ཚེ་འདུག གང་ཡིན་ལབ་ན་དབུས་སུ་བཞུགས་ཁྲི་སྟེང་དུ་སྟོན་པའི་སྐུ་འདྲ་ཡོངས་རྫོགས་གཏོར་བཤིག་གཏང་བའི་ཤུལ་མཐོང་ཡ་འདུག བྲག་ཕུག་༣༠-༣༤ ནི་ཆོས་ལུགས་གཅེར་བུའི་ལྷ་ཁང་དང་འདུ་ཁང་སོགས་རེད་འདུག གཅེར་བུའི་སྟོན་པ་དང་ནང་པའི་སྟོན་པ་གཉིས་ཧ་ཅང་འདྲ་ཞིག ལོ་རྒྱུས་ནང་དུ་གཅེར་བུའི་སྟོན་པ་དང་ནང་པའི་སྟོན་པ་གཉིས་ཁྱད་པར་སྙིང་ཁར་པདྨའི་གཟུགས་རིས་ཡོད་མེད་དང་ཕྱག་རྒྱའི་ཁྱད་པར་རེད་ཅེས་བྲིས་འདུག་ཀྱང་། ཁོ་བོས་གཙུག་ལག་ཁང་རེ་རེ་ནས་ཞིབ་དཔྱད་སྐབས་སུ་གཅེར་བུའི་སྟོན་པ་དང་ནང་པའི་སྟོན་པ་གཉིས་ཁྱད་པར་ནི་སྐུ་སྟོད་དུ་རྗེན་ཅར་དུ་སྟོན་པའི་རྣམ་པ་མ་གཏོགས་མ་མཐོང་། གཅེར་བུའི་ལྷ་ཁང་ནང་གི་ལྡེབས་རིས་ཀྱི་རྡོ་བརྐོས་རི་མོ་ཚང་མ་དམར་རྗེན་དང་སྟོན་པ་ཡང་སྐུ་སྟོད་རྗེན་ཅར་རེད་འདུག ཕྱག་རྒྱ་དེ་ཙམ་ཁྱད་པར་མ་མཐོང་། སྙིང་དབུས་སུ་པདྨའི་རི་མོ་མཐོང་ཡ་མི་འདུག རེད་དེ་གཅེར་བུའི་འདུ་ཁང་གི་དབུས་ཀྱི་ལྡིང་ཁུག་གམ་ཐོག་པང་ངོས་སུ་པདྨའི་རྡོ་བརྐོས་ཆེན་པོ་ཞིག་གཅེར་བུའི་འདུ་ཁང་ཚང་མ་ལ་འདུག བྲག་ཕུག་ ༡-༡༦ བར་ཚང་མ་བྱང་ཕྱོགས་ནས་ལྷོ་ཕྱོགས་ཀྱི་རིམ་བཞིན་ཆགས་ཤིག བྲག་ཕུག་ ༡༧-༣༤ བར་ལྷོ་ཕྱོགས་སུ་ཆགས་ཤིག བྱང་ནས་ལྷོ་བར་སྤྱི་ལེ་གཉིས་ཙམ་འདུག བྲག་ཕུག་ཁ་ཤས་རི་སྟོད་དང་ཁ་ཤས་རི་འདབ་སོགས་ཆགས་ཚུལ་མི་འདུ་མང་པོ་འདུག ཨིན་ལོ་ར་གནས་འདིར་ཆོས་ལུགས་མི་འདྲ་བ་གསུམ་ཡོད་པ་དང་། ནང་པ་དང་ཧིན་ཧུན། གཅེར་བུ་པ་བཅས་ཀྱི་བྲག་ཕུག་དང་དགོན་ཤུལ་སོགས་ཤིན་ཏུ་མང་ཞིག སྟོན་པའི་སྐུ་བརྙན་དང་ལྷ་དང་ལྷ་མོའི་སྐུ་བརྙན། རྡོ་རིང་དང་སྒྲུབ་ཕུག་སོགས་ཧ་ཅང་ཡ་མཚན་ཅན་མང་པོ་ཞོག་མཇལ་རྒྱུ་འདུག རྗེས་སུ་དུས་ཚེ་དང་བསྟུན་ནས་རྒྱས་པ་བྲིས་ན་འདོད།

གདོང་མཁན་པས་ཨིན་ལོ་ར་ནས་ཤར་མ་བྲིས། ༢༠༡༧/༡/༢༦

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*