ཨ་ཇེན་ཏ།

ཨ་ཇེན་ཏ།

ཨ་ཇེན་ཏ་ནི་སྤྱི་ལོ་གོང་དུ་དུས་རབས་གཉིས་པའི་ནས་བཟུང་སྟེ་སྤྱི་ལོའི་དུས་རབས་དང་པོ་ནང་དུ་ཐེག་ཆེན་དང་ཐེག་དམན་གྱི་དགེ་འདུན་པའི་སློབ་གཉེར་གནང་སའི་དགོན་པ་དང་སྒོམ་སྒྲུབ་གནང་སའི་བསྟི་གནས་ཤིག་ཡིན་ཞིག སྤྱི་ལོ་བརྒྱ་ཕྲག་ལྔ་དང་དྲུག་པའི་སྐབས་སུ་རྒྱ་གར་རྒྱལ་བརྒྱུད་མོ་རེ་ཡའི་དུས་སུ་བསྐྱར་བཞེངས་དང་ཡར་རྒྱས་གནང་། ཨ་ཇེན་ཏའི་བྲག་ཕུག་ཁྱོན་བསྡོམས་༣༠ ཡོད་པ་དང་དགོན་པ་བསྟི་གནས་ཆེན་པོ་བཞི་ཙམ་འདུག བྲག་ཕུག་ ༡ ནས་༢༦ བར་མཆོད་མཇལ་དང་གནས་བསྐོར་འགྲོ་སའི་ལམ་ཁ་འདུག བྲག་ཕུག་ ༢༧ ནས་༣༠ བར་ད་ལྟའི་ཆར་རི་ཉག་ཐོ་ཏུ་ཡོད་པས་ཧ་ཅང་བྲག་གཡང་ངམ་ཉེན་ཁ་ཡོད་པའི་ལམ་འཕྲད་ཡིན་པས་ད་ལྟའི་ཆར་མཆོད་མཇལ་འགྲོ་ཐུབ་མི་འདུག བྲག་ཕུག་རྣམས་དབྱེ་བ་གཉིས་སུ་རེད་འདུག གཅིག་ཐེག་ཆེན་དང་གཅིག་ཐེག་དམན་གྱི་བྲག་ཕུག་རེད། དེ་ཡང་ཐེག་ཆེན་དང་ཐེག་དམན་གྱི་ཁྱད་པར་ནི་ཐེག་ཆེན་གྱི་བྲག་ཕུག་རྣམས་སུ་སྟོན་པའི་སྐུ་བརྙན་དང་ལྡེབ་རིས་ཧ་ཅང་ངོ་མཚར་ཅན་དང་མཆོད་རྟེན་སོགས་འདུག ཐེག་དམན་གྱི་བྲག་ཕུག་ནི་གཙུག་ལག་གི་རྣམ་པ་མ་གཏོགས་སྟོན་པའི་སྐུ་བརྙན་དང་ལྡེབས་རིས་དེ་ཙམ་མི་འདུག བྲག་ཕུག་ཁག་གཅིག་གི་ནང་དུ་བྲག་ངོས་སུ་ཡིག་གེའི་གཟུགས་རིས་སོགས་འདུག བྲག་ཕུག ༡-༢-༡༦-༡༧ ནང་དུ་ལྡེབ་རིས་ཧ་ཅང་ངོ་མཚར་ཅན་མཇལ་རྒྱུ་འདུག བྲག་ཕུག ༣-༥-༨-༢༣-༢༤-༢༥-བྲག་ངོས་སུ་ལྡེབ་རིས་དང་བྲག་གི་ཀ་བ་ཡ་མཚན་ཅན་མང་པོ་མཇལ་རྒྱུ་འདུག བྲག་ཕུག་༩-༡༠-༡༩-༢༩ བྲག་ངོས་སུ་སྟོན་པའི་སྐྱེས་རབས་དང་རི་མོ་མཚོན་ཁྲ་ཧ་ཅང་ཡ་མཚན་ཅན་མང་པོ་མཇལ་རྒྱུ་འདུག ཨ་ཇེན་ཏ་ཞེས་པའི་གནས་ཆེན་འདི་སྤྱི་ལེ་བཅུ་ཙམ་ས་ལ་གྲོང་བརྡ་ཞིག་ཡོད་པའི་གྲོང་པ་དེའི་མིང་རེད་འདུག གནས་འདིའི་མིང་སུས་ཀྱང་ཁ་གསལ་མི་ཤེས་པ་དང་ལོ་རྒྱུས་ཡང་དམིགས་གསལ་མེད་པས་ཡུལ་མི་ཚོས་གྲོང་བརྡའི་མིང་ཨ་ཇེན་ཐར་ཞེས་པ་དེ་གནས་ཆེན་གྱི་མིང་ལ་ཨ་ཇེན་ཏ་ཞེས་བཏབ་པ་རེད་འདུག ཡིན་ཡང་གྲོང་མི་ཚོས་བཤད་སྲོལ་གཅིག་ལ་གནས་ཆེན་འདིའི་མིང་ལ་སྦིན་ཏིང་སྤུར་ཞེས་པ་ཟེར། སྦིན་ཏིང་སྤུར་ཞེས་པའི་དོན་ནི་གནས་རི་འདིའི་ཆགས་དབྱིབས་མཐེ་མོའི་བཟོ་དབྱིབས་འདྲ་བའི་ཕྱིར་གནས་རི་འདིར་སྦིན་ཏིང་སྤུར་ཟེར། ཡང་ཡུལ་བསྐོར་སྤྲོ་འཁྱམས་ཀྱི་ལོ་རྒྱུས་ནང་དུ་གནས་རི་འདིའི་མིང་ལ་རྟའི་རྨིག་ལྕགས་དང་ཆགས་དབྱིབས་འདྲ་བའི་ཕྱིར་དུ་ནེལ་ཞེས་པའི་གནས་ཆེན་འདིའི་མིང་རེད་ཟེར། དབྱིན་ཇི་ཐོག་ནས་ Horse shoes ཞེས་ལོ་རྒྱུས་ནང་དུ་བྲིས་འདུག གང་ལྟར་ད་ལྟའི་ཆར་གནས་ཆེན་འདིའི་མིང་ལ་ཨ་ཇེན་ཏ་ཞེས་པ་ཡོངས་སུ་གྲགས་འདུག ཨ་ཇེན་ཏའི་གནས་ཆེན་བྲག་ཕུག་རྣམས་སྔོན་མ་སྔོན་མའི་དུས་སུ་གནས་ཡོངས་སུ་རྫོགས་པ་ཤིང་ནགས་ཀྱིས་ཁེབས་པའམ་སྒྲིབ་ནས་སུས་ཀྱང་ཡུལ་འདིར་བྲག་ཕུག་ཡོད་མེད་ཤེས་མཁན་མ་བྱུང་། ལོ་རབས་མང་པོ་ཞིག་གི་རྗེས་སུ་གནས་འདིར་རྔོན་པ་ཞིག་གིས་སྟག་གཅིག་རྗེས་སུ་དེད་ནས་གནས་འདིར་སླེབས་སྐབས་གློ་བུར་དུ་སྟག་མ་མཐོང་བ་གྱུར། རྔོན་པས་ཡུན་རིང་ཙམ་སྟག་སྒུག་ནས་བསྡད་ཀྱང་སྟག་ཕྱིར་ཐོན་ཡ་མེད་པས་རྔོན་པ་ཡ་མཚན་སྐྱེས་ཏེ་ཡུལ་དམག་རྣམས་སྐད་གཏོང་ནས་ཞིབ་དཔྱོད་བྱེད་སྐབས་སུ་བྲག་ཕུག་གཅིག་ཡོད་པ་གསར་དུ་རྟོགས། དེ་ནས་རིམ་པའི་ཞིབ་དཔྱོད་དང་ཤིང་ནགས་གཅོད་གཏུབ་གཙང་མ་རིམ་བཞིན་བྱེད་སྐབས་སུ་བྲག་ཕུག་རྣམས་རེ་རེ་གསར་དུ་རྙེད། ཡང་བཤད་སྲོལ་གཅིག་ལ་བྲག་ཕུག་དང་གཙུག་ལག་ཁང་ཡོངས་སུ་རྫོགས་པ་བྲག་གི་ནང་དུ་ཡོད་པ་བཤད་ཀྱི་འདུག རྗེས་སུ་བྲག་རི་གཏོར་བཤིག་སྐབས་སུ་བྲག་ཕུག་རྣམས་གསར་རྙེད་ཡོད་ལུགས་ཡུལ་མི་ཚོས་བཤད་བྱུང་། ཡུལ་འདིའི་མིང་ཨུ་རང་གྷ་སྦར་ཐི་ཟེར། དེ་ཡང་རྒྱ་གར་མངའ་སྡེ་(Aurangabad) ཨུ་རང་གྷ་སྦར་ཐི་ཞེས་པའི་ནི་སྔོན་ཡུལ་འདིའི་རྒྱལ་པོ་ཞིག་གི་མིང་རེད་འདུག དེ་ནས་རིམ་བཞིན་ཡུལ་མིང་དུ་གྱུར་འདུག ཡུལ་འདིར་སྒོ་ཆེན་ལྔ་བཅུ་ང་གཉིས་ཡོད་པའི་ཧ་ཅང་གྲོང་ཁྱེར་ཆེན་པོ་དང་རྒྱ་གར་དུ་སྙན་གྲགས་ཆེ་བའི་མངའ་སྡེ་ཞིག་རེད་འདུག
ས་དཀར་མདའ་སྨྱུག་གམ་གདོང་མཁན་པས་གནས་ཆེན་ཨ་ཇེན་ཏ་ནས་ཤར་བྲིས་པས་ཡིག་ནོར་ཡོད་ན་དགོངས་སེལ་ཞུ། ༢༠༡༧/༡/༢༥

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*