༧ ས་སྐྱ ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་སློབ།

དེ་རིང་རྒྱུད་གསུམ་ཁྲིད་གནང་བའི་སྐབས་སུ་གསུང་ཚན་པ་ཁ་ཤས།

དད་པའི་སྟོབས—
དད་པ་དེ་གལ་ཆེན་པོ་ཡིན་པ་རེད།
དད་པ་མེད་ན་ལམ་ཉམས་ལེན་གང་འདྲ་ཞིག་བྱས་པ་ཡིན་ན་ཡང་འབྲས་བུ་ཡོན་ཏན་ཕུན་སུམ་ཚོགས་པ་རྟོགས་པ་རྒྱུད་ལ་སྐྱེས་མི་ཐུབ་པ་གསུངས་ཡོད་རེད།  མདོ་ཡི་ནང་དུ། དད་པ་མེད་པའི་མི་རྣམས་ལ།། དཀར་པོ་ཆོས་རྣམས་མི་སྐྱེ་སྟེ།། ས་བོན་མེ་ཡིས་ཚིག་པ་ལ།། སྨྱུ་གུ་སྔོན་པོ་ཇི་བཞིན་ནོ།།ཞེས་གསུངས་པ་ནང་བཞིན།
དཔེར་ན་གྲོ་ཡི་ས་བོན་ལྟ་བུ་རུལ་སོང་བ་དང་མེ་ཡིས་ཚིག་སོང་བ་ཡིན་ན། དེ་ལྟ་བུའི་ས་བོན་སྐྱོན་ཅན་དེ་ཞིང་ས་འཇམ་པོ་ལ་བཏབ་ནས་དེའི་རྗེས་སུ་ཆུད་ལུད་དྲོད་བཤེེར་ལ་སོགས་པ་སྒོ་ནས་དཀའ་བ་ཇི་ཙམ་སྤྱད་ན་ཡང་དེ་ལ་བརྟེན་ནས་འབྲས་བུ་ལོ་ཏོག་ཕུན་སུམ་ཚོགས་པ་གཅིག་འབྱུང་མི་ཐུབ་པ་རེད། དེ་ནང་བཞིན་སོ་སོའི་རྒྱུད་ལ་དད་པ་ཡག་པོ་གཅིག་མེད་པ་ཡིན་ན།
ས་བོན་སྐྱོན་ཅན་ལྟ་བུ་དེ་ཐོག་ལ་ཆོས་ཉན་པ་དང་ཆོས་ལ་སློབ་སྦྱོང་བྱེད་པ། ཆོས་ལ་སྒོམ་ཇི་ཙམ་བྱས་པ་ཡིན་ན་ཡང་དེ་ལ་བརྟེན་ནས་འབྲས་བུ་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་གཅིག་རྒྱུད་ལ་སྐྱེས་མི་ཐུབ་པ་གསུང་གི་ཡོད་རེད།

—ཚོགས་བསགས་ཀྱི་སྟོབས

སྤྱིར་བཏང་ཚོགས་བསགས་དགོས་པ་དེ་གལ་ཆེན་པོ་ཡིན་པ་གསུང་གི་ཡོད་རེད།
གང་ཡིན་ཞེ་ན།རང་གི་རྒྱུད་ལ་ལྟ་བ་རྣམ་པར་དག་པ་གཅིག་རྒྱུད་ལ་སྐྱེ་ན་དེ་ལ་བརྟེན་ནས་མཐའ་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་ཡོད་རེད། དེ་ཡིན་དུས་རང་རྒྱུད་ལ་ལྟ་བ་ཡང་དག་པ་སྐྱེ་དེའི་སྒོ་ནས་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་བྱེད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་དགོས་ཀྱི་ཡོད་རེད།
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མཐར་ཕྱིན་དགོས་ཀྱི་ཡོད་རེད། བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་མ་རྫོགས་ན་ལྟ་བ་སྟོང་པ་ཉིད་ཀྱི་དོན་མ་ནོར་བ་རྒྱུད་ལ་སྐྱེ་ཐུབ་པ་མེད་པ་རེད། དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཡང་ཐོབ་མི་ཐུབ་པ་རེད། དཔེར་ན། བྱ་ནམ་མཁའ་ལ་འཕུར་བའི་སྐབས་སུ་འདབ་གཤོག་ཟུང་འབྲེལ་གྱི་ཐོག་ནས་བྱ་ནམ་མཁའ་ལ་འཕུར་ནས་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་འགྲོ་ཐུབ་པ་ཡོང་གི་ཡོད་རེད་མ་གཏོགས།
འདའ་གཤོག་གཅིག་མ་གཏོགས་མེད་པ་ཡིན་ན་དེའི་སྒོ་ནས་ནམ་མཁའ་ལ་འཕུར་ནས་རྒྱ་མཚོ་ཆེན་པོ་བརྒལ་ཐུབ་པ་བྱ་ཐུབ་ཀྱི་ཡོད་མ་རེད། དེ་ནང་བཞིན་ང་ཚོ་ཡང་འདབ་གཤོག་ཟུང་འབྲེལ་དང་འདྲ་བ་ཐབས་དང་ཤེས་རབ་ཟུང་འབྲེལ་གྱིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཐུབ་པ་གཅིག་བྱ་ཐུབ་ཀྱི་ཡོད་རེད།
ཐབས་དང་ཤེས་རབ་གཅིག་མ་གཏོགས་མེད་ན་དེའི་སྒོ་ནས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས་བརྒལ་ཐུབ་པ་མེད་པ་རེད། དེས་ན་ཚོགས་བསགས་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་གསུང་གི་ཡོད་རེད།
ཚོགས་བསགས་པའི་ཐབས་ལ་ཡང་སྤྱིར་བཏང་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པ་བཀའ་དྲིན་ཅན་ཐབས་མཁས་ལ་ཐུགས་རྗེ་ཅན་གྱིས་གསུང་གི་ཡོད་རེད། དེའི་ནང་ནས་ཀྱང་གཙོ་བོ་གཅིག་མཎྜའི་རྣལ་འབྱོར་དེ་ཡིན་པ་གསུང་གི་ཡོད་རེད།
མཎྜའི་རྣལ་འབྱོར་དེ་ཚོགས་བསགས་པའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་པའི་རྒྱུ་མཚན་གྱིེས།
འགྲོ་མགོན་ཆོས་རྒྱལ་འཕགས་པས་མཎྜ་ཚོམ་སོ་བདུན་མ་འདི་བྱེད་པའི་སྒོ་ནས་ཆོས་སྲིད་ཀྱི་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་གངས་ལྗོངས་ལ་འགྲན་ཟླ་དང་བྲལ་བ་བྱུང་བ་ཡིན་པ་ལོ་རྒྱུས་ཚད་ལྡན་ཡོད་རེད།

བསམ་པའི་སྟོབས—
སྐབས་རེ་ང་ཚོས་སོ་སོའི་བླ་མ་ལ་བསྟོད་པ་ཕུལ་པའི་སྐབས་སུ་བླ་མ་དེ་བྱང་ཆུབ་སེམས་དཔའ་དངོས་ཡིན་བསམ་ནས་བསྟོད་པ་ཕུལ་གྱི་ཡོད་རེད་དེ། ཡིན་ན་ཡང་དོན་ལ་བྱང་ཆུབ་སེམས་དཔའ་ཡིན་བསམ་པ་ཙམ་གྱིས་བསྔགས་བརྗོད་ཆེན་པོ་གང་ཡང་ཆགས་ཡོད་མ་རེད། བླ་མ་དེ་སངས་རྒྱས་ཀྱི་འདུ་ཤེས་བཞག་དགོས་པ་དེ་གལ་ཆེན་པོ་རེད།
སོ་སོས་བླ་མ་ལ་དད་གུས་ཇི་ཙམ་ཡོད་པ་དེ་ཙམ་གྱིས་སོ་སོའི་རྒྱུད་ལ་བླ་མའི་བྱིན་རླབས་དེ་ཡོང་ཐུབ་པ་གསུང་གི་ཡོད་རེད།དེས་ན་སོ་སོས་བླ་མ་ལ་མོས་གུས་ཆུང་ཆུང་ཡོད་ནས། བླ་མ་ལ་གསོལ་བ་བཏབ་ནས་སོ་སོ་ལ་བྱིན་རླབས་ཆུང་ཆུང་གཅིག་ཐོབ་པ། སོ་སོས་བླ་མ་ལ་མོས་གུས་འབྲིང་ཡོད་ན་དེ་ལ་བརྟེན་ནས་སོ་སོའི་རྒྱུད་ལ་བྱིན་རླབས་འབྲིང་ཐོབ་པ།
སོ་སོས་བླ་མ་ལ་མོས་གུས་ཆེན་པོ་སངས་རྒྱས་དངོས་ཡིན་གྱི་འདུ་ཤེས་བཞག་ནས་གསོལ་བ་བཏབ་པ་ཡིན་ན།
དེ་ལ་བརྟེན་ནས་སོ་སོའི་རྒྱུད་ལ་བྱིན་རླབས་ཆེན་པོ་སངས་རྒྱས་ཀྱི་བྱིན་རླབས་འཇུག་ཐུབ་པ་དེ་འདྲ་ཡོང་གི་ཡོད་དུས།
སོ་སོའི་རྒྱུད་ལ་བྱིན་རླབས་ཆེ་ཆུང་གང་འདྲ་ཞིག་འཇུག་ཐུབ་མིན་དེ་སོ་སོས་བླ་མ་ལ་མོས་གུས་ཆེ་ཆུང་སྐྱེ་ཡོད་མེད་དེ་ལ་རག་ལས་ཀྱི་ཡོད་པ་གསུང་གི་ཡོད་རེད།

2017。 04。18。ཟིན་བྲིས་པ།
འདན་མའི་ལྷ་མདའ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*