རྫོང་གསར་བཤད་གྲྭར་སྒྲོལ་མ་ཟབ་ཏིག་མཎྜལ་བཞི་ཆོག

རྫོང་གསར་བཤད་གྲྭར་༧སྐྱབས་མཆོག་འཁོན་གདུང་ཨ་བྷི་ཀྲི་ཏ་རིན་པོ་ཆེ་མཆོག་དང། འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རྣམ་པའི་དབུ་བཞུགས་འོག་སྒྲོལ་མ་ཟབ་ཏིག་མཎྜལ་བཞི་ཆོག་འབུམ་ཐེར་འཚོགས་པའི་ཉིན་མཐའ་མར་ཚོགས་ཞུགས་པ་བླ་སྤྲུལ་མཁན་སློབ་གྲྭ་བཙུན་སྟོང་ཚོ་བརྒལ་བ་ནས་སྒྲོལ་མ་མཚན་འདོན་གནང་བཞིན་པས། ། ངོས་དང་མཁྱེན་བརྩེ་ཐེབས་རྩ་ཚོགས་པས་དམིགས་སུ་བཀར་ཏེ་རྗེ་བཙུན་སྒྲོལ་མར་གསོལ་སྨོན་ཞུ་བ་ཐག་བཅད་པ་ལ་རྒྱུ་མཚན་ཁ་ཤས་ཡོད། རྒྱུ་མཚན་གཅིག་ནི་ནང་ཆོས་སྦྱོང་མཁན་དང་། ཉམས་ལེན་བྱེད་མཁན་གྱི་རིགས་ལ་སྦྱིན་བདག་བྱེད་རྒྱུ་དང་། ལས་དང་པོ་པ་སེམས་དང་བསམ་པ་ཆོས་ལ་འཇུག་འགོ་བརྩམས་ཡོད་པ་རྣམས་ཡར་རྒྱས་གོང་འཕེལ་གཏོང་བའི་རོགས་རམ་བྱེད་རྒྱུ་ཡིན། རྒྱུ་མཚན་དེས་ན་ང་ཚོ་ལ་མགོན་སྐྱབས་དང་ལམ་སྟོན་དགོས་ཀྱི་ཡོད་ལ། ང་ཚོའི་བློ་ཁོག་ཉམས་གུད་དུ་མི་ཤོར་བ་དང་། ནུས་ཤུགས་བོར་བརླག་ཏུ་མི་ཤོར་བའི་ཕྱིར་རྗེ་བཙུན་སྒྲོལ་མའི་ཐུགས་རྗེ་དང་བྱིན་རླབས་དགོས་ཀྱི་ཡོད། རྒྱུ་མཚན་གཞན་ཞིག་ནི་ལོག་པའི་ལྟ་བ་ནི་དུས་རབས་ཉེར་གཅིག་པ་འདིའི་ནང་ན་ཉེས་ཚབས་ཆེ་ཤོས་ཀྱི་བར་ཆད་དང་འགོག་རྐྱེན་དུ་གྱུར་ཡོད། ངས་བསམ་ན་ད་ལྟའི་སྐབས་ཀྱི་དཀའ་ངལ་ཞིག་དང་། མི་རབས་རྗེས་མ་ལའང་འཕྲད་ངེས་ཀྱི་རྙོག་དྲྭ་ཆེ་ཤོས་ཤིག་ནི་ལོག་ལྟ་སྣ་ཚོགས་པ་འདི་དག་རེད། དེས་ན་ང་རང་ཚོ་དང་སེམས་ཅན་ཐམས་ཅད་ལྟ་བ་ལོག་པ་ལས་སྲུང་སྐྱོབ་ཡོང་བའི་ཆེད་དུ། དགའ་སྤྲོ་སྐྱེ་འོས་ཀྱི་གནས་སུ་གྱུར་པའི་སྒྲོལ་ཆོག་འབུམ་ཚོགས་ཆེན་མོ་འདི་ཚོགས་པའི་འཆར་གཞི་བཏིང་བ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ངེས་པའི་དོན་ན་ངོ་བོ་གཅིག་པ་རེད་ལ། སངས་རྒྱས་རྣམས་ནི་དོན་ལ་དབྱིབས་དང་། ཁ་དོག །གཟུགས་དང་། ཕོ་མོའི་མཚན་མ་འདི་དང་འདི་ལྟ་བུ་ཁོ་ནའོ་ཞེས་པ་ལས་རིང་དུ་འདས་པ་རེད། དཔེར་ན། རྗེ་བཙུན་སྒྲོལ་མའི་སྤྲུལ་བ་སྣ་ཚོགས་པ་ཞིག་བྱུང་བ་ལྟ་བུའོ། །དངོས་གནས་བྱས་ན་རྗེ་བཙུན་སྒྲོལ་མ་ནི་རང་རང་སོ་སོའི་སེམས་ཀྱི་གནས་ལུགས་ལས་གཞན་དུ་གྱུར་པ་ཞིག་མ་རེད། ཕོ་མ་རེད་ལ་མོ་ཡང་མ་རེད། དེ་བཞིན་རྗེ་བཙུན་སྒྲོལ་མ་དཀར་པོ་དང་སྔོན་པོ་ཡང་མ་རེད། དེས་ན་ཕྱག་ལག་གཉིས་ཁོ་ནའམ་དུ་མ་ཅན་ཡང་མིན། ཡིན་ནའང་རང་རེ་ལོག་པར་རྟོག་པས་ཤུགས་ཆེར་ལྷད་པའི་རྐྱེན་གྱིས་གྲངས་ཀ་དང་། ཚོས་མདོག བཟོ་བལྟ། ཐོགས་རེག་ཡོད་པ་ལྟ་བུ་ཞིག་ལ་གཞིར་བཅོལ་བའི་བརྒྱུད་ནས་ང་ཚོས་གནས་ལུགས་ཤེས་དགོས་ཡོད་རེད། དེས་ན་ང་ཚོའི་ངོར་སྒྲོལ་མ་ཉེར་གཅིག་ཟེར་བ་འདྲ་དང་། སྒྲོལ་མ་ལཎྜལ་ཆོ་ག་ང་ཚོས་ད་ལྟར་སྒྲུབ་བཞིན་པ་ལྟ་བུ་འདི་དག་ཡོད་པ་རེད། ཉིན་ཉེར་གཅིག་ཙམ་སྒྲོལ་མ་ཟབ་ཏིག་ཚོགས་གནང་བར་ཡོད་རེད།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

1 Comment

  1. ང་ཚོའི་ས་ངོར་ཚར་རྫོང་བཅས་ཀྱི་ཆོ་ག་ཚང་མ་PDF ཐོག་ཏུ་བཟོ་རོགས་གནང། ཁ་པར་ཐོག་ཏུ་ཡིན་པས་ངེས་པར་དུ་ཡིན། དེ་ཡང་ཁ་པར་ཡོད་ཚད་ལ་འཆར་ཐུབ་པ་དགོས་པ་ཡིན།

Leave a Reply

Your email address will not be published.


*