༼ཀ༽༄༅། །བླ་མ་ས་ཆེན་གྱིས་མཛད་པའི་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས་ཀྱི་དཀའ་འགྲེལ་བཞུགས།། ༄༅། །བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བློ་གྲོས་མཚུངས་མེད་འཇིག་རྟེན་ཀུན་གྱི་མིག །གྲགས་པ་བསམ་ཡས་ནམ་མཁའི་མཐར་སོན་པ། །དེ་ཉིད་དོན་གཟིགས་གྲོལ་བའི་སྤོབས་པ་ཅན། །འདྲེན་པའི་བསྟན་པ་གཅེས་འཛིན་དེ་ལ་འདུད། །དེ་ལྟ་བུའི་བླ་མ་དམ་པ་རི་གངས་ཅན་གྱི་ཁྲོད་དུ་སྐུ་འཁྲུངས་པ། དུས་དེང་སང་རྩོད་དུས་ལྔ་བརྒྱའི་ཐ་མ་ལ་གསང་སྔགས་སྤྱོད་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། བདག་ཅག་ལ་སོགས་པ་སྐྱེ་བོ་མང་པོ་དག་གི་བླ་མར་གྱུར་པ། དེའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང༌། སྐྱེ་བོ་བློ་དམན་པ་དག་ལ་ཕན་པར་བྱ་བའི་ཕྱིར་དང༌། རང་ཉིད་ཀྱི་དྲན་པ་གསོས་གདབ་པའི་ཕྱིར། མཚན་མོ་རིའི་སྤོ་ལ་མེ་འབར་བས་ཀླུང་ཁམས་ལ་སོགས་པ་གསལ་བར་བྱས་པ་བཞིན། གཉིས་སུ་མེད་པའི་རྒྱུད་ཀྱི་དཀའ་བའི་གནས་ཅུང་ཞིག་གསལ་བར་བྱའོ། །དེ་ལ་གང་ཟག་གི་དབང་པོའི་རིམ་པ་དང་སྦྱར་ནས། དབང་པོ་རྣོན་པོས་ནི་གླེང་བཞི་བཞུགས་ཚུལ་དུ་རྒྱུད་ཀྱི་དོན་མཐའ་དག་ཁོང་དུ་ཆུད་པར་ནུས་ལ། འབྲིང་གིས་མཚན་དུ་གོ་བར་ནུས་ཤིང༌། ཐ་མས་རྒྱས་པར་བཤད་པས་ཁོང་དུ་ཆུད་པ་ཡིན་པ་ལས་མཚན་གྱི་བཤད་པ་དང༌། བཤད་ཐབས་ཀྱི་ཡན་ལག་ཇི་ལྟ་བུས་རྒྱུད་འདི་འཆད་པ་ནི་གཞན་དུ་གོ་བར་བྱའོ། །གང་ཟག་དབང་པོ་རབ་ཀྱིས་རྟོགས་པར་བྱ་བའི་དོན་གླེང་གཞི་ལ་གཉིས་ཏེ། སྒྲའི་དང༌། དོན་གྱི་གླེང་གཞིའོ། །དེ་ལ་སྒྲའི་གླེང་གཞི་ནི། སྡུད་པ་པོ་ལ་སྟོན་པ་རྡོ་རྗེ་འཆང་གིས་རྒྱུད་འདི་གསུངས་པའི་སྣང་བ་གཅིག་བྱུང་བ་དེ་ཉིད། ནི་དཱ་ན་ཞེས་པ་གདུལ་བྱ་མ་འོངས་པ་རྣམས་ངེས་པ་བསྐྱེད་པའི་ཕྱིར། གཞུང་དུ་བཀོད་པ་སྟེ། གཞུང་དུ་བསྡུད་པ་པོ་འདིས། དུས་དེའི་ཚེ། སྟོན་པ་འདི་ལས། ཆོས་འདི་ཐོས་ཞེས་ཉེ་བར་བཀོད་པས། མ་འོངས་པ་རྣམས་དེ་ལྟ་བུ་སྡུད་པ་པོ་འདིས། སྟོན་པ་རྡོ་རྗེ་འཆང་ལ་དངོས་སུ་ཐོས་པར་འདུག་སྙམ་ནས་འཇུག་ཅིང་ངེས་པ་བསྐྱེད་པའི་དགོས་པ་ཡོད་དོ། །དོན་གྱི་གླེང་གཞི་ནི། ཆོས་འབྱུང་བའི་གཞིའམ་རྒྱུར་གྱུར་པ་སྟེ། སྟོན་པ་ལ་སོགས་པ་གང་རུང་ཞིག་མ་ཚང་ནའང་ཆོས་དེ་མི་འབྱུང་བས། མེད་ན་མི་འབྱུང་བ་འབྱུང་བའི་འབྲེལ་པ་ཡོད་པའི་ཕྱིར་རྒྱུར་གྱུར་པའོ། །དེ་ལའང་གླེང་གཞི་དང༌། དེས་གསུངས་པའི་ཆོས་སུ་སྦྱར་ཏེ་བཤད་པ་དང༌། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་དབྱེ་བའི་ཚུལ་བཤད་པ་གཉིས་ལས། གླེང་གཞི་དང་ཆོས་སུ་སྦྱར་ཏེ། འཁོར་དང་སྟོན་པ་ཐ་དད་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་དུ་བཤད་ན། གང༌། གང་གིས། གང་གི་ཚེ། གང་ལས། གང་དུ་ཐོས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་འདི་སྐད་ཅེས་པ་ནི་གང་ཐོས་པ་སྟེ། འདི་ཁོ་ན་སྐད་ཐོས་བྱ་བས་སྒྲོ་སྐུར་དང་བྲལ་བར་སྟོན་པའོ། །བདག་གིས་ཞེས་པ་ནི་གང་གིས་ཐོས་པ་སྟེ། ལྷག་པའི་དབང་དུ་བྱས་ནས་གཞན་ལས་བརྒྱུད་པ་རྣམ་པར་འགེགས་ལ། འཇུག་པའི་དབང་དུ་བྱས་ནས་བདག་ཉིད་ཀྱིས་དངོས་སུ་ཐོས་ཞེས་ཉེ་བར་མངོན་སུམ་གྱི་ཚིག་ཏུ་སྦྱར་རོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་དབང་པོས་ཐོས་པའོ། །དེ་ལྟར་ཡིན་པར་ཡང་བཤད་པའི་རྒྱུད་ལས། བདག་གིས་ཐོས་པ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་ཐོས་པའི་ཕྱིར་རྣ་བའི་ཡེ་ཤེས་ཀྱིས་ཐོས་པ་ཡིན་གྱིས་བསླབ་པས་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་སོ། །དུས་གཅིག་ཅེས་པ་ནི་གང་གི་ཚེ་ཐོས་པ་སྟེ། དེ་ཡང་དུས་ཀྱི་སྤྱི་ཉེ་བར་བཟུང་ནས། ཆོས་འཆད་ཅིང་བཞུགས་པ་ལས་ཐོས་བྱ་བ་ཙམ་སྦྱར་དུ་རུང་གི བྱེ་བྲག་ཏུ་སྟོན་དང་དཔྱིད་ལ་སོགས་པའི་དུས་འདི་ན་ཐོས་ཞེས་བྱར་མི་རུང་སྟེ། སྟོན་པས་དུས་གཅིག་གི་ཚེ་ཁོ་ན་གསུངས་ཀྱང་གདུལ་བྱ་ལ་དུས་ཐ་དད་པར་གསུང་བའི་སྣང་བ་འབྱུང་བས་སོ། །ཡང་དུས་གཅིག་གི་ཚེ་ཁོ་ན་འདི་ཐོས་ཀྱི་གཞན་དུ་མ་ཐོས་ཀྱི་བྱ་བས། རྒྱུད་འདི་འབྱུང་དཀའ་བར་སྟོན་ཏེ། བཤད་བྱ་ཆོས་ཀྱི་ཆེ་བར་ཡང་འགྲོ་ལ། ཡང་དུས་གཅིག་གི་ཚེ་འདི་ཐོས་ཀྱི། གཞན་དུ་གཞན་ཡང་ཐོས་བྱས་པས་སྡུད་པ་པོ་ཐོས་པ་མང་བར་སྟོན་པས། སྡུད་པ་པོ་དེས་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་སྟོན་ལ། ཡང་དུས་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་ཤིང་ཁོང་དུ་ཆུད་བྱས་པས་སྡུད་པ་པོ་ཤེས་རབ་ཆེ་བར་སྟོན་ཏེ། དེ་ལྟར་ན་ཉན་པ་པོ་འཁོར་གྱི་ཆེ་བར་འགྲོ་སྟེ། དེ་སྐད་དུ་བཤད་པའི་རྒྱུད་ལས་ཀྱང༌། གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ཉིད་ལའོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི་གང་ལས་ཐོས་པའི་སྟོན་པ་སྟེ། དེ་ཡང་ཡི་གེའི་དོན་དུ་བཤད་ན། བྷ་ག་ཝཱཉྫ་ན། བཅོམ་ལྡན་འདས་ཏེ། སངས་རྒྱས་དེས་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་ཏེ། ཉོན་མོངས་པ་ལ་སོགས་པའི་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཏེ། དེ་ཉིད་ལས། ཡང་ན་ཉོན་མོངས་ལ་སོགས་བདུད། །བཅོམ་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་གསུངས་སོ། །ཡང་བྷ་ག་ཨཾ་སའི་སྒྲ་ལས་དྲངས་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་ལྡན་པ་སྟེ། དེ་ལ་དཔལ་ཕུན་སུམ་ཚོགས་པ་ནི། སངས་རྒྱས་དེའི་སྐུ་ཚེ་དང༌། སྐུ་བོང་གི་ཚད་དང༌། འཁོར་དང་ཞིང་ཁམས་ལ་སོགས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཚད་གཟུང་བར་མི་ནུས་ཤིང༌། བསམ་པའི་ཡུལ་ལས་འདས་པས་ན་དཔལ་ཏེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ། །གྲགས་པ་ཕུན་སུམ་ཚོགས་པ་ནི་སངས་རྒྱས་དེ་གླིང་གཅིག་དང་གཉིས་ལ་སོགས་པ་ན་གྲགས་པ་མ་ཡིན་གྱི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་གྲགས་ཤིང་བསྙེན་བཀུར་བས་སོ། །དེ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། ཤེས་བྱའི་དངོས་པོ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མངོན་སུམ་དུ་རྟོགས་པའོ། །དེ་ནི་བསམ་གཏན་གྱི་འབྲས་བུའོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ནི་སངས་རྒྱས་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་ལ་སོགས་པ་གཞན་སུས་ཀྱང་ཆོས་དང་མཐུན་པའི་གྲོལ་བས་ཚར་གཅད་པར་མི་ནུས་པ་སྟེ། དེ་ནི་ཤེས་རབ་ཀྱི་འབྲས་བུའོ། །གཟུགས་བཟང་བ་ཕུན་སུམ་ཚོགས་པ་ནི་སངས་རྒྱས་དེའི་བ་སྤུའི་བུ་ག་གཅིག་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་བས་མི་ངོམས་པས་སོ། །དེ་ནི་བཟོད་པའི་འབྲས་བུའོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་སངས་རྒྱས་དེ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ལ་སུ་ནི་དར། སུ་ནི་རྒུད། སུ་ནི་ཉོན་མོངས་པ་ཆེ། སུ་ནི་ཆུང༌། སུ་ནི་འདུལ་བའི་དུས་ལ་བབ། ཅེས་སོ་སོར་རྟོག་པའོ། །དེ་ཡང་སཾ་པུ་ཊའི་བརྟག་པ་དང་པོ་དངོས་ལས། འདི་ལྟ་སྟེ། དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། ཞེས་པ་ནས་བྷ་ག་དྲུག་ཅེས་གསུངས། ཞེས་པའི་བར་གྱིས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་པ་གཟུགས་སྐུ་གཉིས་ནི་དེ་བཞིན་ཉིད་དུ་གཤེགས་ཤིང༌། ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་ལས་གཤེགས་པས་ན་སྟེ། ཡན་ལག་གི་དོན་གྱསི་བཤད་ལ། སྐུ་ནི་མཚན་དཔེ་འབར་བ། གསུང་ནི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །སྙིང་པོ་ནི་རྒྱུད་འཆད་པ་པོའི་སྟོན་པ་རྡོ་རྗེ་འཆང་དེ་ལ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་མངའ་བས་སོ། །རྡོ་རྗེ་བཙུན་མོའི་བྷ་ག་ནི་གང་དུ་ཐོས་པའི་གནས་ཏེ། དེ་ཡང་རང་གི་ངོ་བོའི་དབང་དུ་བྱས་པ་དང༌། རྣམ་པའི་དབང་དུ་བྱས་པ་གཉིས་ལས། དང་པོ་ལྟར་ན་ས་བཅུ་གཅིག་པས་བསྡུས་པའི་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པས་ན་རྡོ་རྗེ། དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་ཅིང་འདྲིས་པར་བྱས་པ་ཡིན་པས་ན་བཙུན་མོའོ། །དེ་ཉིད་མཚན་མ་དང་རྣམ་པར་རྟོག་པ་འཇོམས་པས་ན་བྷ་གའོ། །རྣམ་པའི་དབང་དུ་བྱས་ན་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ཆོས་འབྱུང་གྲུ་གསུམ་པ་ནང་དམར་ལ་ཕྱི་དཀར་བ་གདེངས་ཁ་གྱེན་ལ་ཕྱོགས་པ། དེ་ལྟ་བུ་ན་བཞུགས་པ་ལས་ཐོས་ཞེས་སྦྱར་རོ། །དེ་ཡང་ཆོས་འབྱུང་རྐྱང་པ་ན་བཞུགས་སམ་ཞེ་ན་མ་ཡིན་ཏེ། རྟེན་ཆོས་འབྱུང་གི་ནང་ན་རྟེན་གྱི་དཀྱིལ་འཁོར་རྒྱ་དང་ཚད་མ་ཆད་པའི་ནང་ན་བཞུགས་ཏེ། དཔེར་ན་རྒྱལ་པོ་གྲོང་ན་བཞུགས་ཟེར་ཡང་སྲང་བར་ལ་སོགས་པ་ན་མེད་ཀྱི་ཁང་བཟངས་མཆོག་ན་བཞུགས་པ་བཞིན་ནོ། །དེ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། ཞེས་པ་ནས་དེའི་བྷ་ག་དེ་ལ་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །འོ་ན་དེ་ལྟ་ན། སཾ་གྲ་ཧ་ལྟར་རི་རབ་ཀྱི་རྩེ་མོ་ཁང་བུ་བརྩེགས་པ་ན་བཞུགས་ཞེས་མི་ཟེར་བ་ཅི་ཞེ་ན། དེ་ནི་རྣམ་པ་ལ་དགོངས་པ་དང༌། གདུལ་བྱ་ལ་དགོངས་པ་གཉིས་ཏེ། དང་པོ་ནི་ཆོས་ཀྱི་དབྱིངས་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དང༌། རིག་པ་ཡེ་ཤེས་གཉིས་རོ་གཅིག་པ་ལས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བ་མཚོན་ལ། ཡང་ཆོས་འབྱུང་ཡོངས་སུ་དག་པ་ན་བཞུགས་བྱས་པས་གདུལ་བྱ་ཆགས་ཅན་ཁ་ཅིག་འཇུག་པར་འགྱུར་བས་སོ། །དེ་ཡང་གང་དང་ལྷན་ཅིག་བཞུགས་པ་ལས་ཐོས་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ། རྣལ་འབྱོར་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ། དེ་བཞིན་གཤེགས་པའི་འཁོར་ཏིལ་གྱི་གང་བུ་དང་མཉམ་པ་རྣམས་དང་ལྷན་ཅིག་ཐོས་སོ། །འོ་ན་དཔའ་བོ་བྱེ་བ་ཕྲག་བརྒྱད་ཅུ་ཁོ་ནར་ངེས་ལ། རྣལ་འབྱོར་མ་དང་དེ་བཞིན་གཤེགས་པའི་འཁོར་ནི་རི་རབ་ཀྱི་རྡུལ་དང་ཏིལ་གྱི་གང་བུས་ཚོད་འཛིན་པ་ཅི་ལ་དགོངས་སྙམ་ན། དང་པོས་ནི་རྩ་འཁོར་ལོ་བཞི་མཚོན་ལ། གཉིས་པས་ནི་རྩའི་ཡན་ལག་རྣམས་མཚོན་ཞིང༌། གསུམ་པས་ནི་རྩ་དེ་དག་ན་གནས་པའི་ཁམས་བདུད་རྩིའི་དྭངས་མ་མཚོན་ནོ་ཞེས་བྷ་རོ་ཧཾ་དུ་གསུངས་ལ། བླ་ཆེན་པའི་བརྒྱུད་པས་ནི། དང་པོས་ནི་རྩ་མཚོན་ལ། གཉིས་པས་ནི་རླུང་མཚོན་ཞིང༌། གསུམ་པས་ནི་དེ་ན་གནས་པའི་བྱང་ཆུབ་ཀྱི་སེམས་མཚོན་པར་འདོད་དོ། །དེ་དག་གིས་ནི་ཡན་ལག་གི་དོན་གཙོ་ཆེ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་དུ་བཤད་ནས། ད་ནི་བུམ་དབང་ཐོབ་པ་ལ་ལུས་དང་ཡན་ལག་གི་ཚུལ་གྱིས་བསྐྱེད་པའི་རིམ་པ་དབྱིབས་སུ་བཤད་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ལ་དུས་གཅིག་ཅེས་པས་ཡེ་ཤེས་ཀྱི་ཚོགས་བསག་པ་སྟོང་པ་ཉིད་མཚོན་ལ། དེའི་ཡང་སྔོན་དུ་ཚད་མེད་བསྒོམ་པ་དང༌། བདུན་རྣམ་དག་དང༌། མཆོད་པ་ལ་སོགས་པ་འགྲོ་བས་བསོད་ནམས་ཀྱི་ཚོགས་བསགས་པ་ཡང་མཚོན་ལ། དེས་ན་ཚོགས་གཉིས་བསག་པ་མཚན་ནོ། །རྡོ་རྗེ་བཙུན་མོའི་བྷ་ག་ནི་གནས་ཏེ། ཆོས་འབྱུང་ནང་དུ་གཞལ་ཡས་ཁང་བསྒོམ་པ་ཡིན་ལ། བཞུགས་ཞེས་པ་ནི། གཞི་དེར་རྒྱུ་འབྱུང་བ་རིམ་བརྩེགས་ལ་རྐྱེན་རྣམ་པར་ཤེས་པ་ཞུགས་པ་ལ་བརྟེན་ནས་གཞལ་ཡས་ཁང་ཇི་ལྟ་བ་བཞིན་བསྒོམ་པ་དེར། སྟོན་པ་ཧེ་རུ་ཀ་བཞི་བཞུགས་ཞེས་པའོ། །འཁོར་ནི་གཽ་རཱི་ལ་སོགས་པ་བཅུ་དྲུག་གོ །འདི་སྐད་ཅེས་པ་ནི་མངོན་པར་རྟོགས་པ་འདི་ཁོ་ན་སྐད་བསྒྲུབ་པའོ། །བདག་གིས་ཐོས་ཞེས་སྦྱར་ཏེ་སྤྱིའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་དོ། །བྷ་ག་ཝཱན་ལ་སོགས་པ་ནི་གོ་སླའོ། །ད་ནི་གསང་དབང་ཐོབ་པ་ལ་ཙཎྜཱ་ལཱི་སྔགས་སུ་བཤད་ན། ཨེ་ཝཾ་མ་ཡ་ནི་ལྟེ་བ་ལ་སོགས་པ་རྩ་འཁོར་ལོ་བཞི་རིམ་པ་བཞིན་དུ་མཚོན་ལ། དེའང་ཨེ་ཞེས་པ་འཁོར་ལོ་ན་ལྟེ་བ་སྤྲུལ་པའི་འཁོར་ལོ། ཡི་གེ་ན་ཨེ། དབྱིབས་ན་གྲུ་གསུམ་སྟེ། བཤད་པའི་རྒྱུད་ལས། གྲུ་གསུམ་དག་པ་ཨེ་ཡི་དབྱིབས། །དབུས་སུ་རྒྱས་པའི་ཨེ་ཝཾ་ལ། །ཟེར་བས་ལྟེ་བ་ན་རྩ་མདུད་གྲུ་གསུམ་པ་སྦྲུལ་འཁྱིལ་པ་ལྟ་བུའི་དབྱིབས་སུ་གནས་པའོ། །འབྱུང་པ་ན་ས་རྣམ་པར་དག་པ་སྟེ། ཨེ་ནི་ས་རུ་ཤེས་པར་བྱ། །ཞེས་པས་སོ། །ལྷ་མོ་ནས་རྣམ་པར་དག་པ་སངས་རྒྱས་སྤྱན་ནོ། །ཚད་མེད་པ་ན་སྙིང་རྗེ་ཚད་མེད་པ། ཕ་རོལ་ཏུ་ཕྱིན་པ་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱག་རྒྱ་ན་ལས་ཀྱི་ཕྱག་རྒྱ་སྟེ་བདུན་ནོ། །དེའི་སྟེང་དུ་ཡང་སྐད་ཅིག་མ་བཞི་ལས་ནི་རྣམ་པར་སྨིན་པའི་སྐད་ཅིག་མ། དགའ་བ་བཞི་ལས་དགའ་བ་དང་པོ། བདེན་པ་བཞི་ལས་སྡུག་བསྔལ་གྱི་བདེན་པ། དེ་ཁོ་ན་ཉིད་བཞི་ལས་བདག་གི་དེ་ཁོ་ན། སྡེ་པ་བཞི་ལས་གནས་བརྟན་པའི་སྡེ་པ། སྐུ་བཞི་ལས་སྤྲུལ་པའི་སྐུ། འབྲས་བུ་བཞི་ལས་རྣམ་པར་སྨིན་པའི་འབྲས་བུ་སྟེ། དེ་ལྟར་ན་ཆོས་ཀྱི་ཁྱད་པར་རམ། ལྡོག་པ་མི་འདྲ་བ་བཅུ་བཞིས་གཏན་ལ་དབབ་སྟེ། འཁོར་ལོ་བཞི་ཀ་ལ་དེ་ལྟར་བསྒྲེས་ཏེ་ཤེས་པར་བྱའོ། །བདག་གིས་ཐོས་པ་ལ་སོགས་པ་ནི་གཞན་དུ་གོ་བར་བྱ་སྟེ། འདི་ལའང་རྗོད་བྱེད་ནི་གསུམ་ཆར་འཇུག་ལ། བརྗོད་བྱ་ནི་སྦས་དོན་ཁོ་ནའོ། །ཤེས་རབ་ཡེ་ཤེས་དང་བཞི་པ་ཐོབ་པ་ལ་དབང་དང་མཐར་ཐུག་ཆོས་སུའང༌། རྗོད་བྱེད་ནི་གསུམ་ཀ་འཇུག་ལ་བརྗོད་བྱ་ནི་སྦས་པ་ཁོ་ནའོ། །དེ་ལ་མཐར་ཐུག་གི་དབང་དུ་བྱས་ན་བཞུགས་སོ་ཞེས་པ་ལ། སྐུ་གསུམ་གྱི་བྱེ་བྲག་གིས་བཞུགས་ཚུལ་མི་འདྲ་བ་གསུམ་སྟེ། དེ་ལ་སྟོན་པ་ཆོས་ཀྱི་སྐུ་ནི་བཙུན་མོའི་བརྡས་བསྟན་པ་ཆོས་ཀྱི་དབྱིངས་རྣམ་པར་ཐར་པའི་སྒོ་གསུམ་དང༌། རིག་པ་ཡེ་ཤེས་དེ། དབྱིངས་དང་ཡེ་ཤེས་རོ་གཅིག་པའི་ཚུལ་གྱིས་བཞུགས་སོ། །འོག་མིན་གྱི་ལོངས་སྐུའི་བཞུགས་ཚུལ་ནི་འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆོས་འབྱུང་གི་ནང་ན་ཡེ་ཤེས་ཀྱི་སྣང་བརྟེན་གྱི་དཀྱིལ་འཁོར་གྲུ་བཞི། སྒོ་བཞིན་པའི་ནང་ན་སྟོན་པ་ལོངས་སྐུ་དེ། རྒྱུ་ལམ་གྱི་དུས་ན་འདོད་ཡོན་སྤྱད་པའི་རྒྱུ་མཐུན་པ་རྗེས་སུ་འབྲང་མ་དང་ལྷན་ཅིག་སྤྱོད་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནང་ན་བདེ་ཆེན་གྱི་ཡན་ལག་ལ་སོགས་པ་ཡན་ལག་བཞི་ལྡན་གྱི་སྐུ་དེ་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་སོ། །སྤྲུལ་པའི་སྐུ་ནི་གདུལ་བྱ་ཐ་དད་པ་རྣམས་ལ་གང་ལ་ཅིས་འདུལ་བ་དེ་ལ་དེའི་སྐུར་སྟོན་ཅིང་བཞུགས་ཏེ། ལ་ལ་ལ་ནི་ཕྱག་གཉིས་པར་སྟོན་པ་ནས་ཕྱག་བཅུ་དྲུག་པའི་བར་དུ་སྟོན་ལ། ཡང་གདུལ་བྱ་བུད་མེད་ཀྱིས་འདུལ་བ་རྣམས་ལ། བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་སྟོན་ཏེ། གདུལ་བྱའི་བསམ་པ་དང་མཐུན་པར་དོན་མཛད་ཅིང་བཞུགས་སོ། །དེ་ལྟར་ན་དེ་ཡན་ཆད་ཀྱིས་གླེང་གཞི་ཕུན་སུམ་ཚོགས་པས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་བསྟན་ནས། ད་ནི་ཡན་ལག་རྒྱས་པར་དབྱེ་བ་ལ་གསུམ་སྟེ། ཐོག་མར་འབྲས་བུ་གང་ལ་དམིགས་ཏེ་བསྒྲུབ་པ་ཧེ་རུ་ཀ་བཞིའི་དངོས་གྲུབ་བསྟན་པ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་དང༌། ཐབས་དེ་ཉམས་སུ་ལེན་པའི་གང་ཟག་གི་མཚན་ཉིད་བསྟན་པའོ། །དེ་ཡང་ཐོག་མར་འབྲས་བུ་སྟོན་པ་ནི། དཔེར་ན་ཚོང་པ་ཁེ་མཐོང་ནས་ཚོང་གི་ལས་ལ་འཇུག་པ་བཞིན་དུ། འབྲས་བུ་ལ་བྲོད་པ་སྐྱེས་ནས་རྒྱུ་ལ་ནན་ཏན་སྐྱེད་པས་སོ། །ཡང་ཐབས་གཉིས་པར་སྟོན་པ་ནི། འབྲས་བུ་དེ་ལྟ་བུ་ཐོབ་པར་བྱེད་པ་ལ་ཐབས་དགོས་པས་ལེའུ་དགུས་ཐབས་ཀྱི་རྒྱུད་བསྐྱེད་རྫོགས་གཉིས་བསྟན་ཏོ། །ཐབས་དེ་ཉམས་སུ་ལེན་པ་ལ་གང་ཟག་དགོས་པས། ལེའུ་བཅུ་པར་རྟེན་གྱི་གང་ཟག་གི་མཚན་ཉིད་དབང་བསྐུར་བསྟན་ཏེ་གསུམ་པར་རོ། །དེ་ལས་ཀྱང་དང་པོ་ལ་གཉིས་ཏེ། གླེང་གཞིའི་ཚིག་དེ་ཉིད་མཐར་ཐུག་འབྲས་བུའི་རྒྱུད་དང་སྦྱར་ཏེ་ཞུས་པ་དང༌། མཐར་ཐུག་སྦྱར་ཏེ་ཞུས་པ་ལས་ངོ་མཚར་བའི་ཚུལ་གྱིས་གཏང་རག་གི་ཚུལ་དུ་གནང་བ་བྱིན་པའོ། །དེ་ལ་ཞུ་བའི་དོན་ནི་སྟོན་པ་རྡོ་རྗེ་འཆང་གིས། ཁྱད་པར་གྱི་དོན་ཞུ་བ་ལ་སྤོབས་པ་བསྐྱེད་པར་བྱ་བའི་ཕྱིར། སྨིན་མཚམས་ཀྱི་མཛོད་སྤུ་དང༌། ཐུགས་དཔལ་གྱི་བེའུ་ལས་ཀྱང་འོད་ཟེར་ཕྱུང་སྟེ། ཞལ་འཛུམ་པ་མཛད་ནས། རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་ཞུ་བ་པོ་ངེས་པར་བྱ་བའི་ཕྱིར། རྡོ་རྗེ་སྙིང་པོ་ལ་ཞུས་ཤིག་པར་གནང་བ་བྱིན་པ་དང༌། དེ་ཉིད་ཀྱི་མདོ་ལ། རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ། རྗེ་བཙུན་གསང་བྱ་ལས་ཆེས་ཤིན་ཏུ་གསང་བའང་བཤད་དུ་གསོལ། ཞེས་ཞུས་པའོ། །དོན་ནི་སྐུ་གསུང་ཐུགས་གསང་བའང་བཤད་དུ་གསོལ་ཞེས་པ་དང༌། སྙིང་པོ་ཕྱག་བཅུ་དྲུག་པ་སྟེ། ཤིན་ཏུ་ཆེས་གསང་བའང་བཤད་དུ་གསོལ་ཞེས་སོ་སོར་སྦྱར་རོ། །སྙིང་པོ་རྗེ་བཙུན་ཞེས་པ་ནི་བླ་མར་གྱུར་པས་ནའོ། །གསང་བ་ནི་རྣལ་འབྱོར་གྱི་རྒྱུད་དུའང་གསང་བའོ། །ཤིན་ཏུ་ཆེས་གསང་བ་ནི་ཕར་ཕྱིན་པ་ལ་གསང་བའོ། །ལན་གྱི་སྐབས་ན་ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །བྱང་ཆུབ་སེམས་དཔའ་ནི་དམིགས་པ་བྱང་ཆུབ་དང༌། སེམས་དཔའ་ལ་དམིགས་པས་སོ། །སེམས་དཔའ་ཆེན་པོ་ནི་བསྣན་པའོ། །རྡོ་རྗེ་སྙིང་པོ་ནི་མིང་ངོ༌། །སྙིང་རྗེ་ཆེན་པོ་ནི་ཡོན་ཏན་གྱི་སྒོ་ནས་བོད་པའོ། །ལེགས་སོ་གཉིས་ནི་བསྣན་པའོ། །དེ་དག་ནི་རྡོ་རྗེ་སེམས་དཔའ་དང་ཞེས་པ་ལ་སོགས་པས་ནི་ཕྱག་གཉིས་པ་ནས། བཅུ་དྲུག་པའི་བར་དུ་ཉོན་ཅིག་ཅེས་པའོ། །ཐུན་མོང་གི་འབྲས་བུ་ལ་ཞུས་པ་དང་ལན་གྱི་སྐབས་ན། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་པ་ལ་དོན་ནི། སྐུ་རྡོ་རྗེ་དེ་ལ་རྒྱུ་མཚན་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ། ཞེས་པའོ། །དེ་ལ་རྡོ་རྗེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ། དེ་ལ་མཚན་མ་དང་རྣམ་རྟོག་གམ་གཟུང་འཛིན་གྱིས་མི་ཕྱེད་པས་ན། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་སོ། །སེམས་དཔའ་སྲིད་པ་གསུམ་ནི་ཁམས་གསུམ་སྟེ། ཆོས་ཅན་སོ་སོ་བ་དེ་དག་ཀྱང་ཆོས་ཉིད་དེ་བཞིན་ཉིད་དུ་རོ་གཅིག་ཅིང་དེས་ཁྱབ་པས་སོ། །འདིས་ནི་ཟེར་ཡང་དེ་བཞིན་ཉིད་དེས་ཀུན་ལ་ཁྱབ་ཅིང༌། མི་ཕྱེད་པ་ཞེས་པའི་ཤེས་རབ་ཀྱི་རིགས་པ་འདི་ཡིས་ནི། ཞེས་སྦྱར་རོ། །འོ་ན་རྡོ་རྗེ་སེམས་དཔའ་དེ་ལ་མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་སྐུ་རྡོ་རྗེ་ཞེས་ཅི་སྟེ་བྱ་ཞེ་ན། ཆོས་ཀྱི་དབྱིངས་དེས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པས་ན་སྐུའོ། །འོ་ན་སྐུ་རྡོ་རྗེ་གདུལ་བྱ་ལ་ཅིའི་རྣམ་པར་སྣང་ཞེ་ན་ཐུན་མོང་གི་རྣམ་པ་ནི་མཚན་དཔེ་འབར་བར་སྣང་ལ། ཐུན་མོང་མ་ཡིན་པའི་རྣམ་པ་ཕྱག་གཉིས་པར་སྣང་ངོ༌། །ཐུན་མོང་མ་ཡིན་པའི་རྣམ་པ་དེ་ལྟར་སྣང་བ་ཅིས་ཤེ་ན། དེས་ནི་ཆོས་ཅན་དག་པ་དང་མ་དག་པ་ལ་ཡོད་པའི་དེ་བཞིན་ཉིད་གཉིས་མཚོན་པའོ། །གསུང་རྡོ་རྗེ་དེ་ལ་ཇི་ལྟར་ན་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། ཡེ་ཤེས་ཆེན་པོའི་རོས་གང་བས། །ཞེས་ཏེ་ཡེ་ཤེས་ལྔ་པོ་དེ་ཉིད་ཇི་ལྟར་ཐུགས་སུ་ཆུད་པ་བཞིན་གཞན་ལ་སྟོན་པའི་གསུང་འབྱུང་བ་མཚོན་པས་ན་ཡེ་ཤེས་ཆེན་པོའོ། །རོས་གང་བ་ནི་རོ་དང་གསུང་དེ་ལ་མགྲིན་པར་ཐིམ་པ་དང༌། མགྲིན་པ་ལས་འབྱུང་བ་དང་ཆོས་མཐུན་ཡོད་པས་ན་རོས་གང་བའོ། །སེམས་དཔའ་ཆེན་པོ་དེ་ལ་གསུང་རྡོ་རྗེ་ཞེས་ཅི་སྟེ་བྱ་ཞེ་ན། མ་དག་པའི་གནས་སྐབས་ན་འབྱུང་བ་བཞིའི་རླུང་སྦྱངས་པ་ལས། འབྲས་བུའི་དུས་ན་ཟག་པ་མེད་པའི་རླུང་བཞི་ལ་བརྟེན་ནས། སེམས་ཅན་སྣ་ཚོགས་ཀྱི་སྐད་དུ་ཆོས་གསུང་བ་མཚོན་ལ། མཚོན་བྱེད་དེ་ཉིད་ཀྱིས་གདུལ་བྱ་ལ་ཕྱག་བཞི་པའི་རྣམ་པར་འབྱུང་ངོ༌། །ཐུན་མོང་གི་རྣམ་པ་ནི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་འབྱུང་ངོ༌། །ཐུགས་རྡོ་རྗེ་དེ་ལ་ཅི་དམ་ཚིག་སེམས་དཔའ་ཞེས་བྱ་ཞེ་ན། མ་དག་པ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེས། རྒྱུ་ལམ་གྱི་དུས་ན་བཟའ་བསྲུང་གི་དམ་ཚིག་ལ་རྟག་ཏུ་ལོངས་སྤྱོད་པའི་ཕྱིར། དམ་ཚིག་སེམས་དཔའ་འོ། །ཐུགས་རྡོ་རྗེ་ཕྱག་དྲུག་པའི་རྣམ་པར་འབྱུང་བ་ཅིས་ཤེ་ན། མ་དག་པའི་ཚོགས་དྲུག་གནས་གྱུར་པ་ལས་ཡེ་ཤེས་ལྔ་འབྱུང་བ་མཚོན་པའོ། །ཐུན་མོང་གི་རྣམ་པ་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པའི་ཐུགས་སུ་སྣང་ངོ༌། །ཐུན་མོང་མ་ཡིན་པའི་འབྲས་བུ་སྙིང་པོ་ཀྱེའི་རྡོ་རྗེ་ནི། མིང་བསྡུས་པས་ནི་ཇི་ལྟ་བུ། །ཞེས་པ་ལ་སོགས་པ་སྟེ། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །ནི་དམིགས་པ་མེད་པའི་སྙིང་རྗེའོ། །བཛྲའང་ཤེས་རབ་ནི་དམིགས་པ་མེད་པའི་ཤེས་རབ་བོ། །འོ་ན་སྙིང་རྗེ་དང་ཤེས་རབ་ལམ་མིན་ནམ་སྙམ་ན། དམིགས་པ་དང་བཅས་པའི་སྙིང་རྗེ་དང་ཤེས་རབ་ནི་ལམ་ཡིན་ལ། འདིར་ནི་དམིགས་པ་མེད་པའི་སྙིང་རྗེ་དང༌། ཤེས་རབ་ལ་འབྲས་བུ་སཾ་པུ་ཊ་ལས་བཤད་དོ། །སྙིང་པོ་ཀྱེའི་རྡོ་རྗེ་དེ། ཕྱག་བཅུ་དྲུག་པ། ཞལ་བརྒྱད་པ། ཞབས་བཞི་པའི་རྣམ་པར་འབྱུང་བ་ཅི་ཞེ་ན། སྟོང་པ་བཅུ་དྲུག་དང༌། རྣམ་ཐར་བརྒྱད་དང༌། བསྡུ་དངོས་བཞིས་མཚོན་པའི་བརྡར་བྱུང་བའོ། །ཐུན་མོང་གི་རྣམ་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་མཐར་ཐུག་པ་ས་བཅུ་གསུམ་པའི་རྣམ་པར་སྣང་ངོ༌། །དེ་ལྟར་ན་འབྲས་བུ་དེ་དག་ཀྱང་རང་གི་ངོ་བོའམ་སྒྲ་འཇུག་པའི་རྒྱུ་མཚན་དང༌། མཚན་གྱི་རྣམ་གྲངས་ཀྱིས་ཡོན་ཏན་གྱི་ཁྱད་པར་གཞན་བསྟན་པ་དང༌། ཐུན་མོང་བའི་རྣམ་པ་དང༌། ཐུན་མོང་མ་ཡིན་པའི་རྣམ་པ་དང་བཞི་བཞིས་ཤེས་པར་བྱའོ། །འབྲས་བུ་དེ་དག་ཀྱང་བརྗོད་བྱ་ནི་སྤྱི་དང་སྦས་པའི་མཐར་ཐུག་གཉིས་སྟོན་ལ། རྗོད་བྱེད་ནི་ཡན་ལག་གི་དོན་ནོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་པས་མཉན་པར་གདམས་པའི་དོན་ནི་རྒྱུད་གསུམ་དང་སྦྱར་ཏེ། བློས་ཞིབ་ཏུ་དབྱེ་བར་བྱའོ། །ལུས་རྣམ་པར་གཞག་པ་ཚིག་རྐང་བཅུ་དྲུག་ཡོད་པ་ལས། ལྟ་སྟངས་ནི་འོག་གི་ལྟ་སྟངས་ཀྱི་ལེའུའི་མདོར་བསྟན་ནོ། །དགུག་དང༌། དོན་བྱེད་རྣམ་མང་བརྗོད་པ་དང༌། རེངས་པར་བྱེད་པ་དང༌། སྐྲོད་པ་དང༌། སྡེ་རེངས་དང༌། མངོན་སྤྱོད་དང༌། དོན་བྱེད་དང༌། རྣམ་ཤེས་ཏེ། དེ་ལྟར་ཚིག་རྐང་བརྒྱད་ནི་སྔགས་ཀྱི་ལེའུའི་མདོར་བསྟན་ཏེ། དོན་བྱེད་ནི་དེ་བཞིན་གཤེགས་པ་ལྔའི་བསྐྱེད་པའི་ས་བོན་གྱི་ལུས་རྣམ་གཞག་ཡིན་ལ། རྣམ་ཤེས་ནི་རྐུན་པོ་ངོས་བཟུང་གིའོ། །དོན་བྱེད་རྣམ་པ་མང་པོ་ནི་ཆར་དབབ་ཀྱི་ལུས་སོ། །བརྡ་ཆེན་ནི་བརྡའི་ལུས་སོ། །ཇི་ལྟར་རིགས་པར་རྣལ་འབྱོར་མའི། །བསྐྱེད་དང་གནས་དང་བྱེད་རྒྱུ་ནི། །ལྷའི་ལེའུ་དང༌། རྣལ་འབྱོར་མའི་འཁོར་ལོ་འདུ་བའི་མདོར་བསྟན་ནོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ནི། ལྷའི་ལེའུ་དང༌། ལྷ་དབང་བསྐུར་བ། རྣལ་འབྱོར་མའི་འཁོར་ལོ་འདུ་བའི་བསྐྱེད་རིམ། གསུམ་ཀའི་ལུས་རྣམ་གཞག་ཏུ་འགྲོ་ལ། ཡེ་ཤེས་ནི་རྡོ་རྗེ་རིགས་ཀྱི་ལེའུ་དང༌། ལེའུ་ལྔ་པ་དང༌། བརྒྱད་པའི་རྫོགས་རིམ་གྱི་ཕྱོགས་ཀྱི་ལུས་སུ་འགྲོའོ། །སྤྱོད་པའི་ལེའུ་ནི་རིམ་པ་གཉིས་ཀྱི་དྲོད་ཐོབ་ནས་སྤྱོད་པ་བྱེད་པ་ཡིན་ལ། བསྐྱེད་རྫོགས་གཉིས་ཀྱི་ཤུགས་ལས་བསྟན་པས་ལུས་རྣམ་གཞག་ལོགས་པ་མེད་ཅེས་སྔ་མ་དག་གསུངས་ལ། བདག་ཅག་གི་དགེ་བའི་བཤེས་གཉེན་ནི། སྤྱོད་པ་ལ་གྲོགས་དགོས་ལ། གྲོགས་རྡོ་རྗེ་རྣལ་འབྱོར་མ་རྣམས་དང༌། མཚོན་ཞིང་འདྲིས་པར་བྱེད་པ་ལ་བརྡ་དགོས་པས་ན། བརྡ་ཆེན་སྤྱོད་པའི་མདོར་བསྟན་དུའང་འགྲོའམ་སྙམ་གསུང༌། བླ་ཆེན་པའི་ཡི་གེ་གཅིག་ན་དོན་བྱེད་སྤྱོད་པའི་ལུས་སུ་བྱས་ནས་འདུག་གསུང༌། ཡང་རྣམ་པར་དག་པའི་ལེའུ་ནི་རིམ་པ་གཉིས་ཀྱི་དག་བྱ་སྦྱང་གཞི་དང༌། སྦྱོང་བྱེད་རིམ་པ་གཉིས་ཀ་བསྒོམ་པའང་སྟོན་པས། གོང་མ་ཚོའི་ཤུགས་ལས་ཤེས་པར་བྱའི། ལུས་རྣམ་གཞག་ལོགས་པ་མེད་དོ། །དབང་གི་ལེའུ་ནི་ཐབས་ཉམས་སུ་ལེན་པའི་གང་ཟག་ཡིན་གྱི། ཐབས་དངོས་མ་ཡིན་པས་ལུས་རྣམ་གཞག་གི་ཁོངས་སུ་མ་འདུས་སོ། །དེ་ལ། ཇི་ལྟར་རིགས་པའི་རྣལ་འབྱོར་མའི། །ཞེས་པ་ལ་སོགས་པ་ནི། རྣལ་འབྱོར་མ་ཡི་བསྐྱེད་དང་ཞེས་སྦྱར། བསྐྱེད་ན་ཇི་ལྟར་བསྐྱེད་སྙམ་ན། བྱེད་རྒྱུ་དང་ཞེས་པ་སྟེ། མངོན་བྱང་ལྔའི་རིམ་པས་བསྐྱེད་པའོ། །གང་དུ་བསྐྱེད་ན་གནས་དང་སྟེ། རྟེན་གྱི་དཀྱིལ་འཁོར་གྱི་ནང་དུའོ། །གཞལ་ཡས་ཁང་རང་ཇི་ལྟར་བསྐྱེད་ན། ཇི་ལྟར་རིགས་པ་སྟེ། གཞིའི་ཡན་ལག་ཆོས་འབྱུང་དང༌། རྒྱུའི་འབྱུང་བ་རིམ་བརྩེགས་དང༌། རྐྱེན་རྣམ་ཤེས་ཞུགས་པ་ལས་རིམ་གྱིས་བསྐྱེད་པའོ། །ཐབས་རྒྱུད་ཐོག་མར་བསྟན་པའི་འཐད་པ་ནི། ཧེ་རུ་ཀ་ཞེས་པ་ནི་འབྲས་བུའི་ཧེ་རུ་ཀའོ། །དེ་བསྐྱེད་པ་ཡི་རྒྱུ་དང་པོར། རེ་ཞིག་གཅིག་ནི་བསྒོམ་པར་བྱ། །ཞེས་པ་སྟེ། དེ་ལའང་སྔོན་དུ་འགྲོ་བའི་རིམ་པ་གཉིས་ལས། སྒོམ་པའི་གོ་རིམ་ལས་བསྐྱེད་རིམ་སྔོན་དུ་སོང་ཡང༌། སྟོན་པའི་གོ་རིམ་ལ་སྔོན་ལ་རྫོགས་པ་སྟོན་པ་འགལ་བ་མེད་པས་རྫོགས་རིམ་བསྒོམ་པའོ། །དེ་ལའང་རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོ་གཉིས་ལས། དང་པོ་ལའང་རྟེན་རྩའི་འཁོར་ལོ་དང༌། སྡོམ་པའི་རབ་ཏུ་དབྱེ་བ་གཉིས་ལས་རྩའི་འཁོར་ལོ་བསྒོམ་པའོ། །ཡང་ན་ཧེ་རུ་ཀ་ནི་རང་བྱུང་གི་ཡེ་ཤེས་སོ། །དེ་བསྐྱེད་པའི་རྟེན་ནམ་རྒྱུ་ནི་རྩའི་འཁོར་ལོ་སྟེ་བསྒོམ་པའོ། །ཡང་ན་ཧེ་རུ་ཀ་ནི་འབྲས་བུའི་ཧེ་རུ་ཀའོ། །དེ་བསྐྱེད་པའི་རྒྱུ་ནི་མངོན་བྱང་ལྔའི་རིམ་པས་བརྟེན་པ་ལྷ་བསྐྱེད་པ་སྟེ། རྟེན་དང་བརྟེན་པར་བཅས་པའི་གཞལ་ཡས་ཁང་བསྐྱེད་པའོ། །འོ་ན་གོང་དུ། ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐོག་མར་བསྒོམ་པ་ལ་འཇོག་ན། གཞུང་འདིར་ཐོག་མར་བསྐྱེད་རིམ་སྒོམ་པའི་གཞུང་གསལ་བ་མི་གདའ་བ་ཞུས་པས། བརྗེད་གསུང་ལོ། །བདག་ཅག་གི་དགེ་བའི་བཤེས་གཉེན་པ་ནི། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་ཟེར་བས་ཐོག་མར་བསྐྱེད་རིམ་བསྒོམ་པ་འདིས་གསལ་ལམ་སྙམ་གསུང་ངོ༌། །དེ་ལ། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་པ་ནི་ལྷའི་འཁོར་ལོ་བསྒོམ་པ་སྟེ། ཐ་མལ་གྱི་རྣམ་རྟོག་སྤངས་ནས་གྲོལ་ཞེས་པའོ། །ཐ་མལ་གྱི་རྣམ་རྟོག་མ་སྤངས་ན་མི་གྲོལ་བས། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་སོ། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །ཞེས་པ་ནི་ལྷའི་རྣམ་པར་བསྒོམ་པས་སོ། །ལྷར་བསྐྱེད་ཀྱང་གཟུང་འཛིན་ཡོད་པས་མི་གྲོལ་ལམ་སྙམ་ན། དངོས་པོ་མེད་པའང་ཡོངས་ཤེས་པ་སྟེ། དེ་བཞིན་ཉིད་ཀྱི་དག་པ་སྟོང་པ་ཉིད་བསྒོམ་པ་སྟེ། རྟོགས་པས་དངོས་པོ་སྟེ། ལྷའི་སྐུ་སྒོམ་གྱུར་ཤེས་རབ་ཅན་ནོ། །དངོས་པོ་མེད་པར་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ་སྟེ། །རྫོགས་པའི་རིམ་པ་གཉིས་ཀྱིས་རྒྱས་ཐེབས་པར་བྱས་ལ་བསྐྱེད་རིམ་བསྒོམས་ན་གྲོལ་ཞེས་པའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པ་ལ། རང་བཞིན་ལྷན་ཅིག་སྐྱེས་པ་ལྟར་སྦྱར་ན། ལུས་ནི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ། རང་གི་ངང་གིས་རང་ཆས་སུ་དུས་སམ་གནས་སྐབས་ཐམས་ཅད་དུ་གནས་པའོ། །ཡེ་ཤེས་དེའི་མཚན་ཉིད་ཇི་ལྟ་བུ་སྙམ་ན། རྟོག་པ་ཐམས་ཅད་ཡང་དག་སྤང༌། །ཞེས་པ་སྟེ། རང་བཞིན་གྱིས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །ཡེ་ཤེས་དེས་སེམས་ཅན་ཀུན་ལ་ཁྱབ་ཅིང་གནས་པས་ན། དངོས་པོ་ཀུན་ལ་ཁྱབ་པ་པོ། །དེའང་ཆོས་དང་ཆོས་ཅན་གྱི་ཚུལ་གྱིས་ལུས་ལ་གནས་ཀྱང༌། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལྟར་མ་སྐྱེས་པས་སོ། །ལྷན་ཅིག་སྐྱེས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྟར་སྦྱར་ན། ལུས་ནི་སྒྲུབ་པ་པོ་ཀྱེའི་རྡོ་རྗེར་བསྐྱེད་པའི་ལུས་སོ། །ལུས་དེ་ལ་རྩ་གནས། རྩ་ལ་བྱང་སེམས་གནས། དེ་ལ་བདེ་བའམ་མི་རྟོག་པ་གནས་པས་ན་སྟེ། བདེ་བ་ལ་མི་རྟོག་པས་བརྒྱན་པའོ། །དེ་ཉིད་ཀྱི་མཚན་ཉིད། རྟོག་པ་ཐམས་ཅད་ཡང་དག་སྤང་སྟེ། གློ་བུར་གྱི་དྲི་མ་དང་ཡང་བྲལ་བས་སོ། །རང་ལ་ནང་དུ་རྟོགས་པ་བཟང་པོ་སྐྱེས་ན། སྣང་བ་ཐམས་ཅད་བདེ་སྟོང་དུ་འཆར་བས། དངོས་པོ་ཀུན་ལ་ཁྱབ་པའོ། །དེ་ཡང་ལུས་ལ་རྩ་དང་རླུང་དང་བྱང་སེམས་གནས་ལ། རྒྱུ་འབྲས་ཀྱི་ཚུལ་དུ་མ་སྐྱེས་པས། ལུས་གནས་ལུས་ལས་མ་སྐྱེས་པའོ། །བརྗོད་བྱ་ནི་སྦས་པ། རྗོད་བྱེད་ནི་ཡན་ལག་གི་དོན། མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ལ་གནས་པ། དེས་ཇི་ལྟར་གནས་པའི་དབང་དུ་བྱས་ནས་རྟོགས་པའི་ལྟ་བ་བསྟན་པ་སྟེ། བསྐྱེད་རིམ་སྒོམ་པ་དང་འབྲེལ་བས་མཆོག་གི་མངོན་རྟོགས་སོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། ཁ་སྦྱོར་གྱི་བརྟག་པ་དང་པོའི་དང་པོ་ལས། ལུས་སོགས་སྟོང་པའི་ས་གཞི་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་པ་དང༌། ཡང༌། དང་པོར་སྟོང་ཉིད་བསམས་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་འཁྲུད། །ཅེས་སོགས་གསུངས་སོ། །ཡང་དང་པོའི་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནང་དོན་དུ་བཤད་པས་ཀྱང་ཤེས་ལ། ཡང་བརྟག་པ་དྲུག་པ་ལས་ཀྱང་ཤེས་སོ། །རྡོ་རྗེའི་ལུས་ཞེས་པ་ནི། ཀྱེའི་རྡོ་རྗེར་བསྐྱེད་པའི་ལུས་སོ། །རྩ་རྣམས་སུམ་ཅུ་རྩ་གཉིས་ཏེ། །ཞེས་པ་མིང་གི་དབྱེ་བའོ། །བྱང་སེམས་སུམ་ཅུ་རྩ་གཉིས་འབབ། །ཅེས་པ་བྱེད་པའི་ལས་ཏེ། སྒྲུབ་པ་པོས་ལམ་དུ་བྱས་ན་ལུས་ལ་བདེ་བ་སྐྱེ་བས་ན། བདེ་བ་ཆེན་པོའི་གནས་སུ་འཛག་པ་སྟེ། སྐྱེ་བའི་གནས་མཐའ་དག་གི་དབང་དུ་བྱས་ན་འཁོར་ལོ་བཞིར་འཛག་པའོ། །སྐྱེ་བའི་གནས་གཙོ་བོ་ནི་ལྟེ་བའོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་དབང་དུ་བྱས་ནས། བདེ་བ་ཆེན་པོའི་གནས་ནི་མཆོག་གི་རྩ་གསུམ་སྟེ། འཁོར་ལོ་འདི་ན་རྐྱང་མ་ནས་མི་བསྐྱོད་པ་འབབ་པ་དང༌། རོ་མ་ནས་ཁྲག་འབབ་པ་དང༌། ཀུན་འདར་མ་ནས་བྱང་སེམས་འབབ་པར་བཤད་ལ། ཡང་རོ་རྐྱང་གཉིས་ནས་དྲི་ཆེན་དང༌། དྲི་ཆུ་འབབ་པར་བཤད་པ་དང༌། ཀུན་འདར་མ་ནས་ཁུ་ཁྲག་གཉིས་ཀ་འབབ་པར་བཤད་པའང་མི་འགལ་ཏེ། རོ་རྐྱང་གཉིས་ནས་ཁྲག་དང་ཁུ་བ་འབབ་པར་གསུངས་པ་ནི། ལྟེ་བ་ཡན་ཆད་ལུས་ཀྱི་སྟོང་ནས་འབབ་པ་ཡིན་ལ། དྲི་ཆེན་དང་དྲི་ཆུ་འབབ་པར་བཤད་པ་ནི། ལུས་ཀྱི་སྨད་ནས་འབབ་པས་མི་འགལ་གསུང༌། ཡང་དབུ་མ་ནས་ཁུ་ཁྲག་གཉིས་ཀ་འབབ་པར་བཤད་པ་ནི། སྨན་ན་ཁྲག་མོད་ལ་སྟོད་ནས་ཐིག་ལེ་འབབ་པས་མི་འགལ་གསུང༌། རྐྱང་མ་ཤེས་རབ་རང་བཞིན་གྱིས། །ཞེས་པ་ལ། སྒྲ་པ་རྣམས་ཀྱི་དེ་ཉིད་ལ། གཡོན་པ་ཤེས་རབ་བུད་མེད། ཅེས་བྱ་སྟེ། བདེ་བའམ་མི་རྟོག་པ་སྐྱེད་པས་སམ། ཁ་འོག་ཏུ་བརྐྱང་པས་ན་རྐྱང་མའོ། །ཐབས་ཀྱིས་རོ་མ་ཡང་དག་གནས། །ཞེས་པ་ནི་ཐབས་རོ་མ་སྐྱེས་པ། ཞེས་སྒྲ་པ་རྣམས་ཐ་སྙད་འདོགས་ཏེ། རོ་མ་ནས་མེ་སྦར་བས་རྐྱང་མ་ནས་བྱང་སེམས་ཕབ་པས་བདེ་བའམ་མི་རྟོག་པ་བསྐྱེད་པའི་ཐབས་སུ་འདུག་པས་ནའོ། །ཀུན་འདར་མ་ནི་དབུས་གནས་སོ། །ཞེས་པ་གནས་ལུས་ཀྱི་བར་ན་གནས་ལ། བདེ་སྟོང་ཟུང་དུ་ཆུད་པར་སྐྱེ་བས་ནའོ། །མི་ཕྱེད་མ་དང་ཞེས་པ་ལ་སོགས་རྩ་འདི་རྣམས་ལ་དོན་བཞི་སྟེ། འདི་རྣམས་ཀྱི་མིང་ཅི་ཡིན་པ་དང༌། གནས་གང་ན་གནས་པ་དང༌། ལྷ་མོ་གང་གང་རྣམ་པར་དག་པ་ཡིན་པ་དང༌། བྱེད་པའི་ལས་སོ། །དེ་ལ་མིང་ནི་གཞུང་ཉིད་ན་གསལ་ལོ། །གནས་ནི་སྤྱི་བོ་དང༌། སྤྱི་གཙུག་དང༌། ལྟག་པ་ལ་སོགས་པ་ན་གནས་སོ། །ཞེས་སྦྱར་རོ། །ལྷ་མོ་གང་དག་པ་ཡིན་ན། མི་ཕྱེད་མ་དང་ཕྲ་གཟུགས་མ། །རྒྱལ་བས་རྡོ་རྗེ་མ་རུ་གསུངས། །ཞེས་པ་ལ་སོགས་པ་སྦྱར་རོ། །བྱེད་པའི་ལས་ནི་ལམ་དུ་མ་བྱས་ན་འཁོར་བའི་ཆོས་བུ་ཚ་ལ་སོགས་པའི་སོ་དང་སེན་མོ་ལ་སོགས་པ། ལུས་ཀྱི་ཆ་ཤས་རྣམས་སྐྱེད་པར་བྱེད་ཅིང༌། ལམ་དུ་བྱས་ན་བདེ་བའམ་མི་རྟོག་པ་སྐྱེད་པར་བྱེད་དོ། །རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཇི་ལྟ་བུ་ལགས། ཞེས་པ་ནི་སྤྱིའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་དྲིས་པའོ། །སྲིད་གསུམ་ཡོངས་གྱུར་ཞེས་པ་ནི་སྤྱིའི་དོན་དུ་བཤད་ན། འདོད་པ། གཟུགས། གཟུགས་མེད་གསུམ་མོ། །བསྐྱེད་པའི་རིམ་པ་དང་སྤྱིའི་དོན་དུ་བཤད་ན་སྐུ་གསུང་ཐུགས་བསྡུས་པའི་དོན་གསུམ་མོ། །སྦས་དོན་དུ་བཤད་ན། རྩ་གསུམ་མམ། ཞུ་བདེ་མི་རྟོག་པ་གསུམ་མོ། །ཡོངས་གྱུར་ཏེ། དེ་དག་ལམ་དུ་བྱས་ན་བདེ་བའམ་མི་རྟོག་པ་སྐྱེ་སྟེ། དེ་ཐམས་ཅད་ཀྱང་ནུབ་ཅིང་སྤངས་པས་རང་བཞིན་ལྷན་སྐྱེས་ལ། གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱའོ། །ལམ་དུ་མ་བྱས་ན་འཁོར་བའི་ཆོས་བུ་ཚ་ལ་སོགས་པ་སྐྱེད་པར་བྱེད་པས་ན། ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟགས། །ཞེས་པའོ། །བརྗོད་བྱ་ནི་སྦས་པ། རྗོད་བྱེད་ཡན་ལག་གི་དོན། མངོན་པར་རྟོགས་པ་ནི་བསྐྱེད་རིམ་སྔོན་དུ་སོང་ནས། རྫོགས་པའི་རིམ་པ་རང་བྱིན་བརླབ་བསྒོམ་པ་སྟེ། མཆོག་གི་མངོན་རྟོགས་དང་འབྲེལ་ལོ། །བཤད་པའི་རྒྱུད་གང་གིས་ཤེས་ཤིང་ཁོང་དུ་ཆུད་ན། ཁ་སྦྱོར་ཐིག་ལེའི་བརྟག་པ་དང་པོའི་གཉིས་པ་ལས། ཡེ་ཤེས་ཆེན་པོ་རང་ལུས་གནས། །ཞེས་པས་སོགས་པ་གསུངས་པ་དང༌། ཡང༌། རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་པ་ནས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པའི་བར་གྱིས་བསྟན་ཏོ། །ཡང་བརྟག་པ་དྲུག་པ་ལས། མི་ཕྱེད་མ་དང་ཕྲ་གཟུགས་མ། །སོ་དང་སེན་མོ་འབབ་པར་བརྗོད། །ཅེས་པ་དང་སྦྱར་རོ། །སྡོམ་པའི་རབ་ཏུ་དབྱེ་བ་ཞེས་པ་ནི་བཞི་སྟེ། གང་བསྡམ་པ་དང༌། གང་དུ་བསྡམ་པ་དང༌། ཐབས་གང་གིས་སྡོམ་པ་དང༌། སྡོམ་པ་རང་གི་ངོ་བོའོ། །གང་བསྡམ་ན་ཇི་སྙེད་པའི་ཆོས་ཇི་ལྟ་བ་བཞིན་དུ་སྡོམ་པའམ། མཚན་མ་དང་རྣམ་རྟོག་སྡོམ་པས་སྡོམ་པའོ། །གང་དུ་བསྡམ་ན་སྐྱེ་བའི་གནས་མཐའ་དག་ནི་འཁོར་ལོ་བཞི་དང༌། རྩ་སུམ་ཅུ་རྩ་གཉིས་ཡིན་ལ། གནས་གཙོ་བོ་ནི་ལྟེ་བའོ། །ཐབས་གང་གིས་སྡོམ་ན་ཐེག་ལེ་འབར་འཛག་གིས་སོ། །སྡོམ་པ་རང་གི་ངོ་བོ་ནི། ཕྱི་རོལ་ཏུ་ཉན་ཐོས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོབ་སྡོམ་པའམ། བྱང་སེམས་མི་དགེ་བ་བཅུ་འཁོར་དང་བཅས་པ་སྡོམ་པ་ལ་སྡོམ་པ་ཟེར་ལ། འདིར་ནི་མཚན་མ་དང་རྣམ་རྟོག་སྡོམ་པ་ལ་བྱའོ། །དེ་ལ་ཨཱ་ལི་དང་ཀཱ་ལི་ནི་ཟླ་བ་དང་ཉི་མ་ཞེས་བྱ་བ་ལ། ཨཱ་ལིའི་བརྡས་བསྟན་པ་ཕ་ལས་ཐོབ་པའི་བྱང་སེམས་ཟླ་བ་ལྟར་དཀར་བ་ནི་ཟླ་བ་ཡིན། ཀཱ་ལིའི་བརྡས་བསྟན་པའི་ཡུམ་ལས་ཐོབ་པའི་རཀྟ་ཉི་མ་ལྟར་དམར་བ་ནི་ཉི་མའོ། །ཤེས་རབ་དང་ཐབས་ཞེས་པ་རྐྱང་མ་དང་རོ་མའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་ནི་རྩ་གསུམ་སྟེ། དེ་ཡང་ཆོས་དང་ཞེས་པ་དབུ་མར་རླུང་སེམས་ཆུད་ཙམ་ན། མཚན་མ་དང་རྣམ་རྟོག་ཐམས་ཅད་ནུབ་པས་ཆོས་སྐུའོ། །རྐྱང་མ་ནས་ཐིག་ལེ་འབབ་པས་བདེ་བ་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའོ། །རོ་མ་ནས་མེ་སྦར་ཞིང་སྤྲུལ་པས་ན་སྤྲུལ་པའི་སྐུའོ། །སྐུ་གསུང་ཐུགས་ནི་ཞུ་བ་བདེ་བ་མི་རྟོག་པ་གསུམ་མོ། །བསྡུས་པའི་དོན་གྱིས་བཤད་པའོ། །ཨེ་ཝཾ་མ་ཡ་ནི། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཞེས་པ་ལ། དེ་ཉིད་ཡི་གེ་ན་ཨེ། འབྱུང་བ་ནས། ལྷ་མོས་རྣམ་པར་དག་པ་སངས་རྒྱས་སྤྱན་བསྒོམ་པའོ། །འོག་མ་གསུམ་ལའང་དེས་བསྒྲེའོ། །རྟེན་འཁོར་ལོབ་ཞི་ཡོད་པས་དེ་ལ་བརྟེན་པའང་བཞིར་བཞག ཅེས་པ་ནི། འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག །ཅེས་པའོ། །རྣམ་པར་སྨིན་པ་དང༌། ཞེས་པ་ནི། ཐོག་མར་ལྟེ་བར་ཐིག་ལེ་འབར་འཛག་བྱེད་པ། དེ་བྱ་བ་མང་བས་ན་རྣམ་པ་སྣ་ཚོགས། སྐད་ཅིག་གཉིས་པ་ཉམས་མྱོང་ཆེ་ལ་བྱ་བ་ཆུང་བས་ན་རྣམ་པར་སྨིན་པའོ། །སྐད་ཅིག་གསུམ་པ་ལ་བདེ་བ་ལ་མི་རྟོག་པས་བརྒྱན་པས་ན་རྣམ་པར་ཉེད་པའོ། །སྐད་ཅིག་མ་བཞི་པ་ལ་བདེ་སྟོང་ཟུང་དུ་ཆུད་དེ་དབྱེར་མི་ཕྱེད་པར་སྐྱེ་བས་ན་མཚན་ཉིད་དང་བྲལ་བའོ། །ཐོག་མར་ལྟེ་བའི་གནས་སུ་རླུང་སེམས་དབུ་མར་འཛུད་པ་ལ་ཐབས་སྣ་ཚོགས་དགོས་པས་སྡུག་བསྔལ་ལོ། །ཆོས་ཐམས་ཅད་སྙིང་ངམ་སེམས་ལས་བྱུང་བས་ན་ཀུན་འབྱུང་ངོ༌། །མགྲིན་པ་དེ་རོ་འགོག་པའི་གནས་ཡིན་པས་ནའམ། རྣམ་རྟོག་འགགས་པས་ན་འགོག་པའོ། །སྤྱི་བོ་དེ་རྟེན་ཐིག་ལེ་འབྱུང་བའི་ལམ་ཡིན་པས་ན་ལམ་མོ། །བདག་གི་དེ་ཁོ་ན་ཉིད་ཅེས་པ་ལྟེ་བའི་གནས་སུ་ཙཎྜཱ་ལཱི་བསྒོམ་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་པ་མགྲིན་པར་ཙཎྜཱ་ལཱི་འབར་འཛག་བྱེད་པ་དེས་མཚན་མ་དང་རྣམ་རྟོག་ལས་ཡིད་སྐྱོབ་པས་སྔགས་སོ། །དེ་ཉིད་མགྲིན་པར་མངོན་དུ་བྱས་ཙམ་ན། བདེ་བ་ལ་རོལ་ཞིང་ལུས་ལས་འབྱུང་བས་ལྷའོ། །དེ་ཉིད་སྤྱི་བོར་མངོན་དུ་བྱས་ཙམ་ན་བདེ་སྟོང་དབྱེར་མི་ཕྱེད་པས་ན། ཡེ་ཤེས་ཀྱི་དེ་ཁོ་ནའོ། །དགའ་བ་བཞི་ནི་སྐད་ཅིག་མ་བཞི་དང་སྦྱར་རོ། །གནས་བརྟན་ཞེས་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་དེ། ལམ་དུ་བྱས་ན། ཙཎྜཱ་ལཱིའི་ཡེ་ཤེས་བསྐྱེད་པའི་ཐོག་མར་ཡང་འགྲོ་ལ། ལམ་དུ་མ་བྱས་ཙ་ན་ལུས་འགྲུབ་པའི་ཐོག་མར་རྟེན་ནམ་གནས་སུ་འགྲོ་བས་སོ། །ཆོས་ཐམས་ཅད་སྙིང་ངམ་སེམས་ལ་ཐ་སྙད་འདོགས་པས་ན་སྙིང་ག་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱའོ། །མགྲིན་པ་དེ་རོ་ཀུན་གྱིས་བཀུར་བས་ན་ཀུན་བཀུར་རོ། །རྟེན་བྱང་སེམས་ཕལ་ཆེར་སྤྱི་བོ་ན་གནས་པས་ན་ཕལ་ཆེན་སྡེ་པའོ། །ཟླ་བ་དང་ཉི་མ་ཞེས་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། གཡོན་རྐྱང་མ་ནས་བྱང་སེམས་ཟླ་བ་ལྟར་དཀར་བ་འབབ་པས་ཟླ་བ། གཡས་རོ་མ་ནས་རཀྟ་ཉི་མ་ལྟར་དམར་བ་གནས་པའམ་འབབ་པས་ཉི་མའོ། །ཨཱ་ལི་དང་ཀཱ་ལི་ཞེས་པ་ནི། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་ཕྲག་གཉིས་དང༌། ཀཱ་ལི་སོ་གཉིས་གཡོན་སྐོར་དང༌། གཡས་སྐོར་དུ་བཀོད་པའོ། །དབྱུ་གུ་དྲུག་ཅུ་རྩ་བཞི་ནི་ཆུ་ཚོད་སུམ་ཅུ་རྩ་གཉིས་ལས། ཆུ་ཚོད་རེ་རེ་ལ་དབྱུ་གུ་གཉིས་གཉིས་བརྡེག་པས་ན། དབྱུ་གུ་དྲུག་ཅུ་རྩ་བཞིར་འཇོག་སྟེ། དེ་ཡང་ཕྱི་རོལ་ན་རྒྱལ་པོའི་ཕྱིའི་ཉིན་ཞག་གི་དུས་ཚོད་འཛིན་པའི་དབང་དུ་བྱས་ན་བ་རུ་ར་འབྲིང་པོ་རེའི་ལྗིད་དང་མཉམ་པ་ནི་གསེར་ཞོ་རེ་ཡིན་ལ། དེ་ལྟ་བུ་བརྒྱད་ལ་སྲང་གཅིག་བྱས་པའི་ཟངས་སྲང་བཅུ་གཉིས་ལ། དཔངས་སུ་སོར་བཞི་བརྩིགས་པ་ཅིག་ལ། ལྕགས་ར་ཏི་བདུན་དང་མཉམ་པའི་ཟངས་མ་ལ། སོར་དྲུག་ཏུ་བསྙད་པའི་ཐུར་མ་དེ་ཤོང་བའི་བུག་པ་ཕུག་སྟེ། ཟངས་ལ་སོགས་པའི་ནང་དུ་བཞག་ནས་ཁེངས་པ་དང༌། ཟག་པ་གཉིས་ཀ་ལ་དབྱུག་པ་རེ་བརྡེག་པས་ཆུ་ཚོད་ནི་གཅིག དབྱུ་གུ་ནི་གཉིས་སོ། །ཡང་ཆུ་ཚོད་གཉིས་ལ་རླུང་གཡས་ནས་གཡོན་དུ་འཕོ་བ་ནི་གཅིག་གོ །འཕོ་བ་གཉིས་ལ་ཐུན་ཆུང་གཅིག་གོ །ཐུན་ཆུང་གཉིས་པ་ཐུན་གཅིག་ཏུ་བྱས་པས་དེ་ལྟར་ན་ནང་གི་དབང་དུ་བྱས་ན་ཉིན་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། ཐུན་གཅིག་ལ་ནི་དེའི་བཞི་ཆ་གཅིག་རྒྱུ་ལ། དབྱུ་གུ་གཅིག་ལ་ནི་སུམ་བརྒྱ་དྲུག་ཅུ་རྩ་ཕྱེད་དང་བརྒྱད་རྒྱུའོ། །ཞེས་བྱ་བའི་བར་དུ་བསྒྲེས་ཏེ་ཤེས་པར་བྱའོ། །ཐབས་གང་གིས་སྡོམ་པའི་དབང་དུ་བྱས་ནས། ལྟེ་བར་གཏུམ་མོ་འབར་བ་ཡིས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་མངོན་པར་རྟོགས་པ་ནི། ཐོག་མར་འཁོར་ལོ་བཞི་དང༌། ལས་བྱེད་པའི་འཁོར་ལོ་གཉིས་དང༌། རྩ་གསུམ་གསལ་གདབ་སྟེ། དེ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། ཕྱི་སྐོར་ལ་འདབ་མ་དྲུག་ཅུ་རྩ་བཞི། ནང་སྐོར་ལ་བརྒྱད་དེ། དེ་དག་ཀྱང་ཁ་དོག་དམར་པོ་ཕྱི་སྐོར་གྱི་འདབ་མ་ལ་ཨཱ་ལི་ཕྲག་གཉིས་གཡོན་སྐོར། ཀཱ་ལི་སུམ་ཅུ་རྩ་བཞི་ལས། ཧ་ནི་སྤྱི་བོ་ན་གནས་ལ། ཀྵ་ནི་ཀྵ་ཡིག་རབ་ཏུ་འབར་བ་ཞེས་བྱ་བ། སུམ་མདོའི་གནས་ན་ཡོད་པས་སུམ་ཅུ་རྩ་གཉིས་པོ་དེ་གཡས་སྐོར་དུ་འགོད་དོ། །ནང་སྐོར་གྱི་འདབ་མ་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་འགོད་དོ། །ལྟེ་བ་ལ་ཨྃ་དགོད། ཆོས་ཀྱི་འཁོར་ལོའི་འདབ་མ་བརྒྱད་ལ། ཕྱོགས་ཀྱི་འདབ་མ་དབུས་དང་ལྔར། དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེ མཚམས་ཀྱི་འདབ་མ་ལ་ལྷ་མོ་བཞིའི་ས་བོན། ལྃ་མྃ་པྃ་ཏཱྃ་བཞི། འཁོར་ལོ་དང་ཡི་གེ་དེ་དག་ཀྱང་ཁ་དོག་ནག་པོར་གསལ་གདབ་བོ། །འཁོར་ལོའི་ལྟེ་བ་ལ་ཧཱུྃ་ཁ་ཐུར་ལ་བསྟན་པ་འགོད་པའམ་གསལ་གདབ་བོ། །མགྲིན་པའི་འདབ་མ་ལ་ཕྱོགས་བཞིར་ཡ་ར་ཝ་ལ་བཞི། མཚམས་སུ་གསུམ་གསུམ་པོར་ཏེ་དགོད། དབུས་སུ་ཨྃ་ཁ་གྱེན་ལ་བལྟས་པ། དེ་དག་ཀྱང་ཁ་དོག་དམར་པོར་གསལ་གདབ་བོ། །སྤྱི་བོ་ནི་ཁ་དོག་དཀར་བ། དབུས་ན་ཧྃ་ཁ་ཐུར་ལ་བསྟན་པ་འདབ་མ་སུམ་ཅུ་རྩ་གཉིས་ལ་ཨཱ་ལི་ཕྲག་གཉིས་དགོད་པའམ། ཡང་ན་ཡི་གེ་དང་བྲལ་བར་གསལ་གདབ་པའོ། །ལས་བྱེད་པའི་འཁོར་ལོ་གཉིས་ནི། བཤང་སྒོར་ཨྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་གཡོ་བའི་བ་དན་གྱི་མཚན་པ་གསལ་གདབ། སུམ་མདོའི་གནས་སུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། ཀྵ་ཡིག་རབ་ཏུ་འབར་བས་བརྒྱན་པ་གསལ་གདབ། ཡང་རྩ་གསུམ་ནི་གཡས་རོ་མ་ནི་ཁ་དོག་དམར་པོ་འབར་བའི་རྣམ་པ། གཡོན་རྐྱང་མ་ནི་ཁ་དོག་དཀར་པོ་འཛག་པའི་རྣམ་པ། དབུས་ཀུན་འདར་མ་ནི་ཁ་དོག་སྣ་ཚོགས་པའམ། ཡང་ན་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། པདྨའི་སྐུད་པ་ལྟར་ཕྲ་བ། ཆུ་ཤིང་གི་སྡོང་པ་ལྟར་དྲང་བ། འབྲུ་མར་གྱི་མར་མེ་ལྟར་གསལ་བར་གསལ་གདབ། ལུས་ཙོག་པུར་གནད་ལ་ཕབ་སྟེ། བཤང་སྒོའི་ཨ་ལང་འབྱེད་འཛུམ་གྱི་སྦྱོར་བས། སུམ་མདོའི་ཀྵ་ཡིག་བསྐྱོད་དེ་མེ་སྦར་བས་ལྟེ་བའི་ཨྃ་ལ་ཕོག་སྟེ། ཨྃ་འབར་བ་ལས་མེ་ལྕེ་དེས། རྐྱང་མ་འཛག་པའི་ལམ་ཡིན་པས་སྦར་བ་མི་ནུས་ལ། ཀུན་འདར་མ་ཡང་ཁ་དབྱེ་བར་མ་ནུས་པས། གཡས་རོ་མ་འབར་བའི་ལམ་ནས་སོང་སྟེ། སྙིང་གར་སོང་བ་དང༌། འཁོར་ལོའི་འདབ་མ་ལ་རྩ་ཡི་གེའི་དབྱིབས་སུ་གནས་པའི་ནང་ན། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གནས་པ་དེ་དག་སྐམ་ཞིང་བསྲེག ཡང་མགྲིན་པར་སོང་བ་ལས། མགྲིན་པ་ན་རྩ་སུམ་སྐོར་མ་ཞེས་བྱ་བ་ཡོད་པས། རྩ་མདུད་དེ་དགྲོལ་བར་མ་ནུས་ཏེ། ལྟེ་བའི་གནས་སུ་མེ་ལན་གསུམ་ལོག་པ་ལས། ལན་གསུམ་གྱི་ཐ་མལ་རྩ་མདུད་གྲོལ་ཏེ། འབར་བ་སྟོབས་ཆེ་བས་འཁོར་ལོའི་ལྟེ་བ་དང༌། འདབ་མ་ལ་རྩ་ཡི་གེའི་དབྱིབས་སུ་གནས་པའི་ནང་ན་ཁམས་བདུད་རྩིའི་དྭངས་མ་ཡོད་པ་རྣམས་ཀྱང་སྐམ་སྟེ། གཡས་ནས་ཞུགས་ནས་སྤྱི་གཙུག་གནད་ཀྱི་སྒོ་ཕྱེ་སྟེ། སྣ་གཡས་ནས་ཞུགས་ནས། ཕྱོགས་བཅུའི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བཞི་བཞུས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་སྣ་གཡོན་ནས་མེ་ཞུགས་པ་ལས། གཡས་ནས་ཐིག་ལེ་ཞུ་སྟེ། བདག་གི་སྣ་བུག་གཡོན་དུ་ཞུགས་ཏེ། དེ་བཞིན་དུ་སྤྱི་གཙུག་གི་འཁོར་ལོ་ཁེངས་ཁེངས་སུ་འབར་འཛག་ལ་བཞུ་བཏུལ་བྱའོ། །སྤྱི་གཙུག་ཁེངས་པ་དང་འབར་འཛག་རྒྱུན་བཅད་དེ། རོ་མའི་མེ་དེ་ཡར་ཧྃ་ལ་ཕོག་པས་རྫིང་ཁེངས་པ་བཏང་བ་ལྟར་ཐིག་ལེ་བབ་སྟེ། གཡས་འབར་བའི་ལམ་བསད་པར་མ་ནུས་ཤིང༌། ཀུན་འདར་མའི་ཁ་འོག་ཏུ་བལྟས་པས་དབྱེ་བར་མ་ནུས་ལ། གཡོན་རྐྱང་མ་ནས་ཞུགས་མགྲིན་པའི་འཁོར་ལོ་གསོས་བཏབ། དེ་ནས་སྙིང་གར་སླེབ་སྟེ། དེ་ནས་རྐྱང་མ་ལ་ལན་གསུམ་དཀྲིས་ནས་ཡོད་པས་དགང་དཀའ་བས། ཅུང་ཞིག་ཡུན་རིང་དུ་ཟག་པ་ལས་སྙིང་གའི་རྩ་དང་ཡི་གེ་ཐམས་ཅད་གསོས་བཏབ་སྟེ། ལྟེ་བའི་ཨྃ་ཡིག་གི་མེ་ལྕེ་ལ་ཐིག་ལེ་བབས་པས་ཀུན་འདར་མ་དྲོས་ཏེ། ཁ་བྱེ་བ་ལ་དེའི་ནང་བུ་གློག་གི་ཟེར་མ་ལྟ་བུ་མེ་ཆ་ཕྲ་བ་ཉུག་ཉུག་སོང་སྟེ། དེ་སྐད་དུ་སཾ་པུ་ཊའི་བརྟག་པ་དྲུག་པ་དངོས་ལས། སྐྲ་ཡི་རྩེ་མོ་བརྒྱ་སྟོང་ཚད། །གློག་གི་ཟེར་མ་མཉམ་པའི་འོད། །ཅེས་པའི་དོན་ནོ། །ཧྃ་ལ་ཕོག་པས་ཐིག་ལེའང་ཧ་ལས་བབས་ཏེ། གཡས་གཡོན་གཉིས་ཀྱི་འབར་འཛག་རྒྱུན་བཅད་ནས། སྟེང་རླུང་ཅུང་ཞིག་མནན་ཏེ། དབུ་མའི་གནས་སུ་འབར་འཛག་ལ་བློ་གཏད་ནས་སྒྲིམ་ལྷོད་རན་པར་བསྒོམ་པའོ། །དེ་ཡང་ལུས་ཀྱི་སྟོད་དུ་བློ་གཏད་དེ་འབར་འཛག་བྱས་ན་མི་རྟོག་པ་ཤས་ཆེ་ལ། སྨད་དུ་འབར་འཛག་ལ་བློ་གཏད་ན་བདེ་བ་ཤས་ཆེ་གསུང་ངོ༌། །ཚིག་གི་དོན་ནི། ལྟེ་བར་གཏུམ་མོ་འབར་བ་ཡིས། །ཞེས་སུམ་མདོའི་མེས་ལྟེ་བའི་ཨྃ་དྲག་ཏུ་འབར་བས། གཡས་རོ་མར་ཞུགས་ཏེ། སྙིང་གར་དེ་བཞིན་གཤེགས་པ་ལྔའི་ས་བོན་རྩ་ཡི་གེའི་དབྱིབས་སུ་ཡོད་པ་དེ་བསྲེགས་པས་ན། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །ཞེས་པའོ། །ལྷ་མོ་བཞིའི་ས་བོན་གྱི་ཡི་གེ་ཡང་བསྲེགས་པས་ན། སྤྱན་ལ་སོགས་པ་ཡང་བསྲེག་པའོ། །རི་བོང་ཅན་ནི་ཟླ་བ་ཡིན་ལ། དེའི་བརྡས་བསྟན་པའི་ཐིག་ལེ་ཧཾ་ལས་འཛག་ཅེས་པའོ། །ལེའུའི་མིང་ནི་རྡོ་རྗེ་རིགས་ཀྱི་ལེའུ་སྟེ། རྡོ་རྗེ་ནི་རྫོགས་རིམ་གཉིས་ཀྱིས་རྟོགས་པར་བྱ་བའི་རང་བྱུང་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པ་གཉིས་ཡིན་ལ། རིགས་ནི་རྒྱུ་སྟེ། ཡེ་ཤེས་དེ་གཉིས་རྟོགས་པའི་རྟེན་ནམ་ཐབས་སམ་རྒྱུར་གྱུར་པའི་རྩའི་འཁོར་ལོ་དང༌། རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་སོ། །ད་ནི་སྔགས་ཀྱི་ལེའུ་སྟོན་པ་ལས། དེ་ལ་མཚམས་སྦྱར་བ་ནི་གཉིས་གསུངས་ཏེ། སྤྱི་དོན་གྱི་མཚམས་སྦྱོར་ནི། རྒྱུད་འདིས་ཐོབ་པར་བྱ་བའི་འབྲས་བུའི་གཙོ་བོ་ནི་ས་བཅུ་གསུམ་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཡིན་ལ། དེ་ཐོབ་པར་བྱེད་པའི་ཐབས་རྒྱུའི་གཙོ་བོ་ནི། རང་བྱུང་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་གཉིས་ཀའང་ལེའུ་དང་པོ་འདིར་བསྟན་ལ། ཡང་དེ་འབའ་ཞིག་ཀྱང་མ་ཡིན་ཏེ། སྔགས་ཀྱི་བཟླས་པས་ཀྱང་འགྲུབ་པར་གསུངས་པས། དེའི་རྗེས་ལ་བསྟན་གསུངས་ཏེ། དེ་ཡང་སཾ་པུ་ཊ་ལས། རྡོ་རྗེ་སེམས་དཔའི་བཟླས་པ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །ཅེས་གསུངས་སོ། །ནང་དོན་གྱི་འབྲེལ་ནི། རྒྱུད་འདིའི་བརྗོད་པར་བྱ་བའི་དོན་གྱི་གཙོ་བོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ཉིད་དང་དེ་སྐྱེ་བའི་རྟེན་རྩའི་འཁོར་ལོ་དང་བཅས་ཏེ། ལེའུ་དང་པོར་བསྟན་ལ། རྩ་དེ་དག་ཏུ་རླུང་དང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པས་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པར་བྱེད་པས་ན་སྔགས་བསྟན་གསུང་ངོ༌། །སྔགས་ཞེས་པའི་སྤྱི་དོན་ནི་རྣམ་པ་ལྔར་རིགས་པར་བྱ་སྟེ། ངོ་བོ་དང༌། དབྱེ་བ་དང༌། ངེས་ཚིག་དང༌། དགོས་པ་དང༌། སྔགས་ཚན་དུར་གནས་པའོ། །དེ་ལ་ངོ་བོ་ནི་སེམས་རང་བཞིན་གྱི་འོད་གསལ་བ་ལ་འཇོག་སྟེ། བཤད་པའི་རྒྱུད་ལས། སྔགས་ཀྱི་བཟླས་པའི་ཆོ་ག་རིམ་ཡང༌། སེམས་ཀྱི་རྣམ་འཕྲུལ་ཡིན་པར་གསུངས་ཞེས་སོ། །དབྱེ་ན་དོན་དམ་པའི་སྔགས་དང༌། བརྡར་བཏགས་པའོ། །དང་པོ་ནི་སྟོང་པ་ཉིད་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་སྔགས་འབྱུང་བའོ། །གཉིས་པ་ནི་ཀཱ་ལིས་ཁོག་པ་བྱས། ཨཱ་ལིས་ཡན་ལག་བྱས་ཏེ་བརྗོད་པ་རྣམས་སོ། །ངེས་ཚིག་ནི་རྣམ་རྟོག་ལས་ཡིད་སྐྱོབ་པས་སྔགས་ཏེ། དཔལ་གསང་བ་འདུས་པ་ལས། མན་ནི་དེ་བཞིན་ཡིད་ཡིན་ཏེ། །ཏྲ་ནི་སྐྱོབ་པར་བྱེད་པར་བརྗོད། །ཅེས་ཏེ། སྔགས་ལ་ནི་མནྟྲ་ཟེར་བས་སོ། །དགོས་པ་ནི་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །ཅེས་པའི་དོན་ནོ། །སྡེ་ཚན་ནི་སོ་སོ་བར་འགྲོ་བ་བདུན། ཐུན་མོང་དུ་འགྲོ་བ་གཅིག་དང་བརྒྱད་དོ། །གཞན་ཡང་ལྷག་ཆད་ཁ་བསྐང་བར་བྱ་བའི་ཕྱིར་སྔགས་བཏུ་བ་དང༌། བཏུས་པའི་སྔགས་ཉིད་ཇི་ལྟ་བུ་ཡིན་པ་དང༌། ཆེད་དུ་བྱ་བའི་ཁྱད་པར་དང༌། སྔགས་ཀྱི་བཟླས་པའི་ཕྲེང་བའི་ཡུལ་བསྟན་པ་དང༌། དེའི་དུས་ཀྱི་ཁ་ཟས་ཀྱི་ཁྱད་པར་ཇི་ལྟ་བུ་བཟའ་བ་ལ་སོགས་པ་ཤུགས་ལས་ཤེས་པར་བྱ་གསུང་ངོ༌། །ཨ་ཀཱ་རོ་ཞེས་པ་ལ་སོགས་པའི་སྔགས་ལ། ཨ་ཀཱ་རོ་མུ་ཁཾ་ནི། སྒོའམ་ཐོག་མའམ། དང་པོའམ། འབྱུང་ཁུངས་ཞེས་པའི་དོན་ཏོ། །འོ་ན་གང་གི་སྒོའམ་འབྱུང་ཁུངས་ཡིན་ཞེ་ན། སརྦ་དྷརྨཱ་ཎཱ་ཞེས་པ་སྟེ། ཆོས་ཐམས་ཅད་ཀྱི་སྒོའམ། ཨཱ་དྱ་ནུད་པནྣ་ཏྭཏ་ཅེས་པ་ནི་མ་སྐྱེས་ཤིང་སྐྱེ་བ་མེད་པའོ། །ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་ནོ། །དེ་ལྟ་བུའི་ཨ་དེ་ལའང་བཞི་སྟེ། ཕྱི་དབྱིབས་ཀྱི་ཨ་ནི་ཨ་ཤད་ལྟ་བུ་སྟེ། ཡི་གེ་ཐམས་ཅད་ཀྱི་ཐོག་མའམ་འབྱུང་ཁུངས་སུ་འདུག་པས་སོ། །བརྗོད་པ་སྒྲའི་ཨ་ནི། ཀ་ཞེས་བརྗོད་ཀྱང་ཁོང་ན་ཨ་ཉེ་བར་གནས་ཏེ། ངག་ཐམས་ཅད་ཀྱི་འབྱུང་ཁུངས་སུ་འདུག་པས་སོ། །ནང་སྦས་དོན་གྱི་ཨ་ནི་ཀུན་འདར་གྱི་སྣ་རྩེ་ན་ཨ་ཤད་ལྟ་བུ་ཡོད་པ་སྟེ། འདི་ནི་ལུས་ཐམས་ཅད་ཀྱི་ཐོག་མར་འགྲོ་བས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཨ་ནི། དངོས་པོ་ཐམས་ཅད་གདོད་མ་ནས་ཀྱང་མ་སྐྱེས་ལ་མཐར་ཡང་གང་དུའང་མི་འགག་པས། རང་བཞིན་གྱིས་སྟོང་པར་འདུག་པ་སྟེ། དངོས་པོ་ཐམས་ཅད་ཀྱི་སྒོའམ། ཐོག་མའམ། འབྱུང་ཁུངས་སུ་འདུག་པས་སོ། །བྷྲཱུྃ་ཨཱྃ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་བསྐྱེད་སྔགས་སུ་བྱ་བའམ། ཡང་ན་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མཐའ་རྟེན་དུ་བཅུག་སྟེ། བཟླས་པའི་སྔགས་སུ་བྱས་ན་རུང་ངོ༌། །གྲོང་ཁྱེར་དཀྲུགས་པ་ནི་ཕྱི་རོལ་དུ་བྱེད་ན་ཧེ་རུ་ཀ་རྣམ་པ་བཞིའམ། བདག་མེད་མའི་བསྙེན་པ་འབུམ་ཕྲག་བཞི་ལ་སོགས་པ་སྔོན་དུ་སོང་བས། པདྨ་འདབ་མ་བརྒྱད་པ་དུག་དང་རྒྱ་སྐྱེགས་ཀྱིས་གྲོ་ག་ལ་སོགས་པ་ལ་བྲིས་ཏེ། འདབ་མ་བརྒྱད་ལ། ཨ་ཀ་ཙ་ཊ་སོགས་བརྒྱད་བཀོད་ལ། དབུས་སུ་གྲོང་ཁྱེར་ཆེ་གེ་མོ་འཁྲུག་པར་གྱུར་ཅིག ཅེས་བྲིས་ཏེ། ལས་སྦྱོར་ལ་འཁོར་ལོ་ལག་ཏུ་ཐོགས་ནས་སྦར་མོ་བརྡབས་ཏེ། དབུགས་ཕྱིར་མ་ཤོར་བར་སྔགས་བཟླས་ཏེ། འཁོར་ལོ་དེ་ཡུལ་དེ་ལ་བསྟན་པ་ཙམ་གྱིས་ནང་འཁྲུགས་སུ་འགྱུར་རོ། །ནང་དོན་དུ་བཤད་ན་ལྟེ་བའི་ནང་སྐོར་གྱི་འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད་བཀོད་དེ། བཤང་སྒོའི་རླུང་བསྐྱོད་པས་སུམ་མདོའི་སྦར་ཏེ། གཡས་རོ་མ་ནས་ཞུགས་པས་སྙིང་གའི་དེ་བཞིན་གཤེགས་པ་ལྔ་དང༌། ལྷ་མོ་བཞིའི་ཡིག་འབྲུ་རྣམས་བསྲེག་པ་ལ་གསུང་ངོ༌། །ཨ་ཕུཿའི་རྣམ་པ་ཞེས་པ་ནི་ཕྱག་བཅུ་དྲུག་པ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་ལ་སོགས་པ་སོང་ནས། སྒྲུབ་པ་ལ་ནམ་མཚན་མ་ཐོབ་ཐོབ་ཏུ་བྱས་ཏེ། དངོས་གྲུབ་ཀྱི་དོན་དུ་བྱེ་བ་ཕྲག་གཅིག་ཙམ་བཟླས་པས་ཆར་དབབ་པར་འདོད་ན། ནུབ་བྱང་གི་ཕྱོགས་སུ་ཀླུ་གནས་པའི་ཆུ་མིག་དངོས་སུ་ཡོད་ན་རབ། མེད་ན་བཅོས་མའི་རྫིང་བུ་བྱ་སྟེ། དེའི་འགྲམ་དུ་དཀྱིལ་འཁོར་ཁྲུ་གསུམ་པའི་ཚད་ཀྱིས་ཡོངས་སུ་བཅད་ལ་སའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེ་ནས་ལྷ་དང་བུམ་པ་སྟ་གོན་དུ་གནས་པ་བྱས་ལ། སློབ་མ་སྟ་གོན་དུ་གནས་པའི་དོད་དུ། ཀླུ་གནས་པའི་རྫིང་བུའི་འཇིམ་པ་དང༌། ཉ་ལྕིབས་དང༌། འབྲུ་སྣ་ཚོགས་པ་ལས་ཀླུ་མཐའ་ཡས་ཀྱི་གཟུགས་བརྙན་རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་བྱས་པ་གདེངས་ཀ་བདུན་དང་ལྡན་པ་བྱས་ལ། ཀླུ་འདུལ་བར་བྱེད་པ་སྟེ། སྲོ་ལོ་བའམ། མཁན་པས་བྱུགས་ལ། ཡང་གླང་པོ་ཆེའི་ཆང་གིས་བྱུགས་པ་ནི། གླང་པོ་ཆེའི་རྣ་བའི་རྡུལ་ལོ། །དེ་ལྟར་གཉིས་ཀྱིས་བྱུགས་ཏེ་གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་མཐའ་ཡས་ཀྱི་གཟུགས་དེ་དཀྲིས་ལ་ཁམ་ཕོར་སོ་མ་བཏང་བའི་ནང་དུ་བཞག་ལ། བ་ནག་མོའི་འོ་མས་གཏོར་བ་ཙམ་བྱས་ལ་མཐའ་ཡས་ཀྱི་གཟུགས་བརྙན་དེ་ལ་དམ་ཚིག་པ་ཇི་ལྟ་བ་བཞིན་བསྐྱེད། ཡེ་ཤེས་པ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ། དམ་ཚིག་པ་ལ་བསྟིམ་ལ། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་ཀྱིས་བརླབས་ལ། དབང་བསྐུར་བའི་དུས་སུ་མེ་ལོང་ལ་བདུད་རྩི་བླུགས་ཏེ་ཁྲུས་བྱས་ལ་མཐར་རིགས་བདག་ལ་རྣམ་སྣང་གིས་དབུར་བརྒྱན་པར་བསམས་ཤིང་སྟ་གོན་ལ་གནས་པར་བྱའོ། །ཡང་དེ་ལ་མེ་ཏོག་ནག་པོ་ལ་སོགས་པས་མཆོད་པ་དང་བསྟོད་པའང་བྱའོ། །དེ་ནས་དངོས་གཞི་དུས་སུ་དཀྱིལ་འཁོར་ཆེན་པོ་ཐིག་དང་ཚོན་གྱིས་བྲིས་ལ་དེའི་སྟེང་དུ་མཐའ་ཡས་ཀྱི་གཟུགས་བརྙན་དེ་སྟ་གོན་གྱི་དུས་ཇི་ལྟ་བ་བཞིན་བསྐྱེད་ལ། ཁམ་ཕོར་དེ་བ་ནག་མོའི་འོ་མས་སྔར་བས་བཀང་ལ་མཐའ་ཡས་དེར་གཞག་གོ །ལྷ་དགོད་པ་ནི་མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེའི་སྐུ། ཙ་ཀ་ལི་ལ་སོགས་པ་དཀྱིལ་འཁོར་གྱི་དབུས་དེར་བཞག་ལ། ཨ་ཕུཿལས་དམ་ཚིག་པར་བསྐྱེད་དེ། ཡེ་ཤེས་པ་བཀུག་པ། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ། དབང་བསྐུར་ཏེ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསྐྱེད་ལ། དེ་ནས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའང་བྱས་ཏེ། བདག་ཉིད་འཇུག་པའང་བྱས་ལ། བདག་ཉིད་ཀྱེའི་རྡོ་རྗེ་དང་ཐ་མི་དད་དུ་བསྐྱེད་ལ། མཐའ་ཡས་དེ་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། གཟིར་ལ་ཆར་དབབ་སྙམ་པའི་མ་རུངས་པའི་སེམས་ཀྱིས་སྔགས་བཟླའོ། །གལ་ཏེ་མ་ཕེབས་ན་སྔགས་ཚན་བཟློག་ལ་བཟླའོ། །ཡང་ཧེ་རུ་ཀ་རྣམ་པ་བཞི་ལ་སྔོན་དུ་བསྙེན་པ་སོང་བའི་སྒྲུབ་པ་པོས། པྲ་དབབ་པར་འདོད་ན། ཚེས་ཉི་ཤུ་དགུའམ་ཉེར་གསུམ་ལ་བྱེད་པ་ལས། དེ་ཉིད་ཀྱི་ཉིན་པར་བུ་མོ་ལ་སྙན་གསན་ཕབ་ལ། མཎྜལ་དང་མཆོད་པ་བཤམ་པ་དང༌། ཚོགས་ཀྱི་འཁོར་ལོ་ཡང་བཤམས་ལ། ཚོགས་ལ་ལོངས་སྤྱོད་པའི་རྣལ་འབྱོར་པ་འགའ་ཡང་སྤྱན་དྲངས་ལ་བཞག བུམ་རྫས་དང་མགུལ་ཆིངས་དང་ཁ་རྒྱན་དང་ལྡན་པའི་བུམ་པ་བཤམ། དེའི་སྟེང་དུ་ཞུན་ཆེན་ལས་བྱས་པའི་མར་མེ། དུར་ཁྲོད་ཀྱི་རས་ལ་སྦར་ལ། བདག་ཉིད་ཀྱི་མཐེ་བོང་རྒན་པོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་ཏེ། བུ་མོ་ལ་བུམ་པའི་ཆུས་མེ་ལོང་གི་ངོས་ལ་ཁྲུས་བྱས་ཏེ། བུ་མོ་དེ་རས་གཙང་མའི་སྟེང་དུ་བཞག་ལ། བདག་ཉིད་ཀྱི་མཐེ་བོང་རྒན་པོ་དང༌། བུ་མོའི་མིག་ལ་བརྒྱ་རྩ་རེ་ཙམ་བཟླས་ལ། བདག་གི་མཐེ་བོང་རྒན་པོ་དེ་བུ་མོ་ལ་བསྟན་ཏེ། ངའི་ནོར་སུས་ཁྱེར་སྨྲོས་ཞེས་བྱས་པས་ངེས་པར་སྨྲ་བར་འགྱུར་ཏེ། རྡོ་རྗེ་རྩིས་སྐར་མ་ཞེས་པ་ནི་མི་འཁྲུལ་བར་འོང༌། །ཞེས་པའོ། །དྲག་པོའི་ལས་རྣམ་པ་བདུན་ནི་ཧེ་རུ་ཀ་བཞི་ལ་སྔོན་དུ་བསྙེན་པ་སོང་བས། རྡོ་རྗེ་མ་ལ་སོགས་པའི་རྣལ་འབྱོར་གྱིས། རྡོ་རྗེ་ཆོ་ག་བཞི་ལས་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་བྱའོ་གསུང༌། ལེའུ་དེ་དག་གི་དོན་ཡང་བརྗོད་བྱ་ནི་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། རྗོད་བྱེད་ནི་གསུམ་ཀ་འཇུག་ཅིང་གཙོ་བོར་ཡན་ལག་གི་དོན་གྱིས་བཤད་དོ། །མངོན་པར་རྟོགས་པ་ནི་དངོས་གྲུབ་མཐའ་དག་སྒྲུབ་པའི་མངོན་པར་རྟོགས་པ་དང་འབྲེལ་ལོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བརྟག་པ་བདུན་པ་དང༌། གུར་གྱི་ལེའུ་དྲུག་པ་ལས། དགོས་པ་དང་བཅས་པ་གསུངས་སོ།། །།ལྷའི་ལེའུ་བཤད་པར་བྱ་སྟེ། ཞེས་པས་མཚམས་སྦྱར་བ་ནི། ཕྱིའི་དོན་གྱི་མཚམས་སྦྱོར་བ་ནི། སྔགས་ཟློས་པ་ལ་ལྷར་མ་བསྐྱེད་ན་ནུས་པ་ཆུང་བས་སོ། །ནང་གི་མཚམས་སྦྱོར་ནི་རྩ་སུམ་ཅུ་རྩ་གཉིས་ན་རླུང་དང་བྱང་སེམས་རྒྱུ་བ་དེ་ལུས་ལས་འབྱུང་ཞིང་བདེ་བ་ལ་རོལ་པའི་དོན་གྱིས་ན་ལྷའོ། །དེས་ན་གསུམ་པར་བསྟན་ཏོ། །དེ་ལ་འདིར་མངོན་པར་རྟོགས་པ་ནི་ཐོག་མར་རང་གི་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་པ་ལམ་སྣ་གཡས་ནས་སྤྲོས་ཏེ། ཕྱག་གཉིས་པ་ལ་སོགས་པ་གང་བསྒོམ་པར་འདོད་པའི་ལྷ་དེས་གཙོ་བོ་བྱས་པའི་ལྷ་དགུའི་རྣམ་པ་སྤྱན་དྲངས་པ་བླ་མ་ནི་སྟེང་གི་ཆ་ལ་སྒོམ་པའམ། ཡང་ན་མདུན་ནམ། ཡང་ན་བྱང་ཤར་གྱི་དུར་ཁྲོད་དུ་སྤྱན་དྲངས་ལ། ཡང་སྙིང་གའི་ཧཱུྃ་ལས་ལྷ་མོ་བརྒྱད་སྤྲོས་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་ལ། དེ་ནས་གུར་ལས། བླ་མ་རྡོ་རྗེ་རྣམ་མཆོད་ཅིང༌། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་ཟེར་བས་བདུན་པོ་རྣམ་དག་བྱ། དེ་ནས་ཚད་མེད་པ་བཞི་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་བསག་བྱ། དེ་ནས་ཡེ་ཤེས་ཀྱི་ཚོགས་བསག ཤཱུ་ནྱ་ཏཱའི་སྔགས་ཀྱིས་དངོས་པོ་ཐམས་ཅད་སྟོང་པར་བསྒོམ། དེ་ནས་སྟོང་པའི་ངང་ལས་ཧཱུྃ་བསྒོམས་ཏེ། ཧཱུྃ་དེ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བསྒོམས་ཏེ། ཕྱོགས་དང་མཚམས་སུ་རྡོ་རྗེ་དེ་འཕྲོས་པས། རྡོ་རྗེའི་རྭ་བ་དང༌། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་དང་བཅས་པ་བསྒོམས་ལ། དེའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རོའི་གདན་བསྒོམས་ཏེ། དེའི་སྟེང་དུ་ཨཱ་ལི་ཕྲག་གཉིས་གཡོན་སྐོར་དུ་བཀོད་པ་ལས་མཚན་སུམ་ཅུ་རྩ་གཉིས་སུ་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་རྣམ་པ་ཟླ་བའི་དཀྱིལ་འཁོར། རང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། དེའི་སྟེང་དུ་ཀཱ་ལི་བཞི་བཅུ་ཕྲག་གཉིས་གཡས་སྐོར་དུ་བཀོད་པ་ལས་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་རྣམ་པ་ཉི་མའི་དཀྱིལ་འཁོར། རང་གི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། ཉི་ཟླ་གཉིས་ཀྱི་བར་ན་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་བསྒོམ་པ་ནི། རྣམ་པ་རང་གི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་ས་བོན་དང་རྟེན་དང་ཕྱག་མཚན་རྣམས་ཆུ་དང་འོ་མ་བཞིན་དུ་འདྲེས་པ་ནི་རྣམ་པ་རང་གི་ངོ་བོ་བྱ་བ་ནན་ཏན་དུ་མོས་པ་བྱའོ། །དེ་ནས་སྐད་ཅིག་གིས་ཕྱག་གཉིས་པའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ལ། རང་གི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་རང་གི་སྙིང་གར་ཧཱུྃ་ལུས་ཚད་ཙམ་བསྒོམས་ཏེ། ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་ཕྱོགས་བཅུར་སྤྲོས་པ་ལས་འཁོར་གྱི་ལྷ་མོ་རྣམས་རྫུས་སྐྱེས་ཀྱི་ཚུལ་དུ་ཧཱུྃ་ཙམ་ལས་བསྐྱེད་པ་ནི་བསྙེན་པའོ། །དེ་ལ་ཡེ་ཤེས་པ་གཞུག་པ་ཉེ་བར་སྒྲུབ་པ། སྐུ་གསུང་ཐུགས་སྐྱེ་མཆེད་བྱིན་གྱིས་བརླབ་པ་སྒྲུབ་པ། དབང་བསྐུར་ཏེ་རྒྱས་གདབ་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་བཟླས་པ་བྱའོ། །ཕྱག་བཞི་པ་དང་དྲུག་པ་གཉིས་ཀྱིས་གཙོ་བོ་བྱས་པའི་དཀྱིལ་འཁོར་བསྒོམས་ན། མངོན་བྱང་དང་པོ་གཉིས་འདྲ་ལ་མངོན་བྱང་གསུམ་པའི་སྐབས་སུ་ཧཱུྃ་དང་ཨྃ་ལས་ཐོད་པ་དང་གྲི་གུག་ལ་ཧཱུྃ་དང་ཨྃ་གིས་མཚན་པ་བསྒོམ་པ་ནི་ཁྱད་པར་རོ། །དེ་ལྟར་མངོན་བྱང་ལྔས་སྐུ་རྫོགས་པར་བསྐྱེད་དེ། ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས། གསང་གནས་ནས་མངལ་སྐྱེས་ཀྱི་ཚུལ་དུ་འཁོར་གྱི་ལྷ་རྣམས་བྱུང་སྟེ། ཕྱོགས་མཚམས་བརྒྱད་དུ་གདན་རོའི་སྟེང་དུ་བསྒོམ་པ་ནི་ཁྱད་པར་རོ། །གཞུང་གི་དོན་ནི་འཁྲུགས་ཀྱི་ཚུལ་དུ་སྦྱར་ཏེ། དེ་ལ་ཐོག་མར་རང་གི་སྙིང་གར་ཧྲཱིཿལས་པདྨའི་སྟེང་དུ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསྒོམ་པ་སྟེ། ཧཱུྃ་དེ་ཡང་ཧ་ཁོག་པ་ཀཱ་ལི་ལས་གྲུབ་པས་ཐབས་ཡིན་ལ། ཞབས་སྐྱེད་ཨུ་དང༌། ཀླད་ཀོར་ཨཾ་གཉིས་ཨཱ་ལི་ལས་གྲུབ་པས་ཤེས་རབ་བོ། །དེས་ན། ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་པའོ། །དེ་ནས། ནམ་མཁར་རྗེ་བཙུན་བལྟས། །ཞེས་ལྷ་མོ་བརྒྱད་ཀྱིས་མཆོད་པའོ། །དེ་ནས་ཚད་མེད་པ་བཞི་བསྒོམ། དེ་ནས་ཡང་ནི་སྟོང་པའི་བྱང་ཆུབ་སྟེ། ཞེས་པ་ཤཱུ་ནྱ་ཏཱས་སྟོང་པར་བསྒོམས་ལ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ལ་སོགས་པ་སྟེ། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་སྟོང་པའི་ངང་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསྒོམ་པའོ། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་བསྒོམ་པ་ནི། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པའོ། །རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ནི། བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པའོ། །དེ་ཉིད་ཀྱི་དོན་གསལ་བར་འཆད་པ་ནི། རྃ་ལས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང༌། ཞེས་སོགས་ཚིགས་བཅད་གཅིག་གིས་གསལ་བར་འཆད་དོ། །དེའི་ནང་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ་ངོ་བོ་མཚོན་པའི་བརྡར་གདན་རོ་བསྒོམ་པ་ནི། དང་པོར་ཞེས་པ་ལ་སོགས་པའོ། །དེ་སྟེང་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །ཞེས་པའོ། །འོ་ན་ཚུལ་ཇི་ལྟར་བསྒོམ་ཞེ་ན། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་པ་སྟེ། ཨཱ་ལི་ཕྲག་གཉིས་ལས་ཟླ་བ་དང༌། ཀཱ་ལི་ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར་དུ་བསྐྱེད་པའོ། །ས་བོན་ནང་དུ་སོན་ཞེས་པ་ནི། ཉི་ཟླ་གཉིས་ཀྱི་བར་དུ་ཧཱུྃ་བསྒོམ་པའོ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །ཅེས་པ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་པའོ། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་པ་ནི་ཡི་གེའི་དོན་དུ་བཤད་ན། ཧཱུྃ་དེ་ཉིད་ལ་ཞབས་སྐྱེད་དང༌། ཀླད་ཀོར་བོར་ཏེ། ཧའི་སྒྲཾ་ལས། ཧ། གྲ་ཧ་ཀ་ཞེས་པ་ནི་གཟུང་བ། ཧ། གྲ་ཧ་ཙ་ནི་འཛིན་པ་ཡིན་ལ། ཞབས་སྐྱེད་ཨུ་དེ་ཤ་ལ་བྱིན་པས། ཤཱུ་ནྱ་ཏཱ་སྟེ། ཤཱུ་ནྱ་ཏཱ་སྟོང་པ་ཉིད་ཡིན་ལ། ཀླད་ཀོར་མ་ལས། མ། མ་ནོ་པ་ཏ་ན་ཡིད་དེ། དེ་ལྟ་ན་གཟུང་འཛིན་གྱིས་སྟོང་པའི་ཡིད་ཙམ་ཞེས་བྱའོ། །དེ་ནས། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། ཞེས་སོགས་སུ་སྦྱར་ཏེ། ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམ་པ་ནི་སོ་སོར་རྟོག་པ་སྟེ། དེ་ཡང༌། རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུྃ་གི་དེ་ཉིད་བསྒོམ། །ཞེས་པའི་དོན་ཏོ། །ས་བོན་དང་ཕྱག་མཚན་དེ་དག་གཅིག་ཏུ་འདྲེས་ཤིང༌། ཆུ་དང་འོ་མ་ལྟར་གྱུར་པ་ནི་བྱ་བ་ནན་ཏན་ཏེ། ཧཱུྃ་གི་རྣམ་པར་གྱུར་བལྟས་ནས། །ཞེས་སོགས་སོ། །དེ་ལྟར་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་བསྒོམ་པ་ནི། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །ལ་སོགས་པ་ནི་སྐུ་མདོག་གི་ཁྱད་པར་རོ། །དེ་ནས། སྔོ་དང་ཉི་མ་མཚུངས་པའི་མདོག །ཅེས་སོགས་སུ་སྦྱར་ཏེ། དེ་ལྟར་ཧེ་རུ་ཀ་ཕྱག་གཉིས་པར་མངོན་བྱང་ལྔ་ལས་བདག་ཉིད་བསྒོམ་པའི་ཐུགས་ཀར་ཧཱུྃ་ལུས་ཚད་ཙམ་བསྒོམས་ཏེ། ཕྱོགས་བཅུར་སྤྲོས་པ་ལས་ལྷ་མོ་བརྒྱད། ཧཱུྃ་ཙམ་ལས་ཕྱོགས་མཚམས་བརྒྱད་དུ་བསྒོམ་པ་ནི། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་དགུག་པ་ན། །རྣལ་འབྱོར་ཞེ་སྡང་བདག་ཉིད་གྱུར་ཏེ། ལྷ་མོ་བརྒྱད་ཀྱི་འཁོར་དང་བཅས་པར་འགྱུར་པའོ། །དེ་ནས། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ཏེ། ཕྱོགས་མཚམས་བརྒྱད་དུ་རོ་བརྒྱད་ཀྱི་སྟེང་དུ་ལྷ་མོ་བསྒོམ་པའོ། །དུར་ཁྲོད་ནི་རོ་གནས་པ་སྟེ། ཡི་གེའི་སྒྲ་ལས་དྲངས་ན། ས། སད་ཏི་ནི་དུར་ཁྲོད་ཡིན་ལ། ས། ཝ་ནཾ་བ་སད་ཏི་ཞེས་བྱས་ན། སྲོག་རབ་ཏུ་སོང་བ་ཞེས་བྱ་བའོ། །ཚིག་གི་དོན་ཕལ་ཆེར་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །འདིའི་བརྗོད་བྱ་ནི་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། རྗོད་བྱེད་ནི་གསུམ་ཀ་འཇུག་ཅིང༌། མངོན་པར་རྟོགས་པ་ནི་མཆོག་གི་མངོན་རྟོགས་ཏེ། རྫོགས་པའི་རིམ་པ་སྒོམ་པའི་རྟེན་ཡིན་པས། བསྐྱེད་པའི་རིམ་པ་སྒོམ་པ་ཞེས་བྱ་བའོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། གུར་ལེའུ་བཅུ་བཞི་པ་ལས། ཕལ་པའི་རྣམ་པ་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བཤད། །ཅེས་པའི་དོན་དང་སྦྱར་རོ། །སཾ་པུ་ཊའི་བརྟག་པ་གསུམ་པ་དང༌། བཞི་པ་ལས་ཀྱང་བསྟན་ཏོ། །ལུས་རྣམ་པར་གཞག་པ་དང་སྦྱར་ན། ལྷ་རྣམས་ཇི་ལྟར་འབྱུང་བའི་རྒྱས་བཤད་དོ། །དེ་ལྟར་ལྷ་བསྐྱེད་ཀྱང་དབང་མ་བསྐུར་ན། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཀྱི་བྱ་བ་བྱེད་མི་ནུས་པས་ལྷ་དབང་བསྐུར་བའི་ལེའུ་བཤད་ཅེས་པ་སྟེ། ཕྱི་དོན་གྱི་མཚམས་སྦྱོར་རོ། །ནང་དོན་གྱི་མཚམས་སྦྱོར་ནི། དེ་ལྟར་རླུང་དང་བྱང་ཆུབ་ཀྱི་སེམས་རྩ་སུམ་ཅུ་རྩ་གཉིས། གང་གཡོ་ཞིང་རྒྱུ་བ་དེ་ཉིད་ལུས་ལས་བྱུང༌། བདེ་བ་ལ་རོལ་པའི་དོན་གྱིས་ན་ལྷ་ཡིན་ལ། དེ་ཉིད་མཚན་མ་དང་རྣམ་པར་རྟོག་པ་འཁྲུད་པར་བྱེད་པས་ན། དབང་གི་ལེའུ་བཤད་པར་བྱའོ། །ཚིག་གི་དོན་ཕལ་ཆེར་ནི་གོ་སླའོ། །དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །ཞེས་པ་ནི་གོང་དུ་མཆོད་ཅིང་གསོལ་བ་གདབ་པས། དེ་བཞིན་གཤེགས་པ་དེ་དག་གིས་ཡེ་ཤེས་ཀྱི་བུམ་པའི་བདུད་རྩིའི་ཆུས་དབང་བསྐུར་ཏེ། སྤྱི་གཙུག་ནས་སྨིན་མཚམས་སུ་སླེབ་པ་དང་བུམ་དབང་ཐོབ་པར་བསམ། མགྲིན་པར་སླེབ་པ་དང་གསང་དབང་ཐོབ་པར་བསམ། དེ་ནས་སྙིང་གར་སླེབ་པས་དབང་གསུམ་པ་ཐོབ་པར་མོས། དེ་ནས་ལུས་མཐའ་དག་ལ་ཁྱབ་སྟེ་ཆུའི་ལྷག་མ་ཡར་ལུད་པ་ལས། རང་གི་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུར་བརྒྱན་པར་བསྒོམ་པའོ། །རིགས་ཀྱི་བདག་པོར་འགྱུར་རོ་ཞེས་པ་ནི། ལུས་ལ་སེམས་དང༌། སེམས་ལ་ལུས་དང༌། རྒྱུ་ལ་འབྲས་བུ་དང༌། འབྲས་བུ་ལ་རྒྱུས་རྒྱས་འདེབས་པ་དང༌། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱིས་རྒྱས་འདེབས་པ་སྟེ། ཕྱག་རྒྱ་བསྡུས་པ་ལྟར་འདིར་ཡང་ཤེས་པར་བྱའོ། །འདིས་ནི་ཞེས་པ་ནི་དབང་བསྐུར་བ་འདིས་སོ། །ཧེ་རུ་ཀ་རྫོགས་པ་ཉིད་དོ་ཞེས་པ་ནི་ཡན་ལག་བཞི་རྫོགས་པ་སྟེ། དང་པོ་དམ་ཚིག་པ་བསྐྱེད་པ་བསྙེན་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ཉེ་བར་སྒྲུབ་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྒྲུབ་པ་དང༌། དབང་བསྐུར་ཞིང་རྒྱས་གདབ་པ་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བཞི་རྫོགས་པའོ། །ཐུན་གསུམ་དུ་ཞེས་པ་ནི། བརྩོན་འགྲུས་ཅན་ཉིན་ཞག་གཅིག་ལ་ཉིན་ལན་གསུམ། མཚན་ལན་གསུམ་དུ་ཐུན་དྲུག་ཏུ་སྒོམ་པའི་དབང་དུ་བྱས་པ་སྟེ། ཐུན་གྱི་གྲངས་བསྟན་པའོ། །ལངས་ཏེ་ལྷའི་གཟུགས་སུ་བཞག་ཅེས་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་ཏེ། བདག་ཉིད་ཕྱག་བཅུ་དྲུག་པའི་ང་རྒྱལ་དུ་བྱས་ལ། སྣང་བ་ཐམས་ཅད་ལྷའི་རྣམ་པར་བྱ་བའམ། ཡང་ན་མིག་ཐམས་ཅད་གཏི་མུག་རྡོ་རྗེ། སྒྲ་ཐམས་ཅད་ཚོམ་རྐུན་མར་བསྒོམ་པ་ལ་སོགས་པ་ལྷ་སོ་སོའི་དག་པ་བསྒོམ་པ་སྟེ་གང་ཡང་རུང་བའོ། །བརྗོད་བྱའི་དོན་ལ་སོགས་པ་ནི་ལྷའི་ལེའུ་དང་མཐུན་ནོ། །དེ་ལྟར་ལྷར་བསྐྱེད་ཅིང་དབང་བསྐུར་ཡང་དེ་ཁོ་ན་ཉིད་མ་རྟོགས་ན་གྲོལ་བར་མི་འགྱུར་བས། ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ལྔ་པར་བསྟན་པ་ནི་ཕྱི་དོན་གྱི་མཚམས་སྦྱོར་རོ། །ནང་དོན་གྱི་མཚམས་སྦྱོར་ནི་མི་རྟོག་པའི་དོན་གྱིས་ན་དེ་ཁོ་ན་ཉིད་བསྟན་ཞེས་སྦྱོར་རོ། །དེ་ལ་དེ་ཁོ་ན་ཉིད་ཅེས་པ་ནི་བཞི་སྟེ། མ་བཅོས་པའི་དོན་གྱིས་ན་དེ་ཁོ་ན་ཉིད་དེ། དེ་བཞིན་ཉིད་དེ། སུས་ཀྱང་བྱས་པ་མེད་པར་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གནས་པར་བྱ་སྟེ། དེ་ཉིད་ལ་རྒྱུ་རྒྱུད་ཀྱི་དབང་དུ་བྱས་ནས། སློབ་དཔོན་སེམས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་སྟེ། སཾ་པུ་ཊ་ལས་ཀྱང༌། བསྐལ་པ་ཀུན་གྱི་སྔོན་གྲུབ་པས། །སློབ་དཔོན་ཆེན་པོར་གདོད་ནས་གྲུབ། །ཆོ་ག་འདིས་ནི་སེམས་ཅན་རྣམས། །རྒྱལ་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་པ་དང་སྦྱར་རོ། །མི་འགྱུར་བའི་དོན་གྱིས་ན་དེ་ཁོ་ན་ཉིད་ཅེས་བྱ་སྟེ། རྒྱུའི་རྒྱུད་དངོས་པོའི་གནས་ལུགས་ཀྱི་དབང་དུ་བྱས་ནས་སེམས་རང་བཞིན་གྱིས་འོད་གསལ་བ། དེ་དང་པོ་སེམས་ཅན་གྱི་གནས་སྐབས་དང༌། བར་དུ་ལམ་སྒོམ་པའི་རྣལ་འབྱོར་གྱི་དུས་དང༌། མཐར་ཐུག་འབྲས་བུའི་དུས་གསུམ་ཀར་འགྱུར་བ་མེད་པས་ན་དེ་ཁོ་ན་ཉིད་ཅེས་བྱའོ། །ཡང་མི་བསླུ་བའི་དོན་གྱིས་ན་དེ་ཁོ་ན་ཉིད་ཅེས་བྱ་སྟེ། རྣལ་འབྱོར་པས་ལམ་ཉམས་སུ་ཇི་ལྟར་བླངས་པ་བཞིན་འབྲས་བུའི་དུས་སུའང་མྱོང་བས་སོ། །གྲུབ་པ་ལས་མི་ཉམས་པའི་དོན་གྱིས་ན་དེ་ཁོ་ན་ཉིད་ཅེས་བྱ་སྟེ། འབྲས་བུ་མཐར་ཐུག་པ་ས་བཅུ་གསུམ་པ་དེ་ཐོབ་ནས་ཡང༌། ས་བཅུ་ལ་སོགས་པར་མི་ལྡང་བས་ན་གྲུབ་པ་ལས་མི་ཉམས་པས་དེ་ཁོ་ན་ཉིད་ཅེས་བྱའོ། །འདིའི་བརྗོད་བྱའི་དོན་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དངོས་འདི་འོག་གི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང་འབྲེལ་ན་སྦས་པ། མ་འབྲེལ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་ཆེ་བས་སྤྱི་དང་སྦས་པའི་དོན་དུ་བཤད་ལ། དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་ནས་བཟུང་སྟེ། རྫོགས་རྫོགས་ཀྱི་བར་གྱི་དོན་ནི་རྗོད་བྱེད་གསུམ་ཀའང་འཇུག་གོ །བརྗོད་བྱ་ནི་སྦས་པ་ཁོ་ནའོ། །མངོན་པར་རྟོགས་པ་ནི་བསྐྱེད་པའི་རིམ་པ་སྔོན་དུ་སོང་ནས། དེ་ཁོ་ན་ཉིད་རྫོགས་པའི་རིམ་པ་བསྒོམ་པ་ཞེས་བྱ་སྟེ། མཆོག་གི་མངོན་རྟོགས་དང་འབྲེལ། རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བརྟག་པ་དང་པོ་ལས། མིག་གི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ཞེས་པ་ལ་སོགས་པ་དང་སྦྱར་རོ། །ལུས་དང་ཡན་ལག་གི་འབྲེལ་ནི། ཡེ་ཤེས་དང་ཞེས་ལུས་རྣམ་གཞག་ཏུ་གསུངས་པ་དེའི་རྒྱས་བཤད་དོ། །ཚིག་གི་དོན་ནི་དེ་ཁོ་ན་ཉིད་ཅེས་པ་ཆོས་ཅན་ཁམས་བཅོ་བརྒྱད་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དོ། །ངོ་བོས་གཟུགས་མེད་ཅེས་པ་ནི་གདོད་མ་ནས་རང་བཞིན་གྱིས་གྲུབ་པའམ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་བརྟེན་པར་འབྱུང་བའི་གཟུགས་མེད་ཅེས་བྱ་སྟེ། ཅིས་ཤེ་ན་རྒྱུ་རྐྱེན་གློ་བུར་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་ཞེས་བྱ་སྟེ། དེ་ལྟ་ན་ངོ་བོ་ཉིད་ཀྱིས་གྲུབ་པའི་གཟུགས་མེད་དོ། །ཡུལ་གཟུགས་དེ་མེད་ཅིང་མ་གྲུབ་པས། ཡུལ་ཅན་མིག་གི་རྣམ་ཤེས་ཀྱང་མེད་པས་ན་མཐོང་བ་པོ་མེད་ཅེས་བྱའོ། །རྣ་བ་ལ་སོགས་པ་ལའང་བསྒྲེས་ཏེ་ཤེས་པར་བྱའོ། །ཡུལ་དང་དབང་པོ་གཉིས་ལ་བརྟེན་ནས་སྐྱེས་པའི་སེམས་མེད་ཅིང༌། དེའི་ཁྱད་པར་སེམས་ལས་བྱུང་བའང་མེད་ཅེས་བྱའོ། །དེ་ཁོ་ན་ཉིད་དེ་རྟོགས་པར་བྱེད་པའི་ཐབས་ནི། སྐྱེད་བྱེད་ཅེས་པ་ལ་སོགས་པ་སྟེ། འོག་གི་ཕྱག་རྒྱ་ལྔ་པོ་དེ་ཉིད་ཀྱིས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་སྐྱེད་པར་བྱེད་པས་ན། སྐྱེད་བྱེད་མ་ཞེས་ཕྱག་རྒྱ་ལྔ་པོ་དེ་ཉིད་ལ་བྱའོ། །རིགས་རྣམ་པ་ལྔའམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆའམ། སྐལ་བ་སྟོན་པར་བྱེད་པས་ན་ཕྱག་རྒྱ་ལྔ་པོ་དེ་ཉིད་ལ་སྲིང་མོ་ཞེས་ཀྱང་བྱའོ། །ཡང་ཕྱག་རྒྱ་རྣམ་པ་ལྔ་པོ་དེས་གསང་དབང་གི་དུས་ན་རྡོ་རྗེ་སློབ་དཔོན་གྱི་རྒྱུད་ལ་ལྷན་སྐྱེས་ཀྱི་རྟོགས་པ་སྐྱེད་པར་བྱེད་པས་ན་མ། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་སྒྲུབ་པ་པོ་བདག་ཉིད་ལ་ལྷན་སྐྱེས་ཀྱི་རྟོགས་པ་སྐྱེད་པར་བྱེད་པས་ན། ཕྱག་རྒྱ་ལྔ་པོ་དེ་ཉིད་ལ་སྲིང་མོ་ཞེས་བྱའོ། །ཡང་བརྡ་རབ་ཏུ་གྲགས་པའི་དབང་དུ་བྱས་ན། བུ་མོ་གཡུང་མོར་ཤེས་པར་བྱ། །དེ་བཞིན་མ་ནི་བྲམ་ཟེ་མོ། །ཤེས་རབ་གར་མར་བརྗོད་པར་བྱ། །ཟེར་བས་ན། བརྡ་གྲགས་པའི་དབང་དུ་བྱས་ན། བྲམ་ཟེ་མོ་དང་གར་མ་གཉིས་ལ་ཡང་མ་དང་སྲིང་མོ་ཞེས་བྱའོ། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །ཅེས་པ་ནི་འདུ་ཤེས་གསུམ་དང་ཁྱད་པར་བཞི་ལྡན་དུ་བསྟེན་ཞེས་པའོ། །དེ་ལ་འདུ་ཤེས་གསུམ་ནི་བདག་དང་ཕྱག་རྒྱ་གཉིས་ལྷར་བསྐྱེད་པ་སྟེ་ལྷའི་འདུ་ཤེས་དང༌། ཡབ་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། རྩེ་མོ་ལ་ཧཱུྃ་གིས་མཚན་པར་བསྐྱེད་ལ། ཡང་ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པ་ལས། ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པར་བསྒོམས་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་བརྗོད་པ་ནི་སྔགས་ཀྱི་འདུ་ཤེས་སོ། །ཐ་མལ་གྱི་རྗེས་སུ་ཆགས་པ་སྤངས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ་ནི་ཆོས་ཀྱི་འདུ་ཤེས་སོ། །དེ་ཉིད་ཀྱིས་ཡན་ལག་བཞི་དང་ལྡན་པར་བསྟེན་པའང་མཚོན་ཏེ། བདག་དང་ཕྱག་རྒྱ་ལྷར་བསྐྱེད་པ་ནི་འདུ་ཤེས་བསྒྱུར་བའི་ཁྱད་པར་རོ། །མཁའ་གསང་བྱིན་གྱིས་བརླབ་པ་ནི་བྱིན་གྱིས་བརླབ་པའི་ཁྱད་པར་རོ། །ཆོས་ཀྱི་འདུ་ཤེས་ལྷན་སྐྱེས་རྟོགས་པར་བྱ་སྙམ་པ་ནི་ཆེད་དུ་བྱ་བའི་ཁྱད་པར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་ཐེག་ལེ་དབབ་པ་གཟུང་བ་བཟློག་པ་ལུས་ཀུན་ལ་ཁྱབ་པར་བྱ་བ་ནི་ཐབས་ལ་མཁས་པའི་ཁྱད་པར་རོ། །གར་མ་ཞེས་པ་འོད་དཔག་མེད་ཀྱི་རྣལ་འབྱོར་པས། གར་མཁན་གྱི་བུ་མོ་གོས་དཀར་མོར་བསྐྱེད་པའོ། །ཚོས་མ་ནི་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ཚོས་མའི་བུ་མོ་སྒྲོལ་མར་བསྐྱེད་པའོ། །རྡོ་རྗེ་མ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་ལྷྭམ་མཁན་གྱི་བུ་མོ་མཱ་མ་ཀཱིར་བསྐྱེད་པའོ། །བྲམ་ཟེ་མོ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་བྲམ་ཟེའི་རིགས་ཀྱི་བུ་མོ་སྤྱན་མར་བསྐྱེད་པའོ། །ཐབས་དང་ཤེས་རབ་ཅེས་པ་ལ། ཐབས་ནི་སྒྲུབ་པ་པོ་རིགས་ལྔར་བསྐྱེད་པའོ། །ཤེས་རབ་ནི་ཕྱག་རྒྱ་སྤྱན་མ་ལ་སོགས་པ་རིགས་ཀྱི་ཡུམ་ལྔར་བསྐྱེད་པའོ། །ཡང་ཐབས་ནི་ཡབ་ཀྱི་གསང་བའི་གནས་མི་དམིགས་ཏེ། སྟོང་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་བསྐྱེད་པ་དང༌། ཤེས་རབ་སྟེ་ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པ་ལས་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པར་བསྒོམ་པའོ། །དེ་ཉིད་རིག་པས་ཞེས་པ་ནི་ཐ་མལ་གྱི་རྗེས་ཆགས་སྤངས་ཏེ་ལྷན་སྐྱེས་མངོན་དུ་བྱ་བའི་ཕྱིར་ཕྱག་རྒྱ་བསྟེན་ཞེས་པའོ། །ཇི་ལྟར་བྱེ་བར་མི་འགྱུར་བར། །ཞེས་པ་ནི་གཞན་གྱིས་མ་ཚོར་བར་བསྟེན་ཞེས་པའོ། །འབད་པ་ནི་གསང་བ་བསྟེན་པ་སྟེ། གསང་བའི་ཐབས་ལ་འབད་པས་སོ། །ཡང་ན་བྱེ་བར་མི་འགྱུར་བ་ནི་ཐིག་ལེ་གཟུང་བའི་ཐབས་ལ་མཁས་པས་འཆོར་བར་མི་འགྱུར་རོ། །རབ་ཏུ་འབད་པས་ཏེ་གཟུང་བའི་ཐབས་ལ་འབད་པས་སོ། །དེ་ལྟར་གཞན་གྱིས་གོ་བར་བསྟེན་པའམ། ཐིག་ལེ་ཤོར་ན་ཅི་ཉེས་སྙམ་ན། མ་གསང་སྦྲུལ་དང་ཞེས་པ་ལ་སོགས་པ་ནི་མ་གསང་བའི་ཉེས་པའོ། །དེ་ལྟར་ཕྱག་རྒྱ་བསྟེན་ནས་རང་ཅི་བྱེད་སྙམ་ན། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་བའི་རྒྱུར་ནི་བརྗོད་པར་བྱ། །ཞེས་པ་སྟེ། ཐར་པའི་རྒྱུ་ནི་རིགས་ལྔའི་དངོས་གྲུབ་ཀྱི་རྒྱུར་བརྗོད་པར་བྱའོ། །སྤྱིར་རིགས་སྤང་བྱ་ལ་བཞག་པ་དང༌། རང་གི་ངོ་བོ་ཉིད་དམ་དེའི་ངོ་བོ་ལ་རིགས་སུ་བཞག་པ་དང༌། གཉེན་པོ་ལ་རིགས་སུ་བཞག་པ་དང༌། རྒྱུ་ལ་རིགས་སུ་བཞག་པ་ཡོད་པ་ལས། འདིར་ནི་མཆོག་གི་དངོས་གྲུབ་ཀྱི་ཉེ་བའི་རྒྱུ་བྱེད་པ་ལ་རིགས་ཞེས་བྱའོ། །རྡོ་རྗེ་འདིས་ནི་གདབ་པ་ཉིད། །ཅེས་པ་ནི། འདེབས་པར་བྱེད་པའི་དོན་གྱིས་ན་རྒྱ་ཞེས་རིགས་ལྔ་ལ་བྱ་ལ། གདབ་པར་བྱ་བའི་དོན་གྱིས་ན་ཕྱག་རྒྱ་ཞེས་སྤྱན་ལ་སོགས་པར་བསྐྱེད་པའི་ལས་ཀྱི་ཕྱག་རྒྱ་ལ་བྱ་ལ། འདའ་བར་མི་བྱ་བའི་དོན་གྱིས་ན་ཕྱག་རྒྱ་ཞེས་ཀྱང་བྱ་སྟེ་དཔེར་ན་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་ཟེར་བ་བཞིན་ནོ། །མཚོན་པར་བྱེད་པའི་དོན་གྱིས་ན་ཕྱག་རྒྱ་ཞེས་བྱ་སྟེ། ལྷན་སྐྱེས་མཚོན་པར་བྱེད་པས་སམ། ཡང་ན་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་ཞེས་པ་རང་གི་རིགས་མཚོན་ཞིང་གོ་བར་བྱེད་པས་ན་རིགས་བདག་གིས་དབུར་བརྒྱན་པ་ལ་བྱའོ། །འོ་ན་ཕྱག་རྒྱ་རྣམ་པ་ལྔར་འོང་བ་ཅི་སྙམ་ན། ཡབ་རྒྱལ་བ་རིགས་ལྔ་ཡོད་པས་ཕྱག་རྒྱ་ཡང་ལྔར་བཞག་པ་ནི། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པ་ལ། ཕྱག་མཚན་རྡོ་རྗེ་ལས་སྐྱེས་པས་ན་རྡོ་རྗེའི་རིགས། པདྨ་ལས་སྐྱེས་པས་ན་པདྨའི་རིགས། རལ་གྲིའམ་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པས་ལས་ཀྱི་རིགས། འཁོར་ལོ་ལས་སྐྱེས་པས་དེ་བཞིན་གཤེགས་པའི་རིགས། རིན་པོ་ཆེ་ལས་སྐྱེས་པས་རིན་པོ་ཆེའི་རིགས། ཞེས་བྱ་སྟེ། དེ་ལྟར་ན་རིགས་ལྔར་བཞག་གོ །དེ་ལྟར་ཀུན་རྫོབ་རྣམ་པར་གཞག་པ་ལས་རིགས་ལྔ་ཡིན་ཡང༌། དོན་དམ་པར་དེ་དག་ཀྱང་བདེ་བ་རྣམ་པར་དག་པ་རྡོ་རྗེ་འཆང་ཆེན་པོའི་རིགས་ཡིན་པས་ན། འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པའོ། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཞེས་པ་ནི། གཟུགས་སྐུ་རྣམ་པ་གཉིས་པོ་དེ་དེ་བཞིན་དུ་གཤེགས་པས་ནའོ། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པ་ནི་ཆོས་ཀྱི་སྐུ་དེ། དེ་བཞིན་གཤེགས་པ་ཉིད་ལས་སེམས་ཅན་གྱི་དོན་དུ་སླར་གཤེགས་པས་ནའོ། །འདིས་ནི་ཟེར་ཡང༌། དེ་བཞིན་ཉིད་དུ་གཤེགས་ཤིང་དེ་ཉིད་ལས་གཤེགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་རིགས་པ་འདི་ཡིས་ནི། དེ་བཞིན་གཤེགས་ཞེས་བརྗོད་ཅེས་སྦྱར་རོ། །དེ་ལྟར་རིགས་ལྔའི་སྟེང་དུ་བདེ་བ་རྣམ་པར་དག་པ་རྡོ་རྗེ་འཆང་ཆེན་པོའི་རིགས་དང་དྲུག་བརྗོད་ཅིང༌། བདེ་བ་རྣམ་པར་དག་པ་དེ་སྤྱི་ཁྱབ་ཏུ་སོང་བས་ན། མདོར་བསྡུས་པ་ནི་རྣམ་པ་ལྔ། །ཞེས་བྱའོ། །རིགས་ལྔ་པོ་དེ་དག་ཀྱང་སྐུའི་རིགས་རྣམ་པར་སྣང་མཛད་དང༌། ཐུགས་ཀྱི་རིགས་མི་བསྐྱོད་པ་དང༌། གསུང་གི་རིགས་འོད་དཔག་མེད་དང་གསུམ་དུ་འདུས་ཏེ། དོན་ཡོད་གྲུབ་པ་ནི་ཕྲིན་ལས་ཀྱི་རིགས་དང༌། རིན་ཆེན་འབྱུང་ལྡན་ནི་ཡོན་ཏན་གྱི་རིགས་ཏེ་གཉིས་ནི་སྤྱི་ཁྱབ་ཏུ་དེ་གསུམ་ལ་ལྡན་པས་ན། སྐུ་གསུང་ཐུགས་སུ་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་བྱའོ། །རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཞེས་པ་ནི་རིགས་ལྔ་པོ་དེ་འབྱུང་བ་ལྔ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ཏེ། ས་རྣམ་པར་དག་པ་རྣམ་པར་སྣང་མཛད་ཡིན་ལ། ཆུ་རྣམ་པར་དག་པ་མི་བསྐྱོད་པ། རླུང་རྣམ་པར་དག་པ་དོན་ཡོད་གྲུབ་པ། མེ་རྣམ་པར་དག་པ་འོད་དཔག་མེད། ནམ་མཁའ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ཡིན་པས་སོ། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ། ཞེས་པ་ལ་གཟུགས་ཕུང་ནི་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། །འདུ་ཤེས་པདྨ་གར་དབང༌། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་རྟ་མཆོག་དོན་ཡོད་གྲུབ་པ། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ་ཡིན་པས་རིགས་ཞེས་བརྗོད་པར་བྱ་སྟེ། དེ་དེའི་ངོ་བོ་ཉིད་ཡིན་པ་ལ་རིགས་ཞེས་བྱའོ། །འོ་ན་དོན་དམ་པར་དེ་བཞིན་གཤེགས་པའི་རིགས་ཞེས་གཅིག་པུ་ལས་མེད་པས་ན་རིགས་ལྔར་བཞག་པ་མི་འཐད་དོ་སྙམ་ན། སྒོམ་པ་པོ་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། སྒོམ་པ་པོ་མེད་ཅེས་པ་ནི། དོན་དམ་པར་ན་སྒོམ་པ་པོ་ཕྱག་རྒྱ་རྣམ་པ་ལྔ་ཡང་མེད་ལ། སྒོམ་པ་སྟེ་རིགས་ལྔའི་བསྒོམ་བྱ་མེད་ཅེས་པའོ། །ལྷ་མེད་དེ་རིགས་ལྔ་དང༌། སྔགས་ཏེ་བྷཱུྃ་ཨཱྃ་ཛྲཱིྃ་ཁྃ་ལ་སོགས་པའི་སྔགས་ཀྱང་ཡོད་པ་མ་ཡིན་ལ། འོན་ཀྱང༌། སྤྲོས་པ་མེད་པའི་རང་བཞིན་ལ། བྷཱུྃ་སོགས་སྔགས་དང༌། རྣམ་སྣང་ལ་སོགས་ལྷ་ནི་ཡང་དག་གནས། །ཞེས་བྱའོ། །དོན་དམ་པར་དེ་དག་མ་གྲུབ་ཀྱང་ཀུན་རྫོབ་ཏུ་མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་གཞན་རྟོགས་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་རིགས་དྲུག་པོ་དེ་ལ། ཚངས་པ་དང་ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པའི་མིང་གིས་ཀྱང་བཏགས་ཏེ་བརྗོད་པ་ནི། རྣམ་སྣང་དེ་ལ་ཅིས་ཚངས་པ་ཞེས་བྱ་ཞེ་ན། རྣམ་པར་སྣང་མཛད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ལ། ཡེ་ཤེས་དེ་སྒྲིབ་པའི་དྲི་མ་མ་ལུས་པ་དག་ཅིང་ཚངས་པས་ན། ཚངས་པ་སྒྲིབ་བྲལ་ཞེས་བྱའོ། །མི་བསྐྱོད་པ་དེ་ལ་ཅིའི་ཕྱིར་ན་ཁྱབ་འཇུག་ཅེས་བྱ་ཞེ་ན། མི་བསྐྱོད་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ལ་ཡེ་ཤེས་དེས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་འཇུག་པས་ན། འཇུག་པའི་ཕྱིར་ཁྱབ་འཇུག་བརྗོད་པར་བྱའོ། །དོན་ཡོད་གྲུབ་པ་དེ་ལ་ཅིས་ཞི་བ་ཞེས་བྱ་ཞེ་ན། དོན་ཡོད་གྲུབ་པ་དེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ལ། ཡེ་ཤེས་དེ་སེམས་ཅན་གྱི་དོན་ལ་རྟག་ཏུ་ཞི་ཞིང་དུལ་བས་འཇུག་པས་ན། རྟག་ཏུ་དགེ་བས་ཞི་བ་ཉིད། །ཅེས་བྱའོ། །རིན་ཆེན་འབྱུང་ལྡན་དེ་ལ་ཐམས་ཅད་ཅེས་ཅི་སྟེ་བྱ་ཞེ་ན། རིན་ཆེན་འབྱུང་ལྡན་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ལ། ཡེ་ཤེས་དེ་དངོས་པོ་ཐམས་ཅད་ལ་རོ་གཅིག་པའི་ཚུལ་དུ་མཉམ་པར་གནས་པས་ན། ཐམས་ཅད་ཀུན་གྱི་རང་བཞིན་གནས། །ཞེས་བྱའོ། །འོད་དཔག་མེད་དེ་ལ་ཅིའི་ཕྱིར་སངས་རྒྱས་ཞེས་བྱ་ཞེ་ན། འོད་དཔག་མེད་དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ལ། ཡེ་ཤེས་དེས་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་ཤིང་ཁོང་དུ་ཆུད་པས་ན། དམ་པའི་བདེ་བས་དེ་ཉིད་དེ། །ཞེས་བྱའོ། །ཡང་སེམས་དཔའ་རིགས་དྲུག་པ་རྡོ་རྗེ་འཆང་དེ་ལ་ཅིའི་ཕྱིར་དེ་ཉིད་ཅེས་བྱ་ཞེ་ན། ས་བཅུ་གསུམ་པ་འབྲས་བུ་རྡོ་རྗེ་འཆང་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་རྟོགས་པས་ན། བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་བྱའོ། །རིགས་ལྔ་པོ་དེ་ཉིད་ལ་ལྷ་ཞེས་བྱ་སྟེ། ཅིས་ཤེ་ན། གང་ཕྱིར་ལུས་ལས་བྱུང་བ་ཉིད། །ཅེས་སྨོས་ཏེ། རཱུ་པ་ཞེས་པའི་སྒྲ་ལས། གཟུགས་སམ་ལུས་སུ་འགྲོ་བས་ན། རྣམ་པར་སྣང་མཛད་དེ། གཟུགས་ཀྱི་ཕུང་པོའི་རང་བཞིན་ནམ། ལུས་ཡིན་པ་ནས། མཐར་མི་བསྐྱོད་པ་དེ་རྣམ་ཤེས་ཀྱི་ཕུང་པོའི་ལུས་སམ་ངོ་བོ་ཉིད་ཅེས་བྱའོ། །སྒྲའི་དབང་དུ་བྱས་ན་རིགས་ལྔ་ལ། དེ་ཧ་ཟེར་ལ། ཧ་དེ་ཕྱིས་པས་ཝ་བཅུག་པས་དེ་ཝ་ན་ལྷ་ཞེས་བྱའོ། །ཡང་རིགས་ལྔ་པོ་དེ་ཉིད་ལ་སངས་རྒྱས་སམ། བཅོམ་ལྡན་འདས་ཞེས་ཀྱང་བྱ་སྟེ། ཅིས་ཤེ་ན། སངས་རྒྱས་འདི་ལ་བྷ་ག་མངའ་བའི་ཕྱིར་ཏེ། བྷ་ག་ཞེས་པ་ཡི་གེའི་སྒྲ་ལས་དྲངས་ན། བྷ་ག་ཝཱན་ན། བཅོམ་ལྡན་འདས་ཏེ། ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །བྷ་ག་ཨྃ་ས་ཞེས་པ་སྐལ་བ་དང་ལྡན་པ་སྟེ། བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཞེས་སོ། །གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཞེས་པ་ནི་ཕྱག་རྒྱ་ལྔ་པོ་དེས། རིགས་ལྔའི་དངོས་གྲུབ་ཀྱི་ཆ་ཤས་སམ། སྐལ་བ་སྟོན་པར་བྱེད་པས་ན་གར་མཁན་གྱི་བུ་མོ་ལ་སོགས་པ་དེ་ལ་སྲིང་མོ་ཞེས་བྱའོ། །ཕྱག་རྒྱ་ལྔ་པོ་དེས་ལྷན་སྐྱེས་ཀྱི་རྟོགས་པ་སྐྱེད་པར་བྱེད་པས་ན་སྐྱེད་བྱེད་མ་ཞེས་བྱའོ། །ཡང་ཕྱག་རྒྱ་ལྔ་པོ་དེས་ལྷན་སྐྱེས་ཀྱི་རྟོགས་པ་རྒྱུད་ལ་བསྐྱེད་པས་ཐ་མལ་གྱི་རྣམ་པར་རྟོག་པ་ལས་ལྷན་སྐྱེས་སུ་བསྒྱུར་བའམ། ཐ་མལ་གྱི་རྣམ་རྟོག་འཚེད་པར་བྱེད་པས་ན། གར་མཁན་མ་དང་བཙོ་བླག་མ། །ཞེས་པའོ། །ཡང་ཕྱག་རྒྱ་ལྔ་པོ་དེ་ལ་བུ་མོ་ཞེས་ཀྱང་བྱ་སྟེ། དུ་ཧཱི་ཏི་ཞེས་པའི་སྒྲ་ལས་བུ་མོར་འགྲོ་བས། སྤངས་པ་དང༌། ཡེ་ཤེས་ལ་སོགས་པའི་ཡོན་ཏན་འཇོ་ཕྱིར་ཤེས་རབ་སྟེ། ཕྱག་རྒྱ་དེ་ལ་བུ་མོ་ཞེས་བྱའོ། །ཡང་སྙིང་རྗེའི་སྒོ་ནས་སེམས་ཅན་གྱི་དོན་ལ་གཡོ་ཞིང་འཇུག་པའི་ཕྱིར་ཕྱག་རྒྱ་ལྔ་པོ་དེ་ལ་གར་མཁན་མ་ཞེས་ཀྱང་བྱའོ། །གཡུང་མོ་ལ་རེག་པ་སྤང་བ་ལྟར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ་མཚན་མ་དང་རྣམ་པར་རྟོག་པས་མི་རེག་པས་ན། གཡུང་མོ་ཞེས་བྱའོ། །གཞན་ཡང་ནང་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པས་ཟིན་ན། ཅི་སྨྲས་པ་ཐམས་ཅད་བཟླས་པར་འགྱུར་པས་ན། བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་བྱའོ། །བརྗོད་ཚད་བཟླས་པར་འགྱུར་བ་རང་ཅི་སྙམ་ན། ཨཱ་ལི་ཀཱ་ལི་རབ་བརྟགས་པས། །ཞེས་སྨོས་ཏེ། བརྗོད་པ་ཐམས་ཅད་ལ་ཨཱ་ལིའམ་ཀཱ་ལི། དེ་གཉིས་འདུས་པ་ལས་བཏུས་པ་མ་གཏོགས་པའི་བརྗོད་པ་མེད་པས་སོ། །ནང་དུ་ལྷན་སྐྱེས་ཀྱི་རྟོགས་པ་ཁྱད་པར་ཅན་ཡོད་ན་རྐང་པའི་རྗེས་ཐམས་ཅད་དཀྱིལ་འཁོར་དུ་འགྱུར་ལ་འདེགས་པ་དང་བསྐྱོད་པ་ལ་སོགས་པ། ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱའོ། །ནང་དུ་རྟོགས་པ་ཁྱད་པར་ཅན་ཡོད་ན་ལག་པས་བསྒྱུར་བ་དང༌། བསམ་པ་ཐམས་ཅད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡིས་བདེ་བ་རང་གིས་བཟའ། །ཞེས་པ་ནི་གསང་བའི་དབང་གི་དུས་སུ། སློབ་དཔོན་གྱི་མཆོག་གི་ཟེ་བར་མངོན་དུ་བྱས་པའི་བདེ་བ་དེ་ཉིད། དབང་གསུམ་པའི་དུས་སུ་སློབ་མས་ཀྱང་ཉམས་སུ་མྱོང་བས་ན། དེ་ཡི་བདེ་བ་རང་གིས་བཟའ། །ཞེས་བྱའོ། །ཡང་བུམ་དབང་ཐོབ་པས་བདུད་རྩིའི་རིལ་བུ་ལ་ལོངས་སྤྱོད་པས་ཚིམ་ལ། གསང་དབང་ཐོབ་པས་རླུང་དང་ཧྃ་ལས་བབས་པའི་བྱང་ཆུབ་ཀྱི་སེམས་ལ་ལོངས་སྤྱོད་པས་ཚིམ་པར་བྱེད་ལ། དབང་གསུམ་པ་ཐོབ་པས་མཆོག་གི་ཟེ་བར་མངོན་དུ་བྱས་པའི་ལྷན་སྐྱེས་དེ་ལམ་དུ་བྱེད་པའི་བཞི་པས་ལམ་དུ་བྱས་པ་ནི་དེའི་བདེ་བ་ཟ་བའོ། །དབང་གསུམ་པའི་དུས་སུ་རྣལ་འབྱོར་པས་ལམ་དུ་བྱས་ཙམ་ན་མྱོང་བའི་བདེ་བ་དེ་ཉིད་ཇི་ལྟ་བ་བཞིན་ཐ་མལ་གྱི་སེམས་ཅན་ཐམས་ཅད་ལ་འཆི་ཁའི་གནས་སྐབས་སུ་འབྱུང་བས་ན། བདེ་བ་གང་གིས་འཆི་བ་འདིར། །ཞེས་བྱ་ལ། དེ་ཉིད་ལམ་དུ་བྱེད་པའི་བཞི་པ། རྣལ་འབྱོར་པས་ཉམས་སུ་བླངས་ན་མི་རྟོག་པ་སྐྱེད་པར་བྱེད་པས། དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་བྱའོ། །དེ་ལྟར་རིམ་པ་གཉིས་ཀྱི་དྲོད་ཐོབ་པ་དེས་སྤྱོད་པ་མ་སྤྱད་ན་མི་གྲོལ་བས་སྤྱོད་པ་བསྟན་ཞེས་པ་ནི་ཕྱི་དོན་གྱི་མཚམས་སྦྱོར་རོ། །ནང་དོན་གྱི་མཚམས་སྦྱོར་ནི། རྩ་སུམ་ཅུ་རྩ་གཉིས་ན་རླུང་དང་བྱང་ཆུབ་ཀྱི་སེམས་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང་ཐིམ་པའི་ཚུལ་གྱིས་གཡོ་ཞིང་རྒྱུ་བས་ན་སྤྱོད་པ་བསྟན་ཞེས་སྦྱར་རོ། །དེ་ལ་ཚིག་གི་དོན་ནི། གང་གིས་ཞེས་པ་སྤྱོད་པ་ལ་བྱ་བའམ། ཡང་ན་རིམ་པ་གཉིས་ཀྱི་དྲོད་ཐོབ་པའི་གང་ཟག་གིས་སོ། །དངོས་གྲུབ་ཀྱི་མཐའ་ནི་སྤྲུལ་པའི་སྐུ་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཡུལ་སུམ་ཅུ་རྩ་བཞི་ལ་སོགས་པ་ན་གནས་པ་ནི་དངོས་གྲུབ་ཀྱི་མཐའ་ཡིན་ལ། དེར་འགྲོ་བས་ན་དངོས་གྲུབ་ཀྱི་མཐར་འགྲོ་བའོ། །དེའང་ཀྱེའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་འགྲོ་བས་ན། ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུས། །ཞེས་བྱའོ། །དེ་ལྟར་སྤྱོད་པ་བྱེད་པའི་གང་ཟག་དེའི་རྒྱན་གྱི་ཁྱད་པར་ནི། སྒོམ་པ་པོ་ཡིས་རྣམ་འཛིན་ཅིང༌། །ལ་སོགས་པ་སྟེ། རྒྱལ་བ་རིགས་དྲུག་གི་བདག་ཉིད་དུ་མོས་པ་བྱེད་པའོ། །དེ་ཡང་ཀུན་བཟང་གི་སྤྱོད་པའི་དུས་ཀྱི་རྒྱན་ཡིན་ཏེ། ཀུན་འདར་ནི་གསང་ནས་བྱེད་པས་སོ་གསུང༌། བགོ་བ་སྟག་གི་པགས་པ་ཉིད། །ཅེས་པ་ནི། དེའི་དུས་ཀྱི་བགོ་བ་སྟེ། ཐ་མལ་གྱི་རྣམ་རྟོག་སྤངས་པའི་རྟགས་སོ། །དེའི་དུས་ཀྱི་བཟའ་བ་ནི་མི་འཆི་སྟེ་བདུད་རྩི་ལྔའོ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ནི། དེའི་དུས་ཀྱི་ལྷའི་རྣལ་འབྱོར་ཏེ། ཧེ། ཧེ་རུ་ན་རྒྱུས་སྟོང་པ་ཡིན་ལ། རུ། རུ་ཏི་ན་རང་གི་ངོ་བོས་སྟོང་ལ། ཀ ཀ་རུ་ན་འབྲས་བུས་སྟོང་པའོ། །ཁ་དོག་ལྔ་ལ་མཉམ་པར་གནས། །ལ་སོགས་པ་ནི་གྲོགས་ཀྱི་ཁྱད་པར་ཏེ། དེ་ལ་ཁ་དོག་ཅེས་པ་ནི་ཝརྞའི་སྒྲ་ལས་རིགས་དང་ཁ་དོག་དང་ཡི་གེ་ལ་འཇུག་པས། འདི་ལའང་འགྲོ་སྟེ། ཁ་དོག་ལྔ་ལ་རྣམ་པར་གནས། །ཞེས་པ་ནི་རིགས་ཏེ། རྒྱལ་བ་ལྔའོ། །རིགས་ལྔ་དག་དང་མཉམ་ལྡན་པ་ནི་ཡུམ་ལྔ་དང་ངོ༌། །རིགས་གཅིག་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སྟེ་བྲམ་ཟེ་མོར་བརྟག་པའོ། །ཁ་དོག་དུ་མ་ཉིད་ཀྱིས་ཏེ། །རིགས་ཀྱི་བདག་པོ་ཐ་དད་པས། །གང་ཕྱིར་དབྱེ་བ་སྟེ། ཕྱག་རྒྱ་ཐ་དད་པར་མི་བརྟག་ཅེས་པའོ། །ཤིང་གཅིག་ལ་སོགས་པ་ནི། ཕྱི་དོན་དུ་བཤད་ན་ཤིང་གཅིག་ནི། གཅིག་གི་གྲི་མ་གཅིག་ལ་མི་ཕོག་པའོ། །དུར་ཁྲོད་ནི་རོ་གནས་པའོ། །མ་མོའི་ཁྱིམ་ནི་དུས་མཚན་མ་རྒྱུ་བའོ། །དབེན་པ་ནི་ཉིན་མོ་སྐྱེ་བོ་རྒྱུ་བ་ལ་སོགས་ཀྱིས་དབེན་ལ། མཚན་མོ་གདོན་དང་འབྱུང་པོ་ལ་སོགས་པས་དབེན་པའོ། །བས་མཐའ་ནི་གྲོང་ཟད་པའོ། །ནང་དོན་དུ་སྦྱར་ན། ཤིང་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་ན་ཤིང་གཅིག་སྟེ་ཙཎྜཱ་ལཱིའི་ཡེ་ཤེས་སོ། །དེ་ཤིང་ཇི་ལྟར་ཡིན་ན་ཤིང་དང་ཆོས་མཐུན་པས་ཏེ། ཤིང་གིས་ནི་ལོ་མ་དང་མེ་ཏོག་དང་འབྲས་བུ་གསུམ་བསྐྱེད་ལ། ཡེ་ཤེས་འདིས་ཀྱང་ལོ་མ་ལྟ་བུའི་དངོས་གྲུབ་ལས་སྣ་ཚོགས་དང༌། མེ་ཏོག་ལྟ་བུ་གྲུབ་ཆེན་བརྒྱད་དང༌། འབྲས་བུ་ལྟ་བུ་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པས་སོ། །དུར་ཁྲོད་ནི་དབུགས་རྒྱུ་བས་ན་རྟེན་ལུས་ལ་བྱའོ། །མ་མོའི་ཁྱིམ་ནི་རྩ་སུམ་ཅུ་རྩ་གཉིས་སོ། །མཚན་མོ་ནི་དྷཱུ་ཏཱི་སྟེ་རྟོག་པ་མི་རྒྱུ་བས་སོ། །མཚན་མ་དང་རྣམ་པར་རྟོག་པས་དབེན་པས་ན་དབེན་པའོ། །བས་མཐའ་ནི་མཚན་མ་དང་རྣམ་པར་རྟོག་པ་ཟད་པས་སོ། །ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དེ་ལ་མཚན་མ་དང་རྣམ་རྟོག་གིས་དབེན་པས་ན་དབེན་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་དེ་རྟེན་ཐིག་ལེ་ཐམས་ཅད་དེངས་ཤིང་ཟད་པའི་གནས་ཡིན་པས་བས་མཐའོ། །དེར་ལྷན་སྐྱེས་ཀྱི་རྟོགས་པ་ཁྱད་པར་དུ་འགྱུར་བས་ན། སྒོམ་པ་བཟང་པར་བརྗོད་པར་བྱ། །ཞེས་སོ། །ཅུང་ཟད་དྲོད་ཐོབ་པ་ནི་ཆོས་བརྒྱད་ཀྱི་རྣམ་རྟོག་ནུབ་པའོ། །འགྲུབ་འགྱུར་འདོད་ཡོད་ནི། མཆོག་གི་དངོས་གྲུབ་འཐོབ་པར་འདོད་པའོ། །ཤིན་ཏུ་བཞིན་བཟང་མ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་རྟེན་དུ་རུང་བའོ། །མིག་ཡངས་མ་ནི་མིག་དཀྱུས་རིང་བ་སྟེ། རི་དྭགས་ཀྱི་མིག་འདྲ་བའོ། །དེ་ཡང་སྒྲུབ་པ་པོ་རང་ཉིད་ཀྱིས་དབང་བསྐུར་བ། སྙིང་རྗེ་ཆེ་བ། རྡོ་རྗེའི་རིགས་ཀྱི་བུ་མོ་སྟེ་ལྷྭམ་མཁན་གྱི་བུ་མོ་དང་ལྷན་ཅིག་སྤྱོད་པ་བྱ་བ་ཡིན་ལ། དེ་ལྟ་བུ་མེད་ནའང༌། རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཞེས་འབྲེལ་ལོ། །ཡང་ན་ཇི་ལྟར་གང་རྙེད་དེ། །ཞེས་པ་ནི་སྒྲུབ་པ་པོ་ལས་ཀྱི་རིགས་ཡིན་པ་ལ། དེའི་ཕྱག་རྒྱ་པདྨའི་རིགས་ལྟ་བུ་བསྟེན་ལའང་སྤྱོད་པ་སྤྱད་དོ། །དེ་ལ་སྤྱིར་རྒྱུད་འདིར་གཞུང་གི་མཐར་ཐུག་འབྲས་བུའི་ཉེ་རྒྱུའི་ཚུལ་མི་འདྲ་བ་བཞི་སྣང་ཞེས་གསུངས་ཏེ། དང་པོ་དབང་དུས་དང༌། བར་དུ་ལམ་གྱི་དུས་དང༌། མཐར་སྤྱོད་པའི་དུས་གསུམ་ཀ་ཕྱག་རྒྱ་ལ་བརྟེན་པ་དང༌། དང་པོ་དང་བར་དུ་མི་བསྟེན་ལ་མཐར་སྤྱོད་པའི་དུས་སུ་བསྟན་པ་དང༌། དང་པོ་དང་ཐ་མར་བསྟེན་ལ། བར་ལམ་དུས་སུ་རང་བྱིན་བརླབ་ལ་བསྟེན་པ་གཅིག་དང་བཞིར་གསུངས་ལ། སེང་ཀར་ཤཱཀྱ་འོད་ནི་དང་པོ་དང༌། བར་རང་ཐ་མ་གསུམ་ཀར་མ་བསྟེན་པར་གྲོལ་བའི་ལམ་ཅིག་བླ་ཆེན་པ་གསུང་ཟེར་སྐད་ན། ཇོ་བོ་མངའ་རིས་པ་ནི་དེ་ལྟ་བུའི་ལམ་ཅིག་རྒྱུད་འདིའི་གཞུང་གང་ནས་ཀྱང་གསུངས་པ་མེད་ཅེས་གསུང་སྐད། དེ་ལ་དུས་གསུམ་ཀར་བསྟེན་པའི་དབང་དུ་བྱས་ནས། དང་པོ་གསང་བའི་དབང་གི་དུས་སུའང་ཕྱག་རྒྱ་མ་བསྟེན་ཏེ། ཡུམ་གྱི་མཁའ་ལས་བྱང་སེམས་ལྕེས་ལེན་པས་སོ། །བར་ལམ་དུས་སུ་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་པས་སོ། །མཐར་སྤྱོད་པའི་དུས་སུའང་ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པ་བྱེད་པས་སོ། །དང་པོ་གསང་བའི་དབང་གི་དུས་སུ་གྲོལ་བའི་སྟོབས་ལས་ཐོབ་ལ། བར་དུ་ལམ་དུས་སུའང་རང་བྱིན་གྱིས་བརླབ་པའི་ལམ་ལ་བརྟེན་པས་ན། དུས་དེ་གཉིས་ཀར་ནི་མི་བསྟེན་ལ་མཐར་སྤྱོད་པའི་དུས་སུ་བསྟེན་ནོ། །དང་པོ་གསང་དབང་ཡང་ཡུམ་གྱི་མཁའ་ལས་ལེན། མཐར་སྤྱོད་པའང་དེ་དང་ལྷན་ཅིག་བྱེད་ལ། བར་དུ་ལམ་དུས་སུ་ནི་རང་བྱིན་བརླབ་བསྒོམ་པའོ། །གསུམ་ཀར་མ་བསྟེན་ཡང༌། གྲོལ་བར་འདོད་པ་ནི་དང་པོ་གསང་དབང་གི་དུས་སུ། ལོངས་སྤྱོད་ཀྱི་རླབས་ལས་བླང་བར་ཡང་གསུངས་པ་ཡོད་པས། དེས་མཚོན་ནས་དུས་གསུམ་ཀར་མ་བསྟེན་ཡང་གྲོལ་བའི་ལམ་ཞིག་འདོད་ཀྱི། དེ་ལྟ་བུའི་གཞུང་ནི་གསལ་བ་མེད་དོ། །སྤྱིར་ནི་ཕྱག་རྒྱ་ལ་མ་བསྟེན་པར་སྦས་པའི་རྣམ་པ་གཉིས་རྟོགས་པ་མེད་པར་བཞེད་དེ། ཕྱག་རྒྱའི་ཆོས་ཀྱི་འབྱུང་གནས་ཀྱི་སྙིང་པོར་ཁམས་གསུམ་གྱི་དངོས་པོ་ཐམས་ཅད་དང༌། མྱ་ངན་ལས་འདས་པ་ས་བཅུ་གསུམ་པའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཀྱི་རྟོགས་པའང་འཆར་བར་བཞེད་དོ། །བྱང་ཆུབ་ས་བོན་གདབ་པ་དང༌། །སྦྱངས་པ་ཡིས་ནི་གཟུང་བར་བྱ། །ཞེས་པ་ལ་བྱང་ཆུབ་ས་བོན་བཏབ་པ་ནི་བུམ་དབང་གི་དུས་སུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་སྤྱི་གཙུག་ནས་སྨིན་མཚམས་ཀྱི་བར་དུ་བླུགས་པ་ལ་བཏབ་པ་ཞེས་བྱ་ལ། གསང་དབང་གི་དུས་སུ་བྱང་སེམས་ལྕེ་ལ་འཇོག་པ་དང༌། དབང་གསུམ་པའི་དུས་སུ་མཆོག་གི་ཟེ་བར་མངོན་དུ་བྱས་པ་ནི་བཏབ་པའོ། །དེ་དག་གིས་རིམ་པ་བཞིན་དུ་ལུས་དང༌། ངག་དང༌། སེམས་ཀྱི་དྲི་མ་དག་པར་བྱེད་པ་དང༌། ལམ་དུ་བྱེད་པའི་བཞི་པས་གསུམ་པའི་ཉམས་མྱོང་དེ་ཉིད་ལམ་དུ་བྱས་པས་ཐམས་ཅད་ཀྱི་དྲི་མ་དག་པ་ནི་སྦྱང་བའོ། །རྟེན་ཐིག་ལེ་མི་ཉམས་པར་བསྲུང་བ་ནི་བཟུང་བའོ། །གལ་ཏེ་དགའ་བས་གླུ་བླངས་ཏེ། །ཞེས་པ་ཀོལླ་ཨི་རི་ཌིཋ་ལ་སོགས་པ་གཉིས་སུ་མེད་པའི་རྟོགས་པས་ཟིན་པའི་རྡོ་རྗེའི་གླུ་བླང་བར་བྱའོ། །བདེ་སྟོང་གིས་ཟིན་པའི་གླུ་ཡིན་པས་ན། དེ་ཚེ་རྡོ་རྗེ་མཆོག་ལྡན་པའོ། །དེ་ལྟར་རྡོ་རྗེའི་གླུ་བླངས་པ་ལས། གལ་ཏེ་དགའ་བ་སྐྱེས་པ་ན། ཐར་པ་སྟེ་མཆོག་འདོད་པའི་བསམ་པས་གར་བྱའོ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །ཞེས་པ་ལ་སོགས་པ་ནི། དེ་དང་དེའི་རྣམ་པར་མོས་པ་བྱེད་པའོ། །ཁ་ཊྭཱཾ་ག་འཛིན་པ་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་མཚོན་པ་སྟེ། ཤེས་རབ་མཚོན་ལ། ཅང་ཏེའུ་ནི་ཐབས་ཏེ། ཟབ་མོའི་ཆོས་ཀྱི་སྒྲ་སྒྲོགས་པ་མཚོན་ལ། ཞེ་སྡང་འཇོམས་པའི་གཉེན་པོ་ཡིན་པས་སམ། ཞེ་སྡང་རྣམ་པར་དག་པའི་ལྷ་ཡིན་པས་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། གླུ་ནི་རྡོ་རྗེའི་ཡིན་ལ། རྣམ་པར་དག་པ་ནི་བདེ་སྟོང་གིས་ཟིན་པའོ། །ཡང་ནང་དུ་ལྷན་སྐྱེས་ཀྱི་རྟོགས་པ་ཁྱད་པར་ཅན་གྱིས་ཟིན་ན་གར་བྱས་ཀྱང་བསྒོམ་པ་བྱས་པར་འགྲོའོ། །ནང་ན་རྟོགས་པ་ཁྱད་པར་ཅན་ཡོད་ན་གླུ་གར་བྱས་ཀྱང་བསྒོམ་བཟླས་སུ་འགྲོ་བ་དེའི་ཕྱིར་ནའོ། །རྐུན་མའི་སྐྲ་ལས་ཅོད་པན་བྱས། །ཞེས་པ་ནི་ཀྱེའི་རྡོ་རྗེའི་རྣལ་འབྱོར་པས་ནི་རྐུན་མའི་སྐྲ་ལས་མཐུད་མ་བྱས་ཏེ། སྤྱི་བོར་བཅིངས་ལ། དེའི་གསེབ་ཏུ་ཧཱུྃ་བྱུང་སྟེ་རྡོ་རྗེ་དང་དྲིལ་བུ་ལ་སོགས་པའོ། །ཐོད་པ་སོར་ལྔ་པ་ཡི་ཚད། །བྱས་པས་ཅོད་པན་ཏེ་མགོ་ལ་ཐོད་དུ་བཅིངས་བའོ། །ཐབས་དང་ཤེས་རབ་མི་འབྲལ་བའི་བརྡར། རྐུན་མའི་སྐྲའི་སྐ་རགས་ཉིས་སྐོར་བྱེད་པའོ། །ལྷན་སྐྱེས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པའི་བརྡར། ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །ཞེས་བྱའོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །ཐོད་པ་ནི་བདེ་བའོ། །ཡང་ན་རྡོ་རྗེ་ནི་ཐབས་ཀྱི་གསང་བའི་རྡོ་རྗེའོ། །ཐོད་པ་ནི་ཕྱག་རྒྱའི་ཆོས་འབྱུང་སྟེ། ཐོད་པ་ནི་ཀ་པཱ་ལ་སྟེ། ཀ སུ་ཀ་ན་བདེ་བ་ཡིན་ལ། པཱ། པཱ་ལ་སྐྱོང་བ་སྟེ། བདེ་བ་སྐྱོང་བའོ། །བརྐམ་པ་ནི་འདོད་ཡོན་ལྔ་ལ་ལྷག་པར་ཆགས་པའོ། །རྨོངས་པ་ནི་དེ་ཁོ་ན་མི་ཤེས་པ། འཇིགས་པ་ནི་བག་ཚབ་སྟེ། དེ་དག་དང༌། ངོ་ཚ་བའང་སྤངས་ལ། འདི་བྱ་བའམ་མི་བྱ་བ་ལ་སོགས་པའི་ཐེ་ཚོམ་སྤངས་ལ་སྤྱོད་པ་བྱའི། བརྐམ་པ་ལ་སོགས་པ་དང་བཅས་པས་ལྟོ་དགང་བའི་དཔུང་གཉེན་གྱི་སྤྱོད་པར་འགྱུར་བས་སོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཞེས་པ་ཀུན་འདར་གྱི་སྤྱོད་པའི་དུས་སུའོ། །དེ་ཚེ་སེམས་ཅན་ཐམས་ཅད་ལ་ལུས་འདི་ཐུན་མོང་དུ་སྟེར་བས་ཅི་དགར་ལོངས་སྤྱོད་ཅེས་ཁས་བླངས་པའོ། །ཕྱི་ནས་ཏེ་ཀུན་བཟང་གི་སྤྱོད་པའི་དུས་སུ་ཕ་རོལ་པོ་སློང་དུ་བྱུང་ན་སྐལ་དང་སྐལ་མིན་ཏེ། བདག་ཉིད་ཀྱི་ལུས་ལ་གནོད་པར་འགྱུར་མི་འགྱུར་དང༌། གཞན་གྱི་དོན་དུ་འགྱུར་མི་འགྱུར་དཔྱད་དེ་སྦྱིན་གྱི། མི་བརྟགས་པར་མི་སྟེར་བས་ན། དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །ཞེས་པའོ། །འབྲས་ཆེན་ལ་སོགས་བཟའ་བ་དང༌། རྒུན་ཆང་ལ་སོགས་བཏུང་བ་རྣམས་ཇི་ལྟར་རྙེད་པ་བཟའི། འདི་ནི་བཟང་བས་བཟའ་འོ། །འདི་ནི་ངན་པས་མི་བཟའ་ཞེས། ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པར་མི་བྱའོ། །དེ་བཞིན་དུ་འདི་བཟང་བས་བཟའ་ཞེས་པ་ལ་སོགས་པའོ། །བགྲོད་པ་སྟེ་རྒྱལ་རིགས་དང༌། རྗེའུ་རིགས་ལ་སོགས་པ། བགྲོད་མིན་ཏེ་གཡུང་མོ་ལྷྭམ་མཁན་གྱི་བུ་མོ་ལ་སོགས་པའང་ཐ་དད་དུ་མི་བརྟག བཟང་ངན་དུ་མི་བརྟག་གོ །འོ་ན་སྤྱོད་པ་བྱེད་པའི་གང་ཟག་དེས་བླ་མར་འཛིན་པའང་སྤོང་ངམ་ཞེ་ན། དངོས་གྲུབ་རྙེད་པ་སྟེ། ཅུང་ཟད་དྲོད་ཐོབ་པ། ཡང་དག་ཡེ་ཤེས་སྣང་བ་ནི་ཚར་གཅད་དང་རྗེས་གཟུང་གཉིས་ཀ་ནུས་པ་སྟེ། དྲོད་ཆེན་པོ་ཐོབ་པས། བླ་མ་མངོན་ཕྱག་འཚལ་ཞེས་སྦྱར། །ཕྱག་འཚལ་ནས་རང་ཅི་བྱེད་སྙམ་ན། མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཞེས་དགོངས་པའོ། །བསླབ་པ་ནི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པའོ། །དབང་ནི་དབང་དུ་བྱ་བ་ལ་སོགས་པ་ལས་བཞིའམ། ཡང་ན་བུམ་པའི་དབང་ལས་རྣམ་པར་གྲོལ། །དེ་བཞིན་ངོ་ཚའི་འབྲས་བུ་སྟེ། །ངོ་ཚ་བ་ཡི་རྟོག་པ་སྤང༌། །དངོས་པོ་ཀུན་གྱི་རང་བཞིན་ཞེས་པ་ནི། དངོས་པོ་ཀུན་བདེ་སྟོང་དུ་ཤེས་པའི་རྣལ་འབྱོར་གྱིས་དཔྱད་ན་སྐྱེ་མེད་དུ་འདུག་པའོ། །ནང་དུ་ལྷན་སྐྱེས་ཀྱི་རྟོགས་པ་ཁྱད་པར་ཅན་ཡོད་ན། ཕྱི་རོལ་གྱི་སྦྱིན་སྲེག་དང་ལྷ་མཆོད་པ་ལ་སོགས་པའི་མཆོད་སྦྱིན་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པའི་དཀའ་ཐུབ་འདས་ཏེ་མི་དགོས་ལ། རང་གི་ལྷའི་རྣལ་འབྱོར་བསྒོམ་པ་ལ་སོགས་པ་བསམ་གཏན་ཡང་སྤངས་ལ། བཟའ་བའི་དམ་ཚིག་དང་རྩ་ལྟུང་བཅུ་བཞི་ལ་སོགས་པ་སྲུང་བ་སྟེ་སྡོམ་པ་ལས་རྣམ་པར་གྲོལ་ལ། ཀྱེའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་སྤྱོད་པ་བྱའོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྙིང་རྗེའི་སྒོ་ནས་ཅུང་ཟད་བཏུང་བར་བྱ་ཞིང་རྣལ་འབྱོར་བཏུང་དགའ་སྟེ། རྣལ་འབྱོར་པ་དེས་ལྷན་ཅིག་སྐྱེས་པའི་དགའ་བ་ལ་ལོངས་སྤྱོད་པར་བྱའི། གཞན་གྱི་བཏུང་བས་བཟི་བ་མེད། །ཅེས་པ། རྟོགས་པའི་འགལ་རྐྱེན་དུ་གྱུར་ན་ཆང་ལ་སོགས་པའི་བཏུང་བ་མི་བཏུང་ཞེས་བྱའོ་གསུང༌། ཕྱིས་ཆང་ཉུང་ཟད་ཙམ་བཏུང་ཞིང༌། །གཞན་གྱི་བཏུང་བས་བཟི་བ་མེད། །ཅེས་པས་ར་རོ་བར་མི་བཏུང་བའོ། །དེ་ལྟར་ལེའུ་དེ་དག་གི་བརྗོད་བྱའི་དོན་ནི་སྦས་པའོ། །རྗོད་བྱེད་ནི་གསུམ་ཀ་འཇུག་ལ། ཡན་ལག་གི་དོན་གཙོ་ཆེ་བས་སྦས་པར་བཤད་དོ། །མངོན་པར་རྟོགས་པ་ནི་རིམ་པ་གཉིས་ལ་གནས་པ་དེས། དྲོད་ཐོབ་ནས་སྤྱོད་པ་བྱེད་པ་ཞེས་བྱ་བ་སྟེ། མཆོག་གི་མངོན་རྟོགས་སོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བརྟག་པ་ལྔ་པའི་རབ་བྱེད་གཉིས་པ་དང་སྦྱར་རོ། །འདིའི་ལུས་རྣམ་གཞག་ལ་སོགས་པ་མེད་པས། ལུས་དང་ཡན་ལག་གི་འབྲེལ་ནི་མི་བརྩིའོ། །དེ་ལྟར་སྤྱོད་པ་བྱེད་པ་ལ་གྲོགས་རྡོ་རྗེ་རྣལ་འབྱོར་མ་རྣམས་དང་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་དགོས་པས། བརྡ་བསྟན་ཏོ་ཞེས་པ་ཕྱིའི་དོན་གྱི་མཚམས་སྦྱོར་རོ། །ཡང་རྩ་སུམ་ཅུ་རྩ་གཉིས་ན་རླུང་དང་བྱང་སེམས་གཡོ་ཞིང་རྒྱུ་བའི་ཚུལ་གྱིས་ལོངས་སྤྱོད་པ་དེ་ཉིད་ཀྱིས་མི་རྟོག་པ་ལ་རེག་པའི་དོན་གྱིས་བརྡ་བསྟན་གསུང་ངོ༌། །ཙྪོ་མ་ཞེས་པ་ནི་བརྡ་འདིས་སོ་སོ་སྐྱེ་བོ་ཐ་མལ་བ་རྣམས་ཐེ་ཚོམ་སྐྱེད་ཅིང༌། དམ་ཚིག་ལྡན་པའི་སྐྱེ་བོ་རྣམས་ཕན་ཚུན་རྟོགས་པ་སྐྱེད་པར་བྱེད་པས་ན་ཙྪོ་མའོ། །གང་གིས་ཞེས་པ་ནི་བརྡ་གང་གིས་སོ། །རྣལ་འབྱོར་པ་ནང་ཕན་ཚུན་ཕྲད་ན་ནི་སྤུན་དུ་ངོ་ཤེས་པར་བྱེད་ལ། རྣལ་འབྱོར་མ་དང་ཕྲད་ན་སྲིང་མོར་ངོ་ཤེས་པར་བྱེད་པའོ། །འདིའི་བརྗོད་བྱ་ནི་ཚོགས་ཀྱི་དུས་སུ་སྐལ་བ་དང་ལྡན་མི་ལྡན་གྱི་སྐྱེ་བོ་རྣམ་པར་དབྱེ་བ་ལ་སོགས་པའི་དོན་དུ་བརྡ་བྱེད་ན་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། སྤྱོད་པའི་དུས་སུ་བརྡ་བྱེད་ན་སྦས་པའོ། །གནས་ལ་སོགས་པ་ས་དང་པོ་ལ་སོགས་པ། ས་བཅུ་གཉིས་དང་སྦྱར་ན་མཐར་ཐུག་ཏུའང་འགྲོའོ། །རྗོད་བྱེད་ནི་གསུམ་ཀ་ཡིན་ལ། བསྡུས་པའི་དོན་གཙོ་ཆེ་བས་འཆད་དེ། སཾ་པུ་ཊ་ལས། གནས་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་བཤད་དོ་ཟེར་བས་སོ། །མངོན་པར་རྟོགས་པ་ནི་སྤྱོད་པའི་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་བྱེད་པ་སྟེ། མཆོག་གི་མངོན་རྟོགས་སུ་འགྲོ་ལ། ཚོགས་ཀྱི་འཁོར་ལོའི་དུས་སུ་བྱེད་ན་དམ་ཚིག་དང་སྡོམ་པར་འགྲོ། རྒྱུད་སྡེ་གཞན་གྱི་གང་ཡིན་ན། བརྟག་པ་བཞི་པ་དང་ལྔ་པའི་དང་པོ་དང་སྦྱར་རོ། །ལུས་དང་ཡན་ལག་གི་དབང་དུ་བྱས་ནས་བརྡ་ཆེན་གྱི་རྒྱས་བཤད་དོ། །ཚིག་གི་དོན་ནི། གལ་ཏེ་ཕྲེང་བའི་ལག་སྟོན་ན། །ཞེས་པ་ནི་རྣལ་འབྱོར་མ་དེ་ཁྱོད་དང་ལྷན་ཅིག་སྤྱོད་པ་དང༌། ཚོགས་འཁོར་ལོ་སོགས་པ་ལ་འདུ་བར་བྱའོ་ཞེས་པའོ། །ཕྲེང་བ་མངོན་པར་བཏང་བྱས་ཏེ། གནས་སམ་ས་གང་དུ་འདུ་བར་བྱ་བ་སྟེ་ལན་ནོ། །དམ་ཚིག་སྤང་བར་མི་བྱ་སྟེ། ཇི་ལྟར་ཆད་བྱས་པ་བཞིན་གནས་དེར་འདུ་བས་སོ། །དེ་ལ་ཕྱི་རོལ་ཞེས་པ་ནི་ཕྱི་རོལ་གྱི་འདུ་བའི་གནས་ཞེས་བྱའོ། །བཟང་པོ་ནི་མཐུའམ་ནུས་པ་ཐོབ་པ་སྟེ། དེ་ལྟ་བུའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱོད་པ་བྱེད་པའི་གནས་ནི་བཟང་པོའི་སྤྱོད་ཡུལ་གྱི་གནས་པའོ། །ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས། ཞེས་པ་ནི་བརྡས་མཚོན་པའི་གྲོགས་རྡོ་རྗེ་རྣལ་འབྱོར་མ་དང་འདུ་བའི་གནས་དུ་ལགས། ཞེས་པའོ། །སྤྱིར་གནས་འདི་ལ་བཤད་པ་གསུམ་སྟེ། ཕྱི་དང་འབྲེལ་པར་བཤད་པའི་ཚེ། འཛམ་བུའི་གླིང་ན་སྤྲུལ་པའི་སྐུ་ཞིང་སྐྱེས་ཀྱི་བཞུགས་གནས། དབྱེ་ན་ཡུལ་སུམ་ཅུ་སོ་གཉིས་ཡིན་ལ། ནང་དོན་དུ་སྤྱི་བོ་ལ་སོགས་པའི་ལུས་ཀྱི་ཆ་ཤས་སོ་གཉིས་ན། སུམ་ཅུ་སོ་གཉིས་མཁའ་འགྲོའི་གཟུགས་ཀྱིས་གནས་པ་ཡིན་ལ། རེ་ཞིག་མཐར་ཐུག་བཤད་ན་དྲང་དོན་གྱི་ས་དང་ངེས་དོན་གྱི་ས་རྣམ་པ་གཉིས། དེ་ལ་དྲང་དོན་དུ་ས་དང་པོ་ལ་སོགས་པ་ཐོབ་པའི་ཚུལ་འཛིན་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བཞུགས་གནས་ལ་བྱས་ལ། དངོས་སུ་ངེས་དོན་ལུས་ཀྱི་ཆ་ཤས་ཀྱི་རྩ་དེ་དག་ཏུ་རླུང་དང་བྱང་སེམས་ཀྱི་ཐིག་ལེ་སྟོང་བརྒྱད་བརྒྱ་བ་རེ་མགོ་ཟུག་པ་དང༌། ལོངས་སྤྱོད་དང་ཐིམ་པའི་ཚུལ་དུ་དབང་དུ་གྱུར་པས་ས་དང་པོ་ལ་སོགས་པའི་རྟོགས་པ་སྐྱེ་བར་འགྱུར་བ་ཁོ་ན་ཡིན་ནོ། །འདི་རྣམས་ཞེས་པ་ནི་གནས་ལ་སོགས་པ་ས་བཅུ་གཉིས་པོ་འདི་རྣམས་སོ། །ངེས་དོན་དུ་ས་དང་པོ་ལ་སོགས་པ་ས་བཅུ་གཉིས་ཡིན་ལ། ས་བཅུའི་དབང་ཕྱུག་ནི། བྱང་ཆུབ་ཆེན་པོའི་ས་སྟེ། མགོན་པོ་སངས་རྒྱས་ཀྱི་ས་དང་བཅུ་གསུམ་མོ། །འདིས་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་གནས་ལ་སོགས་པ་བཅུ་གཉིས་པོ་དེས། ས་བཅུ་གཉིས་བརྗོད་ཀྱིས་གཞན་མ་བརྗོད་ཅེས་པའོ། །ཡང་བྱང་ཆུབ་སེམས་དཔའི་ས་དང༌། སངས་རྒྱས་ཀྱི་ས་གཉིས་བརྗོད་ཀྱིས། གཞན་མ་བརྗོད་ཅེས་པའོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་པ་དེ་དག་མཆོག་གི་དངོས་གྲུབ་ལ་དགོད་པའི་ཕྱིར་རོ། །རྣལ་འབྱོར་མ་ཡི་ལེགས་འདུ་བ། །ཞེས་པ་ལ་སོགས་པ་ནི། ཕྱི་དོན་དུ་བཤད་ན་ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་ཞིང་སྐྱེས་སྤྲུལ་པའི་མཁའ་འགྲོ་མ་རྣམས་སོ། །ལེགས་འདུ་ནི་སྤྱོད་པའམ་ཚོགས་འཁོར་ལ་འདུ་བའོ། །ཉིན་པར་ནི་དུས་ཏེ། ནམ་འདུ་བར་བྱ་ཞེས་དྲིས་པའོ། །ཡི་དྭགས་ཞེས་པ་ནི་ཡི་དྭགས་རྒྱུ་བའི་དུས་ཡིན་པས་ན་སྟེ། མར་ངོའི་ཟླ་ཕྱེད་གནམ་སྟོང་ངོ༌། །བཅུ་བཞི་ནི་ཉར་དགུའོ། །བརྒྱད་ནི་ཉེར་གསུམ་དང་བརྒྱད་རང་ངོ༌། །རྒྱལ་མཚན་ནི་རྐུན་པོ་གསལ་ཤིང་གི་རྩེ་ལ་བཙུགས་ཏེ་བསད་པའོ། །མཚོན་བསྣུན་ནི་དཔའ་བོ་ཡུལ་དུ་བསད་པའི་ཤའོ། །ལན་བདུན་པ་ནི་སྐྱེ་བ་བདུན་པའོ། །ནང་དོན་དུ་བཤད་ན། སེམས་ཅན་ནི་སྤྱོད་པ་བྱེད་པའི་རྣལ་འབྱོར་པའོ། །རྣལ་འབྱོར་མ་རྩ་སུམ་ཅུ་སོ་གཉིས་སོ། །ལེགས་འདུ་ནི་རླུང་དང་བྱང་སེམས་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པའི་ཚུལ་གྱིས་གཡོ་ཞིང་རྒྱུ་བས་ན་འདུ་བའོ། །ཉིན་པར་ནི་ཡི་གེའི་དོན་དུ་བཤད་ན། བྷོ་ཞེས་པ་ཉི་མ་ཡིན་ལ། དྷཽ་སོ་ཀ་ན་མཐོ་རིས་སོ། །དྷཽ་སུ་ཀ་ན་བདེ་བའོ། །དྷཽ་སཾ་ཀ་ན་སྨོད་པ་སྟེ། དེ་ལྟ་ན་མཐོ་རིས་ཀྱི་བདེ་བ་སྨོད་པའོ། །དེ་གང་ཡིན་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཅུ་དྲུག་པ་སྟེ། དེས་མཐོ་རིས་ཀྱི་བདེ་བ་སྨོད་པའོ། །ཡི་དྭགས་ནི་ཡི་གེའི་དོན་དུ་བཤད་ན་པྲེ་ཏ་སྟེ། པྲ་ཨེ་ཏ་ཞེས་པ་སྲོག་རབ་ཏུ་སོང་བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཅུ་དྲུག་པ་དེས། མཚན་མ་དང་རྣམ་པར་རྟོག་པའི་སྲོག་རབ་ཏུ་སོང་བས་ན་ཡི་དྭགས་ཞེས་བྱའོ། །ཟླ་ཕྱེད་ནི་ཡང་ངོའི་བཅོ་ལྔ་སྟེ་ལྷན་སྐྱེས་དགའ་བ་བཅུ་དྲུག་པའི་མཚོན་བྱེད་དོ། །བཅུ་བཞི་ནི་ལྷན་སྐྱེས་དགའ་བྲལ་གྱི་དུས་ཏེ། ཚེས་བཅུ་བཞི་པ་དང༌། བཅོ་ལྔ་མ་རྫོགས་པ་དང་འདྲ་བར་དགའ་བ་བཅུ་དྲུག་པར་མ་ཕྱིན་པས་སོ། །འདིའི་དུས་སུ་ཆོས་གསུམ་གྱིས་དགའ་བ་བཅུ་དྲུག་པར་མ་ཕྱིན་པ་ཡིན་ཏེ། གནས་མ་གང་བ་དང༌། དུས་མ་ཕྱིན་པ་དང༌། ཉམས་མྱོང་མ་རྫོགས་པས་སོ། །བརྒྱད་པ་ནི་ཕའི་བྱང་སེམས་འབྱུང་བ་བཞིའི་དྭངས་མ། ཕྱག་རྒྱའི་འབྱུང་བ་བཞིའི་བྱང་སེམས་ཀྱི་དྭངས་མ་བཞི་སྟེ་བརྒྱད་དོ། །རྒྱལ་མཚན་དང་འདྲ་བས་རྒྱལ་མཚན་ཏེ། མཆོག་གི་ཟེ་བའི་སྟེང་ན་གནས་པའི་ཁམས་བདུད་རྩིའི་དྭངས་མའོ། །མཚོན་བསྣུན་ནི་མཚན་མ་དང་རྣམ་རྟོག་ལ་བསྣུན་ཞིང་གསོད་པར་བྱེད་པས་ན་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །ལན་བདུན་པ་ནི། ཁམས་བདུད་རྩི་ལྔ་དང༌། དེའི་བདེ་བ་དང༌། དེ་ལ་བརྟེན་པའི་མི་རྟོག་པ་དང་བདུན་ནོ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །གསད་པར་བྱ་བ་བརྗོད་པ་ཉིད། །ཅེས་པ་ལ་སོགས་པའི་དོན་ནི་གསུམ་དུ་ཤེས་པར་བྱ་སྟེ། ཕ་རོལ་བསྒྲལ་བའི་ཞིང་དུ་གྱུར་པ་དང༌། བདག་ལ་སྒྲོལ་བའི་ནུས་པ་ཡོད་པ་དང༌། ཐབས་ལ་མཁས་པས་ཟིན་པའོ། །དེ་ལ་ཕ་རོལ་བསྒྲལ་བའི་ཞིང་དུ་གྱུར་པ་ནི། རྡོ་རྗེ་སློབ་དཔོན་བརྙས་བྱེད་ལ་སོགས་པ་གདུག་པ་ཅན་ནོ། །བདག་ལ་སྒྲོལ་བའི་ནུས་པ་ཡོད་པ་སྟེ། མཐུ་འམ་ནུས་པ་ཁྱད་པར་ཅན་ཐོབ་པས་གསད་པ་གསོ་ནུས་པའོ། །ཐབས་མཁས་པས་ཟིན་པ་ནི་བསམ་པའི་ཐབས་ལ་མཁས་པ་སྟེ། སྙིང་རྗེ་ཆེན་པོ་བསྐྱེད་ནས་ཏེ། སྙིང་རྗེ་མེད་ན་མི་འགྲུབ་སྟེ། གདུག་པ་ཅན་གྱི་དོན་ནོ། །སྦྱོར་བའི་ཐབས་ལ་མཁས་པ་ནི་ཁོས་མ་ཚོར་བའོ། །སྔགས་དང་འཁྲུལ་འཁོར་ལ་སོགས་པས་སྒྲོལ་བར་ནུས་པ་ཡིན་གྱི། ཆོ་གའི་གཙོ་བོ་སྟེ་མཚོན་ཆས་དངོས་སུ་གསོད་པ་ནི་དག་སྟེ་མི་བྱའོ། །དེ་ལྟར་སྤྱོད་པ་བྱེད་པའི་གང་ཟག་དེས། ལྷའི་རྣལ་འབྱོར་གང་གི་ང་རྒྱལ་གྱིས་བྱེད་ཅེ་ན། ཉིན་མོའི་བརྡས་བསྟན་པ་བཅོམ་ལྡན་འདས་ཏེ། ཡབ་ཧེ་རུ་ཀའི་ང་རྒྱལ་དུ་བྱ་བ་དང༌། མཚན་མོའི་བརྡས་བསྟན་པ་སྤྱོད་པའི་གྲོགས་ལས་ཀྱི་ཕྱག་རྒྱ་དེ་ཤེས་རབ་སྟེ། ཡུམ་བདག་མེད་མར་བསྐྱེད་པའོ། །དེ་ལྟ་བུའི་རྣལ་འབྱོར་དང་ལྡན་པའི་གང་ཟག་དེ་ལ་འདི་བྱ་འདི་མི་བྱ་མེད་པས་ན། མི་བྱ་བ་ཅུང་ཟད་དུ་ཡོད་པ་མ་ཡིན་ལ། འདི་བཟའ་འདི་མི་བཟའ་འོ་ཞེས། བཟའ་མི་བཟའི་རྣམ་རྟོག་མེད་པས་ན། རྟག་ཏུ་མི་བཟའ་ཡོད་མ་ཡིན། །འདི་ནི་བསམ་པར་བྱའོ་སོགས་མེད་པས་ན། འདི་ལ་མི་བསམ་ཡོད་མ་ཡིན། །འདི་ནི་བཟང་པོར་བརྗོད་བྱར་འདུག་པས་སྨྲའོ། །འདི་ནི་མི་སྨྲའོ་སྙམ་པ་མེད་པས་ན། བཟང་ངན་མི་སྨྲ་གང་ཡང་མེད། །བདག་གཞན་དུ་འཛིན་པའི་རྣམ་རྟོག་མེད་པས་ན། ཇི་ལྟར་བདག་ཉིད་ང་མཆོག་ཉིད། །ཅེས་བྱའོ། །དེ་ལྟར་སེམས་པའི་རྣལ་འབྱོར་པ། །ཡན་ལག་ཇི་སྙེད་ཅི་བསྒྱུར་བ། །དེ་སྙེད་ཕྱག་རྒྱ་ཡིན་ཞེས་སྦྱར། །ཡང༌། ཚིག་རྣམས་རབ་ཏུ་རྒྱས་པ་ཉིད། །དེ་སྙེད་སྔགས་ཡིན་ཞེས་སྦྱར་ཏེ། །ཅིས་ཤེ་ན། ཧེ་རུ་ཀ་དཔལ་གནས་བཞུགས་པས། །ཞེས་ཏེ། དོན་དམ་པའི་ཧེ་རུ་ཀ་བདེ་སྟོང་གི་རྣལ་འབྱོར་དང་ལྡན་པས་སོ། །དོན་དམ་པའི་ཧེ་རུ་ཀ་དེ་ཉིད་རྒྱས་པར་བཤད་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ལ་སོགས་པ་སྟེ། བདེ་སྟོང་གཉིས་སུ་མེད་པ་དེས་མི་ཤེས་པའི་རི་བོ་འདྲལ་བར་བྱེད་པས་ཡེ་ཤེས་སོ། །ཧེ་ནི་རྒྱུ་སོགས་སྟོང་པ་ཞེས་པ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །ཀ་ནི་གང་དུའང་མི་གནས་ཞེས་པ། ཀ་ན་ཀུ་ཙི་ཏ་ན་འབྲས་བུ་སྟོང་པ་སྟེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཐོད་པ་ནི་ཀ་པཱ་ལ་སྟེ། ཀ སུ་ཀན་བདེ་བ། པཱ། པཱ་ལ་ན་སྐྱོང་བ་སྟེ། གཉིས་སུ་མེད་པའི་བདེ་བ་སྐྱོང་བའི་སྦྱོར་བའམ། ཡང༌། རྡོ་རྗེ་ནི་ཐབས་ཀྱི་རིགས་ཀྱི་བདག་པོའི་ཁ། ཐོད་པ་ནི་ཤེས་རབ་ཀྱི་ཆོས་འབྱུང་སྟེ། དེ་གཉིས་སྦྱར་བ། སྐྱེ་བོ་གང་དང་གང་རྣམས་ནི། ཕྱི་དང་ནང་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་དོ། །ཤ་ནི་ཕུང་ཁམས་སུ་འཛིན་པའི་རྟོག་པའོ། །མཁས་པ་སྟེ་བདེ་སྟོང་གི་རྣལ་འབྱོར་དང་ལྡན་པས་ཕུང་ཁམས་ལ་སོགས་པར་འཛིན་པའི་རྣམ་རྟོག་དེ་ཟོས་ཤིང་སྤངས་ན། སེམས་ཅན་དེ་དེ་སྟེ། རྣམ་རྟོག་དེ་དེ་དབང་དུ་འགྱུར་ཏེ། སྤོང་ཞེས་པའོ། །བརྡ་ནི་གང་གི་ལུས་བརྡ་རྣམས་ཡིན་ལ། གནས་ནི་ཡུལ་ཉི་ཤུ་རྩ་བཞི་དང༌། སུམ་ཅུ་རྩ་གཉིས་ལ་སོགས་པའོ། །གཏན་ལ་དབབ་པ་ནི་ངེས་པར་བྱེད་པའོ། །མཚམས་སྦྱར་བ་ནི་ཕྱི་དོན་གྱི་དབང་དུ་བྱས་ནས་བརྡས་མཚོན་པའི་གྲོགས་རྡོ་རྗེ་རྣལ་འབྱོར་མ་དེ་རང་གང་ཡིན་ཞེས་པའི་ལན་དུ་བསྟན་པའོ། །ནང་དོན་གྱི་མཚམས་སྦྱོར་ནི། དེ་ལྟར་རྩ་སུམ་ཅུ་རྩ་གཉིས་ན་རླུང་དང༌། བྱང་སེམས་གཡོ་ཞིང་རྒྱུ་བ་དེས་མི་རྟོག་པའམ། དེ་ཁོ་ན་ཉིད་ལ་རེག་ཅིང་མཚོན་པར་བྱེད་པས་ན། བརྡ་ཡིན་ལ། རྩ་སུམ་ཅུ་རྩ་གཉིས་པོ་དེ་རང་གི་ངོ་བོ་ཉིད་གང་ཡིན་ཞེས་པ་ལ་རྣམ་པར་དག་པ་དང་སྦྱར་ནས་ལྷ་མོ་བཅོ་ལྔའི་ངོ་བོ་ཉིད་ཡིན། ཞེས་སྟོན་པས་ནའོ། །དེ་ནས་ཞེས་པ་ནི་བརྡ་བསྟན་པའི་རྗེས་ལ་བརྡས་མཚོན་པའི་གྲོགས་རྡོ་རྗེ་རྣལ་འབྱོར་མ་འཆད་པས་ན། དེ་ནས་ཞེས་བྱ་བའམ། ཡང་རྩ་སུམ་ཅུ་རྩ་གཉིས་གོང་དུ་བསྟན་པ་དེའི་རྣམ་པར་དག་པའི་དབང་དུ་བྱས་ནས། དེ་ནས་ཞེས་པ་རྩ་སུམ་ཅུ་རྩ་གཉིས་བསྟན་པའི་རྗེས་ལ། དེའི་རྣམ་པར་དག་པ་ལྷ་མོ་རྣམས་སྟོན་པས་ནའོ། །ཡང་ན་སྤྱོད་པའི་མཐར། ལྷན་སྐྱེས་ཀྱི་ཉེ་བའི་རྒྱུ་ཨཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟོན་པས་ན་དེ་ནས་ཞེས་སྦྱར་རོ། །རྣལ་འབྱོར་མ་ཞེས་པ་ནི་ལྷ་མོ་བཅོ་ལྔའོ། །འཁོར་ལོ་ནི་རྟེན་གྱི་དཀྱིལ་འཁོར་རོ། །འདུ་བ་ནི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཅིག་གི་ནང་དུ་འདུ་བས་སོ། །ཡང་རྣལ་འབྱོར་མ་ནི་སུམ་ཅུ་རྩ་གཉིས་སོ། །འཁོར་ལོ་ནི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་རོ། །འདུ་བ་ནི་རྟེན་ལུས་ཀྱི་དཀྱིལ་འཁོར་གཅིག་ལ་ཚང་བས་སོ། །ཡང་དབང་ལྟར་བཤད་ན། རྣལ་འབྱོར་མའི་འཁོར་ལོ་ནི་དགའ་བ་བཅོ་ལྔ་ཡིན་ལ། འདུ་བ་ནི་དགའ་བ་བཅུ་དྲུག་པར་བདེ་སྟོང་ཟུང་དུ་ཆུད་ཙམ་ན་དེ་ཐམས་ཅད་འདུ་བས་སོ། །ལེའུ་ནི་གཞུང་དུམ་བུར་བྱས་པའོ། །འདིའི་བརྗོད་བྱ་ནི་བསྐྱེད་རིམ་དང་འབྲེལ་བའི་སྤྱི་དང་སྦས་པ་གཉིས་སོ། །རྗོད་བྱེད་ནི་གསུམ་ཀ་འཇུག་ལ་གཙོ་ཆེར་ཡན་ལག་གི་དོན་གྱིས་འཆད་དོ། །མངོན་པར་རྟོགས་པ་ནི་མཆོག་གི་མངོན་རྟོགས་ཏེ། རྫོགས་རིམ་བསྒོམ་པའི་རྟེན་ཡིན་པས། དེ་ཁོ་ན་ཉིད་རྫོགས་པའི་རིམ་པ་གཉིས་ཀ་སྟོན་ཏོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ལས། གཙོ་མོ་ཕྱག་བཞི་མ་ཚང་བ་ཁ་བསྐང་བའི་ལྷ་མོ་རྣམས་སྐུ་མདོག་སྣ་ཚོགས་པར་ཁ་བསྐང༌། ཡང་གུར་དུ་སྲུང་བའི་འཁོར་ལོ་ཐུན་མོང་མ་ཡིན་པ་ཁྲོ་བོ་བཅུའི་སྲུང་འཁོར་ཁ་བསྐང༌། སྟོང་པ་ཉིད་དུ་བསྒོམ་པའི་སྔགས་ཤཱུ་ནྱ་ཏཱ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། བདུན་རྣམ་དག་དང༌། བླ་མ་མཆོད་པ་ལ་སོགས་པ་ཁ་བསྐངས་སོ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་པ་ནི་གཞིའི་ཡན་ལག་ཆོས་འབྱུང་བསྒོམ་སྟེ། དང་པོར་ལྡང་བའི་རྣལ་འབྱོར་གྱིས་བདག་མེད་མའི་ང་རྒྱལ་གྱིས་ལངས་ཏེ། སྙིང་གའི་ཨཾ་ཡིག་ལས་འོད་ཟེར་སྣ་གཡོན་ནས་སྤྲོས་ཏེ། ལྷ་མོ་བཅོ་ལྔ་དང་བླ་མ་མདུན་གྱི་ཆ་ལ་སྤྱན་དྲངས་ལ་ལྷ་མོ་བརྒྱད་ཀྱི་མཆོད་པས་མཆོད། བདུན་རྣམ་དག་གུར་ལས་འབྱུང་བ་བཞིན་བྱ། ལྷའི་ལེའུ་ལས་འབྱུང་བའི་ཚད་མེད་བཞི་བསྒོམ། དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་སྟོང་པ་ཉིད་བསྒོམ། དེ་ནས་ཚོགས་གཉིས་བསགས་པ་རྫོགས་པ་དང༌། སྲུང་བའི་འཁོར་ལོ་ཇི་ལྟ་བ་བཞིན་བསྒོམས་ལ་དེའི་ནང་དུ་གཞིའི་ཡན་ལག་ཆོས་འབྱུང་གྲུ་གསུམ་པ་གདེངས་ཁ་གྱེན་ལ་ཕྱོགས་པ། ནང་དམར་ལ་ཕྱི་དཀར་བ་བསྒོམ་པ་ནི། ནམ་མཁའི་ཁམས་སུ་བྷ་ག་བསམ། ཞེས་པའོ། །དབུས་སུ་རྣམ་པར་བསྒོམ་པ་ནི། །ཞེས་པ་དེའི་ནང་དུ་རྒྱུའི་ཡན་ལག་འབྱུང་བ་རིམ་བརྩེགས་བསྒོམ་པ་སྟེ། དེ་ཡང་དང་པོར། རླུང་ཆེན་དང་ཞེས་སྦྱར་ཏེ། ཐོག་མར་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་གཡོ་བའི་བ་དན་གྱིས་མཚན་པ་བསྒོམ་པའོ། །དེའི་སྟེང་དུ་བྱིན་ཟ་སྟེ་རྃ་ལས་མེའི་དཀྱིལ་བསྒོམ་པའོ། །དེའི་སྟེང་དུ་ཆུ་ནི་སྔོ་སྟེ། ཝྃ་ལས་ཆུའི་དཀྱིལ་འཁོར་བསྒོམ་པའོ། །དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་ལྃ་གྱིས་མཚན་པ་བསྒོམ་པའོ། །འོ་ན་ཐོག་མར་རླུང་གི་དཀྱིལ་འཁོར་བསྒོམ་པའི་དགོས་པ་ཇི་ལྟར་ཡིན་ལ། ལེའུ་བཅུ་པར་ནི་ཐོག་མར་སའི་དཀྱིལ་འཁོར་བསྒོམ་པ་གསུངས་སྙམ་ན། འདིར་ནི་རྒྱུད་སཾ་པུ་ཊའི་རྗེས་སུ་འབྲང་ནས། ལུས་ཀྱི་དཀྱིལ་འཁོར་ལ་ཇི་ལྟར་གནས་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ལ། ལེའུ་བཅུ་པར་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་དགོངས་ནས། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒྱུའི་ཡན་ལག་དེ་དག་གྱུར་པ་ལས། རྐྱེན་གྱི་ཡན་ལག་རྣམ་པར་ཤེས་པ་ཞུགས་པ་ནི། རང་གི་སེམས་ཉིད་ཡི་གེ་ཨོཾ་དཀར་པོ་དང༌། ཨཱཿདམར་པོ་དང༌། ཧཱུྃ་སྔོན་པོ་སྟེ། ཡི་གེ་འབྲུ་གསུམ་གྱི་རྣམ་པར་ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟན་ནས་ནམ་མཁའ་ལ་ཡོད་པའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་བསྒོམ་པ་ནི་འཁོར་ལོ་ཞེས་པས་བསྟན་ཏོ། །སྔོན་དུ་ཅི་རིགས་པར་ཞེས་པ་ནི། གཞལ་ཡས་ཁང་བསྒོམ་པའི་སྔོན་དུ་འགྲོ་བ་ཅི་རིགས་པར་ཏེ། སྲུང་བའི་འཁོར་ལོ་དང་གཞིའི་ཡན་ལག་དང༌། རྒྱུའི་ཡན་ལག་ལ་སོགས་པ་ཅི་རིགས་པར་བསྒོམ་པའོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་པ་ནི་བརྟན་པ་ལྷ་བསྐྱེད་པ། །ཇི་ལྟར་བསྒོམ་པ་བདེ་འབྱུང་བ། །ཞེས་པས་བསྟན་པ་སྟེ། །པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རོ་བཅོ་ལྔ་ལ་གནས་པའི་ལྷ་མོ་བསྒོམ་པའོ། །འཕར་མ་གཉིས་ཞེས་པ་ནི། ནང་གི་འཕར་མ་ལ་རྡོ་རྗེ་རྭ་བ་དང༌། མེ་འོད་ཅིག་ཡོད་པ། ཕྱི་ལའང་དེ་བཞིན་དུ་ཡོད་པར་བསྒོམ་པའོ། །དག་པ་ནི་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བའོ། །སྐྱོན་མེད་པ་ནི་ཡོན་པོ་དང་འཆུས་པ་ལ་སོགས་པ་མེད་པའོ། །དེ་ལྟར་འཕར་མ་གཉིས་སུ་འོང་བའང་དགོངས་གཞི་གཉིས་ལ་དགོངས་པ་སྟེ། ནང་གི་འཕར་མ་ནི་རྩ་མཛེས་པའི་སྤྱི་བོ་ལ་དགོངས་པ་ཡིན་ལ། ཕྱིའི་འཕར་མ་ནི་ཕྱིའི་ཆོས་ཀྱི་འབྱུང་གནས་ལ་དགོངས་པ་སྟེ། ཟེའུ་འབྲུ་ལས་ནི་གཅིག་གྱུར་ཏེ། །གྲུ་གསུམ་གྱི་ནི་ཕྱི་མར་བརྗོད། །ཅེས་པའི་དོན་ཏོ། །དེ་དབུས་ཤི་བ་ཞེས་པ་ནི། རོ་སྟེ་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྣམ་རྟོག་མེད་པས་ཆོས་ཀྱི་དབྱིངས་མཚོན་པའི་བརྡར་རོ་བཅོ་ལྔ་བསྒོམ་པའོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་པ་ནི་རོའི་སྟེང་དུ་ཨཱ་ལི་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པའོ། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཅེས་པ་ནི་དེའི་སྟེང་དུ་ཨཱ་ལི་བཅོ་ལྔ་བསྒོམ། དེ་ལས་གྲི་གུག་བཅོ་ལྔ་ལ་ཨཱ་ལི་བཅོ་ལྔས་མཚན་པ་བསྒོམ་པའོ། །དེ་ཡི་སྟེང་དུ་ཉི་མས་མནན་ཏེ། ཀཱ་ལི་སོ་བཞིའི་སྟེང་དུ། ཡ་ར་ལ་ཝ་བཞི་དང༌། ཌ་ཌྷ་གཉིས་བསྣན་ཏེ། བཞི་བཅུ་ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པའོ། །གཉིས་འདུས་པ་སྟེ་ཉི་ཟླ་དང་བར་གྱི་ས་བོན་དང་ཕྱག་མཚན་དེ་དག་གཅིག་ཏུ་འདྲེས་པ་ནི། རྣམ་པ་ངོ་བོ་བྱ་བ་ནན་ཏན་ནོ། །དེ་ལྟར་ཐམས་ཅད་འདྲེས་ཤིང་གཅིག་ཏུ་གྱུར་པ་ལས་སྐུ་རྫོགས་པ་སྟེ་བདེ་བ་ཆེན་པོ་ཞེས་པའོ། །དེས་ནི་ཨུ་དེ་ཤ་མདོར་བསྟན་པའོ། །ནིར་དེ་ཤ་རྒྱས་པར་བཤད་ན། འོ་ན་གོང་གི་ཟླ་བ་དེ་རང་རྒྱུ་ཅི་ལས་བསྐྱེད་སྙམ་ན། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས་ཏེ། ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་པའོ། །ཉི་མའི་དཀྱིལ་འཁོར་དེ་རྒྱུ་ཅི་ལས་བསྐྱེད་སྙམ་ན། ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དེ། ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་པའོ། །ཟླ་བ་ཉི་མ་འདུས་པ་ལས། །ཞེས་པ་ནི་དེ་གཉིས་ཀྱི་བར་དུ་ས་བོན་ཨཱ་ལི་ལས་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་དག་ཡོངས་སུ་གྱུར་པ་ལས། གདན་རོ་བཅོ་ལྔའི་སྟེང་དུ་ལྷ་མོ་བཅོ་ལྔ་བསྒོམ་པ། དཀར་མོ་ལ་སོགས་རབ་ཏུ་གྲགས་པ་ནི་བསྒོམ་ཞེས་པ་སྟེ། འོ་ན་གཽ་རཱི་ལ་སོགས་རབ་ཏུ་གྲགས། །ཞེས་འཁོར་གྱི་གཙོ་མོ་ནས་མི་སྨོས་པར། དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་ཟེར་བ་ཅི་ལ་དགོངས་སྙམ་ན། རྒྱུད་འདིའི་བརྗོད་པར་བྱ་བའི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ལྷ་མོ་དཀར་མོ་འདི་ཡང་ཚོར་བའི་ཕུང་པོ་རྣམ་པར་དག་པ་ཡིན་པས། ཚོར་བའང་བདེ་བའི་ངོ་བོ་ཡིན་ལ་ལྷན་སྐྱེས་ཀྱང་བདེ་བ་ཡིན་པས་དེ་ལྟར་སྨོས་ཞེས་གསུང་ངོ༌། །ད་ནི་པྲ་ཏི་ནིར་དེ་ཤ་ཤིན་ཏུ་རྒྱས་པར་བཤད་པ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་པ་སྟེ། རྣམ་པ་ཟླ་བར་བསྒོམ་པ་ནི་ལས་དང་པོ་པས་བསྒོམ་སླ་ལ་རང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱས་པས། གསང་སྔགས་འབྲས་བུ་ལམ་དུ་བྱས་པར་འགྱུར་རོ། །འོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཟླ་བའི་རྣམ་པར་བསྒོམ་པ་ཙམ་ཡིན་ནམ་སྙམ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དེ་མི་ཤེས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ལྟར་ཟླ་བ་དེ་ཡང་མུན་པའི་ཚོགས་ཐམས་ཅད་དང་བྲལ་བས་ན། དེ་གཉིས་ཀའང་མུན་པ་དང་བྲལ་བ་ཙམ་དུ་ཆོས་མཐུན་ཡོད་པས་གསུང་ངོ༌། །འོ་ན་ཟླ་བའི་དཀྱིལ་འཁོར་དེ་ཁ་དོག་དཀར་པོར་ཡོང་བ་ཅིས་ཤེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དེ་མི་ཤེས་པའི་དྲི་མ་དང་བྲལ་བ་ལྟར། ཟླ་བ་དེ་ཡང་མུན་པའི་ཚོགས་དང་བྲལ་བས་ན་དཀར་པོར་བསྒོམ་པའོ། །ཡང་ཡེ་ཤེས་དེ་ལ་མེ་ལོང་ལྟ་བུའི་ཞེས་ཅི་སྟེ་བྱ་ཞེ་ན། མེ་ལོང་གི་ནང་དུ་བཞིན་གྱི་རྐྱེན་གྱིས་བཞིན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་སྣང་བ་ལྟར། ཡེ་ཤེས་དེ་ལ་ཡང་ཡེ་ཤེས་ལྷག་མ་བཞིའི་གཟུགས་བརྙན་འཆར་བའི་རྟེན་དུ་འདུག་པའམ། འཁོར་འདས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་མེ་ལོང་གི་ནང་ན་བཞིན་གྱི་རྣམ་པ་སྣང་བ་བཞིན་སྣང་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །འོ་ན་ཟླ་བའི་དཀྱིལ་འཁོར་དེ། རྒྱུ་ཨཱ་ལི་ཕྲག་གཉིས་ཁོ་ན་ལས་བསྐྱེད་པ་ཅིས་སྙམ་ན། མེ་ལོང་ལྟ་བུ་ནི་སངས་རྒྱས་ཀྱི་སྐུའི་ཡོན་ཏན་ཡིན་ལ། སྐུའི་ཡོན་ཏན་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་བསྡུས་ལ། མཚན་བཟང་པོ་སོ་གཉིས་པོ་རྒྱུ་ཨཱ་ལི་ཕྲག་གཉིས་ལས་བྱུང་བས་སམ། དེས་བསྐྱེད་པས་སོ་གསུང་ངོ༌། །རྟ་བདུན་པའམ། བདུན་གྱི་བདུན་པ་ཞེས་པ་ནི་ཉི་མ་སྟེ། ཉི་མ་དེ་ཤིང་རྟ་བདུན་གྱི་འཁོར་ལོ་བདུན་གྱིས་འདྲེན་པས་སོ། །མཉམ་ཉིད་ལྡན་ཞེས་པ་རྣམ་པ་ཉི་མའི་དཀྱིལ་འཁོར་དུ་བསྒོམས་པས་ལས་དང་པོ་པས་བསྒོམ་སླ་ལ། རང་གི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱེད་པ་ནི་གསང་སྔགས་འབྲས་བུ་ལམ་དུ་བྱས་པར་འགྱུར་རོ། །འོ་ན་ཡེ་ཤེས་དེ་རྣམ་པ་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པ་ཅིས་ཤེ་ན། ཆོས་མཐུན་གྱི་སྒོ་ནས་འཇོག་པ་སྟེ། ཉི་མ་དེ་ལ་ཡང་མུན་པ་འཇོམས་པའི་ནུས་མཐུ་ཡོད་པ་ལྟར། ཡེ་ཤེས་དེ་ལའང་མ་རིག་པའི་མུན་པ་འཇོམས་པའི་ནུས་མཐུའམ། ཉི་མ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་བྱའོ་སྙམ་པའི་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་ཀྱང༌། ཉི་མའི་འོད་ཟེར་དེས་དངོས་པོ་ཀུན་ལ་ཁྱབ་པ་ལྟར། ཡེ་ཤེས་དེ་ལ་ཡང་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་ཀྱང༌། དངོས་པོ་ཐམས་ཅད་ལ་རང་བཞིན་གྱིས་མཉམ་པར་གནས་པས་སོ། །འོ་ན་ཡེ་ཤེས་དེ་ལ་མཉམ་པ་ཉིད་ཅེས་ཅི་སྟེ་བྱ་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་མཉམ་པ་མེད་པར་ཐུགས་སུ་ཆད་པས་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་དེ་ཁ་དོག་དམར་པོར་འོང་བ་ཅིས་ཤེ་ན། རཱ་ག་ཞེས་པའི་སྒྲ་ལས་དམར་པོར་འགྲོ་ལ། ར། ཨ་ནུ་རཱ་ག་ཞེས་བྱ་བ་ན་རྗེས་སུ་ཆགས་པར་འགྲོ་བས་ན། སེམས་ཅན་གྱི་དོན་རྒྱ་ཆེན་པོ་ལ་རྒྱུད་མི་འཆད་པར་རྗེས་སུ་འཛིན་པ་ཞེས་བྱ་བའི་བརྡར་འབྱུང་ངོ༌། །རྒྱུ་ཀཱ་ལི་ཕྲག་གཉིས་ལས་བསྐྱེད་པ་ཅིས་ཤེ་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་ཡིན་ལ། ཐུགས་ཀྱི་ཡོན་ཏན་ཐམས་ཅད་དཔེ་བྱད་བཟང་པོ་བརྒྱད་ཅུས་བསྡུས་པས་ན་རྒྱུ་ཀཱ་ལི་ཕྲག་གཉིས་ཁོ་ན་ལས་བསྐྱེད་དོ། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཞེས་པ་ནི་ས་བོན་དང་ཕྱག་མཚན་དང༌། ས་བོན་གྱིས་ཕྱག་མཚན་ལ་མཚན་པར་བསྒོམ་པ་ནི་རྣམ་པ་སྟེ། ལས་དང་པོ་པས་བསྒོམ་སླ་ལ། རང་གི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པ་བྱས་པས། གསང་སྔགས་འབྲས་བུ་ལམ་དུ་བྱས་པར་འགྱུར་བས། ཡེ་ཤེས་དེས་ཆོས་ཅན་སོ་སོ་བ་ལ་ཡོད་པའི་ཆོས་ཉིད་སོ་སོར་རྟོག་པས་ན་སོ་སོར་རྟོག་པ་ཡིན་ལ། འདིར་ས་བོན་དང་ཕྱག་མཚན་སོ་སོ་བ་ལས་བསྐྱེད་ཅིང་སོ་སོར་རྟོག་པ་ཙམ་དུ་ཆོས་མཐུན་པས་སོ། །འོ་ན་ལྷ་ཉིད་ས་བོན་ཕྱག་མཚན་ནི། །ཞེས་མི་ཟེར་བར། རང་ལྷའི་ས་བོན་ཟེར་བ་ཅིས་སྙམ་པ་ལ། ལྷ་མོ་དེ་དག་ཕྱག་མཚན་གྲི་གུག་ཏུ་ཐམས་ཅད་མཐུན་ཡང་ས་བོན་གྱི་ཡི་གེ་ཨཱ་ལི་བཅོ་ལྔ་ཐ་དད་པ་ལས་བསྐྱེད་པས་ན། རང་ལྷའི་ས་བོན་ཞེས་སྨོས་སོ། །ཐམས་ཅད་གཅིག་གྱུར་ཞེས་པ་ནི་རྣམ་པ་སྟེ། ས་བོན་དང་ཕྱག་མཚན་དང་གདན་ཐམས་ཅད་འདྲེས་པ་ནི་རྣམ་པ་སྟེ་བསྒོམ་སླ་ལ། རང་གི་ངོ་བོ་ནི་བྱ་བ་ནན་ཏན་ཏེ། འབྲས་བུ་ལམ་དུ་བྱས་པར་འགྱུར་བས་སོ། །ཡེ་ཤེས་དེས་ལུས་ངག་ཡིད་གསུམ་གྱི་བྱ་བ་ལ་ཞེན་པ་མེད་པར་འཇུག་པ་ལ་ནན་ཏན་དུ་བྱེད་པས་ནའོ། །རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པའོ། །ཆོས་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དབྱིངས་ནི་དྷཱ་ཏུའི་སྒྲ་ལས་རྒྱུར་འགྲོ་སྟེ་ཟག་པ་མེད་པའི་ཕུང་པོ་ལྔའོ། །སྐུ་ཡོངས་སུ་རྫོགས་པ་ལ་ཆོས་ཀྱི་དབྱིངས་ཟེར་བ་ཅི་སྟེ་སྙམ་ན། མངོན་བྱང་ལྔའི་རིམ་པས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་པའང་ཆོས་ཀྱི་དབྱིངས་ཏེ། ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་ནམ་རྒྱུ་བྱེད་པས་སོ། །མཁས་པས་ཏེ་སྒྲུབ་པ་པོ་བདག་མེད་མའི་དཀྱིལ་འཁོར་བསྐྱེད་པའི་ཆོ་ག་གསུངས་པས་མངོན་བྱང་རྣམ་པ་ལྔ་པོ་བསྒོམ་པ་ཉིད་ཅེས་སྦྱར་རོ། །དེ་ལྟར་རྒྱུད་འདིས་གཞུང་གི་ཡབ་ཧེ་རུ་ཀ་རྣམ་པ་བཞིའི་མངོན་བྱང་ལྔ་དང་བདག་མེད་མའི་མངོན་བྱང་ལྔ་ནི་འདྲ་བ་ཡིན་ལ། རིགས་དྲུག་པ་རྒྱུ་རྡོ་རྗེ་འཆང་གི་མངོན་བྱང་ནི་ཚུལ་མི་འདྲ་བའི་སྒོ་ནས་སྟོན་པ་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་པ་ལ་སོགས་པ་སྟེ། ཨཱ་ལི་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་དུ་བསྒོམ་པ་ཡིན་ལ། ཀཱ་ལི་ཕྲག་གཉིས་ལས་ཀྱང་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་བསྐྱེད་པས་ན། འདིར་ནི་ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་བ་ཡིན་ལ། བདག་མེད་མའི་སྐབས་སུ་ནི། ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ་བསྒོམས་པས། མི་མཉམ་པར་སྦྱོར་བ་ཡིན་ལ། ཡང༌། རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཞེས་པ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པ་ཡིན་ལ། བདག་མེད་མའི་སྐབས་སུ་ནི་ཉི་ཟླའི་བར་དུ་གྲི་གུག་ལ་ཨཱ་ལིས་མཚན་པ་བསྒོམས་པས་སོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པས་འདོད་མི་བྱ། །ཞེས་པ་ནི། འདིར་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁོ་ན་ལ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དང༌། བུ་ག་ལ་ཕཊ་དགོད་པ་མི་འདོད་དེ། ཡི་གེ་གཉིས་དགོད་པའི་དགོས་པ་ནི་བྱང་སེམས་ཀྱི་འགྱུར་བ་འགགས་པ་ཡིན་པ་ལས། འདིར་གསང་དབང་གི་དུས་སུ་བྱང་སེམས་དབབ་དགོས་པས་སོ། །བདག་མེད་མའི་སྐབས་སུ་ནི་གྲི་གུག་གི་ལྟེ་བ་ལ་ཨྃ་དང་རྩ་བ་ལ་ཕཊ་དགོད་པས་ན་མི་མཐུན་ནོ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བས། །ཞེས་པ་ནི་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་བྱུང་བའོ། །དཀྱིལ་འཁོར་བདག་པོ་སྟེ། རྒྱུ་རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་བསྒོམ་པའོ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཞེས་པ་ནི་རྒྱུ་རྡོ་རྗེ་འཛིན་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྒོམ་པ་དང༌། ཞལ་གསུམ་ཕྱག་དྲུག་པར་བསྒོམ་པ་ལུགས་གཉིས་ལས་དང་པོ་ལྟར་ན་ལེའུ་གཉིས་པའི་ཆར་དབབ་པའི་སྐབས་སུ། སྙིང་པོ་ཀྱེའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྟན་པ་བཞིན་གསུངས་ལ། གཉིས་པ་ལྟར་ན་ལྷའི་ལེའུར་བསྟན་པ་བཞིན་ཞལ་གསུམ་ཕྱག་དྲུག་པར་བསྒོམ་པའོ། །འོ་ན་ཐམས་ཅད་དུ་དེ་དང་འདྲའམ་ཞེ་ན། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པས་འདིར་སྐུ་མདོག་དཀར་པོ་ཡིན། ཡ་གིར་བསྟན་པ་ནི་ནག་པོ་ཡིན་པས་སོ། །འོ་ན་རྒྱུ་རྡོ་རྗེ་འཆང་གི་མངོན་བྱང་དང་པོ་ལ་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་དུ་འོང་བ་ཅི་ལ་དགོངས་པ་ཡིན་ཞེ་ན། བྷ་གའི་དཀྱིལ་འཁོར་ལ་དགོངས་པ་སྟེ། གསང་བའི་དབང་གི་དུས་སུ་ཡུམ་གྱི་བྷ་ག་ལས་ལེན་པས་ན་བྷ་གའམ་ཆོས་འབྱུང་གྲུ་གསུམ་པ་མཚོན་པའོ། །གཉིས་པ་ཟླ་བའི་དཀྱིལ་འཁོར་ཉིས་བརྩེགས་སུ་འོང་བ་ཅི་ལ་དགོངས་སྙམ་ན། དེ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་དགོངས་པ་ཡིན་ཏེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ། ཕ་ལས་ཐོབ་པའི་བྱང་སེམས་དང༌། མ་ལས་ཐོབ་པའི་བྱང་སེམས་གཉིས་ཀ་ཟླ་བ་ལྟར་དཀར་བར་འབྱུང་བས་དེ་ལ་དགོངས་ཞེས་གསུངས་ལ། བདག་མེད་མའི་སྐབས་སུ་ཟླ་བའི་དཀྱིལ་འཁོར་ཟླུམ་པོར་འོང་བ་ནི། དེས་ཤེས་རབ་ཡེ་ཤེས་ཀྱི་དུས་སུ། ཕ་ལས་ཐོབ་པའི་བྱང་ཆུབ་ཀྱི་སེམས་དེ་མཚན་མ་དང་རྣམ་པར་རྟོག་པའི་གྲྭ་ཟུར་ཐམས་ཅད་དང་བྲལ་བ་མཚོན་ལ། ཀཱ་ལི་ལས་ཉི་མར་བསྐྱེད་པ་ནི་མ་ལས་ཐོབ་པའི་རཀྟ་ཉི་མ་ལྟར་དམར་བ་མཚོན་གསུང་ངོ༌། །ཐབས་དང་ཤེས་རབ་ཅེས་པ་ནི། ཀཱ་ལི་ལས་ཐབས་ཏེ་ཉི་མར་བསྐྱེད་པ་དང༌། ཨཱ་ལི་ལས་ཤེས་རབ་སྟེ་ཟླ་བར་བསྐྱེད་པའོ། །དེ་གཉིས་ཀྱི་བར་དུ་ས་བོན་བཅོ་ལྔ་ལས་གྲི་གུག་བཅོ་ལྔ་སྟེ་ཐམས་ཅད་འདྲེས་ཤིང་གཅིག་ཏུ་གྱུར་པ་ལས། སྐུ་ཡོངས་སུ་རྫོགས་པར་བསྐྱེད་པ་ནི། འདི་ལྟར་ཐམས་ཅད་རྫོགས་པ་ཉིད། །ཅེས་པའོ། །ཟླ་བ་ཉི་མ་རབ་དབྱེ་བས། །ཞེས་པ་ནི་ཟླ་བ་དང་ཨཱ་ལི་སྟེ་ཤེས་རབ་ཏུ་སྦྱར་བ། ཉི་མ་དང་ཀཱ་ལི་སྟེ་ཐབས་སུ་སྦྱར་རོ། །འདི་ལས་ཞེས་པ་རྒྱུ་རྡོ་རྗེ་འཆང་འདི་ལས་སོ། །དཀར་མོ་ལ་སོགས་པ། ཁ་དོག་དབྱེ་བས་སོ་སོ་སྟེ། རྒྱུ་རྡོ་རྗེ་འཆང་ནི་དཀར་པོ་ཡིན་ལ། འཁོར་གྱི་ལྷ་མོ་རྣམས་ནི་ནག་མོ་ཡིན་པས་སོ། །ཡང་ན་འདི་ལ་ཞེས་པ་ནི་བདག་མེད་མའི་དཀྱིལ་འཁོར་འདི་ལའོ། །དཀར་མོ་ལ་སོགས་ཁ་དོག་དབྱེ་བ་སོ་སོ་ཡིན་ཞེས་པ་ནི་ཁ་དོག་ནི་ཝརྞ་སྟེ། ཡི་གེ་ལ་འགྲོ་བས་ཡི་གེའི་དབྱེ་བས་སོ་སོ་སྟེ། ཨཱ་ལི་དང་པོ་བདག་མེད་མ། །ཞེས་པ་ལ་སོགས་པ། ཨཱ་ལི་ཐ་དད་པ་ལས་བསྐྱེད་པས་སོ། །ཞེས་པ་ནི་འཐད་པ་དང་བཅས་པའོ། །འོག་ལྡན་མ་དང་སྟེང་ལྡན་མ། །ཞེས་པ་ནི་འོག་ན་གནས་པས་འོག་ལྡན་མ་ཡིན་ལ། སྟེང་ན་གནས་པས་སྟེང་ལྡན་མའོ། །སྲིད་དང་ཞི་བའི་རང་བཞིན་གྱིས། །ཞེས་པ་སྲིད་པ་དང༌། ཞི་བ་རྣམ་པར་དག་པའི་བརྡར་འབྱུང་བའོ། །ཚིག་གི་དོན་གཞན་ནི་གོ་སླའོ། །འདིས་ནི་ཞེས་པ་དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་བདག་མེད་མའི་དཀྱིལ་འཁོར་བསྒོམས་ན་མཆོག་གི་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། ཞེས་སྦྱར་རོ། །དང་པོར་ནག་པོ་ཞེས་པ་ལ་སོགས་པ་ཁ་དོག་གི་སྒོ་ནས་རྒྱལ་བ་རིགས་དྲུག་ཏུ་སྟོན་ཏེ། དེའང་ཐོག་མར་ལྷ་མོ་འདི་རྣམས་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་ཉིད་ཡིན་ཞེས་མཚོན་པར་བྱེད་པ་ནི། དང་པོར་ནག་པོ་རབ་ཏུ་བསྒོམ། །ཞེས་པའོ། །གསུང་གི་རིགས་འོད་དཔག་མེད་མཚོན་པར་བྱེད་པའི་བརྡར་དམར་པོར་བསྒོམ་པའོ། །རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དུ་མཚོན་པར་བྱེད་པ་ནི་སེར་པོའོ། །དོན་ཡོད་གྲུབ་པའི་ངོ་བོ་ཉིད་མཚོན་པར་བྱེད་པ་ནི་ལྗང་གུའོ། །ཐུགས་ཀྱི་རིགས་མི་བསྐྱོད་པར་མཚོན་པའི་ཕྱིར་སྔོན་པོའོ། །ཡང་ལྷ་མོ་དེ་དག་སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་མཚོན་པར་བྱེད་པའི་བརྡར། དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཞེས་པའོ། །ཡང་ན་ལྷ་མོ་འདི་དག་གིས་རྣལ་འབྱོར་གྱི་ལས་བཞི་ཆར་ཡང་འགྲུབ་པར་བསྟན་པའི་ཕྱིར། དང་པོར་ནག་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དྲག་པོ་དང༌། དབང་དང༌། རྒྱས་པ་དང༌། ལས་ཐམས་ཅད་པ་དང༌། ཞི་བའི་ལས་འགྲུབ་པའི་བརྡར་བསྟན་པ་སྟེ་རིམ་པ་བཞིན་སྦྱར་རོ། །ནག་པོ་དང་སྔོན་པོ་གཅིག་ཏུ་བྱའོ། །ཡང་ན་ལྷ་མོ་འདི་རྣམས་ཁ་དོག་ནག་མོ་ཁོ་ན་ཡིན་སྙམ་དུ་ཁ་དོག་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར། ཁ་དོག་དུ་མར་བསྟེན། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ནི་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ལ་སོགས་པ་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ཏུ་བསྒོམ་པའི་རྣལ་འབྱོར་པས། དགའ་བྲལ་གྱི་མཐའ་ལྷན་སྐྱེས་ཀྱི་དུས་སུའང་ཁ་དོག་གི་སྒོ་ནས་རྒྱལ་བ་རིགས་དྲུག་ཏུ་སྒོམས་ཤིག་པ་ཡིན་སྙམ། བསྐྱེད་རྫོགས་གཉིས་ཀྱི་གོ་དོན་ནི། སྤྱིར་འདོད་པའི་ལུགས་མང་ཡང༌། ཀླུ་སྒྲུབ་རྗེས་འབྲང་དང་བཅས་པ་ནི་སྦྱང་གཞིའི་དབང་དུ་བྱས་ནས། ཐོག་མར་སེམས་ཅན་རྣམས་ཀྱི་ཐ་མལ་གྱི་ལུས་གྲུབ་པ་ནི་བསྐྱེད་པ་ཡིན་ལ། མངལ་གྱི་གནས་སྐབས་བརྒྱད་ལ་སོགས་པ་ནི་རིམ་པའོ། །སྦྱོང་བྱེད་ནི་མངོན་བྱང་ལྔའི་རིམ་པས་ལྷར་བསྐྱེད་པའོ། །རྫོགས་པ་ནི་མཐར་སེམས་ཅན་རྣམས་འཆི་བ་ཡིན་ལ། རིམ་པ་ནི་དེའི་སྔོན་དུ་ས་ཆུ་ལ་ཐིམ་པ་དང༌། ཆུ་མེ་ལ་ཐིམ། མེ་རླུང་ལ། རླུང་རྣམ་པར་ཤེས་པ་ལ། རྣམ་པར་ཤེས་པ་འོད་གསལ་དུ་ཐིམ་པ་འབྱུང་བའོ། །སྦྱོང་བྱེད་ནི་ལུས་དབེན་དང༌། ངག་དབེན་དང༌། སེམས་དབེན་བསྒོམ་པའོ། །ཌོཾ་བི་པ་རྗེས་འབྲང་རྣམས་ནི་བསྐྱེད་པ་ཞེས་བྱ་བ་སྒྲུབ་པ་པོ་ལྷར་བསྐྱེད་པ་ལ་ཟེར་ལ། རིམ་པ་ནི་སྔོན་དུ་འགྲོ་བའི་རིམ་པ་ཚོགས་གཉིས་བསག་པ་དང༌། སྲུང་བའི་འཁོར་ལོ་ལ་སོགས་པ་དང༌། རྗེས་ལ་བྱ་བའི་རིམ་པ་སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། བདུད་རྩི་མྱོང་བ་ལ་སོགས་པ་རྣམས་སོ། །རྫོགས་པ་ནི་རང་བྱུང་གི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་སོ། །རིམ་པ་ནི་ཡེ་ཤེས་དེ་གཉིས་རྟོགས་པར་བྱེད་པའི་ཐབས། རང་བྱུང་གི་ཡེ་ཤེས་ཙཎྜཱ་ལཱི་སྦར་བ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཕྱག་རྒྱ་བསྟེན་པའོ། །དེ་དག་ནི་བར་སྐབས་ཀྱི་བསྡུ་ཚིག་སྟེ། ཡར་གྱི་མཇུག་སྡུད་དང༌། མར་གྱི་མགོ་འདྲེན་གཉིས་ཀར་འགྲོ་གསུང༌། ད་ནི། ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་པ་ལ་སོགས་པའི་ངག་གིས་མདོར་བསྟན་ཚིགས་བཅད་གཅིག་པུ་དེ་ཉིད་ཀྱི་དོན། ནང་སྦས་དོན་དུ་བཤད་ན། ནམ་མཁའི་ཁམས་ཀྱི་པདྨ་ལ། །ཞེས་པ་ནི་གར་མཁན་གྱི་བུ་མོ་ལ་སོགས་པ། སྤྱན་མ་ལ་སོགས་པར་བསྐྱེད་པ་འདུ་ཤེས་གསུམ་དང་ལྡན་པར་བསྟེན་པའི་ཕྱག་རྒྱའི་ཆོས་ཀྱི་འབྱུང་གནས་སོ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །ཅེས་པ་དེར་མངོན་དུ་བྱས་པའི་ཡེ་ཤེས་དེས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པས་ནའམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པས་ན་ཡེ་ཤེས་བརྗོད་ཅེས་བྱའོ། །འདིར་བཤད་པ་མེད་ཀྱང་དབུས་ཞེས་པ་ཐབས་ཀྱི་གསང་རྩ་དང༌། ཤེས་རབ་ཀྱི་གསང་རྩ་གཉིས་འཛོམ་པའི་མཆོག་གི་ཟེ་བའོ། །དེ་གཉིས་ཐབས་གང་གིས་འཛོམ་པར་བྱེད་ཅེ་ན། བསྒོམ་པ་ཞེས་བྱ་སྙོམས་འཇུག་ཉིད། །ཅེས་པ་སྟེ། སྙོམས་འཇུག་གི་སྦྱོར་བས་མཆོག་གི་ཟེ་བར་ལྷན་སྐྱེས་མངོན་དུ་བྱེད་ཅེས་པའོ། །དེའི་བདེ་བ་སྟེ་སྙོམས་འཇུག་གི་བདེ་བའོ། །དེ་ཉིད་མཚན་མ་དང་རྣམ་རྟོག་གཅོད་ཅིང་འཇོམས་པས་འཁོར་ལོ་ཞེས་བྱའོ། །ཡེ་ཤེས་དེ་ཉིད་བེམ་པོ་ལས་ལོག་ནས་གསལ་བའི་ངོ་བོར་སྐྱེས་པས་ན་རང་རིག་ཉིད་དོ། །རིམ་པ་ཇི་བཞིན་དགའ་བ་ཞི་འབྱུང་བའི་རིམ་པའོ། །དེ་ཉིད་ལུས་ལས་འབྱུང་ཞིང་བདེ་བ་ལ་རོལ་པས་ལྷ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བསྟན་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡང་ཆོས་བཞིན་དང་ལྡན་པར་བསྟན་ཏེ། རྟེན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་བ་ནི་ལྷ་ཞེས་བྱ་བ་ནས། ཇི་ལྟར་འབྱུང་བ་ཁུ་བ་ཡིན་གྱི་བར་གྱིས་བསྟན་ལ། དེ་ལ་བརྟེན་པའི་བདེ་བ་ནི། །དེ་ཡི་བདེ་བ་འཁོར་ལོ་བརྗོད། །ཅེས་པས་བསྟན་ལ། མི་རྟོག་པ་ནི། བྷ་ག་ཞེས་བྱ་ཡེ་ཤེས་ཀྱིས་བསྟན་ལ། རང་རིག་པ་གསལ་བ་ནི། རིམ་པ་ཇི་བཞིན་རང་རིག་ཉིད། །ཅེས་པས་བསྟན་ཏོ། །དེ་ལྟར་ལྷན་ཅིག་སྐྱེས་པ་དེ་ཡང་རྟེན་སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་བས་ན། རེ་ཞིག ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །ཞེས་སོ། །རྟེན་རེ་རེ་ལའང་ཞུ་བ་དང༌། བདེ་བ་དང༌། མི་རྟོག་པ་དང༌། རང་རིག་པ་གསལ་བ་དང༌། བཞི་ཡོད་པས་ན་རྟེན་གྱི་བྱེ་བྲག་གིས་ལྷན་སྐྱེས་དེ་བརྒྱད་དུ་འགྱུར་ཏེ། རེ་ཞིག་བཙུན་མོ་ཤེས་རབ་སྟེ། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཞེས་པའི་དོན་ནོ། །ཡང་ལྷན་སྐྱེས་དེ་ཉིད་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་དབྱེ་ན་གཉིས་སུ་འགྱུར་ཏེ། རྟེན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་རྟོགས་པར་ནུས་པས་ཀུན་རྫོབ་ཅེས་བྱ་ལ། དེ་ལ་བརྟེན་པའི་བདེ་བ་དེ་ཁ་དོག་ལ་སོགས་པའི་སྒོ་ནས་རྟོགས་པར་མི་ནུས་པས་དོན་དམ་པ་ཞེས་བྱའོ། །དེ་ནི། ཀུན་རྫོབ་དོན་དམ་དབྱེ་བ་ལས། །ཞེས་པའི་དོན་ནོ། །ཕྱི་ནས་དེ་ཡི་རྣམ་པ་གཉིས། །ཞེས་པ་ནི་ཀུན་རྫོབ་ཀུནྡ་ལྟ་བུ་དེ་ལའང་ཕ་ལས་ཐོབ་པ་དང༌། མ་ལས་ཐོབ་པ་རྣམ་པ་གཉིས་རེ་རེ་ལ་ཡང༌། ཞུ་བདེ་གཉིས་གཉིས་ཡོད་པས་བཞིར་འགྱུར་ཟེར་བ་ནི། རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བའམ་བདེ་བ་ཉིད། །སྐྱེས་པ་ཇི་བཞིན་ཤེས་རབ་ལའང༌། །དེ་ཡི་ཁུ་བའམ་བདེ་བ་ཉིད། །ཅེས་པས་བསྟན་ཏོ། །དེ་ཉིད་ཕྱིར་ན་ཞེས་པ། རྟེན་ཞུ་བདེ་ལ་རྟེན་གྱི་བྱེ་བྲག་གིས་བཞི་ཡོད་པ་དེ་ཉིད་གྱི་ཕྱིར་ན། དེ་ལ་བརྟེན་པའི་དགའ་བའང་བཞི་ཡོད་ཅེས་པའོ། །འོ་ན་དགའ་བ་བཞི་པོ་དེ་བསྐྱེད་པའི་རིམ་པའི་ཕྱོགས་ལ་ཡོད་པ་ཡིན་ནམ། རྫོགས་པའི་རིམ་པའི་ཕྱོགས་ལ་ཡོད་པ་ཡིན་ཞེ་ན། སྐྱེ་མེད་རིམ་པ་སྟེ། རྫོགས་པའི་རིམ་པའི་ཕྱོགས་ལ་དགའ་བ་བཞིར་གཞག ཅེས་པའོ། །འདི་ལྟར། ལྷན་ཅིག་སྐྱེས་པ་རྣམ་པ་བཞི། ཞེས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་དང༌། མཆོག་དགའ་དང༌། དགའ་བྲལ་དང༌། ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་ཏེ་བཞིའོ། །དེ་ཡང་ཐབས་ཤེས་རབ་གཉིས་ལྷན་ཅིག་སྐྱེས་པ། ཞུ་བདེ་གཉིས་ལྷན་ཅིག་སྐྱེས་པ། རྩ་དང་རླུང་གཉིས། རླུང་དང་བྱང་སེམས་ལྷན་ཅིག་སྐྱེས་པས་ལྷན་སྐྱེས་སོ། །སྤྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་སྤྱིར་འགྲོ་སྟེ་ཁྱབ་ཆེ་ལ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་བྱེ་བྲག་ཡིན་པས་ཁྱབ་ཆུང་བ་ཡིན་ནོ། །ཞེས་ཀྱང་ཁོང་དུ་ཆུད་པར་བྱའོ། །དགའ་བ་དང་པོ་དཔའ་བོ་ཞེས་པ་ལ་སོགས་པ་ནི་དཔེའི་སྒོ་ནས་བསྟན་པ་སྟེ། དགའ་བ་དང་པོ་དཔའ་བོ་ཉིད། །ཅེས་པ་དེ་ཙམ་ན་འོ་དང་འཁྱུད་པ་ལ་སོགས་པ་སྦྱོར་ཐབས་ཀྱི་བྱེ་བྲག་ཏུ་དགོས་པས་ན། དཔའ་བོ་ཡིན་ལ་ཉམས་མྱོང་ཆུང་ངོ༌། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་པ་གོང་མ་བས་བདེ་བ་ཆེ་ལ་བྱ་བ་ཉུང་བས་རྣལ་འབྱོར་མའོ། །ཤིན་ཏུ་བདེ་དགའ་སྟེ་གོང་མ་གཉིས་པས་བདེ་བ་ཁྱད་པར་དུ་འགྱུར་ཏེ། ཕྱི་བྱད་གཟུགས་སུ་འཛིན་པ་དང་བྲལ་ལ་ནང་བདེ་བ་ལ་འདོད་པ་ཡོད་པ་སྟེ། བདེ་བ་ལ་མི་རྟོག་པས་བརྒྱན་པས་སོ། །དེ་བདེ་སྟེ་ཐབས་གསུམ་པོ་དེ་ལས་སོ། །ཐམས་ཅད་རིག་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འགྱུར་ཞེས་པའོ། །ད་ནི་དགའ་བ་དེ་ཉིད་ཉམས་སུ་མྱོང་བ་བདེ་བ་ཆེ་ཆུང་གི་སྒོ་ནས་དབྱེ་ན་བཞི་སྟེ། དགའ་བའི་བདེ་བ་ཅུང་ཟད་དེ། །ཞེས་པ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ་བྱ་བ་མང་ལ་བདེ་བ་ཆུང་བས་ཅུང་ཟད་དོ། །མཆོག་ཏུ་དགའ་བ་དེ་བས་ལྷག་སྟེ། རྣམ་པར་སྨིན་པའི་སྐད་ཅིག་མ་ལ་ཉམས་མྱོང་ཆེ་ལ་བྱ་བ་ཆུང་བས་སོ། །དགའ་བྲལ་དགའ་བ་ཆགས་བྲལ་ཏེ། །ཕྱི་བྱད་གཟུགས་སུ་འཛིན་པ་དང་བྲལ་བས་སོ། །ལྷག་མ་ལྷན་ཅིག་སྐྱེས་པ་སྟེ་གྲངས་གོང་མ་གསུམ་ལས་ལྷག་པའམ། ཡོན་ཏན་ལྷག་པ་སྟེ་བདེ་སྟོང་ཟུང་དུ་ཆུད་པས་སོ། །ད་ནི་དགའ་བ་བཞི་པོ་དེ་ཉིད་རྣམ་པར་རྟོག་པ་ཆེ་ཆུང་གི་སྒོ་ནས་དབྱེ་བ་ནི། དང་པོར་རེག་པ་འདོད་པ་སྟེ། །འོ་དང་འཁྱུད་པ་ལ་སོགས་པ་བྱེད་པའོ། །གཉིས་པ་བདེ་བ་འདོད་པ་སྟེ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བའི་དུས་སུའོ། །གསུམ་པ་འདོད་ཆགས་འཇིག་པ་སྟེ། །ཕྱི་བྱད་གཟུགས་སུ་འཛིན་པ་དང་བྲལ་ཏེ། བདེ་བ་ལ་ཆགས་པ་ཡོད་པས་སོ། །དེས་ནི་བཞི་པ་བརྗོད་པར་བྱ། །ཞེས་པ་སྟེ་དེ་གསུམ་ཀའང་རྟོག་བཅས་སུ་འདུག་པ་དེས་ནའོ། །དགའ་བ་བཞི་པོ་དེ་ཉིད་རང་གི་ངོ་བོའི་སྒོ་ནས་དབྱེ་ན་གསུམ་ཡོད་པ་ལས། མཆོག་ཏུ་དགའ་བ་སྲིད་མཐར་བརྗོད། །ཅེས་པ་ནི་ཕྱི་འདོད་ཡོན་ལ་ཆགས་པ་དང་བྲལ་ལ་ནང་གི་བདེ་བ་ལ་མཆོག་ཏུ་ཞེན་པའོ། །དགའ་བྲལ་ལས་ནི་མྱ་ངན་འདས། །ཞེས་པ་ཕྱི་བྱད་གཟུགས་ལ་སོགས་པར་འཛིན་པའི་གདུང་བའམ་མྱ་ངན་དང་བྲལ་བས་སོ། །དབུ་མ་དགའ་བ་ཙམ་ཉིད་དེ། །ཞེས་པ་བདེ་བ་འབའ་ཞིག་ལས་མཆོག་དགའི་དུས་ན་མི་རྟོག་པ་མེད་པས་སོ། །འདིས་ནི་ལྷན་ཅིག་སྐྱེས་པ་སྤོང༌། །ཞེས་པ་དགའ་བ་གསུམ་པོ་དེའི་དུས་ནའང་ལྷན་སྐྱེས་མེད་ལ་ལྷན་སྐྱེས་ཀྱི་དུས་ན་དགའ་བ་གསུམ་པོ་མེད་པས་སོ། །ལྷན་སྐྱེས་ཀྱི་མཚན་ཉིད་སྟོན་ཏེ། འདོད་ཆགས་མེད་ཅེས་པ་དགའ་བའི་རྟོག་པ་དང༌། ཆགས་བྲལ་ཏེ་དགའ་བྲལ་གྱི་རྟོག་པ་དང༌། དབུ་མ་སྟེ་མཆོག་དགའི་རྟོག་པ་ཡང་ལྷན་སྐྱེས་འདི་ལ་མེད་ལ་ཐབས་སྒྲུབ་པ་པོར་སྣང་བ་དང༌། ཤེས་རབ་ཕྱག་རྒྱར་འཛིན་པའི་རྟོག་པ་ཡང་མེད་ཅེས་པའོ། །ཡང་དག་ཡེ་ཤེས་སྣང་བ་པོ། །ཞེས་པ་ནི་ལྷན་སྐྱེས་ཀྱི་དུས་ན་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་རང་ཉིད་ཡིན། འདི་ལས་ལྷག་པའི་ཡེ་ཤེས་གཞན་མེད་སྙམ་དུ་རྟོག་པ་སྟེ། ལྷན་སྐྱེས་དོན་གྱི་ཡེ་ཤེས་སུའང་འདི་གསལ་གསུང༌། འོ་ན་ཡེ་ཤེས་དེ་གང་གིས་མཚོན་པར་བྱ་བ་ཡིན་ཞེ་ན། གཞན་གྱིས་བརྗོད་མིན་ཏེ་སྒྲ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པའོ། །ལྷན་སྐྱེས་དེ་དུས་སམ་གནས་སྐབས་གང་དུའང༌། མཚོན་བྱེད་གང་གིས་ཀྱང་ཡང་དག་མི་རྙེད་དེ། འོ་ན་ཐབས་གང་གིས་ལྷན་སྐྱེས་དེ་མངོན་དུ་འགྱུར་ཞེ་ན། བླ་མའི་དུས་ཐབས་བསྟན་པ་སྟེ། བླ་མ་དམ་པའི་བཀའི་གནང་བ་ཐོབ་པ་དང༌། དུས་ཐབས་ཏེ་ཙཎྜཱ་ལཱིའི་ཡེ་ཤེས་དང་དཀྱིལ་འཁོར་འཁོར་ལོའི་ཐབས་བྱང་སེམས་དབབ་པ་དང༌། གཟུང་བ་དང༌། བཟློག་པ་དང༌། ཁྱབ་པར་བྱ་བ་ལ་མཁས་པ་དང༌། བདག་གི་བསོད་ནམས་ཏེ་སྔོན་དུ་ཚོགས་གཉིས་བསགས་པ་དང༌། བྱང་སེམས་སྒྲུབ་པའི་རིམ་གྲོ་བྱས་པ་ཡོད་ན་རྟོགས་ཞེས་པའོ། །ལྷན་སྐྱེས་དེ་རང་ཚུལ་ཇི་ལྟར་བསྒོམ་པ་ནི། དམན་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རོ་མཉམ་དེ་ཉིད་ཅེས་པ་ནི། མི་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་སྒོ་ནས་དམན་པ་འབྲིང་ལ་སོགས་པའི་ཆོས་དྲུག་པོ་དེ་དག་ངང་ངམ་ཚུལ་གཅིག་ཏུ་རྟོགས་པའོ། །དེ་ཉིད་བསྒོམ་པ་ནི་ལྷན་སྐྱེས་དེ་ཉིད་དོ། །འདི་ཀུན་ཏེ་གོང་གི་ཆོས་དྲུག་གོ །དེ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་མཚུངས་ཤིང་རོ་གཅིག་པས་ན་མཉམ་པ་ཉིད་དོ། །དམན་པ་ནི་ཕྲ་བ་སྟེ་གཟུགས་ཆུང་བའོ། །མཆོག་ནི་དངོས་པོ་སྟེ་གཟུགས་རགས་པའོ། །དབུ་མ་གཉིས་ཀྱིས་སྤངས་པ་སྟེ། བར་མར་གྱུར་པའོ། །འདི་ཀུན་ནི་དམན་པ་སོགས་པའོ། །ང་ཉིད་མེད་དེ། ལྷན་སྐྱེས་ཀྱི་རང་བཞིན་ཡིན་པས་གཅིག་པུ་མེད་ཅེས་པའོ། །དེ་ཐམས་ཅད་ས་ཧ་ཛར་མཚུངས་པས་ན་མཉམ་ཉིད་མཚུངས་པའོ། །རོ་མཉམ་དེ་ཉིད་ནི་ཐམས་ཅད་ལྷན་སྐྱེས་སུ་ངང་ངམ་ཚུལ་གཅིག་ཅིང་མཚུངས་པར་བསྒོམ་པའོ། །དེ་ལྟར་གོང་དུ་བསྟན་པའི་ཚིག་འདིས་ནི་དོན་གྱིས་བརྗོད་པར་བྱ་སྟེ། ལྷན་སྐྱེས་སུ་དོན་གྱིས་བརྗོད་པར་བྱ། ཞེས་པའོ། །ད་ནི་རང་བཞིན་ལྷན་སྐྱེས་དང་ཞུ་བདེ་གཉིས་རྣམ་པར་མ་ཕྱེ་བའི་དབང་དུ་བྱས་ནས། ང་ལས་འགྲོ་བ་ཐམས་ཅད་བྱུང༌། ཞེས་པ་ལ་སོགས་པ་གསུངས་པ་སྟེ། སྣང་ལུགས་ཀྱི་དབང་དུ་བྱས་ནས་ང་ལྷན་སྐྱེས། དེ་ལས་འགྲོ་བ་ཐམས་ཅད་དང༌། ས་འོག ས་བླ། ས་སྟེང་གསུམ་ཡང་བྱུང་བས་ན། གནས་གསུམ་པོ་ཡང་བྱུང་ཞེས་པའོ། །ཡང་དངོས་པོ་ཐམས་ཅད་ལ་བདག་ཉིད་གཅིག་པའི་ཚུལ་གྱིས་ལྷན་སྐྱེས་དེས་ཁྱབ་པས་ན། ང་ཡིས་འདི་ཀུན་ཁྱབ་པའོ། །གྲུབ་ལུགས་ཀྱི་དབང་དུ་བྱས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལས་མ་གཏོགས་པའི། འགྲོ་བའི་རང་བཞིན་གཞན་མ་མཐོང་སྟེ། ཐམས་ཅད་ལྷན་སྐྱེས་ཀྱི་རྣམ་འཕྲུལ་དུ་འདུག་པས་སོ། །དེ་ལྟར་རྣལ་འབྱོར་པས་ཤེས་ནས་ཞེས་པ། དངོས་པོ་ཐམས་ཅད་ས་ཧ་ཛའི་རྣམ་འཕྲུལ་ལམ་ངོ་བོ་ཉིད་དུ་ཤེས་པའི་རྣལ་འབྱོར་པས་སོ། །ཤིན་ཏུ་མཉམ་གཞག་གང་གོམས་པས། །ཞེས་པ་ནི་མཉམ་རྗེས་ཁྱད་མེད་པར་ཏིང་ངེ་འཛིན་རྩེ་གཅིག་ཏུ་སྐྱེ་བས་སོ། །བསོད་ནམས་ཆུང་བ་ནི་སྔོན་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རིམ་གྲོ་མ་བྱས་པ་དང༌། ཚོགས་གཉིས་མ་བསགས་པའོ། །དེ་ལྟ་བུས་ཀྱང་མཉམ་གཞག་ལ་གོམས་ན་ལྷན་སྐྱེས་འགྲུབ་ཅེས་བྱའོ། །འོ་ན་ལྷན་སྐྱེས་དེ་དུས་ནམ་བསྒོམ་ཞེ་ན་རྒྱུན་དུ་སྒོམས་ཤིག་པར་བསྟན་པ་ནི། བཟའ་དང་བཏུང་ཞེས་པ་ལ་སོགས་པ་སྟེ། བླུགས་པ་ནི་ཁྲུས་བྱེད་པའི་དུས་ཐམས་ཅད་དུ་ལྷན་སྐྱེས་ཀྱི་རྟོག་པ་དང་མ་བྲལ་ན་ཕྱག་རྒྱ་ཆེན་པོ་མངོན་འདོད་པ་སྟེ་མཆོག་ཐོབ་པའོ། །དེས་ན་མངོན་དུ་འགྲོ་བར་འགྱུར་བ་དུས་རྒྱུན་དུ་བསྒོམ་པ་དེས་ནའོ། །མངོན་དུ་ནི་ཟག་མེད་དམ། ལྷན་སྐྱེས་ཀྱི་ཡེ་ཤེས་འགྲོ་བར་འགྱུར། །ཞེས་བྱའོ། །དེས་ན་སྟེང་དུ་འགྲོ་བར་འགྱུར། །ཞེས་ཟེར་ན། སྟེང་དུ་ནི་འོག་མིན་དུ་འགྲོ་བར་འགྱུར་ཞེས་སྦྱར་རོ། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །ཞེས་པ་ནི་བསྒོམ་བྱའི་ཡུལ་གཅིག་ལ་སྒོམ་བྱེད་ཀྱི་ཤེས་པ་གཅིག་གིས་བསྒོམ་པ་ཞེས་བྱ་བའི་བསྒོམ་རྒྱུ་གཅིག་མེད་དེ། མཐའ་གསུམ་གྱིས་མ་རེག་པར་བསྒོམ་པའོ། །དེ་ལྟར་བརྟན་གཡོ་ཐམས་ཅད་རང་བཞིན་ལྷན་སྐྱེས་ཀྱི་ངོ་བོ་ཉིད་དུ་ཤེས་ནས། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་པ་གང་དུའང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་བསྒོམ་པའོ། །ཐམས་ཅད་ཆོས་ཉིད་ཡོངས་ཤེས་ནི། མཐའ་གསུམ་གྱིས་མ་རིག་པའི་ཚུལ་གྱིས་བརྟན་གཡོ་ཐམས་ཅད་རང་བཞིན་ལྷན་སྐྱེས་ཀྱི་ངོ་བོ་ཉིད་དུ་ཤེས་ནའོ། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །ཞེས་པ་མཐའ་གསུམ་དུ་རྟོགས་པའི་བསྒོམ་པ་དེ་བཅོས་མ་ཡིན་ཞེས་པའོ། །འོ་ན་རང་བཞིན་ལྷན་སྐྱེས་དེས་དངོས་པོ་ཐམས་ཅད་ལ་ཁྱབ་པར་ཡོད་དམ་ཞེ་ན། བརྟན་དང་གཡོ་ཞེས་པ་ལ་སོགས་པས་ཐམས་ཅད་ལ་ཁྱབ་པར་བསྟན་ཏོ། །རང་བཞིན་ལྷན་སྐྱེས་དེ་གང་གིས་རྟོགས་པར་བྱེད་ཅེ་ན། བདག་གི་དངོས་པོའི་རང་བཞིན་ལས་ཏེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་ལྷན་སྐྱེས་ཡོད་པས་ན། དམ་པའི་དེ་ཉིད་དེ། རྒྱུའི་རྒྱུད་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དེས་བསྒོམ་བྱ། །ཞེས་པའོ། །འོ་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་ལྷན་སྐྱེས་ཀྱི་རྟོགས་པ་ཡོད་པས་སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་ཐལ་ལོ་ཞེ་ན། དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་པ་བརྟན་གཡོའི་དངོས་པོ་དེ་རྣམས་ལ་རང་བཞིན་ལྷན་སྐྱེས་ཀྱིས་ཁྱབ་ཀྱང༌། རང་བཞིན་ལྷན་སྐྱེས་རྟོགས་པ་མེད་པས་ན། དམ་པ་གཅིག་ཡོད་མིན་ཏེ། རང་རིག་བདེ་བ་ཆེན་པོ་ཉིད། །རྟོགས་པ་མེད་པས་ཞེས་སྦྱར་རོ། །མི་རྟོག་པ་རང་ཅིས་ཤེ་ན་མ་བསྒོམས་པས་སོ། །མི་བསྒོམ་པ་རང་ཅི་ཞེ་ན། བསྒོམ་པའང་རྟོགས་པའི་རྐྱེན་དང་མ་ཕྲད་པས་སོ། །རྐྱེན་གང་ཡིན་ན། བླ་མ་དམ་པའི་བཀའི་གནང་བ་ཐོབ་པ་དང༌། ཐབས་ལ་མཁས་པའི་ཁྱད་པར་ཅན་གྱིས་ཟིན་པ་སྟེ། དེ་ལྟ་བུ་མེད་པས་མ་རྟོགས་པའོ། །རྟོགས་པའི་རྐྱེན་དང་ཕྲད་ཅིང་བསྒོམས་ན་གྲོལ་བར་འགྱུར་བས་ན། རང་རིག་ནས་ནི་བྱང་ཆུབ་འགྱུར། །ཞེས་བྱའོ། །རང་རིག་ནས་ནི་བསྒོམ་པ་ཉིད། །ཅེས་པ་ནི། འོ་ན་སེམས་ཅན་ཐམས་ཅད་ལ་རང་བྱུང་གི་ཡེ་ཤེས་ཡོད་བཞིན་དུ་འཁོར་བར་འགྱུར་བ་རང་མི་རིགས་སོ་ཞེ་ན། རང་གི་རིག་པའི་འགྱུར་པ་ལས། །ཞེས་པ་རང་བྱུང་གི་ཡེ་ཤེས་རྒྱུད་ལ་ཡོད་ཀྱང་ཐབས་ལ་མཁས་པས་མ་ཟིན་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འབྱུང་ལ། གནས་པ་ལ་ནི་ལས་སྐྱེས་ཏེ། །ཞེས་པ་སྟེ། ལས་བསགས་པ་ལས་འཁོར་བ་སྐྱེད་པར་བྱེད་དེ། ཀུན་ནས་ཉོན་མོངས་པ་གསུམ་གྱི་འཁོར་ལོ་རྒྱུན་མ་ཆད་པར་འབྱུང་ལ། ཡང་ཐབས་ལ་མཁས་པ་ལ་སོགས་པའི་རྐྱེན་དང་ཕྲད་ན། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀུན་ནས་ཉོན་མོངས་པའི་འཁོར་བ་སྤོང་བར་བྱེད་པས་ན། རང་གིས་འཕྲོག་ཅིང་རང་གིས་བྱེད། །ཅེས་བྱའོ། །རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱིས་མ་རྟོགས་ཤིང་ཐབས་ལ་མཁས་པས་མ་ཟིན་ན་འཁོར་བར་སྐྱེད་པར་བྱེད་ལ། དེ་ཉིད་ཐབས་ལ་མཁས་པས་ཟིན་ན་འཁོར་བ་སྤོང་བའི་གཉེན་པོར་འདུག་པས་ན། རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་བྱའོ། །འདོད་ཆགས་ནི་གཟུགས་སྡུག་པ་ལ་བརྟེན་ནས་སྐྱེས་པ། ཞེ་སྡང་ནི་སྒྲ་སྙན་པ་ལ། རེག་བྱ་འཇམ་པོ་ལ་ཕྲག་དོག དྲི་ཞིམ་པོ་ལ་གཏི་མུག གཟུགས་དང་ཁ་དོག་སྡུག་པ་ལས་ང་རྒྱལ་སྐྱེ་བའོ། །དེ་ཀུན་ཞེས་པ་ཡུལ་ལྔ་ལ་བརྟེན་ནས་སྐྱེས་པའི་ཉོན་མོངས་པ་ཀུན་ནོ། །གནས་ནི་ཉམས་དགའ་སྟེ། ཡུལ་ལྔ་ལ་བརྟེན་པའི་བདེ་བའོ། །བཅུ་དྲུག་ཆར་ཡང་མི་ཕོད་ཅེས་པ། གོང་གི་བདེ་བ་དེས་ལྷན་སྐྱེས་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་ཅེས་པའོ། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཆོག་གི་ཟེ་བར་མངོན་དུ་བྱས་པའི་ཞུ་བདེ་ལྷན་སྐྱེས་སོ། །མཁའ་མཉམ་ཞེས་པ། ནམ་མཁའ་རྟག་པ་དང༌། མཐའ་ཐུག་པ་མེད་ལ། རྡུལ་དང་བྲལ་བ་ལྟར། ཡེ་ཤེས་དེ་ཡང་མི་འགྱུར་བས་རྟག་ཅིང་རྟོགས་པར་དཀའ་ལ་མཚན་མ་དང་རྣམ་རྟོག་གི་རྡུལ་དང་བྲལ་བས་སོ། །ལྷན་ཅིག་ཅེས་པ་རྣམ་པར་རྟོག་པ་དང་མི་འགྲོགས་པས་ནའོ། །ཐབས་དང་བཅས་ཞེས་པ། བྱང་སེམས་དབབ་པ། གཟུང་བ། བཟློག་པ། ཁྱབ་པར་བྱ་བའི་ཐབས་ལ་མཁས་པའོ། །ཐབས་དང་ཤེས་རབ་ནི་ཞུ་བ་དང་བདེ་བའོ། །རང་བཞིན་ལས་ཞེས་པ་མི་རྟོག་པའོ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་པ་ཞུ་བདེ་དེ་ལམ་དུ་བྱས་པའི་ཚེ། སྐུ་གསུང་ཐུགས་གསུམ་བསྐྱེད་པས་ནའོ། །ཐབས་ཀྱིས་མ་ཟིན་ན་བུ་ཚ་ལ་སོགས་འཁོར་བའི་ཆོས་སྐྱེད་པར་བྱེད་པས་ན། འཇིག་རྟེན་གསུམ་ཁམས་གསུམ་སྟེ། དེ་གསུམ་སྐྱེད་པར་བྱེད་པའོ། །ཁུ་བའི་རྣམ་པ་བཅོམ་ལྡན་ཏེ། །ཡབ་མཚོན་ལ། དེ་ཡི་བདེ་བ་འདོད་མ་སྟེ། །ཡུམ་མཚོན་པའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་རང་བཞིན་ནམ་ངོ་བོ་ཉིད་ནི། གཅིག་དང་དུ་མ་བྲལ་བ་དེ། །ཞེས་པའོ། །སྐད་ཅིག་ལ་ནི་ཞེས་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལའོ། །མཆོག་དགའ་ཞེས་པ་ལྷན་སྐྱེས་ཀྱི་རྟོགས་པ་འཆར་བས་སོ། །རང་གི་རིགས་པའི་ཡེ་ཤེས་འདི། །ཞེས་པ་རང་བྱུང་གི་ཡེ་ཤེས་དང༌། ཞུ་བདེ་ལྷན་སྐྱེས་མ་ཕྱེ་བའི་དབང་དུ་བྱས་པའོ། །ངག་གི་ལམ་འདས་ཞེས་པ་སྒྲ་དང་རྣམ་རྟོག་གི་ཡུལ་ལས་འདས་པའོ། །འདི་ནི་བྱིན་བརླབ་རིམ་པའི་ཕྱིར། །ཞེས་པ་ཙཎྜཱ་ལཱི་འབར་འཛག་དང༌། ཕྱག་རྒྱ་བསྟེན་པའི་ཐབས་ཀྱི་རིམ་པ་སྔོན་དུ་སོང་བ་ལ། ཀུན་མཁྱེན་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་རང་དགའ་བ་འདི་ཡིན་སྙམ་པའི་ལྷན་སྐྱེས་ཀྱི་རྟོགས་པ་འཆར་བའོ། །ས་དང་ཆུ་དང་ཞེས་པ་ལ་སོགས་པ་དང༌། རང་གཞན་རིག་པའི་ཚོར་བར་འཛིན་པའི་རྣམ་རྟོག་གིས་སོ། །དེ་ཐམས་ཅད་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཟིལ་གྱིས་མནན་པར་མི་ནུས་པས་ན། ཀུན་གྱིས་སྐད་ཅིག་མི་ནོན་ཏེ། །ཞེས་པའོ། །མཐོ་རིས་ཏེ། ལྷ་དང༌། མི་ཡུལ་དང༌། རྐང་འོག་ནི་ངན་སོང་རྣམས་སོ། །སྐད་ཅིག་ལས་ནི་ཞེས་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལའོ། །གཟུགས་གཅིག་འགྱུར་ཞེས་པ་ཐམས་ཅད་ལྷན་སྐྱེས་ཀྱི་རང་བཞིན་དུ་འགྱུར་ཞེས་པའོ། །རང་གཞན་ཆ་ཡི་རྣམ་རྟོག་སྟེ། །རང་གཞན་དུ་འཛིན་པའི་རྣམ་རྟོག་གིས་གནོད་པའམ་ཟིལ་གྱིས་གནོན་པར་མི་ནུས་ཞེས་པའོ། །ཐམས་ཅད་རིག་བྱེད་གྲུབ་མཐའ་དང༌། །ཞེས་ཟེར་ཡང༌། རིག་བྱེད་ཀྱི་གྲུབ་མཐའ་ཐམས་ཅད་ཅེས་བྱའོ། །དེ་བཞིན་ལས་རྒྱལ་ནི། གསང་བ་འདུས་པ་དང༌། སཾ་གྲ་ཧ་ལ་སོགས་པའོ། །དེ་དག་ལ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའི་ཐབས་མེད་པས་ན། སྲིད་པ་དག་པའི་དངོས་གྲུབ་མིན། །ཞེས་པའོ། །དེ་ལྟར་མཆོག་མ་ཐོབ་ན། ལས་བཞི་དང༌། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ཐོབ་ཀྱང༌། ཡང་ནི་སྲིད་མཐར་སྐྱེ་བར་འགྱུར། །ཞེས་བྱའོ། །དེ་མེད་ན་ཞེས་པ་མཆོག་གི་དངོས་གྲུབ་ཀྱི་ཉེ་བའི་རྒྱུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་མེད་པས་ན་མཆོག་གི་དངོས་གྲུབ་མེད་ཅེས་པའོ། །གང་གིས་ཏེ། སྒྲུབ་པ་པོ་གང་གིས། ཀྱེ་རྡོར་ཏེ། ཐབས་ཤེས་རབ་བམ། བདེ་སྟོང་མི་ཤེས་པ་དེའི་ངལ་བའམ་འབད་པ་དོན་མེད་པའོ། །ཆུ་བོའི་རྒྱུན་ནི་རབ་འབབ་ཅེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུན་མི་ཆད་པར་སྒོམས་ཤིག །ཅེས་པའོ། །མར་མེའི་རྩེ་མོ་རབ་བཅིངས་ཞེས་པ། གསལ་ལ་མི་རྟོག་པར་སྒོམས་ཤིག་པའོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་ཏེ་དུས་རྒྱུན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གི་རྣལ་འབྱོར་ལ་གནས་པར་གྱིས་ཤིག་པའོ། །དེ་ནས་མཆོག་ཏུ་རྣམ་པར་དག་པའི་ལེའུ་བཤད་པར་བྱ་སྟེ། ཞེས་པ་ལ་ཕྱི་དོན་གྱི་མཚམས་སྦྱོར་ནི། ལྷ་མོ་བཅོ་ལྔ་པོ་དེ་དག་གི་རྣམ་པར་དག་པ་རྟོགས་པར་བྱ་བའི་ཕྱིར། རྣམ་པར་དག་པའི་ལེའུ་བསྟན་ལ། ནང་དོན་གྱི་མཚམས་སྦྱོར་ནི། གང་གི་རྩ་སུམ་ཅུ་རྩ་གཉིས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་གཡོ་ཞིང་རྒྱུ་བ་དེས། མཚན་མ་དང་རྣམ་པར་རྟོག་པའི་དྲི་མ་ལས་རྣམ་པར་དག་པས་ན། རྣམ་པར་དག་པའི་ལེའུ་བསྟན་གསུང་ངོ༌། །རྣམ་པར་དག་པ་ཞེས་པའི་དོན་ནི་གསུམ་སྟེ། དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པ་དང༌། རང་རིག་པའི་དག་པའོ། །དེ་དག་ཀྱང་གནས་སྐབས་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་དག་པ་གསུམ་དུ་བཞག་སྟེ། རང་བཞིན་གྱིས་གནས་པའི་དག་པ་གསུམ་དང༌། རྣལ་འབྱོར་ལམ་པས་ཉམས་སུ་བླང་བའི་དག་པ་གསུམ་དང༌། མཐར་ཐུག་འབྲས་བུའི་དབང་དུ་བྱས་པའི་དག་པ་རྣམ་པ་གསུམ་མོ། །དེ་ལ་རང་བཞིན་གྱིས་གནས་པའི་དེ་བཞིན་ཉིད་ཀྱི་དག་པ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་གློ་བུར་དུ་དྲི་མ་དང་བཅས་ཀྱང༌། རང་བཞིན་གྱིས་མཚན་མ་དང༌། རྣམ་པར་རྟོག་པའི་དྲི་མ་དང༌། ཀུན་ཏུ་བརྟགས་པའི་དྲི་མ་དང་བྲལ་བས་ན་དེ་བཞིན་ཉིད་ཅེས་པའོ། །རང་རིག་པའི་དག་པ་ནི་རང་གི་སེམས་དེ་བརྟག་ཅིང་དཔྱད་ན། དང་པོ་གང་ནས་ཀྱང་མ་བྱུང༌། བར་དུ་གང་དུ་ཡང་མི་གནས། མཐར་གང་དུའང་མི་འགགས་ཏེ། བཙལ་ན་མི་རྙེད་པས་རྟོག་པའི་དྲི་མས་སྟོང་པའོ། །ལྷ་སོ་སོའི་དག་པ་ནི་གདོད་མ་ནས་སེམས་ཅན་ཐམས་ཅད་ལ་ལྷའི་སྐུ་མདོག་ཕྱག་མཚན་ལ་སོགས་པ་རང་བཞིན་གྱིས་གནས་པ་སྟེ། འདི་ཉིད་ལས། བཞིན་ལག་ཁ་དོག་གནས་པ་ནི། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །ཅེས་པའི་དོན་ཏོ། །རྣལ་འབྱོར་ལམ་པའི་དག་པ་གསུམ་ནི། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའམ། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་བསྒོམས་པ་ལས་གང་ཡང་རུང་བ་ལ་དེ་བཞིན་ཉིད་ཀྱི་དག་པ་ཞེས་བྱ་སྟེ། ཀུན་ཏུ་བརྟགས་པའི་དྲི་མ་ཐམས་ཅད་དང་བྲལ་བའོ། །ལྷ་སོ་སོའི་དག་པ་ནི། མ་དག་པ་རེ་རེ་ལ་དག་བྱེད་ཀྱི་ལྷ་རེ་རེ་ཡོད་པས་ན། ལྷ་སོ་སོའི་དག་པ་ཞེས་བྱའོ། །དེས་ནི་ཐ་མལ་གྱི་རྣམ་པར་རྟོག་པ་ལས་གྲོལ་བར་བྱེད་དོ། །རང་རིག་པའི་དག་པ་གྱ་ནོམ་པ་ལྷ་རུ་མངོན་པར་ཞེན་པ་སྤོང་བའི་ཕྱིར། བདག་བྱིན་གྱིས་བརླབ་པའི་དག་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་རང་བྱུང་དང་ལྷན་སྐྱེས་ཀྱི་ཡེ་ཤེས་གཉིས་རྟོགས་པ་ལ་བྱའོ། །མཐར་ཐུག་འབྲས་བུའི་དག་པ་གསུམ་ནི། ལྷ་སོ་སོའི་དག་པ་བསྒོམས་པ་ལས་སྤྲུལ་པའི་སྐུ་འཐོབ་ལ། དེ་བཞིན་ཉིད་ཀྱི་དག་པ་བསྒོམས་པས་ཆོས་སྐུ་འཐོབ་ཅིང༌། རང་རིག་པའི་དག་པ་བསྒོམས་པས་ལོངས་སྐུ་འཐོབ་པར་འགྱུར་རོ། །སྤྱིར་དག་པ་ཞེས་བྱ་བའི་གོ་བ་ནི་གསུམ་སྟེ། ངོ་བོ་ཉིད་ལ་དག་པར་བཞག་པ་དང༌། རྟགས་སམ་མཚོན་བྱེད་ལ་དག་པར་བཞག་པ་དང༌། དྲི་མ་གཅིག་དག་པ་ལ་དག་པར་བཞག་པའོ། །དེ་ལ་དང་པོ་ནི་དེ་དེའི་ངོ་བོ་ཉིད་དུ་འདུག་པ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རྡོ་རྗེ་ཉི་མའོ། །ཞེས་པ་ལ་སོགས་པའོ། །རྟགས་སམ་མཚོན་བྱེད་ལ་དག་པར་འཇོག་པ་ནི། སྤྱན་དམར་བ་ནི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པ་ཡིན། ཞབས་བཞི་ནི་བསྡུ་པའི་དངོས་པོ་བཞི་དག་པ་ཡིན། ཕྱག་བཅུ་དྲུག་གིས་སྟོང་པ་བཅུ་དྲུག་མཚོན་ཞེས་པ་ལྟ་བུ་སྟེ། རྟགས་ལ་དག་པར་བཤད་པའོ། །གསུམ་པ་ནི་འདོད་ཆགས་དག་པ་ནི་འོད་དཔག་མེད་དོ། །ཞེ་སྡང་དག་པ་ནི་མི་བསྐྱོད་པ། གཏི་མུག་ནི་རྣམ་པར་སྣང་མཛད་དོ། །ཞེས་པ་ལ་སོགས་པ་དྲི་མ་དག་པའམ། སྤང་བྱ་དག་པ་ལ་དག་པར་བཤད་པའོ། །དེ་ལ་ལེའུ་འདིའི་བརྗོད་བྱ་ནི་གསུམ་དུ་འགྲོ་སྟེ། དེ་བཞིན་ཉིད་ཀྱི་དག་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི་ཡིན་ལ། ལྷ་སོ་སོའི་དག་པ་ནི་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། རང་རིག་པའི་དག་པ་ནི་སྦས་པའོ། །རྗོད་བྱེད་ནི་ཡན་ལག་གི་དོན་གྱིས་འཆད་དོ། །མངོན་པར་རྟོགས་པ་ནི་མཆོག་གི་མངོན་རྟོགས་ཀྱི་ཁོངས་སུ་འགྲོའོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བརྟག་པ་གཉིས་པའི་དང་པོ་དང༌། ལྔ་པའི་དང་པོ་དང་སྦྱར། ལུས་རྣམ་གཞག་ལ་སོགས་པ་མེད་པས་ཐབས་རྒྱུད་ཀྱི་ཁོངས་སུ་འདུ་བའི་ལུས་དང་ཡན་ལག་གི་འབྲེལ་མི་བརྩིའོ། །ཚིག་གི་དོན་ནི། དེ་ནས་མཆོག་ཏུ་རྣམ་པར་དག་པའི་ལེའུ་བཤད་པ་བྱ་སྟེ། ཞེས་པ་ལྷ་སོ་སོའི་དག་པས་ཐ་མལ་གྱི་རྣམ་རྟོག་དག་ལ། དེ་བཞིན་ཉིད་ཀྱི་དག་པས་བརྟགས་པའི་དྲི་མ་ལས་དག་ལ། རང་རིག་པའི་དག་པས་ཀུན་ཏུ་རྟོག་པའི་དྲི་མ་ལས་དག་པས་ན། དེ་སྐད་ཅེས་བྱའོ། །ངེས་པར་ཞེས་པ་དེ་ཁོ་ན་ཉིད་དམ། མ་བཅོས་པའམ་མི་བསླུ་བའི་དོན་ནོ། །དངོས་པོ་ཐམས་ཅད་ནི་ཆོས་ཅན་མ་དག་པ་ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་གློ་བུར་དུ་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་རྣམ་པར་དག་པས་ན། དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་པའོ། །ཕྱི་ནས་ཞེས་པ་ཡེ་ཤེས་ཀྱི་ཚོགས་བསགས་སྔོན་དུ་སོང་བའི་རྗེས་ལའམ། རྟོགས་པའི་ལྟ་བ་སྔོན་དུ་སོང་བའི་རྗེས་ལ་བསྒོམས་པས་ན་ཕྱི་ནས་སོ། །རེ་རེའི་དབྱེ་བ་ཡིས་ཞེས་པ་མིག་ལ་སོགས་པ་མ་དག་པ་རེ་རེ་ལ། གཉེན་པོ་དག་བྱེད་གཏི་མུག་རྡོ་རྗེ་ལ་སོགས་པ་རེ་རེ་ཡོད་པས་སོ། །སྦྱང་གཞི་ཕུང་པོ་ལྔ་ལ་སོགས་པ་དེ་དག་གློ་བུར་གྱི་དྲི་མ་དང་བཅས་ཀྱང༌། རང་བཞིན་གྱིས་དྲི་མ་དང་བྲལ་བས་ན། རང་བཞིན་གྱིས་ནི་རྣམ་པར་དག །ཅེས་བྱའོ། །ཉོན་མོངས་ནི་ཐ་མལ་རྣམ་རྟོག་གོ །ཤེས་བྱའི་སྒྲིབ་པ་ནི་ལྷ་རུ་མངོན་པར་ཞེན་པའོ། །སྒྲིབ་པ་དེ་གང་གིས་སྤོང་ན། རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ཀྱིས་སྤོང་གི གཞན་གྱིས་མི་སྤོང་བ་ནི། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་བྱའོ། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །ཞེས་པ་ནི་ཐ་མལ་པའི་གཟུགས་ལ་སོགས་པ་ལྷའི་ངོ་བོ་ཉིད་དུ་དག་པའོ། །གྱ་ནོམ་པ་ལྷ་རུ་མངོན་པར་ཞེན་པ་དེ་རང་ཡང་རང་རིག་པའི་དག་པ་སྤོང་བས་ན། རང་གིས་རེག་པའི་བདེ་བ་མཆོག །ཅེས་བྱའོ། །གཞན་ཡང་གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། གཞན་ཡང་རྣལ་འབྱོར་པས་དངོས་པོ་ཅི་དང་ཅི་མཐོང་ཞིང་ཉམས་སུ་མྱོང་བ་ཐམས་ཅད་དེ་བཞིན་ཉིད་ཀྱི་དག་པས་རང་བཞིན་རྣམ་དག་ཏུ་བསྒོམ། ལྷ་སོ་སོའི་དག་པས་ལྷའི་རྣམ་པར་བསྒོམ། རང་རིག་པའི་དག་པས་བདེ་སྟོང་གི་རྣམ་པར་བསྒོམས་པས་ན། དངོས་པོ་ཀུན་ལ་དག་པ་སྟེ། །ཞེས་བྱ་ལ། དེ་ལྟར་དག་པ་གསུམ་རྟོགས་ནས་སངས་རྒྱས་ཐོབ་པར་འགྱུར་བས་ན། འདི་ལྟར་འགྲོ་བ་སངས་རྒྱས་བདག །ཅེས་བྱའོ། །གཟུགས་ལ་སོགས་པའི་ཡུལ་དེ་དག་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱི་དྲི་མ་དང་བཅས་པས་མ་དག་པ་ཞེས་བྱའོ། །གློ་བུར་བའི་དྲི་མ་འོང་བ་ཅི་ཞེ་ན། གཟུང་བ་དང་འཛིན་པའི་ཕྱིར་ཏེ། ཡུལ་དང་དབང་པོ་རིམ་པ་བཞིན་ནོ། །དེ་ལྟར་མིག་གིས་གཟུགས་བཟུང་ནས། འཛིན་བྱེད་ཡིད་ཀྱིས། ཡུལ་བདེ་སྡུག་དང་བཏང་སྙོམས་སུ་འཛིན་པ་ནི་མ་དག་པའོ། །དག་པས་དུག་མེད་ཅེས་པ་ལྷ་སོ་སོའི་དག་པས། ཐ་མལ་གྱི་རྣམ་པར་རྟོག་པའི་དུག་མེད་པར་བྱས་ནས་ནི། བསྟེན་བྱ་མ་དག་པ་ཕུང་པོ་ལ་སོགས་པ་འདི་དག་བསྟེན་པ་ཉིད་ཅེས་བྱ་བའམ། ཡང་ན་དེ་བཞིན་ཉིད་ཀྱི་དག་པས་ཀུན་ཏུ་བརྟགས་པའི་དུག་མེད་པར་བྱས་ནས། བསྟེན་བྱ་གཟུགས་ལ་སོགས་པ་འདི་དག་བསྟེན་པ་ཉིད་ཅེས་བྱའོ། ཡང་རང་རིག་པའི་དག་པས་གྱ་ནོམ་ལྷར་ཞེན་པའི་དུག་མེད་པར་བྱས་ནས། བསྟེན་བྱ་ལྷར་ཞེན་པ་འདི་དག་བསྟེན་པ་ཉིད་ཅེས་གསུང་ངོ༌། །ཞེ་སྡང་ཞེས་བཤད་འཁོར་ལོ་ཅན། །ཟེར་བའི་དཔེ་ཡོད་ཀྱང༌། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་བྱ་སྟེ། ཉོན་མོངས་པ་ན་ཞེ་སྡང༌། ཕུང་པོ་ན་གཟུགས་ཀྱི་ཕུང་པོ། དབང་པོ་ན་རྣ་བའི་དབང་པོ་རྣམ་པར་དག་པའོ། །ཆུའི་རྣལ་འབྱོར་མ་ནི་འདོད་ཆགས་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། ལྕེའི་དབང་པོ་རྣམ་པར་དག་པའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཕྲག་དོག་དང༌། ལུས་ཀྱི་དབང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའོ། །གསང་བའི་དཀར་མོ་ནི་སེར་སྣ་དང༌། ཚོར་བའི་ཕུང་པོ་དང༌། རྣ་བའི་དབང་པོ་རྣམ་པར་དག་པའོ། །གཏི་མུག་རྡོ་རྗེ་མ་ནི་གཏི་མུག་དང༌། རྣམ་ཤེས་ཀྱི་ཕུང་པོ་དང༌། མིག་གི་དབང་པོ་རྣམ་པར་དག་པ་སྟེ། དེ་ལྟར་སྦྱོང་བྱེད་རེ་རེས་སྦྱང་གཞི་གསུམ་གསུམ་དག་པར་བྱེད་པའོ། །བསྐྱེད་པའི་རིམ་པའི་ཕྱོགས་ལས་འདིས་ནི་ལྷ་སོ་སོའི་དག་པ་འདིས་སོ། །ཕུང་པོ་སྦྱང་བར་བྱ་ཟེར་ཡང༌། དེས་མཚོན་ནས་ཁམས་དང་སྐྱེ་མཆེད་ཀྱང་སྦྱོང་བར་རྟོགས་པར་བྱའོ། །གང་དང་གང་གིས་ཏེ། ཐ་མལ་གྱི་རྣམ་རྟོག་གོ །དེ་དང་དེས་ནི་ཞེས་པ་ཐ་མལ་གྱི་རྣམ་རྟོག་དེ་ཉིད་ལྷའི་ངོ་བོར་བསྒྱུར་བས་གྲོལ་ཞེས་བྱའོ། །ཡང་རང་རིག་པའི་དག་པ་དང་སྦྱར་ན་ལྷ་རུ་མངོན་པར་ཞེན་པ་གང་དང་གང་གིས་སོ། །དེ་དང་དེས་ནི་ཞེན་པ་དེ་ཉིད་བདེ་སྟོང་གི་ངོ་བོར་བསྒྱུར་ནས་གྲོལ་བས་ནི། དེ་དང་དེས་ནི་བཅིངས་པ་སྟེ། མངོན་པར་ཞེན་པ་ལས་གྲོལ་ཞེས་བྱའོ། །དེ་ཉིད་མི་ཤེས་ན་ནི་རང་རིག་པའི་དག་པ་བདེ་སྟོང་ངོ༌། །དེ་ཉིད་རྣམ་སྤངས་ནི་བདེ་སྟོང་དང་བྲལ་ན་མཆོག་གི་དངོས་གྲུབ་མི་འཐོབ་པའོ། །དེ་ཕྱིར་དྲི་མེད་ཅེས་པ་ལ་སོགས་པ་ནི་ལྷ་སོ་སོའི་དག་པ་དང་སྦྱར་ན། ཐ་མལ་པའི་དྲི་མ་རུ་མངོན་པར་ཞེན་པ་མེད་ཅེས་པ་ལ་སོགས་པ་དང་སྦྱར་རོ། །རང་རིག་པའི་དག་པ་དང་སྦྱར་ན། དྲི་རུ་རྟོག་པ་མེད། སྒྲ་རུ་རྟོག་པ་མེད་ཅེས་པར་སྦྱར་རོ། །དེ་བཞིན་ཉིད་ཀྱི་དག་པ་དང་སྦྱར་ན། གློ་བུར་པའམ་ཀུན་ཏུ་བརྟགས་པའི་དྲི་མེད། སྒྲ་མེད། གཟུགས་མེད། རོ་མེད་ཅེས་སོགས་སྦྱར་རོ། །རང་བཞིན་དག་པའི་གྲོལ་བ་ནི། ལྷ་སོ་སོའི་དག་པ་དང་སྦྱར་ན། ཐ་མལ་གྱི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བས་ན་གྲོལ་བའོ། །རང་རིག་པའི་དག་པ་དང་སྦྱར་ན། ལྷ་རུ་མངོན་པར་ཞེན་པའི་དྲི་མ་དང་བྲལ་བས་ནའོ། །དེ་བཞིན་ཉིད་ཀྱི་དག་པ་དང་སྦྱར་ན། གློ་བུར་གྱིས་བརྟགས་པའི་དྲི་མ་དང་བྲལ་བས་ན་རང་བཞིན་དག་པའོ། །དེ་ལྟར་དེ་ཡན་ཆད་ཀྱིས་ཐབས་ཀྱི་རྒྱུད་རྣམ་པར་དག་པ་དང་བཅས་པ་བསྟན་ནས། ད་ནི་ཐབས་དེ་ཉམས་སུ་ལེན་པ་ལ་གང་ཟག་དགོས་པས། རྟེན་གྱི་གང་ཟག་གི་མཚན་ཉིད་དབང་བསྐུར་སྟོན་ཞེས་བྱའོ། །ཡང་ཚིག་གི་དེ་མ་ཐག་པའི་དབང་དུ་བྱས་ནས། གོང་དུ་བདག་མེད་མའི་དཀྱིལ་འཁོར་བཤད་པ་དེར་དབང་བསྐུར་བ་སྟོན་པས་ན། དེ་ནས་ཇི་ལྟར་དཀྱིལ་འཁོར་གྱི། །རིམ་པ་ཡང་དག་རབ་ཏུ་བཤད། །འདིའི་བརྗོད་བྱ་ནི་གསུམ་ཀ་འཇུག་སྟེ། བུམ་དབང་ནི་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། གསང་དབང་དང་ཤེས་རབ་ཡེ་ཤེས་ནི་སྦས་པ། བཞི་པ་རྣམ་པ་བཞི་ལས་གསུམ་ནི་སྦས་པ། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་ནི་མཐར་ཐུག་གོ །རྗོད་བྱེད་གསུམ་ཀ་འཇུག་ལ། ཡན་ལག་གི་དོན་གཙོ་ཆེ་བས་འཆད་དོ། །མངོན་རྟོགས་ནི་མཆོག་གི་མངོན་རྟོགས་སོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བརྟག་པ་གཉིས་པའི་དང་པོ་གཉིས་དང༌། གུར་ལེའུ་བཅུ་བཞི་པ་དང༌། བཅུ་གཉིས་པ་དང་སྦྱར་རོ། །སྙིང་པོའི་སའི་ཆའི་ཁ་དོག་གུར་ལེའུ་བཅུ་གཉིས་པ་ལས། མིང་གི་དབང་ལེའུ་གསུམ་པ་ལས་བསྟན་ཏེ། གུར་གྱི་དབང་བསྐུར་བའི་ལེའུ་ཐམས་ཅད་དང་སྦྱར་གསུང༌། དེ་ལ་དཀྱིལ་འཁོར་གྱི་རིམ་པ་ནི། སའི་ཆོ་ག་དང༌། ཐིག་གདབ་པ་དང༌། ཚོན་གྱིས་བྲི་བ་ལ་སོགས་པའོ། །གང་གིས་སློབ་མ་དབང་བསྐུར་བ། །ཞེས་པ་ནི། སློབ་དཔོན་གང་གིས་སམ། དཀྱིལ་འཁོར་ཆོ་ག་གང་གིས་སོ། །དབང་བསྐུར་བའི་ཆོ་ག་ནི་ཐོག་མར་སྔོན་དུ་བསྙེན་པ་དང༌། སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་དུ་གནས་པར་བྱ་བ་དང༌། ཐིག་གདབ་ནས་དཀྱིལ་འཁོར་ཆེན་པོ་བྲིས་ཏེ་བསྒྲུབ་པ་བྱས་ནས། དབང་གི་རིམ་པ་ཇི་ལྟ་བ་བཞིན་བསྐུར་བའོ། །དང་པོར་ལྷ་ཡི་བདག་ཉིད་ཀྱི། །ཞེས་པ་ནི་ཧེ་རུ་ཀ་བཞིའམ་བདག་མེད་མ་ལ་སྔོན་དུ་བསྙེན་པ་སོང་བས། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་སྟེ། ཧཱུྃ་ཙམ་ལས་བདག་ཉིད་ཕྱག་གཉིས་པའི་ང་རྒྱལ་དུ་བྱས་ཏེ། མདུན་དུ་སའི་ལྷ་མོ་ལ་མཎྜལ་བྱས། མེ་ཏོག་དགྲམ་སྟེ། > མུ་མཐུད།>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply