རྡོ་རྗེ་གུར་གྱི་ཐོ་ཡིག

༼ཀ༽༄༅། །རྡོ་རྗེ་གུར་གྱི་ཐོ་ཡིག་བཞུགས།། ༄༅། །བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགྱེས་པ་རྡོ་རྗེའི་རྒྱུད་ལ་འབུམ་ཚོ་ལྔ་བྱུང་བ་ནི། སེམས་ཅན་མི་ལ་ཉོན་མོངས་པ་ལྔ་ཡོད་པས་དེའི་གཉེན་པོར་འབུམ་ཚོ་ལྔ་བྱུང་བ་སྟེ། ཞེ་སྡང་ཅན་གྱི་གཉེན་པོར་རྡོ་རྗེ་ཅན་གྱི་རྒྱུད་འབུམ་བྱུང་བ་ནས། ཕྲག་དོག་ཅན་གྱི་གཉེན་པོར་རྟ་མཆོག་གི་རྒྱུད་འབུམ་ཕྱེད་བྱུང་བའི་བར་དུ་ཤེས་པར་བྱའོ། །དེ་ཡང༌། འདོད་ཆགས་ཞེ་སྡང་ང་རྒྱལ་དང༌། །ཞེས་པ་ལ་སོགས་པ་ལེའུ་དང་པོ་ལས་ཤེས་པར་བྱའོ། །ལ་ལ་ནི་ལྷ་དབང་ཕྱུག་ཆེན་པོ་ཞེ་སྡང་ཆེ་བ་དང༌། མུ་སྟེགས་སྤྱོད་པ་བ་སྟོང་པ་ཉིད་ལ་ཞེན་པ་གཏི་མུག་ཆེ་བ་དང༌། འགྲོ་བ་ཐ་མལ་པ་སེར་སྣའམ་ང་རྒྱལ་ཆེ་བ་དང༌། ཉན་ཐོས་དང་རང་རྒྱལ་རང་གི་དོན་ལ་ཆགས་པའི་འདོད་ཆགས་ཆེ་བ་དང༌། ཕ་རོལ་ཏུ་ཕྱིན་པ་པ་སྟེ། གདུལ་བྱའི་བྱེ་བྲག་ལྔ་འདུལ་བའི་ཕྱིར། འབུམ་ཕྲག་ཕྱེད་དང་ལྔ་བསྟན་པར་བཞེད་དོ། །དེ་ཡང་རྒྱས་པར་རྩ་བའི་རྒྱུད་ལ་འབུམ་ཕྲག་ལྔ། བརྟག་པ་སུམ་ཅུ་པའོ། །དེ་རྣམས་ལས་བསྡུས་པ་རྩ་བའི་རྒྱུད་ནི་བརྟག་པ་གཉིས་པ་འདི་ཡིན་ཏེ། བསྡུས་ལུགས་ཀྱང་རྡོ་རྗེ་ཅན་གྱི་རྒྱུད་འབུམ་ནས་བརྟག་པ་གཉིས་པ་འདི་བཏུས་པས། གཞན་འབུམ་ཕྲག་ཕྱེད་དང་བཞི་ནས་ཀྱང་བསྡུས་པ་རྩ་བའི་རྒྱུད་བཞི་འོང་བར་རིགས་སོ། །ཞེས་གསུང་ངོ༌། །བསྡུས་པ་རྩ་བའི་རྒྱུད་བཤད་པའི་དགོས་པ་ནི། ལེའུ་བཞི་པ་ལས་རིགས་བཞི་བསྟན་ཏོ། །རྒྱུད་འདི་ནི་ཕྱི་མའི་རྒྱུད་ཡིན་པར་ལེའུ་བཞི་པ་ལས་བསྟན་པར་བཞེད་དོ། །ཁོ་བོའི་བླ་མ་ནི། རྩ་བའི་རྒྱུད་འདི་ལ་རྒྱས་པ་དང་བསྡུས་པར་མི་བྱེད་དེ། ཤླཽ་ཀའི་གྲངས་ནི་འབུམ་ཕྲག་ལྔ། ཆོས་ཀྱི་སྐོར་མཚམས་ཕྱོགས་ནི་བརྟག་པ་སུམ་ཅུ། ལེའུ་ནི་སྟོང་ཕྲག་སུམ་ཅུ་ཡིན་ལ། དེའི་སླད་ནས་བརྟག་པ་གཉིས་པ་འདི་ཕྱུང་ངོ༌། །རྡོ་རྗེ་གུར་གྱི་བརྟག་པ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་ནི་མཁའ་འགྲོ་མ་རྣམས་ཀྱིས་སྦས་སོ། །རྒྱུད་འདི་ནི་བཤད་པའི་རྒྱུད་དོ། །སྤྱིར་བཤད་པའི་རྒྱུད་ལ་གསུམ་སྟེ། དཀའ་བ་གཅོད་པ་དང༌། མ་ཚང་བ་ཁ་བསྐང་བ་དང༌། རྣམ་གྲངས་གཞན་མི་འདྲ་བའི་རྒྱུད་ལས་རྒྱུད་འདི་ནི་ཐ་མ་གཉིས་ཡིན་ནོ། །རྒྱུད་འདི་ལ་ཚིགས་སུ་བཅད་པ་དྲུག་བརྒྱ། ལེའུ་བཅོ་ལྔར་གནས་ཀྱང་ལེའུ་དང་པོས་མདོར་བསྟན་ལ་ལེའུ་བཅུ་བཞིས་རྒྱས་པར་བཤད་དོ། །དེ་ཐམས་ཅད་ཀྱང་གཉིས་སུ་འདུས་ཏེ། བརྗོད་བྱ་དོན་གྱི་རྒྱུད་དང༌། རྗོད་བྱེད་ཚིག་གི་རྒྱུད་དོ། །དང་པོ་ལ་གསུམ་སྟེ། རྒྱུད་སྒོ་བཞིར་བཞག་པ་དང༌། ཕ་རྒྱུད་མ་རྒྱུད་དུ་བཞག་པ་དང༌། མའི་རྒྱུད་ཀྱི་ཚུལ་བསྟན་པའོ། །དེ་ལ་གཉིས་ཏེ་མ་རྒྱུད་དུ་བཞག་པའི་འཐད་པ་དང༌། རྒྱུད་ཀྱི་དབྱེ་བའོ། །དེ་ལ་གཉིས་ཏེ། མ་རྒྱུད་བཅུ་བཞིར་དབྱེ་བ་དང༌། ཁྱད་པར་དུ་དགྱེས་པ་རྡོ་རྗེའི་རྒྱུད་བསྟན་པའོ། །དེ་ལ་གཉིས་ཏེ། རྩ་རྒྱུད་དངོས་དང༌། རྡོ་རྗེ་གུར་གྱི་དགོས་པའོ། །དང་པོ་ལ་གཉིས་ཏེ། རྒྱུད་ཇི་ལྟར་ཐོས་པའི་ཚུལ་གྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཤླཽ་ཀའི་གྲངས་དང༌། བརྟག་པའི་གྲངས་དང༌། ལེའུའི་གྲངས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བསྟན་པ་དང༌། མཇུག་བསྡུ་བའོ། །བརྗོད་བྱ་དོན་གྱི་རྒྱུད་ལ་གཉིས་ཏེ། ཐབས་དང༌། ཐབས་ལས་བྱུང་བའོ། །ཐབས་ལ་གཉིས་ཏེ། ཡན་ལག་ཚོགས་འཁོར་དང༌། ཐབས་དངོས་སོ། །དེ་ལ་གསུམ་སྟེ། སློབ་དཔོན་གྱི་མཚན་ཉིད་དང༌། སྨིན་ལམ་གྱི་ཡན་ལག་དང༌། སྨིན་ལམ་དངོས་སོ། །སྨིན་ལམ་གྱི་ཡན་ལག་ལ་བཞི་སྟེ། གསོལ་བ་གདབ་པ་ཡོན་དབུལ་བ་དང་བཅས་པ་དང༌། སའི་ཆོ་ག་དང༌། དཀྱིལ་འཁོར་བྲི་བ་དང༌། མཆོད་པའོ། །དཀྱིལ་འཁོར་བྲི་བ་ལ་གཉིས་ཏེ། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བའོ། །སྨིན་ལམ་དངོས་ལ་གཉིས་ཏེ། སློབ་མ་སྨིན་པ་དང༌། ལྷ་སྨིན་པའོ། །དང་པོ་ལ་གཉིས་ཏེ། གསང་བའི་འཇུག་པ་དང༌། དབང་ངོ༌། །དེ་ལ་གསུམ་སྟེ། དབང་གི་གྲངས་དང༌། དབང་དངོས་དང༌། དམ་ཚིག་གོ །གྲངས་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པའོ། །དབང་དངོས་ལ་བཞི་སྟེ། བུམ་པའི་དབང་ལ་སོགས་པའོ། །གྲོལ་བའི་ལམ་ལ་གཉིས་ཏེ། ཚེ་གཅིག་ལ་འཚང་རྒྱ་བའི་ལམ་དང༌། བར་དོར་འཚང་རྒྱ་བའི་ལམ་མོ། །དང་པོ་ལ་གསུམ་སྟེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དང༌། སྤྱོད་པའོ། །དང་པོ་ལ་གཉིས་ཏེ། དཔའ་བོ་གཅིག་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ལ་གཉིས་ཏེ། རྗེ་བཙུན་གྱི་འཁོར་ལོ་དང༌། རྗེ་བཙུན་མའི་འཁོར་ལོའོ། །དང་པོ་ལ་བཞི་སྟེ། དཀྱིལ་འཁོར་གྱི་མིང་དང༌། དགོས་པ་དང༌། བསྒོམ་པ་དངོས་དང༌། བསྒོམས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། །མཉམ་པ་ལས་ལངས་པའོ། །དང་པོ་ལ་དྲུག་སྟེ། གཞིའི་ཡན་ལག་ལ་སོགས་པ་དྲུག་གོ །མཉམ་ལངས་ལ་བཞི་སྟེ། དག་པ་རྗེས་སུ་དྲན་པ་དང༌། སྔགས་བཟླས་པ་དང༌། གཏོར་མ་གཏང་བ་དང༌། གཤེགས་སུ་གསོལ་བའོ། །ལ་ལ་ནི་སྒྲུབ་ཐབས་ཐམས་ཅད་ཡན་ལག་དྲུག་གིས་བསྡུས་ཏེ། གཞིའི་ཡན་ལག་དང༌། བྱང་ཆུབ་བ་ལྔའི་ཡན་ལག་དང༌། རྒྱུའི་ཧེ་རུ་ཀ་དང༌། འབྲས་བུའི་ཧེ་རུ་ཀ་དང༌། འཁོར་བསྐྱེད་པ་དང༌། ཞལ་ལས་བྱུང་བའི་ཡན་ལག་དང་དྲུག་གོ །ཞེས་བཞེད་དོ། །རྫོགས་པའི་རིམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའི་རྫོགས་རིམ་མོ། །བར་མ་དོར་འཚང་རྒྱ་བ་ལ་གསུམ་སྟེ། དབང་བསྐུར་བ་དང༌། རོ་བསྲེག་པ་དང༌། སཱཙྪ་གདབ་པའོ། །ཐབས་ལས་བྱུང་བ་ལ་གསུམ་སྟེ། དངོས་སུ་འགྲུབ་པ་དང༌། སྤོགས་པའི་ཆོ་ག་དང༌། དྲག་ཤུལ་གྱི་ཆོ་གའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་ཐབས་ལས་བྱུང་བ་དང༌། འཇིག་རྟེན་པའི་ཐབས་ལས་བྱུང་བའོ། །དེ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །དེ་རྣམས་རྒྱུད་ཉིད་དང་སྦྱར་བ་ནི། དང་པོར་རྒྱུད་སྒོ་བཞིར་འོང་བ་ནི། ལེའུ་བཅུ་གསུམ་པ་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །ཅེས་པ་ལ་སོགས་པས་བསྟན་ཏོ། །ཕ་རྒྱུད་མ་རྒྱུད་དུ་བཞག་པ་ནི། དེ་ཉིད་ལས། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །ཞེས་པ་ལ་སོགས་པས་བསྟན་ཏོ། །མ་རྒྱུད་དུ་བཞག་པའི་རྒྱུ་མཚན་ནི། དེ་ཉིད་ལས། བྱམས་པ་ལ་སོགས་པ་ཞེས་པ་ལ་སོགས་པས་བསྟན་ཏོ། །མ་རྒྱུད་ཀྱི་དབྱེ་བ་ནི། དེ་ཉིད་ལས། དགའ་མཛེས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྒྱུད་ཇི་ལྟར་ཐོས་པའི་ཚུལ་གྱིས་མདོར་བསྟན་པ་ནི། ལེའུ་བཅོ་ལྔ་པ་ལས། བཙུན་མོ་ཆོས་ལ་གནས་པ་ནི། །ཞེས་པ་ལ་སོགས་པའོ། །འབུམ་ཕྲག་ལྔ་མདོར་བསྟན་པ་ནི། ལེའུ་དང་པོ་ལས། འབུམ་ཕྲག་ལྔ་བདག་ཀྱེའི་རྡོ་རྗེ། །ཞེས་པས་བསྟན་ཏོ། །རྒྱས་པར་བསྟན་པ་ནི་ལེའུ་གཉིས་པ་ལས། དེ་ནས་རྡོ་རྗེ་འཛིན་མ་ཞེས་པ་ལ་སོགས་པའོ། །མཇུག་བསྡུ་བ་ནི་ལེའུ་བཞི་པ་ལས། འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཞེས་པ་ལ་སོགས་པའོ། །བརྟག་པའི་གྲངས་ནི་དེ་ཉིད་ལས། རྡོ་རྗེ་སྙིང་པོ་ཞེས་པ་ལ་སོགས་པའོ། །ལེའུའི་གྲངས་ནི་དེ་ཉིད་ལས། སྟོང་ཕྲག་སུམ་ཅུའི་གྲངས་ཀྱིས་ནི། །ཞེས་པའོ། །གུར་བཤད་པའི་དགོས་པ་དང་བཅས་པ་ནི་དེ་ཉིད་ལས། ཇི་ལྟར་ན་སྤྲོས་པ་ཞེས་པ་ལ་སོགས་པའོ། །ཚོགས་འཁོར་ནི་ལེའུ་གཉིས་པ་ལས། དེ་ནས་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པ་དང༌། བརྒྱད་པ་ལས་ཞུ་བ་ལ་སོགས་པ་དང༌། བཅུ་བཞི་པ་ལས་དེ་ནས་བཅོམ་ལྡན་འདས་ལ་སོགས་པའོ། །སློབ་དཔོན་གྱི་མཚན་ཉིད་ནི་ལེའུ་བརྒྱད་པ་ལས། དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཞེས་པ་ལ་སོགས་པ་དང༌། ལེའུ་བཅོ་ལྔ་པ་ལས། སློབ་དཔོན་སྟོན་པར་གྱུར་པ་ནི། །ཞེས་པ་ལ་སོགས་པའོ། །གསོལ་བ་གདབ་པ་ནི་བརྒྱད་པ་ལས། དེ་ནས་རྣལ་འབྱོར་མ་ཞེས་པ་ལ་སོགས་པའོ། །ཡོན་དབུལ་བ་ནི་དགུ་པ་ལས། ཀྱེའི་རྡོ་རྗེ་ལས་དཀྱིལ་འཁོར་ལ་སོགས་པའོ། །སའི་ཆོ་ག་ནི་ལེའུ་གཉིས་པ་ལས། ས་གཞི་ཡོངས་སུ་གཟུང་ཞེས་བྱ་བ་ལ་སོགས་པ་དང༌། ལེའུ་བརྒྱད་པ་ལས་དེ་ལ་འདི་ནི་ཞེས་པ་ལ་སོགས་པ་དང༌། ཡང་དེ་ཉིད་ལས། དེ་ལ་འདི་ནི་ས་སྦྱང་བ་ཞེས་པ་ལ་སོགས་པ་དང༌། ལེའུ་བཅུ་བཞི་པ་ལས་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །མདའ་གཞུ་དག་པ་དང༌། རོལ་མོའི་སྒྲ་དང༌། རྡོ་རྗེའི་གར་དང༌། རྐང་སྟབས་དང༌། ལག་སྟབས་དང༌། འདུག་སྟངས་དང༌། ཉམས་དགུ་དང༌། གླུ་བླང་བ་བསྟན་ཏོ། །ཐིག་གིས་བྲི་བ་ནི། ལེའུ་གཉིས་པ་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ཚད་དང༌། ལེའུ་ལྔ་པ་ལས། ཐམས་ཅད་བསྡུས་པའི་དཀྱིལ་འཁོར་ནི། །ཞེས་པ་ལ་སོགས་པ་དང༌། ལེའུ་བརྒྱད་པ་ལས། ཐིག་སྐུད་གསར་པ་ཞེས་པ་ལ་སོགས་པ་དང༌། འཁོར་ལོ་ཡི་ནི་བརྒྱད་ཉིད་ཀྱི། །ཞེས་པ་ལ་སོགས་པ་དང༌། དེ་ལ་འདི་ནི་ཐིག་གདབ་པ་དང༌། ཞེས་པ་ལ་སོགས་པའོ། །ཚོན་གྱིས་བྲི་བ་ནི་ལེའུ་གཉིས་པ་ལས། རྡོ་རྗེ་དབང་པོ་སྔོན་པོ་ཞེས་པ་ལ་སོགས་པ་ཚོན་གྱི་རྒྱུ་དང༌། ལེའུ་བཞི་པ་ལས། སྐུ་གསུང་ཐུགས་ཀྱི་རྟག་པ་ཞེས་པ་ལ་སོགས་པ་ཚོན་གྱིས་ཇི་ལྟར་བྲི་བ་དང༌། ལེའུ་ལྔ་པ་ལས། རྡུལ་ཚོན་གྱིས་ཀྱང་བྲི་བར་བྱ། །ཞེས་པ་དང༌། ཡང་དེ་ཉིད་ལས། སངས་རྒྱས་མགོན་པོ་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ཕྱོགས་དང༌། མདོག་དང༌། མཚན་ཉིད་དང༌། དཀྱིལ་འཁོར་གྱི་མིང་གཙོ་བོའི་སྒོ་ནས་གདགས་པ་དང༌། ངེས་ཚིག་དང༌། ལྷའི་གྲངས་བསྟན་ཏོ། །ལེའུ་དྲུག་པ་ལས། རྡོ་རྗེ་སེམས་དཔའ་མི་ཕྱེད་པ། །ཞེས་པ་ལ་སོགས་པ་རིགས་ལྔའི་མཚན་མ་བྲི་བ་དང༌། ལེའུ་བརྒྱད་པ་ལས། དེ་ལ་འདི་ནི་རྡུལ་ཚོན་ཞེས་པ་ལ་སོགས་པ་བརྩིག་པ་ལྔ་བྲི་བ་དང༌། ལྷ་དགུའི་མཚན་མ་བྲི་བ་བསྟན་ཏོ། །མཆོད་པ་ནི་ལེའུ་བཅུ་བཞི་པ་ལས། ཧི་ཧི་ཞེས་པ་ལ་སོགས་པ་རོལ་མོའི་མཆོད་པའོ། །འཇུག་པ་ནི་ལེའུ་བཞི་པ་ལས་མཆོག་ཏུ་དགའ་བ་ཞེས་པ་ལ་སོགས་པའོ། །དབང་གི་ལུས་རྣམ་པར་གཞག་པ་ནི། ལེའུ་བདུན་པ་ལས། བུམ་པའི་དབང་ནི་དང་པོ་ཞེས་པ་ལ་སོགས་པའོ། །ཡན་ལག་རྒྱས་བཤད་ནི་ལེའུ་བཅོ་ལྔ་པ་ལས། ཆུ་ཡི་དབང་ནི་དང་པོ་ཞེས་པ་ལ་སོགས་པའོ། །དབང་བསྐུར་བ་ནི་ལེའུ་བདུན་པ་ལས། དཀྱིལ་འཁོར་དམ་པ་བྲིས་ནས་ཞེས་པ་ལ་སོགས་པས་དབང་བཞི་ཆར་བསྐུར་བ་སྤྱིར་བསྟན་ཏོ། །བུམ་པའི་དབང་བསྐུར་བ་ཁྱད་པར་དུ་བཤད་པ་ནི་ལེའུ་བཞི་པ་ལས། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་རིག་པའི་དབང༌། སློབ་དཔོན་གྱི་དབང་བསྐུར་བ་བསྟན་ཏོ། །རིག་པའི་དབང་གི་རྣམ་པར་དག་པ་ནི། ལེའུ་བདུན་པ་ལས། རྡོ་རྗེ་ལྟ་བུ་མི་ཕྱེད་ཅིང༌། །ཞེས་པ་ལ་སོགས་པའོ། །སློབ་དཔོན་གྱི་དབང་བསྐུར་བ་ཁྱད་པར་དུ་བསྟན་པ་ནི། ལེའུ་ལྔ་པ་ལས་ཕུང་པོ་ལྔ་ཡི་རང་བཞིན་ཞེས་པ་ལ་སོགས་པའོ། །གསང་བའི་དབང་བསྐུར་བ་ཁྱད་པར་དུ་བསྟན་པ་ནི། ལེའུ་བཅུ་བཞི་པ་ལས། ཤིན་ཏུ་བཞིན་མཛེས་མིག་ཡངས་མ། །ཞེས་པ་ལ་སོགས་པ་དང༌། རྡོ་རྗེ་སེམས་དཔའ་བསྐྱེད་པ་དང༌། །ཞེས་པ་ལ་སོགས་པ་དང༌། ལེའུ་བཅོ་ལྔ་པ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ལ་སོགས་པའོ། །དབང་གསུམ་པ་ཁྱད་པར་དུ་བསྟན་པ་ནི་ལེའུ་བཅུ་བཞི་པ་ལས། པདྨས་མཉེས་པའི་རྡོ་རྗེ་ཅན། །ཞེས་པ་ལ་སོགས་པ་དང༌། ཡང་རྡོ་རྗེ་སེམས་དཔའ་བསྐྱེད་པ་ཞེས་པ་ལ་སོགས་པ་ཉིད་དང༌། ལེའུ་བཅོ་ལྔ་པ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ལ་སོགས་པ་ཉིད་ཀྱིས་ཀྱང་བསྟན་ཏོ། །དམ་ཚིག་ནི་ལེའུ་བདུན་པ་ལས། ག་དང་ཧ་ཞེས་པ་ལ་སོགས་པ་ཤ་ལྔ་དང་བདུད་རྩི་ལྔ་བཟའ་བ་ཡོན་ཏན་དང་བཅས་པ་དང༌། ལེའུ་བཅོ་ལྔ་པ་ལས། སློབ་དཔོན་སྨད་པར་མི་བྱ་ཞེས་པ་ལ་སོགས་པ་དང༌། རྡོ་རྗེ་སེམས་དཔའ་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ཉིད་ཀྱིས་རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་རྣམས་བསྟན་ཏོ། །ལེའུ་བཅུ་དགུ་པ་ལས་དེ་ནས་རྡོ་རྗེ་འཛིན་པ་ལ་སོགས་པས་སྤྱིའི་དམ་ཚིག་གོ །ལྷ་སྨིན་པ་ནི་ལེའུ་དགུ་པ་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །ཞེས་པ་ལ་སོགས་པས་རབ་གནས་བསྟན་ཏོ། །དཔའ་བོ་གཅིག་པ་ནི་ལེའུ་བཅོ་ལྔ་པ་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །ཞེས་པ་ལ་སོགས་པས་ཧེ་རུ་ཀ་གསུམ་བསྒོམ་པ་བསྟན་ཏོ། །དཀྱིལ་འཁོར་གྱི་མིང་ནི། དང་པོ་ལས་རྡོ་རྗེ་ཅན་དང་ལ་སོགས་པའོ། །དགོས་པ་ཡང་དང་པོ་ལས། འདོད་ཆགས་ཞེས་པ་ལ་སོགས་པ་སྐབས་འཕྲོས་དང་བཅས་པའོ། །རྗེ་བཙུན་གྱི་འཁོར་ལོ་བསྒོམ་པ་ནི། དང་པོ་སྒྲུབ་པའི་མཚན་ཉིད་ནི་ལེའུ་བརྒྱད་པ་ལས། སྐྱེས་བུ་ཚུལ་ཁྲིམས་ལྡན་པ་དང༌། །བདེ་གཤེགས་བཀའ་ལས་མི་འདའ་ཞིང༌། །བླ་མ་བསྙེན་བཀུར་སྙིང་རྗེ་ཅན། །ཞེས་གསུངས་སོ། །སྒྲུབ་པ་པོ་དེས་མཚན་ཉིད་དང་ལྡན་པའི་གནས་སུ་བསྒྲུབ་པར་བྱ་སྟེ། དེ་ཡང་ལེའུ་བཅུ་གཉིས་པ་ལས། མེ་ཏོག་འབྲས་བུ་སོགས་ལྡན་པའི། །རི་བོ་དང་ནི་སྨན་ལྗོངས་སུ། །ཞེས་གསུངས་སོ། །དེ་ནས་སྔ་བར་ལངས་ལ་ཁྲུས་བྱ་བ་དང༌། མཎྜལ་ལ་སོགས་པའི་རིམ་པ་བྱས་ཏེ། དེའང་ལེའུ་དགུ་པ་ལས། སངས་རྒྱས་དཀྱིལ་འཁོར་ཟླུམ་པོར་བྱ། །ཞེས་བྱ་བ་ལ་སོགས་པས་དབྱིབས་བསྟན་པ་དང༌། ལེའུ་གཉིས་པ་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །ཞེས་པ་ལ་སོགས་པས་ཚད་དང༌། ལེའུ་བརྒྱད་པ་ལས། མེ་ཏོག་སྤོས་དང་མར་མེ་དང༌། །དྲི་ཡི་དུང་སོགས་གཡས་སུ་གཞག །ཅེས་པ་ལ་སོགས་པས་མཆོད་པའི་རིམ་པ་བསྟན་པ་དང༌། ལེའུ་བཅུ་གཉིས་པ་ལས། རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་ནི། །ཞེས་བྱ་བ་ལ་སོགས་པས་ལུས་ཀྱི་འདུག་སྟངས་འཁྲུལ་འཁོར་གསུངས་སོ། །ལེའུ་བཅུ་བཞི་པ་ལས། ཨོཾ་བཛྲ་གྷཎྜེ་ཨཿ ཞེས་པ་ལ་སོགས་པས་རྡོ་རྗེ་དྲིལ་བུ་བཟུང་བ་གསུངས་པ་དང༌། ལེའུ་བརྒྱད་པ་ལས། ཨོཾ་པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ལ་སོགས་པས་མཆོད་པ་བྱིན་གྱིས་བརླབ་པ་གསུངས་པ་དང༌། ལེའུ་དྲུག་པ་ལས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་ཡི་གེ་བསྒོམ་པར་བྱ། །ཞེས་པ་ལ་སོགས་པས་རིགས་ལྔའི་ས་བོན་སྙིང་ཁར་བསྒོམ་པ་གསུངས་སོ། །དེ་ནས་ཚོགས་བསག་པར་བྱ་སྟེ། ལེའུ་དྲུག་པ་ལས། དཔག་ཚད་བྱེ་བ་རྒྱས་པར་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པས་ཚོགས་ཀྱི་ཞིང་གསུངས་སོ། །བླ་མ་རྡོ་རྗེ་ཅན་མཆོད་ཅེས་པ་ལ་སོགས་པ་ལེའུ་བཞི་པ་ལས་མཆོད་པ་དང༌། བདུན་རྣམ་དག་བསྟན་པ་དང༌། ལེའུ་བཅུ་གཉིས་པ་ལས། བླ་མ་སངས་རྒྱས་མཆོད་པར་བྱ། །ཞེས་པ་ལ་སོགས་པས་དེ་ཉིད་རྒྱས་པར་བཤད་པ་དང༌། ལེའུ་གཉིས་པ་ལས། གླུ་ནི་རྡོ་རྗེ་ཅན་ལ་དབུལ། །ཞེས་པ་ལ་སོགས་པ་དང༌། ལེའུ་ལྔ་པ་ལས། སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་པ་ལ་སོགས་པ་དང༌། ལེའུ་བཅུ་བཞི་པ་ལས། ཙནྡན་དང་ནི་གུར་གུམ་དང༌། །ཞེས་པ་ལ་སོགས་པས་སྤོས་ལྔ་དབུལ་བ་དང༌། མེ་ཏོག་འདི་རྣམས་བཟང་ཞིང་ལེགས། །ཞེས་བྱ་བ་ལ་སོགས་པ་དང༌། ལེའུ་བརྒྱད་པ་ལས་ཞབས་བསིལ་གོང་མའི་ཆོ་ག་ཡིས། །ཞེས་པ་ལ་སོགས་པ་དང༌། ཨོཾ་པྲ་ཝ་ར་སཏྐཱ་ར་ཞེས་པས་མཆོད་པར་གསུངས་སོ། །དེ་ནས་གཤེགས་སུ་གསོལ་བ་ནི་ལེའུ་བརྒྱད་པ་ལས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པ་སྟེ་ལེའུ་བཅུ་གཉིས་པ་ལས། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཞེས་གསུངས་སོ། །དེ་ནས་སྟོང་པ་ཉིད་ཀྱི་བྱང་ཆུབ་བསྒོམ་སྟེ། ལེའུ་བཞི་པ་ལས། བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །ཞེས་པས་མདོར་བསྟན་པ་དང༌། ལེའུ་བཅུ་གཉིས་པ་ལས། ཕྱི་ནས་བྱང་ཆུབ་སེམས་གནས་སོ། །ཞེས་པ་དང༌། བདེན་དང་བརྫུན་པ་དཔྱད་པ་ཡིས། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་གསུངས་སོ། །དེ་ནས་རྣལ་འབྱོར་གྱི་རིམ་པ་ཡན་ལག་དྲུག་བསྒོམ་པར་བྱ་སྟེ། ལེའུ་བདུན་པ་ལས། སངས་རྒྱས་གནས་ནི་རྣམ་སྣང་རྫོགས། །ཞེས་བྱ་བ་ལ་སོགས་པས་ཡན་ལག་དྲུག་མདོར་བསྟན་ཏོ། །དེ་ལ་གཞིའི་ཡན་ལག་བཤད་པ་ནི། ལེའུ་བཅུ་གཉིས་པ་ལས། དེ་རྗེས་བསྲུང་བའི་དམ་ཚིག་གོ །ཞེས་བྱ་བ་དང༌། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཞེས་པས་སྲུང་བའི་འཁོར་ལོ་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཞེས་བྱ་བས་སྲུང་བའི་འཁོར་ལོ་མདོར་བསྟན་ནོ། །ལེའུ་བཅུ་བཞི་པ་ལས། རྡོ་རྗེ་ཁྲོ་བོ་སྐྱེས་བུ་ཆེ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་དོ། །དེ་ནས་ཆོས་འབྱུང་དང༌། སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ་བ་སྟེ། ལེའུ་བཞི་པ་ལས། ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །ཞེས་པ་དང༌། ལེའུ་བཅུ་གཉིས་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་ནས་གཞལ་ཡས་ཁང་བསྒོམ་པར་བྱ་བ་སྟེ། ལེའུ་བཞི་པ་ལས། དེ་ལས་སངས་རྒྱས་རྣམ་བསམས་ནས། །ཞེས་བྱ་བས་མདོར་བསྟན་ཏོ། །ལེའུ་བདུན་པ་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་དོ། །ལེའུ་གཉིས་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་རྒྱས་པའི་རྒྱས་པར་བཤད་དོ། །ལེའུ་ལྔ་པ་ལས། འདོད་པའི་ཡོན་ཏན་ལྔ་དང་ལྡན། །ཞེས་པ་ལ་སོགས་པ་དང༌། སངས་རྒྱས་མགོན་པོའི་དཀྱིལ་འཁོར་ནི། ཞེས་བྱ་བ་ལ་སོགས་པས་གཞལ་ཡས་ཁང་གི་ཆེ་བ་དང༌། ཕྱོགས་དང་ཁ་དོག་རྒྱན་དང་བཅས་པ་བསྟན་ཏོ། །ཡང་དེ་ཉིད་ལས། སངས་རྒྱས་གཟུགས་བརྙན་རབ་བསྒོམས་ཏེ། ཞེས་བྱ་བ་ལྔས་གཞུང་བསྡུས་པ་བསྟན་ཏོ། །དེ་ནས་རྗེས་སུ་ཆགས་པའི་ཡན་ལག་བསྒོམ་པར་བྱ་སྟེ། ལེའུ་བཞི་པས་ནི། རྣམ་པ་ལྔ་ནི་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམ་ཞེས་གསུངས་པས། བྱང་ཆུབ་པ་ལྔ་སྤྱིར་བསྟན་ཏོ། །ལེའུ་ལྔ་པ་ལས། བསྲུང་བའི་དམ་ཚིག་དབུས་གནས་པའི། །དཀྱིལ་འཁོར་ལྔ་ནི་བསྒོམ་པར་བྱ། །ཞེས་པ་ལ་སོགས་རྒྱས་པར་བཤད་དོ། །ལེའུ་བཅུ་གཉིས་པ་ལས། རྣམ་པ་ལྔ་ནི་རབ་བརྟག་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །ཞེས་བྱ་བས་རྣམ་པ་ལྔ་པའི་གཞུང་བསྡུ་བ་བསྟན་ཏོ། །ལེའུ་དྲུག་པ་ལས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་སེམས་དཔའ་མི་ཕྱེད་པ། །ཞེས་པ་ལ་སོགས་པ་དང༌། སེམས་ཀྱི་རྗེས་དྲན་དམིགས་ནས་ནི། །ཞེས་པ་ལ་སོགས་པ་དང༌། ཞེ་སྡང་རྒྱལ་པོ་རྒྱལ་པོ་ཆེ། །ཞེས་པ་ལ་སོགས་པས་ཁྱད་པར་དུ་བྱང་ཆུབ་པ་གསུམ་པ་ས་བོན་ལྔ་དང༌། ཕྱག་མཚན་ལྔ་དང༌། མཚན་མའི་ལྟེ་བའི་ས་བོན་ལས་རིགས་ལྔའི་ས་བོན་སྤྲོ་བ་དང༌། སྤྲོས་ནས་དོན་བྱ་བ་རྣམས་རིམ་པ་བཞིན་དུ་བསྟན་ཏོ། །ལེའུ་ལྔ་པ་ལས། རྡོ་རྗེ་སེམས་དཔའ་རབ་བསྒོམས་ཏེ། །ཞེས་པ་ལ་སོགས་པ་ལྔས་ཁྱད་པར་དུ་བྱང་ཆུབ་པ་ལྔ་མདོར་བསྟན་ཏོ། །ལེའུ་དགུ་པ་ལས། མ་མོའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པར་ཕལ་ཆེར་རིགས་བཞིའི་རྒྱུའི་ཧེ་རུ་ཀའི་ཆ་ལུགས་རྒྱས་པར་བསྟན་ཏོ། །ལེའུ་ལྔ་པ་ལས། དོམ་དང་བྱ་རྒོད་དེ་བཞིན་བསེ། །ཞེས་བྱ་བ་ལ་སོགས་པས་རིགས་བཞིའི་ཆ་ལུགས་བསྟན་ཏོ། །ལེའུ་དྲུག་པ་ལས། ལྷ་མོ་རྣམས་ཀུན་ཕྱག་གཉིས་བརྗོད། །གྲི་གུག་དང་ནི་ཐོད་པ་འཛིན། །ཞེས་པས་ལྷ་མོ་རྣམས་ཀྱི་ཆ་ལུགས་མདོར་བསྟན་ཏོ། །དེ་ཉིད་ལས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །དེ་ནས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པར་བྱ་སྟེ། ལེའུ་བཞི་པ་ལས། རྡོ་རྗེ་སེམས་དཔའ་བསྐྱེད་བྱས་ལ། །རྡོ་རྗེ་པདྨ་རྣམ་བསྒོམས་ཏེ། །ཞེས་པ་ལ་སོགས་པས་བྱིན་གྱིས་བརླབ་པ་བསྟན་ཏོ། །དེ་ནས་བསྲུབ་པ་དང་སྲུབ་པའི་སྦྱོར་བས་རྗེས་སུ་ཆགས་པའི་ང་རྒྱལ་བྱ་སྟེ། ལེའུ་བདུན་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་པ་ལ་སོགས་པས་ང་རྒྱལ་བྱ་བ་བསྟན་ཏོ། །དེ་ནས་འཁོར་བསྐྱེད་པར་བྱ་སྟེ། ལེའུ་བཞི་པ་ལས། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་པས་མདོར་བསྟན་ཏོ། །ལེའུ་དང་པོ་ལས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །ལེའུ་ལྔ་པ་ལས། དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཞེས་བྱ་བ་ལ་སོགས་པས་ལྷའི་གྲངས་བསྟན་ཏོ། །ལེའུ་བཞི་པ་ལས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པས་མི་བསྐྱོད་དགྱེས་རྡོར་གྱི་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་ཏོ། །ལེའུ་དང་པོ་ལས། རྡོ་རྗེ་མཁའ་འགྲོ་དེ་དག་ཀུན། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་སྤྱིའི་མཚན་ཉིད་བསྟན་ཏོ། །དེ་ནས་དྲི་ཟ་ཉེ་བར་འཁོར་གྱིས་གཙོ་བོ་ཞུས་ཏེ། ལེའུ་བཞི་པ་ལས། དྲི་ཟ་མཉམ་པར་ཞུགས་པ་ནི། །ཞེས་བྱ་བ་ལ་སོགས་པས་མདོར་བསྟན་ཏོ། །དེ་ནས་མཚམས་ཀྱི་ལྷ་མོས་བསྐུལ་ཏེ། ལེའུ་བཞི་པ་ལས། མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་བྱ་བས་བསྐུལ་བ་མདོར་བསྟན་ཏོ། །ལེའུ་བརྒྱད་པ་ནས། ཁྱོད་ནི་ཞེ་སྡང་རྡོ་རྗེ་ཡོངས་སྐྱོང་བ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །ལེའུ་དྲུག་པ་ལས། མཚམས་ཀྱི་ལྷ་མོའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་བསྟན་ཏོ། །དེ་ནས་འབྲས་བུའི་ཧེ་རུ་ཀར་བཞེངས་ཏེ། ལེའུ་བཞི་པ་ལས། འཁོར་ལོས་འདྲེན་པ་བསྐུལ་ནས་ནི། །ཞེས་པས་མདོར་བསྟན་ཏོ། །ལེའུ་ལྔ་པ་ལས། བསྲུང་བའི་དམ་ཚིག་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་དང༌། ལེའུ་བཅུ་གཉིས་པ་ལས། རྣམ་པ་ལྔ་ནི་རབ་བརྟག་བྱ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་དང་རྒྱས་པའི་རྒྱས་པར་བཤད་པ་རིམ་པར་བསྟན་ཏོ། །ལེའུ་དྲུག་པ་ལས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་སེམས་དཔའ་མི་ཕྱེད་པ། །ཞེས་པ་ལ་སོགས་པ་དང༌། སེམས་ཀྱི་རྗེས་དྲན་དམིགས་ནས་ནི། །ཞེས་པ་ལ་སོགས་པ་དང༌། ཞེ་སྡང་རྒྱལ་པོ་རྒྱལ་པོ་ཆེ། །ཞེས་པ་ལ་སོགས་པས་ཁྱད་པར་དུ། བྱང་ཆུབ་པ་གསུམ་པ་སྔ་མ་བཞིན་ནོ། །ལེའུ་བཞི་པ་ལས། མ་མོའི་དཀྱིལ་འཁོར་ལ་ཞུགས་པ། །ཞེས་པ་ལ་སོགས་པ་དང༌། ལེའུ་དགུ་པ་ལས། མ་མོའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པ་དང༌། ལྔ་པ་ལས། དོམ་དང་བྱ་རྒོད་དེ་བཞིན་བསེ། །ཞེས་པ་ལ་སོགས་པས་རིམ་བཞིན་དུ་མི་བསྐྱོད་པ་དང༌། རིགས་བཞིའི་ཆ་ལུགས་དང༌། རིགས་བཞིའི་ཕྱག་མཚན་དང༌། ཁྱད་པར་དུ་བྱང་ཆུབ་པ་ལྔ་བསྟན་ཏོ། །དེ་ནས་སེམས་དཔའ་སུམ་བརྩེགས་བསྒོམས་ཏེ། ཡེ་ཤེས་སེམས་དཔའ་བསྒོམ་པ་ནི་ལེའུ་ལྔ་པ་ལས། ཐམས་ཅད་རྣམས་ཀྱི་སྔགས་འདི་ཡིས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེའི་སྙིང་གར་རང་རང་གི་ཕྱག་མཚན་དང༌། རང་རང་གི་ཕྱག་མཚན་ལ་ས་བོན་བསྒོམ་པ་ནི། ལེའུ་དྲུག་པ་ལས། རྡོ་རྗེ་སེམས་དཔའ་མི་ཕྱེད་པ། །ཞེས་པ་ལ་སོགས་པ་དང༌། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པ་རིམ་པ་བཞིན་བསྟན་ཏོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་བསྟིམ་པ་ནི། ལེའུ་བཞི་པ་ལས། ཡེ་ཤེས་རྣམ་པར་གཞུག་པ་དང༌། །ཞེས་བྱ་བས་མདོར་བསྟན་ཏོ། །ལེའུ་དྲུག་པ་ལས། དམ་ཚིག་འཁོར་ལོ་བཅུག་པ་ཡིས། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་དོ། །ལེའུ་དགུ་པ་ལས། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་བྱ་བ་ལ་སོགས་པས་དགུག་པ་ལ་སོགས་པའི་སྔགས་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། ཡེ་ཤེས་དགུག་པ་དེ་བཞིན་ཡང༌། །ཞེས་པས་མཇུག་བསྡུ་བ་བསྟན་ཏོ། །དེ་ནས་བྱིན་གྱིས་བརླབས་པ་ལ་གཉིས་བྱ་སྟེ། ལེའུ་བཞི་པ་ལས། མིག་ལ་སོགས་པ་གཏི་མུག་སོགས། །ཞེས་བྱ་བ་ལ་སོགས་པས་མདོར་བསྟན་ཏོ། །ལེའུ་བཞི་པ་ལས། གཏི་མུག་རྡོ་རྗེ་མིག་ལ་དགོད། །ཅེས་བྱ་བ་ལ་སོགས་པ་གཉིས་ཀས་རྒྱས་པར་བཤད་པའོ། །ལེའུ་བརྒྱད་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི། ཞེས་བྱ་བ་ལ་སོགས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང༌། བྱིན་གྱིས་བརླབ་པ་གཉིས་ཀྱི་དགོས་པ་བསྟན་ཏོ། །ལེའུ་བཅུ་པ་ལས། སྐྱེས་པ་དང་ནི་སྐྱེ་བ་ཞེས་བྱ་བ་ལ་སོགས་པས་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་འབྲས་བུ་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། མིག་ལ་སོགས་པ་གཏི་མུག་སོགས། །ཞེས་པ་ལ་སོགས་པས་མཇུག་བསྡུ་བ་བསྟན་ཏོ། །དེ་ནས་དབང་བསྐུར་རྒྱས་གདབ་ནི་ལེའུ་བཞི་པ་ལས། དབང་ནི་རིགས་མ་བརྒྱད་རྣམས་ཀྱིས། །ཞེས་པ་ལ་སོགས་པས་མདོར་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད། །ལེའུ་དྲུག་པ་ལས། རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ནས། །ཞེས་པ་ལ་སོགས་པས་རྒྱས་གདབ་པ་བསྟན་ཏོ། །ལེའུ་བདུན་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ། ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་བསྟན་ཏོ། །དེ་ནས་བདུད་རྩི་མྱང་བ་དང༌། མཆོད་པ་དང་བསྟོད་པ་བྱ་སྟེ། ལེའུ་བཞི་པ་ལས། ཡང་ནི་བདུད་རྩི་མྱང་བ་དང༌། །ཞེས་བྱ་བ་ལ་སོགས་པས་མདོར་བསྟན་ཏོ། །ལེའུ་དགུ་པ་ལས། མཆོད་པ་ལ་སོགས་རིམ་པར་བརྩམ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །ལེའུ་དྲུག་པ་ལས། མཆོད་པར་བྱ་ཞེས་པས་མཆོད་པ་ཁྱད་པར་དུ་བསྟན་ཏོ། །ལེའུ་བརྒྱད་པ་ལས། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་པ་ལ་སོགས་པ་དང༌། ལེའུ་བཅོ་ལྔ་པ་ལས། སེམས་ཅན་ཀུན་གྱི་ཐམས་ཅད་ཁྱོད། །ཅེས་བྱ་བ་ལ་སོགས་པས་ཁྱད་པར་དུ་བསྟོད་པ་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། བསྟོད་པ་མཆོད་པ་ལ་སོགས་བྱ། །ཞེས་པ་དང༌། ལྕེ་ཡིས་རྡོ་རྗེ་བདུད་རྩི་མྱང༌། །ཞེས་པ་ལ་སོགས་པའི་ཚིག་གིས་མཇུག་བསྡུ་བ་བསྟན་ཏོ། །ལེའུ་བདུན་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་མཇུག་བསྡུ་བ་བསྟན་ཏོ། །ཡན་ལག་དྲུག་པོ་དེ་དག་ཀྱང་རིགས་དྲུག་གི་བདག་ཉིད་དུ་མོས་པར་བྱ་བ་ནི། ལེའུ་བདུན་པ་ལས། དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་སྐད་བཀའ་སྩལ་ཏོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་བསྐྱེད་པའི་རིམ་པའི་ཁ་དོག་ཡན་ལག་དྲུག་བསྒོམ་པ་ནི། ལེའུ་བཞི་པ་ལས། དེ་ལས་ཡན་ལག་དྲུག་བསྒོམ་བྱ། །ཞེས་བྱ་བས་བསྟན་ཏོ། །དེ་ནས་ལྷ་བསྒོམ་པར་བྱ་སྟེ། རིགས་ལྔ་ཡུམ་དང་བཅས་པ་བསྒོམ་པ་ནི། ལེའུ་དགུ་པ་ལས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་དང་ལྡན་པ་བསྒོམ་པ་ནི་ལེའུ་བཞི་པ་ལས། སྐུ་གསུང་ཐུགས་ཀྱི་རྟག་པ་ལས། །ཞེས་པ་ལ་སོགས་པས་བསྟན་ཏོ། །ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པར་བསྒོམ་པ་ནི་ལེའུ་དྲུག་པ་ལས། དཔག་ཚད་དབྱེ་བ་རྒྱས་པར་ནི། །ཞེས་པ་ལ་སོགས་པས་བསྟན་ཏོ། །བསྒོམ་པས་སྐྱོན་དག་པ་རྗེས་སུ་དྲན་པར་བྱ་སྟེ། ལེའུ་དང་པོ་ལས། རྒྱལ་བ་མགོན་པོ་ཕན་པ་ནི། །ཞེས་པ་ལ་སོགས་པ་དང༌། ལེའུ་ལྔ་པ་ལས། སངས་རྒྱས་ལྔ་ཡི་རང་བཞིན་ལས། །ཞེས་པ་ལ་སོགས་པས། ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་རིགས་ལྔར་དག་པ་བསྟན་ཏོ། །ལེའུ་ལྔ་པ་ལས། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཞེས་པ་ལ་སོགས་པས་རིགས་ལྔའི་ཕྱག་མཚན་གྱི་རྣམ་པར་དག་པ་བསྟན་ཏོ། །ལེའུ་བདུན་པ་ལས། སེན་མོ་བ་སྤུ་ཞེས་པ་ལ་སོགས་པས་ལྷ་དགུའི་རྣམ་པར་དག་པའོ། །དེ་ནས་ལེའུ་དང་པོ་ལས། ཤིན་ཏུ་གཏི་མུག་རྨོངས་ཆེན་བྱ་བ་ལ་སོགས་པས་ལྷ་མོ་རྣམས་ཀྱི་རྣམ་པར་དག་པའོ། །ལེའུ་བཞི་པ་ལས། གདུག་པ་རྣམས་ཀྱི་འཁོར་བ་འདོན། །ཞེས་པ་ལ་སོགས་པ་ལྷ་མོ་བཅུ་དྲུག་གི་ཕྱག་མཚན་གྱི་རྣམ་པར་དག་པའོ། །ལེའུ་བརྒྱད་པ་ལས། གཏི་མུག་རྡོ་རྗེ་རབ་སྦྱོར་བས། །ཞེས་པ་ལ་སོགས་པས་སྐྱེ་མཆེད་དྲུག་གི་དག་པའོ། །དེ་ནས་སྔགས་ཀྱི་བཟླས་པ་ནི། ལེའུ་དྲུག་པ་ལས། རུ་རག་ཤ་དང༌། ཞེས་པ་ལ་སོགས་པས་བཟླས་པའི་ཡུལ་དང་དགོས་པ་བསྟན་ཏོ། །ལེའུ་དགུ་པ་ལས། ཨོཾ་བཛྲ་དྷ་ར་ཞེས་པ་ལ་སོགས་པས་སྔགས་ཀྱི་དངོས་གཞི་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། ནང་དུ་བརྗོད་པའི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པས་བཟླས་ལུགས་བསྟན་ཏོ། །དེ་ནས་གཏོར་མ་བཏང་བ་ནི། ལེའུ་བརྒྱད་པ་ལས། ཡན་ལག་རྒྱན་རྣམས་ཀུན་གྱིས་བརྒྱན། །ཞེས་པ་ལ་སོགས་པ་དང༌། ལེའུ་གསུམ་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་མཆོད་པ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །གཤེགས་སུ་གསོལ་བ་ནི་ལེའུ་བརྒྱད་པ་ལས། ཨོཾ་ཁྱེད་ཀྱིས་ཞེས་པ་ལ་སོགས་པའོ། །དེ་ལ་རྟགས་འབྱུང་བ་ནི། ལེའུ་བཞི་པ་ལས། མཚན་མ་ཡང་དག་མཚོན་པར་བྱ། །ཞེས་པ་ལ་སོགས་པའོ། །དགོས་པ་གཉིས་ནི་བཅུ་བཞི་པ་ལས། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ། །རྗེ་བཙུན་མའི་འཁོར་ལོ་བསྒོམ་པ་ནི། ལེའུ་བཞི་པ་ལས། འདི་ནི་བཤད་པ་ཙམ་གྱིས་ནི། །ཞེས་པ་ལ་སོགས་པས་བདག་མེད་མའི་ཆེ་བ་སྒྲུབ་ཐབས་དང་བཅས་པ་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །རྫོགས་པའི་རིམ་པ་བསྒོམ་པ་མདོར་བསྟན་པ་ནི། ལེའུ་བཞི་པ་ལས། ཕྱི་ནས་ཡང་ནི་ཞེས་པ་ལ་སོགས་པའོ། །མཚན་མ་དང་བཅས་པའི་རྫོགས་པའི་རིམ་པ་རྒྱས་པར་བཤད་པ་ནི། ལེའུ་བཅུ་གཉིས་པ་ལས། དེ་ནས་བཅོམ་ལྡན་འདས་དཔའ་བོ་ཆེན་པོ་ལ་སོགས་པའོ། །མཚན་མ་ལས་རིགས་ལྔ་སྤྲོ་བ་ནི། ལེའུ་དྲུག་པ་ལས། སེམས་ཀྱི་རྗེས་དྲན་དམིགས་ནས་ནི། །ཞེས་པ་ལ་སོགས་པའོ། །མཚན་མ་མེད་པའི་རྫོགས་པའི་རིམ་པ་ནི། ལེའུ་དྲུག་པ་ལས། སངས་རྒྱས་ང་རྒྱལ་དམིགས་ནས་ནི། །ཞེས་པ་ལ་སོགས་པ་དང༌། ལེའུ་བརྒྱད་པ་ལས། ཆོས་ཀྱི་དངོས་པོ་དངོས་མ་བྱུང༌། །ཞེས་པ་ལ་སོགས་པ་དང༌། ལེའུ་བཅུ་བཞི་པ་ལས། ང་ཉིད་དངོས་པོ་དངོས་མེད་ང༌། །ཞེས་པ་ལ་སོགས་པའོ། །རྫོགས་རིམ་གཉིས་ཀའི་མཚན་མ་ཡང༌། ལེའུ་བཞི་པ་ལས། མཚན་མ་ཡང་དག་མཚོན་པར་བྱ། །ཞེས་པ་ལ་སོགས་པའོ། །བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་ཀ་ཐུན་བཞིན་རུ་བསྒོམ་པ་ནི། ལེའུ་དྲུག་པ་ལས། ཐུན་ཚོད་བཞིར་ནི་དམ་བཅས་པ། །ཞེས་པ་ལ་སོགས་པའོ། །སྤྱོད་པ་ནི་ལེའུ་བཅུ་པ་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་ཞེས་པ་ལ་སོགས་པའོ། །ལེའུ་བཅུ་བཞི་པ་ལས། མདའ་གཞུའི་ཆས་དང༌། ཕྱག་རྒྱ་དང་བཅས་པས་སྤྱོད་པ་བྱ་བ་ནི། ལེའུ་བཅུ་བཞི་པ་ལས། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་དང༌། ལེའུ་བཅོ་ལྔ་པ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ལ་སོགས་པའོ། །རོའམ་མིང་བྱང་ལ་དབང་བསྐུར་བྱ་བ་ནི། ལེའུ་བཅོ་ལྔ་པ་ལས། སློབ་དཔོན་གྱིས་ནི་མཐར་དུས་སུ། །ཞེས་པ་ལ་སོགས་པའོ། །རོ་སྲེག་ནི་དེ་ཉིད་ལས། རྡོ་རྗེ་ཐབ་ཁུང་ཞེས་པ་ལ་སོགས་པའོ། །སཱཙྪ་ཡང་དེ་ཉིད་ལས། ཉི་མ་དག་ནི་གསུམ། ཞེས་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་ཐབས་ལས་བྱུང་བ་ནི། ལེའུ་དང་པོ་ལས། ནམ་མཁའ་བེམས་བཅས་པ་ཞེས་པ་ལ་སོགས་པའོ། །འཇིག་རྟེན་པའི་ཐབས་ལས་བྱུང་བ་ནི། ལེའུ་བཅོ་ལྔ་པ་ལས། ལྟ་སྟངས་ལ་སོགས་པས་མདོར་བསྟན་ཏོ། །རྒྱས་པ་ནི་ལེའུ་གཉིས་པ་ལས། དེ་ནས་ཞེས་པ་ལ་སོགས་པས་འབྱུང་པོ་འདུལ་བ་དང༌། ཆར་དབབ་པ་དང༌། ལེའུ་བཞི་པ་ལས། སྙིང་རྗེ་ཆེན་པོ་ཀྱེའི་རྡོ་རྗེ། །ཞེས་པ་ལ་སོགས་པས། དངོས་གྲུབ་སྟེར་བའི་གནས་དང༌། དེ་ནས་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པས་ཁྲོ་བོ་བཅུའི་ལས་ཚོགས་དང༌། ལེའུ་དྲུག་པ་ལས། སེམས་ཀྱི་རྗེས་དྲན་ཞེས་པ་ལས་འཕོ་བ་དང༌། ལེའུ་བརྒྱད་པ་ལས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ལས་ཚོགས་བཅུ་བཞི་དང་བཅས་པ་དང༌། ཡུམ་གྱི་སྒྲུབ་ཐབས་དང༌། དཀར་པོ་ཞི་བར་བྱེད་པར་བརྗོད། །ཅེས་པ་ལ་སོགས་པ་ལས་བཞིའི་ཁྱད་པར་དང༌། རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པས་སྦྱིན་སྲེག་དང༌། ལེའུ་བཅུ་གཅིག་པ་ལས། ཕན་པ་ཉིད་ཀྱི་ཞི་བ་ཞེས་པ་ལ་སོགས་པས་ཤིས་པའི་ལྷ་དང༌། བསམ་པའི་ཁྱད་པར་དང༌། དགག་པར་བྱ་བའི་ཡུལ་དང༌། སྔགས་སྤེལ་བ་དང༌། ལེའུ་བཅུ་བཞི་པ་ལས། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་རིལ་བུ་དང༌། མིག་སྨན་དང༌། རྐང་མགྱོགས་དང༌། ས་འོག་གི་དངོས་གྲུབ་བསྒྲུབ་པ་ཆེད་དུ་བརྗོད་པ་ཞུས་པ་ལན་དང་བཅས་པ་དང༌། གང་གིས་དཀོན་མཆོག་གསུམ་སྤངས་ཞེས་པ་ལ་སོགས་པས་གསད་པའི་ལས་དང༌། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ཡན་ལག་མེད་པའི་སྒྲུབ་ཐབས་ལྷ་ཡི་ས་བོན་ཆེ་བ་དང་བཅས་པ་དང༌། རང་གི་ལྷག་པའི་ལྷར་དམིགས་ནས། །ཞེས་པ་ལ་སོགས་པས་སྦྱིན་སྲེག་ཆེ་བ་དང་བཅས་པ་དང༌། ལེའུ་བཅོ་ལྔ་པ་ལས། ཀུ་རུ་ཀུལླེའི་སྒྲུབ་ཐབས་དང༌། འཇིག་རྟེན་མགོན་པོ་ལ་སོགས་པ་བཅུ་པོ་བསྒོམ་ཞིང༌། བཟླས་པ་ལས་ཚོགས་དང་བཅས་པ་དང༌། ནག་པོ་ཆེན་པོའི་སྒྲུབ་ཐབས་བསྟན་ཏོ། །སྤོགས་པའི་ཆོ་ག་ནི་ལེའུ་གཉིས་པ་ལས། རྡོ་རྗེ་པདྨ་འོ་བྱས་དང༌། །ཞེས་པ་ལ་སོགས་པ་དང༌། ལེའུ་བཅུ་བཞི་པ་ལས། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་པ་ལ་སོགས་པས་བསྟན་ཏོ། །དྲག་ཤུལ་གྱི་ཆོ་ག་ནི། ལེའུ་གཉིས་པ་ལས། གང་ཞིག་དངོས་གྲུབ་མི་སྟེར་ན། །ཞེས་པ་ལ་སོགས་པ་དང༌། ལེའུ་དགུ་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པས་བསྟན་ཏོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*