༼ཀ༽༄༅། །གུར་གྱི་དཀའ་འགྲེལ་བཞུགས།། ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལེའུ་དང་པོ་འཁོར་གྱི་ལྷ་མོའི་ཕྲིན་ལས་ཀྱི་སྐབས་སུ་ཤིན་ཏུ་གཏི་མུག་ཅེས་པ་ནི། རྣམ་པར་སྣང་མཛད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ཉིད་ལས་སྐམ་པ་མ་ལ་སོགས་པར་འབྱུང་སྟེ་ལྷ་མོ་དེ་རྣམས་ཀྱིས་གདུལ་བྱའི་རྒྱུད་ལ་བདེ་བ་མི་རྟོག་པ་བསྐྱེད་པ་ནི་ཤིན་ཏུ་གཏི་མུག་གོ །རྨོངས་བྱེད་ནི་དེའི་སྒོ་ནས་གདུལ་བྱ་ཐ་མལ་པའི་གཏི་མུག་སྤོང་བའོ། །ཤིན་ཏུ་གཟི་བརྗིད་ཆེར་གསལ་བ། །ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ཉི་ལག་མ་ལ་སོགས་པར་འབྱུང་བ་སྟེ། དེ་རྣམས་ཀྱིས་གདུལ་བྱའི་རྒྱུད་ལ་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་བསྐྱེད་པ་ནི། གཟི་བརྗིད་ཆེར་གསལ་བའོ། །ཤིན་ཏུ་འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཉིད་པདྨ་ལ་སོགས་སུ་སྤྲུལ་པའོ། །ཆགས་ཆེན་ལ་ཞེན་པ་ནི་དེ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱི་ཐ་མལ་པའི་འདོད་ཆགས་ལས་གྲོལ་བར་བྱེད་པའོ། །ཕྲག་དོག་ཆེན་པོ་ནི་བྱ་བ་ནན་ཏན་ཏེ་དེ་ཉིད་སྒོ་ལྕགས་མ་ལ་སོགས་པར་འབྱུང་བས། ཐ་མལ་པའི་ཕྲག་དོག་གི་སྒྲིབ་པ་དེ་སྤོང་བ་ནི་སྒྲིབ་ཆེན་ཞེས་བྱའོ། །གསུང་གི་དོན་མཛད་པའི་ཕྲིན་ལས་ནི་གསུང་གི་སྒོ་ནས། ལས་རྒྱུ་འབྲས་ཀྱི་ཆོས་བསྟན་པའི་སྒོ་ནས་གཏི་མུག་འཇོམས་པ་དང༌། ང་རྒྱལ་བཅོམ་པ་ལ་སོགས་པའོ། །སྐུས་དོན་མཛད་པའི་ཕྲིན་ལས་ནི། གདུལ་བྱ་གང་ལ་འོས་པ་གདུལ་བ་དེ་ལ་དེའི་སྐུར་སྤྲུལ་ནས་བསྟན་པས། གདུལ་བྱའི་གཏི་མུག་ལ་སོགས་པ་སྤོང་བའོ། །ཇི་ལྟར་དོན་མཛད་ན་གདུལ་བྱའི་སེམས་རང་བཞིན་གྱིས་དག་པ་ལ། གློ་བུར་གྱི་དྲི་མ་དག་པའི་ཚུལ་གྱིས་དོན་བྱེད་དོ། །དེ་ལྟར་དོན་མཛད་པ་དེ་ཡང་སྐུ་གཉིས་ཀྱི་སྒོ་ནས་དོན་མཛད་པ་ལས་སྐུ་གསུམ་ཐོབ་པར་བྱ་བ་ལ། རྫོགས་རིམ་སྟོང་པ་འབའ་ཞིག་བསྒོམས་པས་མི་ཐོབ་སྟེ། བསྐྱེད་པའི་རིམ་པ་ཡང་བསྒོམ་དགོས་ཏེ། གཟུགས་སྐུ་སྒྲུབ་པར་བྱེད་པའི་རྒྱུ་ནི་བསྐྱེད་པ་ཡིན་པས་སོ། །དེ་ནི་གལ་ཏེ་སྟོང་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལེའུ་གཉིས་པ་རྫོགས་པའི་རིམ་པ་ནི་སྔར་བསྟན་པའི་བསྐྱེད་རིམ་དང༌། འོག་ནས་འབྱུང་བའི་རིགས་བསྡུས་པའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པ་ནི་རྣམ་པ་དེ་དང་དེ་དག་གི་རྣམ་པར་སྣང་ཡང་རང་གི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་མོས་པ་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པར་བྱ་བར་སྟོན་ཏེ། དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང༌། ཙཎྜཱ་ལཱི་ལ་བརྟེན་པ་གཉིས་ལས། ཙཎྜཱ་ལཱི་ལ་བརྟེན་པ་སྟེ། ཙཎྜཱ་ལཱི་ལྟར་བཤད་པ་དང༌། ཕྱི་བསྐྱེད་རིམ་གྱི་བསྙེན་སྒྲུབ་བཞིར་བཤད་པ་གཉིས་འགྲེལ་ཆུང་ཉིད་ལས་བཤད་དོ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ནི་རྡོ་རྗེ་ཞེས་པ་ནས་འདིར་རིག་ཅེས་པའི་བར་གྱིས་བསྟན་ཏེ། དེ་ལ་རྡོ་རྗེ་པདྨ་འོ་བྱས་པ་ནི། གོང་དུ་ཕྱག་རྒྱ་དང་འོ་ད་འཁྱུད་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ་དགའ་བ་ཙམ་ཉམས་སུ་མྱོང་བའི་རྗེས་ལ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བའི་དུས་སུ་མཆོག་དགའ་དང༌། བསྲུབ་པ་དང་སྲུབ་པའི་སྦྱོར་བའི་དུས་སུ་དགའ་བྲལ་གྱི་དགའ་བ་སྟེ། རྣམ་པར་སྨིན་པ་དང་རྣམ་པར་ཉེད་པའི་སྐད་ཅིག་མ་ལ་ཉམས་སུ་མྱོང་བ་ནི་རྡོ་རྗེ་དང་པདྨ་འོ་བྱས་པའོ། །རི་དྭགས་བརྒྱན་ཞེས་པ་ལ་སོགས་པ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་ས་ཧ་ཛ་ཉམས་སུ་མྱོང་བ་ལ་བྱ་སྟེ། དེ་ཡང་རི་དྭགས་བརྒྱན་པ་ནི་ཟླ་བ་སྟེ་བྱང་སེམས་སོ། །ཟོས་པ་ནི་ཐབས་ཀྱི་རིགས་ཀྱི་བདག་པོའི་རྩ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་བྱང་སེམས་ཕབ་པའོ། །རྡོ་རྗེ་ཆུ་ནི་ཞུ་བའོ། །འཐུང་བ་ནི་ཕྱིར་མ་ཤོར་བར་གཟུང་བའོ། །ནོར་ལྡན་ནི་ཞུ་བ་དེ་ལ་བརྟེན་པའི་བདེ་བའོ། །སངས་རྒྱས་དེ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ལམ་གྱི་དེ་ཁོ་ན་ཉིད་དེ། བདེ་བ་མི་རྟོག་པ་ས་ཧ་ཛ་སྟེ། དོན་གྱི་ཡེ་ཤེས་དངོས་སུ་བཞེད་དོ། །འདི་རིག་ཅེས་པ་ནི་དོན་གྱི་ཡེ་ཤེས་སོ། །རིག་ཅེས་པ་ནི་དེ་ཀ་སྟེ་རྡོ་རྗེ་འཆང་ཡིན་ཞེས་པའོ། །ལེའུ་འདི་ཉིད་ཀྱིས་གར་གྱི་དོན་བསྟན་པ་ནི་བསྐྱེད་པའི་རིམ་པ་དང་འབྲེལ་བ་སྟེ། བསྐྱེད་པའི་རིམ་པའི་གྲོགས་སྤྱོད་པ་དང་བཅས་པའི་སྤྱོད་པའོ། །འདིའི་སྒོ་ནས་མུ་གེ་དང་ཆར་དབབ་པ་ལ་སོགས་པ་ལས་ཕྲན་ཚེགས་སྒྲུབ་པར་ཡང་འགྲོའོ། །དེ་ལ་ཅི་ཁྱོད་དམ་ཚིག་ཧཱུྃ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཐུགས་ཀྱི་ཧཱུྃ་ཞེས་ཟློས་པ་སྟེ་ཁ་ལ་སྨོད་པའི་རྒྱུ་མཚན་ནོ། །ཐུབ་པའི་གཞུ་ཅན་ཡིན་ཞེས་པ་ནི་ཕྱི་རོལ་མུ་སྟེགས་ཐུབ་པའི་གཞུ་ནི་དབང་ཕྱུག་ཆེན་པོའོ། །རྒྱུད་ནི་ནོར་རྒྱས། མདའ་ནི་ཀློག་མ། མདེའུ་ནི་མེ་ལྕེར་བྱས་ནས་ངག་ཏུ་ཧཱུྃ་བརྗོད་ཅིང་མདའ་འཕེན་པ་ལྟར། ཁྱོད་ཀྱང་ངག་ཏུ་ཧཱུྃ་བརྗོད་པས་ཕྱི་རོལ་མུ་སྟེགས་པ་ཐུབ་པ་ཡིན་ནམ། ཞེས་སྨོད་པའི་སྒོ་ནས་དྲི་བའོ། །དེའི་ལན་ནི་མིན་ཞེས་པ་སྟེ། འདི་ལ་གཉིས་གསུངས་ཏེ། ང་མུ་སྟེགས་ཐུབ་པ་མིན་ཞེས་པ་དང༌། བདག་གཉིས་དང་བྲལ་བས་བདག་གཉིས་ཀྱི་ངོ་བོ་མིན་ཞེས་བྱ་བ་གཉིས་གསུངས། དཔལ་ལྡན་སྙིང་རྗེའི་སྟོབས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་དང་ལྡན་པ་དང༌། མཚན་མའི་རྟོག་པ་འཇོམས་པའི་སྟོབས་དང་ལྡན་པའོ། །བདག་སྟོབས་ཞེས་པ་ལ་སོགས་པ་ནི། བདག་སྟོབས་ཞེས་པ་ཁ་ལ་སྨོད་པའི་དྲི་བ་དང༌། དོན་གྱིས་བསྟོད་པའི་ལན་གཉིས་ཀ་གོ་བར་བྱའོ། །འོག་མ་རྣམས་ལ་ཡང་ཕལ་ཆེར་དུ། ཚིག་དང་པོས་ནི་རང་གི་སྙིང་པོའི་སྒོ་ནས་ཁ་ལ་སྨོད་པའི་རྒྱུ་མཚན་བསྟན། ཚིག་གཉིས་པས་ཁ་ལ་སྨོད་པའི་དྲི་བའི་རྒྱུ་མཚན་བསྟན། གསུམ་པས་དེའི་ལན་བསྟན་ཏོ། །ཚིག་བཞི་པས་ནི་ཡང་ཁ་ལ་སྨོད་པའི་དྲི་བའོ། །ལན་དེ་གཉིས་ཀྱིས་ཤེས་པར་བྱ་སྟེ། དང་པོའི་དྲི་བ་བྱས་ཏེ། དེ་ནས་ལན་དུ་ཡང་བྱའོ། །ང་མིན་ཞེས་པ་ཐམས་ཅད་ལ་གོང་གི་དྲི་བ་དེ་མིན་ཞེས་པ་དང༌། བདག་གཉིས་ཀྱི་ངོ་བོ་མིན་ཞེས་པ་གཉིས་སུ་གོ་བར་བྱའོ། །ལེའུ་བཞི་པ། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །ཅེས་པ་དེ་ལ་གདུལ་བྱ་སྐྱེས་པ་འདུལ་བའི་དབང་དུ་བྱས་པའམ། རང་བྱིན་གྱིས་བརླབ་པའི་རིམ་པ་ལ་བྱ་སྟེ། དེ་ནི་གོ་རིམ་གྱི་དབང་དུ་བྱས་ནས་དང་པོར་བསྟན་ཏེ། ཕྱི་ནས་རྣལ་འབྱོར་མ་རྒྱུད་ཅེས་པ་ནི། ཀྱེའི་རྡོ་རྗེ་ལས་གདུལ་བྱ་མོ་འདུལ་བའི་དོན་དུ་བྱུང་བའམ། དཀྱིལ་འཁོར་གྱི་འཁོར་ལོ་ལས་ཀྱི་ཕྱག་རྒྱ་རྫོགས་པར་སྟོན་ཏེ། དེ་ནི་ཕྱི་ནས་བསྟན་ཏོ། །བརྟག་པ་སུམ་ཅུ་རྩ་གཉིས་སུ་བྱེད་པ་ལས། བརྟག་པ་ཉི་ཤུ་རྩ་དགུ་ནི་གོ་སླའོ། །སུམ་ཅུ་པ་ནི་གོང་མ་ཐམས་ཅད་ཀྱི་བསྐོང་གི་བརྟག་པའོ། །དེ་ལྟར་རྒྱུད་རྒྱས་པ་ལ་ནི་བརྟག་པ་སུམ་ཅུ་པ་ལས་མི་བཞེད་དོ། །བསྡུས་པ་ལས་མཁའ་འགྲོའི་བརྟག་པ་སྟེ། ཞུ་བ་པོ་རྡོ་རྗེ་སྙིང་པོ་ཡིན་པས་མཁའ་འགྲོའི་བརྟག་པ་ཞེས་བྱ་སྟེ་བརྟག་པ་དང་པོའོ། །མཁའ་འགྲོ་མའི་བརྟག་པ་སྟེ། ཞུ་བ་པོ་བདག་མེད་མ་ལ་སོགས་པ་ཡིན་པས་མཁའ་འགྲོ་མའི་བརྟག་པ་སྟེ་ཕྱི་མའོ། །དེ་ལྟར་གསུངས་པ་ལ་ནི། གཉིས་པའོ། །དེ་ལྟར་ན་རྩ་རྒྱུད་རྒྱས་པ་ལ་བརྟག་པ་སུམ་ཅུ་དང༌། བསྡུས་པ་ལ་གཉིས་ཏེ། སུམ་ཅུ་གཉིས་སོ། །འཁོར་གྱི་ལྷ་མོའི་ཕྱག་མཚན་བསྟན་པ་ནི། དང་པོ་སྐུ་གསུང་ཐུགས་གསུམ་ཀའི་ཕྱག་རྒྱ་སྤྱིར་བསྟན་ལ་དེ་བྱེ་བྲག་ཏུ་ཐུགས་ཀྱི་ཕྱག་མཚན་བསྟན་པ་དེ་ཕྲིན་ལས་བསྟན་པའོ། །མཁའ་འགྲོ་མའི་སྒྲ་སྒྲུབ་པ་ནི། གོང་དུ་མཁའ་འགྲོ་མ་སྟེ། འཁོར་གྱི་ལྷ་མོ་རྣམས་བསྟན། དེ་རྣམས་ལ་ཌཱ་ཀི་ནཱི་ཞེས་ཟེར་བ་དེ་སཾ་སྐྲྀ་ཏའི་སྐད་ཁོ་ནའམ། འོན་ཏེ་གཞན་གྱི་སྐད་ཡོད་དམ་སྙམ་པ་ལ། གཞན་གྱི་སྐད་ཡོད་པར་བསྟན་པ་སྟེ། འོད་ཟེར་ཅན་གྱི་རྡོ་རྗེ་ངེས་པར་བརྗོད་པའི་རྒྱུད་ལས་ཌཱ་ཀི་ནཱིར་བསྟན་པ་སྟེ། འོད་ཟེར་ཅན་གྱི་སྐད་དོ། །དེ་ལྟ་བུའི་མཁའ་འགྲོ་མའི་རྒྱུད་བསྡུས་པའམ། བཤད་པ་རང་ལ་དགོས་པ་ཅི་ཡོད་སྙམ་པ་ལ། དང་པོར་སྨོན་པ་སེམས་བསྐྱེད་པ་ནི་བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་ཁས་བླངས་པ་ལ། གཞན་བསྒྲལ་བ་ལ་དང་པོར་བདག་ཉིད་གྲོལ་བར་བྱ་དགོས་པས། བདག་གྲོལ་བ་ལ་དེ་ཁོ་ན་ཉིད་རྟོགས་དགོས་ལ། དེ་ལ་མཁའ་འགྲོ་མ་དགོས་པ་སྟེ། དོན་གྱི་ཡེ་ཤེས་དེ་ཁོ་ན་དངོས་སུ་མཁའ་འགྲོ་མ་ལ་བརྟེན་ནས་སྐྱེ་བས་སོ། །དེ་བས་མཁའ་འགྲོ་མའི་རྒྱུད་བསྡུས་པའང་བསྟན་དགོས་སོ། །གཞན་ཡང་བདེ་བ་ཆེན་པོ་མངོན་དུ་བྱེད་པ་ལ། གཞུང་ཉུང་ངུ་བསྡུས་པ་བློ་དམན་པ་འཇུག་སླ་བའམ་རྟོགས་སླ་བས་སོ། །དོན་མངས་པས་ནི་དེ་ཁོ་ན་རྟོགས་ཏེ། མ་རིག་པའི་གཉིད་ལས་སད་པར་བྱེད་པས་སོ། །དེ་ནི་བདེ་བའི་ཐབས་དང་ཞེས་པ་ལ་སོགས་པ་རྐང་པ་གསུམ་གྱིས་བསྟན་ཏོ། །སྔགས་རྣམས་ཀྱིས་ནི་ཁྱད་པར་དུའོ། །ཞེས་ཟེར་བ་དང་དེ་ལྟར་མཁའ་འགྲོ་མའི་རྒྱུད་བསྡུས་པ་དེ་ལ་བརྟེན་ནས་ཉམས་སུ་བླངས་པས་དེ་ཁོ་ན་རྟོགས་པ་སྐྱེས་པས་མཚན་མ་དང་རྟོགས་པ་ལས་ཡིད་སྐྱོབ་པ་སྟེ་སྔགས་སོ། །རྒྱུད་ཀུན་གྱི་ནི་སྙིང་པོ་ཞེས་པ་ནི། བླ་ན་མེད་པའི་རྒྱུད་ལས་མཁའ་འགྲོ་མའི་རྒྱུད་འདི་སྙིང་པོའམ་མཆོག་ཏུ་གྱུར་པའོ། །བདག་མེད་མའི་སྒྲུབ་པ་བསྟན་པ་ནི། འདིར་བདག་མེད་མ་བསྒོམ་པའི་ཆེ་བ་བསྟན་པའམ། དེའི་བཟླས་པ་དང་དགོད་པའི་གནས་བསྟན་ལ་བསྒོམ་པའི་མངོན་པར་རྟོགས་པ་ནི་ལེའུ་བཅུ་གཉིས་པ་ལས་བསྟན་ཏོ། །དེ་ལ་ལེའུ་འདིར་ནི་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཡིན་ལ། ལེའུ་བཅུ་གཉིས་པར་ནི་བཅོ་ལྔ་པའི་དཀྱིལ་འཁོར་བསྟན་ཏོ། །བདག་མེད་མའི་དཀྱིལ་འཁོར་བསྒོམ་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་རིག་མའི་དབང་གསུངས་པ་ལ། མཆོག་ཏུ་དགའ་བའི་ཞེས་པ་ནི་དབང་བསྐུར་ནས་སློབ་མའི་རྒྱུད་ལ་བདེ་བ་ཆེན་པོའི་ཉམས་མྱོང་སྐྱེད་པ་སྟེ། དེ་ནི་ཟག་པ་དང་བཅས་པའི་དགའ་བའམ། ཐ་མལ་པའི་དགའ་བ་ལས་མཆོག་ཏུ་དགའ་བའོ། །ཏིང་ངེ་འཛིན་ནི་དེ་མངོན་དུ་བྱེད་པའི་ཏིང་ངེ་འཛིན་ནོ། །རིག་མའི་དབང་ཞེས་པ་ནི་རིག་པའི་དབང་ལྔ་དང༌། དྲུག་པ་རྫོགས་པའི་སངས་རྒྱས་ཀྱི་དབང་དང་དྲུག་ཀ་ཡང༌། ཡབ་ཡུམ་ཞལ་སྦྱོར་གྱིས་བསྐུར་བས་རིག་པའི་དབང་ཞེས་བྱའོ། །ཡང་བདག་མེད་མའི་དཀྱིལ་འཁོར་བསྒོམ་པའི་སྣོད་དུ་རུང་བར་མ་ཟད། དེ་ལྟར་དབང་གིས་རྒྱུད་སྨིན་པར་བྱས་པ་དེས་རིམ་པ་གཉིས་བསྒོམ་མོ། །ཞེས་དམ་ཚིག་རྡོ་རྗེའི་བཀའ་ལུང་གིས་རིམ་པ་གཉིས་ཀྱི་དོན་བསྒོམ་པའང་འབྲེལ་ལོ། །རིམ་པ་གཉིས་བསྒོམ་པའི་ཡན་ལག་བདུན་པར་བྱིན་གྱིས་བརླབ་པ་ནི། རང་བྱིན་བརླབ་སྟེ། དེ་ལ་ཡན་ལག་དྲུག་བསྒོམ་བྱ། །ཞེས་པ་སྟེ། འདིར་རང་བྱིན་གྱིས་བརླབ་པའི་རིམ་པ་རགས་པའི་རྣལ་འབྱོར་ཏེ། ཁ་དོག་གི་སྒོ་ནས་རྒྱལ་བ་རིགས་དྲུག་ཏུ་བསྒོམ་པ་ལ་བྱའོ། །ཡང་རང་བྱིན་བརླབ་ཅེས་པ་ནི། རང་གིས་བདེ་བ་ཆེན་པོའི་ལྷན་ཅིག་སྐྱེས་པ་རྟོགས་པ་དེས། དངོས་པོ་ཐམས་ཅད་ལྷན་ཅིག་སྐྱེས་པར་རྟོགས་པ་ལ་བྱའོ་གསུང༌། ཕྱི་ནས་ཞེས་པ་ནི་རགས་པའི་རྣལ་འབྱོར་དང་བདུན་ཀ་བསྒོམ་པའི་རྗེས་ལ་ལེའུ་བཅུ་བཞི་པ་ནས་འབྱུང་བའི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བསྟན་ཏེ། ཕྱག་མཚན་ཞེས་པ་ལ་སོགས་པ་ནི་དེ་ལྟར་རིམ་པ་གཉིས་བསྒོམས་པ་ལས་དངོས་གྲུབ་འགྲུབ་པའི་རྟགས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཉིད་བསྒོམ་པའི་དུས་སུ་མི་གསལ་བ་དང༌། སྤྲིན་ལྟ་བུ་ན་བུན་དང་མཐོང་བ་དང༌། ཤེས་པ་ལ་དམར་ཙེག་ཙེག་པ་འབྱུང་བ་དང༌། ཤིན་ཏུ་གསལ་བར་སྣང་བ་དང༌། དེ་བས་ཀྱང་ཆེར་གསལ་བར་གནས་པ་དང༌། མངོན་སུམ་དྲན་པར་མཐོང་བ་དང༌། རྗེས་ཐོབ་སྒྱུ་མ་ཙམ་དུ་མཐོང་བ་སྟེ། དྲོད་ལ་སོགས་པ་ལྔ་དང་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་དྲུག་ལ་སྦྱར་རོ། །དེ་ལྟར་རྟགས་དེ་རྣམས་བྱུང་ནས་དངོས་གྲུབ་བསྒྲུབ་པའི་དངོས་གྲུབ་རང་གི་མཚན་ཉིད་བསྡུ་ན། སྒྱུ་མ་ཐམས་ཅད་ཆོས་སྐུར་གྲུབ་པ་དང༌། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁམས་གསུམ་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་འཁོར་དུ་འདུས་པའོ། །དེ་ལྟ་བུའི་དངོས་གྲུབ་འགྲུབ་པའི་ལྷའི་རྣལ་འབྱོར་གང་ལ་གནས་ནས་བསྒྲུབ་པར་བསྟན་པ་ནི་རིག་མ་ཞེས་པ་ལ་སོགས་པའོ། །ལེའུ་ལྔ་པའི་སྟོད་ནས་རྒྱལ་བ་རིགས་ལྔ་སོ་སོའི་དམ་ཚིག་སེམས་དཔའ་བསྐྱེད་ནས། དེ་ཉིད་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་དང༌། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ་བ་བསྟན་ཏེ། ཐམས་ཅད་ཅེས་པ་ནས་འགྱུར་ཞེས་པའི་བར་གྱིས་བསྟན་པའི་ཚུལ་དང༌། རང་སྔགས་ཞེས་པ་མན་ཆད་བཤད་པ་སྟེ། དེ་ཡང་སོ་སོའི་དམ་ཚིག་སེམས་དཔའ་བསྐྱེད་པའི་ཐུགས་ཀར་ཉི་མ་དང༌། རྣམ་སྣང་ལ་སོགས་པ་ཟླ་བའི་སྟེང་དུ་སོ་སོའི་ས་བོན་དགོད་པ་ནི། རང་སྔགས་ཡི་གེ་རྫོགས་པའོ། །ཕྱག་རྒྱ་དང་ནི་ཕྱག་མཚན་རྟགས། །ཞེས་པ་ནི་ས་བོན་ལས་ཕྱག་མཚན་སོ་སོར་གྱུར་པའམ་ཕྱག་མཚན་རྣམས་ལ་ཡང་ས་བོན་དེ་ཉིད་ཀྱིས་མཚན་པའོ། །དོན་གྱིས་ན་དེ་ལ་ཡེ་ཤེས་སེམས་དཔའ་མཚོན་གང་བ་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཡང་སོ་སོའི་ས་བོན་ལས་ཕྱག་མཚན་སོ་སོར་བསམས་ལ། ཕྱག་མཚན་རྣམས་ལ་ཡང་ས་བོན་སོ་སོས་མཚན་པར་བསྒོམ་པ་ནི། ཏིང་ངེ་འཛིན་སེམས་དཔའ་འོ་གསུང༌། སྤྲོ་དང་བསྡུ་བ་བྱ་བ་ནི། །ཞེས་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲང་བ་བསྟན་ཏེ། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སོ། །དཀྱིལ་འཁོར་རྣམས་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྔའོ། །འབྱུང་གནས་ནི་ཏིང་ངེ་འཛིན་སེམས་དཔའི་དོད་དོ། །བསྡུས་པའི་དཀྱིལ་འཁོར་གྱིས་བསྡུས་པ། རབ་ལ་ནི་ལྷ་ཞི་བཅུ་རྩ་དགུའོ། །ལེའུ་དྲུག་པའི་སེམས་དཔའ་སེམས་ཀྱི་རྗེས་དྲན་ཞེས་པ་ནི། མི་བསྐྱོད་པའི་དམ་ཚིག་སེམས་དཔའ་བསྐྱེད་པ་དེ་བཞིན་དུ་ཚིག་རེ་རེས་འོག་མ་རྣམས་ལ་ཡང༌། རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་སེམས་དཔའ་བསྐྱེད་པའོ། །འདི་ནི་བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའོ། །དེ་ལ་ཕྱག་རྒྱ་བཞིའི་རྒྱས་གདབ་པ་ནི། དམ་ཚིག་སེམས་དཔའ་བསྐྱེད་པ་དེ་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ་བཞིའོ། །ད་ནི་ཞེ་སྡང་རྒྱལ་པོ་ཆེ། །ཞེས་བྱ་བ་ནས་བཀའ་སྩལ་ཏོའི་བར་གྱིས་ནི། ཕྱག་རྒྱ་བཞིའི་རྒྱ་གཅིག་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་བསྟན་ཏོ། །གཞུང་ལས་ཡེ་ཤེས་འཁོར་ལོ་སྤྱན་དྲང་བ་ལས་མི་གསལ་ཡང༌། དོན་གྱིས་དགུག་གཞུག་བྱ་བའང་ཤེས་པར་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ལྷ་སོ་སོའི་ཐུགས་ཀར་ཉི་མ་ལ་ས་བོན་དང༌། ཕྱག་མཚན་བསྒོམ་པ་བསྟན་ཏེ། དོན་གྱིས་ན་འདིས་དམ་ཚིག་སེམས་དཔའ་ལ། སེམས་དཔའ་སུམ་བརྩེགས་བསྒོམ་པར་བསྟན་ཏོ། །ནམ་མཁའི་ཞེས་པ་ལ་སོགས་པ་ལ། ནམ་མཁའི་རྣལ་འབྱོར་པ་རང་གི་མདུན་གྱི་ནམ་མཁའོ། །ཡེ་ཤེས་དཀྱིལ་འཁོར་ཞེས་པ་ནི་རང་གི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་སྟེ་བསྒོམ་པའོ། །འདོད་པའི་ཡོན་ཏན་ཞེས་པ་ལ་སོགས་པ་ཚིགས་བཅད་གཅིག་གིས་ནི་མདུན་དུ་སྤྱན་དྲངས་ལ། རང་གི་སྙིང་གའི་ས་བོན་ལས་གཽ་རཱི་ལ་སོགས་པའམ་ཡང་ན་གཟུགས་རྡོ་རྗེ་མ་ལ་སོགས་པ་སྤྲོས་ཏེ་མཆོད་པ་བསྟན་ཏོ། །མཚམས་ཀྱི་ཞེས་པ་ལ་སོགས་པས་ནི། སྤྱན་དྲང་བ་དེ་དགུག་གཞུག་བྱ་བར་བསྟན། མཚམས་ཀྱི་ཟེར་ཡང་ཕྱོགས་ཀྱིའོ། །སྦྱོར་བའི་ཞེས་པ་ནི་སྙིང་གའི་ས་བོན་ལས་གཽ་རཱི་ལ་སོགས་པ་སྤྲོ་བའོ། །ཡེ་ཤེས་རྒྱ་མཚོ་རབ་བསྒྲུབ་ཅེས་པ་ནི་དགུག་གཞུག་བྱའོ། །ཡེ་ཤེས་འཁོར་ལོ་འབར་བ་ནི་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བྱེད་པའོ། །དེ་ནི་དང་པོའི་བཀའ་གདམས་སོ། །ཡང་ནི་འདི་ལྟར་འགྲོར་ཡང་རུང་སྟེ། ནམ་མཁའ་ཞེས་པ་ནི་སྲུང་བའི་འཁོར་ལོའི་ནང་གི་ཆོས་འབྱུང་གི་ནམ་མཁའོ། །ཡེ་ཤེས་དཀྱིལ་འཁོར་ནི་དེར་བསྐྱེད་པའི་གཞལ་ཡས་ཁང་ངོ༌། །འདོད་པའི་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་གིས་ནི་གཞལ་ཡས་ཁང་གི་འདོད་པའི་ཡོན་ཏན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །མཚམས་ཀྱི་ཞེས་པ་ལ་སོགས་པ་ནི་ཞུ་བ་ལས་གླུས་བསྐུལ་བ་སྟེ། འདི་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། དེ་ཞུ་བ་མེད་ཀྱང་འདི་ནི་རྒྱུད་ཀྱི་རིམ་པ་སྟེ་དོན་གྱིས་ཤེས་པར་བྱ་གསུང་ངོ༌། །ཡེ་ཤེས་རྒྱ་མཚོ་བསྒྲུབ་པ་ནི། ཞུ་བ་ལས་གླུས་བསྐུལ་ནས་བཞེངས་པའོ། །དམ་ཚིག་ཅེས་པ་མན་ཆད་ནི་ཞུ་བ་ལས་བཞེངས་པ་དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱ་བར་གོ་བར་བྱའོ། །སངས་རྒྱས་ཞེས་པ་ལ་སོགས་པས་ནི་རིམ་པ་གཉིས་བསྒོམ་པ་བསྟན་ཏེ། དེ་ཡང་སངས་རྒྱས་ང་ཞེས་པས་ནི་བསྐྱེད་པ་བསྟན་ལ། ཆོས་ཀྱི་དབྱིངས་ཞེས་པས་ནི་རྫོགས་པ་བསྟན་ཏེ། བསྐྱེད་པའི་རིམ་པའི་ལྷར་སྣང་བ་རང་ཡང༌། རྫོགས་པའི་རིམ་པས་སྣང་ལ་རང་བཞིན་མེད་པར་བསྒོམ་པ་བསྟན་ཏེ། འདིར་རྫོགས་པའི་རིམ་པ་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་དམིགས་མེད་དོ། །གང་ཞེས་པ་ཚིག་རྐང་གཉིས་ཀྱིས་རིམ་པ་གཉིས་བསྒོམ་པའི་ཕན་ཡོན་ཡིན་ནོ། །འཇིག་རྟེན་ཞེས་པ་མན་ཆད་རྫོགས་པའི་རིམ་པ་རྒྱས་པར་བཤད་དེ། དོན་ནི་རྒྱུའི་རྒྱུད་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རང་གི་ངང་གིས་རང་ཆས་སུ་ཡོད་པ་བསྟན་ཏེ། ཡང་རང་བཞིན་གྱིས་སྤྲོས་པ་དང་མཚན་མ་དང་བྲལ་བར་འདུག་ལ། གློ་བུར་སྣ་ཚོགས་སུ་འདུག་པ་བསྟན་ཏོ། །ལེའུ་བདུན་པ་བསྐྱེད་པའི་རིམ་པ་ཡན་ལག་དྲུག་བསྒོམ་པ་བསྟན་པ་ནི་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ཧེ་རུ་ཀ་མངོན་པར་འབྱུང་བ་དང༌། གསུམ་པ་ལྷའི་ལེའུ་བསྐྱེད་པའི་རིམ་པ་བསྟན་པ་དེ། ཡན་ལག་དྲུག་ཏུ་མི་གསལ་བས་དེ་གསལ་གདབ་པའི་ཚུལ་གྱིས་བསྟན། དེ་ལ་སངས་རྒྱས་རྣམས་རྫོགས་པ་ནི་ཡན་ལག་དང་པོ་སྟེ། དེའང་རྫོགས་ལུགས་ནི་རྣམ་སྣང་མཛད་ཅེས་པ་འོག་མ་དང་སྦྱར་ཏེ། རྣམ་པར་སྣང་མཛད་རྒྱལ་པོ་ཆེ་ནི། རྣམ་པར་སྣང་མཛད་ཀྱི་ངོ་བོར་གཞལ་ཡས་ཁང་བྱ་བའམ། ཡང་ན་རྣམ་སྣང་མཛད་འཁོར་ལོ་ལ་བྱའོ། །སྤྲོ་བ་དང་བསྡུ་བ་ཞེས་པ་ནི་བྷྲཱུྃ་ལས་རྣམ་སྣང་བསམས་པའི་ཐུགས་ཀར་ཡང་བྷྲཱུྃ་གཅིག་བསམས་ལ། དེ་ལས་སྤྲོས་བསྡུས་པ་ལས་གཞལ་ཡས་ཁང་བསྐྱེད་པའོ། །ཡན་ལག་བྱིང་པོ་གོ་སླའོ། །ཡང་ན་ནམ་མཁའི་ཁམས་ཞེས་པ་ལ་སོགས་པས་ནི། གཞལ་ཡས་ཁང་བསྐྱེད་པ་དེ་ཉིད་གསལ་བར་བསྟན་ཏོ། །དེས་ནི་སངས་རྒྱས་རྣམས་ཞེས་པའི་རྗེས་ལ། ནམ་མཁའི་ཁམས་ཞེས་པ་འདོགས་ཏེ། རྣམ་རྫོགས་ཞེས་བྱ་བ་ནི་རྫོགས་ལུགས་ཇི་ལྟར་རྫོགས་བྱ་བ་ལ། ནམ་མཁའི་ཁམས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བསྟན་ཏོ། །འོ་ན་དེ་ལྟར་རྫོགས་པ་དེའི་རྒྱུ་ཅི་ལས་སྐྱེས་བྱས་པ་ལ། གཟོད་གོང་གི་རྣམ་སྣང་མཛད་ཅེས་པ་ལ་སོགས་པས་བསྟན་གསུང༌། དེ་ལྟར་བསྐྱེད་པ་ནི། རྡོ་རྗེ་ལྟ་བུ་ཞེས་པ་ལ་སོགས་པས་བསྟན་ཏེ། མི་བསྐྱོད་པ་ལ་སོགས་པ་ལྷ་ཡབ་ཡུམ་ལྔས་བསྐྱེད་པའོ། །འབྲས་བྲལ་མ་ཡིན་གྲུབ་སྟེར། ཞེས་པ་ནི་འབྲས་བུ་དང་བྲལ་བ་མིན་པའི་དོན་གྲུབ་པའི་འབྲས་བུ་སྟེར་བས་ཏེ། དོན་ཡོད་ཡབ་ཡུམ་བསྒོམ་པའོ། །དབང་གི་སྐབས་ཀྱི་བུམ་པའི་དབང་བསྟན་པའི་སྐབས་ནས། དམ་ཚིག་ཁུ་བའི་ཆོ་ག་ཡིས། །ཧྃ་དང་བསམ་གཏན་བསྐྱེད་བྱས་ནས། །ཞེས་པ་འདིས་དཀྱིལ་འཁོར་བསྒྲུབ་པའི་ཟུར་གཅིག་བསྟན་ཏེ། མི་བསྐྱོད་པ་ལ་སོགས་པ་ལྷ་ཡབ་ཡུམ་ལྔས། དམ་ཚིག་ཁུ་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་སེམས་ཏེ། ཆོ་ག་ནི་སྙོམས་འཇུག་གོ །ཧྃ་ནི་དེའི་དུས་སུ་མཚན་མ་དང་རྟོག་པ་བསྲེག་པ་སྟེ། བླ་ན་མེད་པའི་སྦྱིན་སྲེག་གོ །བསམ་གཏན་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་བསྟན་ཏོ། །ལེའུ་བརྒྱད་པའི་གླུས་བསྐུལ་བ་ནི། རིགས་བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་སྟེ། ཞུ་བའི་ཐིག་ལེ་ལྔ་ལས་གླུས་བསྐུལ་པའོ། །ཁྱོད་ནི་སངས་རྒྱས་ཞེས་པ་ལ་སོགས་པའི་ཚིག་རྐང་དྲུག་ནི། རིན་ཆེན་འབྱུང་ལྡན་དང་དོན་གྲུབ་ཀྱི་གླུས་ཀྱི་བསྐུལ་བ་བསྡུས་ནས་བསྟན་པ་སྟེ། སྐུ་ལ་སོགས་པ་གསུམ་ནི་སོ་སོ་ཡིན་ལ་ཡོན་ཏན་དང་ཕྲིན་ལས་གཉིས་ནི། སྐུ་གསུང་ཐུགས་རང་ཡིན་པས་དམན་པས་གཅིག་ཏུ་བྱས་པའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་ལ་སོགས་པ་ཚིག་རྐང་དྲུག་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དགོས་པ་བསྟན་ཏོ། །དེ་ཡང༌། ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །ཞེས་པ་ནི་སྐུ་སྟེ་མཁའ་སྤྱོད་མ་བསྐྱེད་པ་སྟེ། དེས་ནི་ལུས་ཀྱི་ཞེན་པ་སྦྱོང་བའོ། །བསམ་གཏན་རྡོ་རྗེ་ཞེས་པ་ནི་ཐུགས་རྡོ་རྗེ་ཞབས་འོག་གནས་མའོ། །རྡོ་རྗེ་བཟླས་པ་ཞེས་པ། ཚིག་རྐང་གཉིས་ཀྱིས་ནི། གསུང་རྡོ་རྗེས་སྤྱོད་མ་བསྒོམ་པའོ། །ཡན་ལག་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དེས་ལུས་ཀྱི་ཞེན་པ་སྦྱོང་བའོ། །བསམ་གཏན་རྡོ་རྗེ་ཞེས་པ་ལ་སོགས་པས་ནི་རྫོགས་པའི་རིམ་པ་མི་རྟོག་པ་བསྒོམ་པ་སྟེ། དེས་སེམས་ཀྱི་ཞེན་པ་སྦྱོང་བའོ། །རྡོ་རྗེའི་བཟླས་ཞེས་པ་ལ་སོགས་པས་ནི་ནང་གི་བཟླས་པའམ། འདོ་ལིའི་འཛབ་སྟེ། དེས་ཐ་མལ་པའི་ངག་གི་ཞེན་པ་སྦྱོང་བའོ། །ཚོགས་ཀྱི་མཆོད་པའི་རྗེས་ཀྱི་དཀར་པོ་ཞི་བར་བྱེད་པར་བརྗོད། ཅེས་བྱ་བ་ལ་སོགས་པས་ནི་ཞར་ལས་དཀྱིལ་འཁོར་གྱི་ཁ་དོག་བསྟན་གསུང༌། ཡང་ན་གོང་དུ། ཞི་བ་ལ་སོགས་རབ་ཏུ་བསྐུལ། །ཞེས་པ་དེ་སློབ་དཔོན་ལ་ལས་བཞི་བསྐུལ་བ་ལས། ལས་བཞི་བསྒྲུབ་པའི་སྦྱིན་སྲེག་གི་ཐབ་ཀྱི་ཁ་དོག་བསྟན་པའོ། །སངས་རྒྱས་ཞེས་པ་ལ་སོགས་པ་ནི་བསྐྱེད་པའི་རིམ་པ་བསྒོམ་པའི་ཕན་ཡོན་བསྟན་ཏོ། །དེ་ནས་དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པ་ནི། སྔོན་བྱུང་དང་རྗེས་འཇུག་གཉིས་ཀ་ལ་སྦྱར་རོ། །སྔོན་བྱུང་ནི་བདག་མེད་མ་ལ་སོགས་པས་རྡོ་རྗེ་འཆང་ལ་རྒྱལ་བ་རིགས་ལྔའི་སྒོ་ནས་བསྟོད་ནས་དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པའོ། །རྗེས་འཇུག་ལ་སློབ་མ་གཽ་རཱི་ལ་སོགས་པའི་ང་རྒྱལ་དང་ལྡན་པས། ཕྱོགས་བཞི་ནས་རྡོ་རྗེ་སློབ་དཔོན་ལ་རིགས་ལྔའི་བསྟོད་པས་བསྟོད་ནས། དཀྱིལ་འཁོར་བྲི་བར་གསོལ་བ་བཏབ་སྟེ། སློབ་མའི་ངོ་གང་ལ། སློབ་དཔོན་དེ་རྒྱལ་བ་རིགས་ལྔའམ། རྡོ་རྗེ་འཆང་དང་ཁྱད་མེད་པས་དེ་རྣམས་ཀྱི་སྒོ་ནས་བསྟོད་དོ། །ལེའུ་དགུ་པའི་རབ་ཏུ་གནས་པ་ནི། རྩ་བའི་རྒྱུད་ཀྱི་བརྟག་པ་ཕྱི་མ་རབ་གནས་ཀྱི་ལེའུའི་དོན་ཅུང་ཟད་ཙམ་མི་གསལ་བ་གསལ་བར་བྱེད་པའོ་གསུང༌། དེ་ཡང་དེ་ནས་ཞེས་པ་ནས་ཆོ་གའོའི་བར་གྱིས་བུམ་པ་ལྷག་པར་གནས་པ་བསྟན་ཏེ། དེ་ཡང་བུམ་པའི་མཚན་ཉིད་མ་བསྟན་ཡང་མགུལ་ཆིངས་དང་བཅུད་གཞུག་པ་ཅུང་ཞིག་བསྟན་ཏོ། །དེ་ནས་ཨོཾ་དེ་ཝ་ཞེས་པ་ལ་སོགས་པས་རིགས་བསྡུས་པའི་དབང་དུ་བྱས་ཏེ། རྒྱལ་བ་ལྔ་ལ་བུམ་པ་ལྔ་བྱས་ལ། དེ་ནས་སོ་སོའི་དམ་ཚིག་སེམས་དཔའ་ཡབ་ཡུམ་ཚན་ལྔ་བསྐྱེད་པ་བསྟན་ཏོ། །ཨོཾ་བཛྲ་གཽ་རཱི་ཞེས་པ་ལ་སོགས་པས་དམ་ཚིག་སེམས་དཔའ་བསྐྱེད་པ་དེ་ལ། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བ་བསྟན་ཏོ། །དེ་ཙམ་གྱིས་ནི་བུམ་པ་ལྷག་གནས་ཟུར་ཙམ་བསྟན་ཏོ། །ཤུན་ལྤགས་ལྔ་ཞེས་པ་ལ་སོགས་པས་ནི་རབ་ཏུ་གནས་པ་བྱ་རྒྱུ་ལྷག་པར་གནས་པ་བསྟན། ཡང་ནི་ཞེས་པ་ལ་སོགས་པས་རབ་ཏུ་གནས་པའི་དངོས་གཞི་ཟུར་ཅིག་ཀྱང་བསྟན་ཏོ། །སྔ་དེ་ཉིན་པར་སྟ་གོན་བྱས་པའི་ཕྱི་དེ་ཉིན་པར་སྔ་དྲོ་བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་སྐུ་ལ་སོགས་པ་ཁྲུས་བྱས་ཏེ། མོས་པ་ལས་བྱུང་བའི་མི་དམིགས་པ་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་ལྷག་པའི་ལྷར་བསྐྱེད་དེ། དེ་ལ་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་རྒྱས་གདབ་པ་ལ་སོགས་པ་རབ་གནས་རྫོགས་པར་བྱའོ། །དེ་ལྟར་རབ་ཏུ་གནས་པ་བྱས་ཏེ་ལྷར་བསྐྱེད་པ་ལ་མཆོད་པ་ལ་སོགས་པ་བྱ་བ་ནི། མཆོད་པ་ལ་སོགས་པའི་རིམ་པ་ཙམ་ཞེས་པ་ལ་སོགས་པས་བསྟན་ཏོ། །ནམ་མཁའི་ཁམས་ཞེས་པ་ལ་སོགས་པས་ནི་སྔར་ལེའུ་གཉིས་པར་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ཐུན་བཞིར་བསྒོམས་ཀྱང༌། དངོས་གྲུབ་མི་སྟེར་ན་སྟོབས་ཀྱིས་བསྒྲུབ་པ་བྱ་བ་མདོར་བསྟན་པ་དེ། འདིར་རྒྱས་པར་བྱ་བའི་ཚུལ་གྱིས་གསལ་བར་བཤད་པའོ། །དེ་ཡང་རང་གི་འོད་ཀྱི་རིག་མའི་བྷ་གར་མེའི་དཀྱིལ་འཁོར་བསམས་ལ། རང་གི་ལག་པ་གཡས་པར་སྟོད་རྡོ་རྗེ་རྩེ་ལྔ་པ་སྨད་ཕུར་བུར་འདུག་པར་བསམ། གཡོན་སྡིགས་མཛུབ་ཏུ་འདུག་པར་བསམ་པ། ངག་ཏུ་ཨོཾ་དུ་རུ་སོགས་བརྗོད་ཅིང་ཕུར་བུས་གདབ་པར་བསམ་མོ། །མ་མོའི་དཀྱིལ་འཁོར་ཞེས་པ་ལ་སོགས་པས། རྒྱལ་བ་རིགས་བཞི་སྐུ་མདོག་དང་ཞལ་དང་ཕྱག་ལ་སོགས་པ་བསྟན་པ་ནི། གོང་དུ་ལེའུ་ལྔ་པ་ལ་སོགས་པ་རྣམས་སུ་རྒྱལ་བ་ལྔ་པོ་རྣམས་བསྟན་པ་དེ་མི་གསལ་བ་གསལ་བར་བསྟན་ཏོ། །ཀྱེ་ཡི་རྡོ་རྗེ་དཀྱིལ་འཁོར་མཆོག །ཅེས་པ་ལ་སོགས་པས་ནི། གོང་དུ་ལེའུ་བརྒྱད་པ་ལས་དཀྱིལ་འཁོར་གསུངས་པ་དེར། ལེའུ་བདུན་པ་ནས་འབྱུང་བའི་དབང་བསྟན་པས། དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ལ་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་ཡོན་དབུལ་བ་བསྟན། སྐལ་བཟང་ཞེས་པ་ལ་སོགས་པས་རྡོ་རྗེ་སློབ་དཔོན་ལ་ཡོན་དབུལ་བའི་རྒྱུ་མཚན་བསྟན་ཏེ། དེ་ཡང་རྒྱུ་མཚན་ནི་རྡོ་རྗེ་སློབ་དཔོན་ཉིད་སློབ་མའི་ངོ་གང་དུ། རིགས་ལྔའི་ངོ་བོ་ཡིན་པས་རིགས་ལྔ་དང་རྗེས་སུ་མཐུན་པའི་ཡོན་དབུལ་བའོ། །དེ་ནས་རྡོ་རྗེ་འཛིན་ཞེས་པ་ལ་སོགས་པས་ཀྱང་རྒྱལ་བ་རིགས་ལྔ་བསྐྱེད་པའི་རིམ་པ་ཐུན་བཞིར་བསྒོམས་ཀྱང་དངོས་གྲུབ་སྟེར་བར་མ་མཛད་ན། ཐུགས་སྙིང་པོ་ནས་བསྐུལ་བ་སྟེ། འདི་ཡང་གནད་ལ་བོར་བའི་དེ་ཁོ་ན་དང༌། དྲག་ཤུལ་གྱིས་བསྒྲུབ་པའི་ཁོངས་སུ་འགྲོ་གསུང༌། ལེའུ་བཅུ་པའི་སྤྱོད་པ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །བསྐྱེད་པ་དང་ཞེས་པ་ལ་སོགས་པས་ནི། སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པའི་ཕན་ཡོན་བསྟན་ཏེ། ལེའུ་བརྒྱད་པར་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་བློ་བཟློག་པའི་དགོས་པ་བསྟན་ལ་འདིར་ནི་མངོན་པར་ཤེས་པ་དྲུག་ཐོབ་པར་བསྟན་ཏེ། དེ་ཡང་ལྷའི་མིག་དང་ལྷའི་རྣ་བའི་མངོན་པར་ཤེས་པ་ནི། མིག་གཏི་མུག་རྡོ་རྗེ་དང་རྣ་བ་ཞེ་སྡང་རྡོ་རྗེར་བསྐྱེད་པས་ཐོབ་ལ། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་ནི། ཡིད་བདག་མེད་མར་བསྐྱེད་པས་ཐོབ། ལྷག་མ་སྣ་དང་ལྕེ་དང་ལུས་གསུམ་པོ། སེར་སྣ་རྡོ་རྗེ་ལ་སོགས་པར་བསྐྱེད་པས། རྫུ་འཕྲུལ་གྱི་མངོན་པར་ཤེས་པའམ། ཡང་ན་ཟག་པ་དང་བཅས་པའི་མངོན་པར་ཤེས་པ་སྐྱེད་གསུང༌། འདི་ནས་མངོན་པར་ཤེས་པ་ལྔ་ལས་མ་བསྟན། ལེའུ་བཅུ་གཅིག་པའི་ལས་བཞི་བསྒྲུབ་པའི་བསམ་པའི་བྱེ་བྲག་དང༌། མཐར་ནི་ཞེས་པ་ལ་སོགས་པས་སྔགས་བསྟན་པ་གཉིས་ཕྱོགས་གཅིག་ཏུ་བསྡེབས་སོ། །འཕྲོག་པ་ཞེས་པ་ལ་སོགས་པས་ནི་གོང་གི་བུ་མོ་བཀུག་ནས་བཟའ་བར་བྱ། ཞེས་པས་དབང་གི་ལས་རྒྱས་པར་བཤད་པའོ། །ལེའུ་བཅུ་གཉིས་པ་ལས་བསྐྱེད་པའི་རིམ་པ་བསྟན་པ་ནི། བསྐྱེད་པའི་རིམ་པ་སྤྱིའི་མཚན་ཉིད་དང་སྦྱར་ཏེ་བཤད་པ་སྟེ། ཧེ་རུ་ཀ་སྐྱེད་པའི་ཆོ་ག་དང༌། བདག་མེད་མ་སྐྱེད་པའི་ཆོ་ག་བསྟན་པ་ནི། དེའང་དང་པོར་ཚིག་རྐང་གཉིས་ཀྱིས་སྒྲུབ་པའི་གནས་བསྟན། ཚིག་རྐང་གཅིག་གིས་རྣལ་འབྱོར་པ་ཉིད་ཀྱི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འདུག་སྟངས་ཇི་ལྟ་བུས་འདུག་པ་བསྟན། དེ་ནས་རྐང་པ་གཅིག་གིས་ཚོགས་བསག་པའི་རྟེན་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དེ་ལ་མཆོད་པ་གསུམ་གྱིས་མཆོད་པ་བསྟན། དེ་ནས་དཀོན་མཆོག་ཅེས་པ་ནས་ཐོབ་པར་ཤོག་གི་བར་གྱིས་དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་བསྟན། ཚངས་པ་ཞེས་པ་ལ་སོགས་པ་རྐང་པ་གསུམ་གྱིས་ཚད་མེད་བཞི་བསྒོམ་པ་བསྟན། དེ་དག་གིས་ནི་བསོད་ནམས་ཀྱི་ཚོགས་བསགས་བསྟན། ཕྱི་ནས་ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་ཚོགས་བསགས་བསྟན། ལྷག་མ་སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་བསྐྱེད་པའང་བསྟན་ཏོ། །དེ་ཐམས་ཅད་ཧེ་རུ་ཀའི་དཀྱིལ་འཁོར་དང་བདག་མེད་མའི་དཀྱིལ་འཁོར་གང་བསྒོམ་པའང་ཐུན་མོང་ངོ༌། །ད་ནི་ལྷ་བསྐྱེད་པའི་དབང་དུ་བྱས་ནས། བྱང་ཆུབ་པ་རྣམ་པ་ལྔ་ནི་ཞེས་པ་ལ་སོགས་པ་བྱུང་བའི་བར་གྱིས་ཧེ་རུ་ཀ་བསྐྱེད་པ་བསྟན་ཏེ། དེ་ཡང་རྣམ་པ་ལྔ་ནི་ཞེས་པ་ནི་བྱང་ཆུབ་ལྔའོ། །སེམས་དཔའི་གཟུགས་བརྙན་བསྒོམ་ཞེས་པ་ནི་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །རྡོ་རྗེ་སེམས་དཔའ་ལས་བྱུང་བ། །ཞེས་པ་ནི་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་ལ། མཚམས་ཀྱི་ལྷ་མོས་བསྐུལ་བས་འབྲས་བུ་རྡོ་རྗེ་འཛིན་དུ་བྱུང་བའོ། །དེ་ཉིད་བསྟན་པ་ནི། རིག་མའི་སྐྱེས་བུ་ཞེས་པའོ། །དེ་ལྟར་འབྲས་བུ་རྡོ་རྗེ་འཛིན་དུ་བཞེངས་པ་ལ། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་དམིགས་པ་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ལྟར་འབྲས་བུ་རྡོ་རྗེ་འཛིན་དུ་བཞེངས་པ་དེ་ལ། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། དེའི་འོག་གི་ཡེ་ཤེས་པ་ཞེས་པ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ་བ་དང༌། བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པས་དབང་བསྐུར་བར་གསོལ་བ་བཏབ་ནས། དེ་ནས་མདུན་གྱི་ནམ་མཁའི་དཀྱིལ་འཁོར་གྱིས་དབང་བསྐུར་ནས། སྤྱི་བོར་རིགས་བདག་གིས་མཚན་པའང་བསྟན་ཏེ། དེ་ནི་རིག་མའི་སྐྱེས་བུ་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ལྟར་བྱས་པའི་རྗེས་ལ། མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བའང་བྱའོ། །དེ་ལྟར་བྱས་པའི་རྗེས་ལ་བཟླས་པ་བྱེད་པར་འདོད་ན། བཟླས་པ་བྱེད་པ་ནི་ནང་དུ་བརྗོད་པ་ཞེས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེ་དག་གིས་ཧེ་རུ་ཀ་བསྐྱེད་པའི་དབང་དུ་བྱས་པའོ། །བདག་མེད་མ་བསྐྱེད་པ་ནི། རྡོ་རྗེ་དཀར་མོ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་ནང་དུ། བདག་མེད་མ་ལྷ་མོ་བཅོ་ལྔ། དེ་ཡང་འདིར་གཙོ་འཁོར་དུས་གཅིག་ཏུ་བསྐྱེད་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ་པོ་ཚན་པ་བཅོ་ལྔ་ལས་བསྐྱེད་དོ། །དེ་ལྟར་བསྐྱེད་པའི་ལྷ་མོ་རྣམས་བསྟན་པ་ནི། རྡོ་རྗེ་ཞེས་པ་ནས་བསྒོམ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྐྱེད་པ་དེ་ལ་གོང་དུ་བསྟན་པའི་མིག་ལ་ཞེས་པ་ལ་སོགས་པས། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའང་བྱ་བར་གོ་བར་བྱའོ། །ཡང་ཡེ་ཤེས་པ་དགུག་གཞུག་བྱ་བ་དང༌། དབང་བསྐུར་ནས་རྒྱས་གདབ་པའི་མཐར། ནང་དུ་བརྗོད་ཅེས་པ་ལ་སོགས་པས་བཟླས་པ་བསྟན་པའི་བར་དུ་གོ་བར་བྱའོ། །ལེའུ་བཅུ་གསུམ་པ་རྣལ་འབྱོར་མའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་པ་ནི། ཤེས་རབ་ཕ་རོལ་ཕྱིན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་ཤེས་རབ་ཕ་རོལ་ཕྱིན་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་ཐབས་ལྷ་མོ་རྣམས་ཏེ། དེ་ཉིད་བསྟན་པ་རྣལ་འབྱོར་མ་ཞེས་མངོན་པར་བརྗོད་ཅེས་བསྟན་པ་སྟེ། རྣལ་འབྱོར་མ་ནི་ལྷ་མོ་རྣམས་ཏེ། དེ་དག་གིས་གཙོ་བོར་བྱས་ནས་བསྟན་པ་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་ལྷ་མོ་ལ་གཞག་པའོ། །ཡང་ཤེས་རབ་ཕ་རོལ་ཕྱིན་ཞེས་པ་ལ་སོགས་པའི་ཚིག་གཉིས་པོ་དང༌། ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པས་རྫོགས་པའི་རིམ་པའི་དབང་དུ་བྱས་ནས་བསྟན་པ་སྟེ། དེའང་ཤེས་རབ་ཕ་རོལ་ཕྱིན་པ་ནི་སྔར་བཤད་པ་དང་འདྲའོ། །ཐབས་ནི་དེ་བསྐྱེད་པའི་རྟེན་ལས་ཀྱི་ཕྱག་རྒྱ་སྟེ། རྣལ་འབྱོར་མ་ཞེས་བརྗོད་པས། ཡང་བུད་མེད་རྣལ་འབྱོར་ཏེ། ཕྱག་རྒྱ་ཆེན་པོ་སྦྱོར་བ་ནི། ཕྱག་རྒྱ་དང་ཐབས་རང་ཉིད་ལྷར་བསྐྱེད་པ་སྟེ། ལྷའི་འདུ་ཤེས་སོ། །ཆོས་ཀྱི་འདུ་ཤེས་དང་སྔགས་ཀྱི་བྱིན་གྱིས་བརླབ་པ་ཡང་གོ་བར་བྱའོ། །དེ་རྣམས་ཀྱིས་ནི་རྣལ་འབྱོར་མ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་ཏོ། །གང་ཕྱིར་ཞེས་པ་ལ་སོགས་པས་ནི། རྒྱུད་དུ་གཞག་པའི་རྒྱུ་མཚན་བསྟན་ཏོ། །གང་ཕྱིར་ཞེས་པ་ནི་དྲི་བ་སྟེ་གང་གི་ཕྱིར་རྒྱུད་ཅེས་བྱ། ཞེས་པའོ། །དེ་ཉིད་བརྟེན་པའི་ཞེས་པ་ནི་སྒྲ་འཇུག་པའི་རྒྱུ་མཚན་ཏེ། ཏནྟྲ་ཞེས་བྱ་བ་རྒྱུད་ལ་ཡང་འཇུག རྒྱས་པ་ལ་ཡང་འཇུག བརྟེན་པ་ལ་ཡང་འཇུག་པ་ལས། འདིར་བརྟེན་པ་ལ་བྱ་སྟེ། སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་དེ་ཉིད་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མངོན་དུ་བྱེད་པ་ལ་བྱའོ། །དེ་དག་གིས་ནི་ལྷ་གཙོ་བོར་བྱས་ནས་དཀྱིལ་འཁོར་གྱི་རང་བཞིན་ལྷ་མོ་ལ་གཞག་པ་ལ། རྣལ་འབྱོར་མའི་རྒྱུད་ཅེས་བྱ་བ་དང༌། རྫོགས་པའི་རིམ་པའི་དབང་དུ་བྱས་ཏེ། གཞན་ལུས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ། རྣལ་འབྱོར་མའི་རྒྱུད་ཅེས་གཞག་སྟེ། གཉིས་པོ་དེ་གཉིས་ཀ་འདིས་ཟིན་ཏོ། །དོན་གྱིས་ན་དཀྱིལ་འཁོར་གྱི་ལྷ་ཕོ་ལ་གཞག་པ་དང༌། རྫོགས་པའི་རིམ་པ་རང་ལུས་ཐབས་ལྡན་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱེད་པ་རྣལ་འབྱོར་གྱི་རྒྱུད་དུ་གོ་བར་བྱའོ། །རྟེན་གྱི་གང་ཟག་གི་སྒོ་ནས་གཞག་པ་ནི་སྔར་བསྟན་པ་ལ། འོག་ཉིད་ནས་ཀྱང༌། སྐྱེས་བུ་རྣམས་ནི་བསྡུ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ཀྱང་བསྟན་ཏོ། །ཁམས་དང་ཕུང་པོའི་འབྱུང་གནས་གཙོ་བོར་བྱས་ཏེ་བསྟན་པ་ནི་འདི་ནས་ཟིན་པ་མེད་དོ། །ཕའི་རྒྱུད་ལ་དབྱེ་བ་བརྒྱད་དང༌། མའི་རྒྱུད་ལ་དྲུག་ཏུ་ཕྱེ་བ་ཡང༌། རྟེན་གྱི་གང་ཟག་གི་སྒོ་ནས་མའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དུ་གཞག་པའི་དབང་དུ་བྱས་ནས་ཕྱེ་བའོ། །ཡང་རྫོགས་པའི་རིམ་པའི་སྒོ་ནས་མའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དུ་གཞག་པའི་དབང་དུ་བྱས་ནས་ཀྱང༌། བརྒྱད་དང་དྲུག་ཏུ་དབྱེ་བ་ཡང་འགལ་བ་མེད་གསུང༌། དེ་ནས་ཞེས་པ་ལ་སོགས་པས་ནི་རྒྱུད་འདིའི་དགོས་པའི་དོན་ནམ་ཤེས་པར་བྱ་བའི་ཡུལ་བསྟན་ཏེ། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ནི་ཤེས་པར་བྱ་བའི་ཡུལ་ཏེ། འདིས་ནི་རྫོགས་པའི་རིམ་པ་རང་བྱིན་གྱིས་བརླབ་པའི་རིམ་པ་བསམ་དུ་མེད་པའི་དོན་དུ་བསྟན་ཏེ། རྒྱུའི་རྒྱུད་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་ཡེ་ཤེས་རང་གི་ངང་གིས་རང་ཆས་སུ་གནས་པ་ལ་བྱ་གསུང༌། ཤེས་པར་བྱ་བའི་ཡུལ་དེ་ཉམས་སུ་ལེན་པའི་ཐབས། ལམ་ཉམས་སུ་བླང་བ་དང༌། ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་གསུམ་དུ། རྒྱུད་འདིའི་བརྗོད་བྱ་གནས་པར་བྱ་བ་ཡང་གསུང༌། གང་དུ་སེམས་ནི་རྣམ་བསྒོམ་པ། །ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་དང༌། སྙིང་རྗེ་དབྱེར་མེད་པ་དེ་བསྒོམ་པའི་དུས་སུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་དེ་ལོགས་སུ་མི་འཇོག རང་གི་སེམས་ལོགས་སུ་མི་འཇོག་པས་དེ་གཉིས་མི་ཕྱེད་པར་འདྲེས་པའི་ཚུལ་གྱིས་བསྒོམ་པ་སྟེ། དེ་ཡང་གང་ལྟར་ཡང་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པའོ། །ལེའུ་བཅུ་བཞི་པར་དང་པོར་རི་ལུའི་རིག་པ་འཛིན་པ་བསྟན་ཏེ། དེ་ལ་སྤྱིར་རི་ལུ་ལ་བརྟེན་ནས་མི་སྣང་བ་བསྒྲུབ་པ་དང༌། ནམ་མཁའ་ལ་འགྲོ་བ་ཡང་བསྒྲུབ་པ་སྟེ། འདིར་དང་པོ་མི་སྣང་བ་བསྒྲུབ་པ་ནི་དྲི་ལྔ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ནི་མི་བསྐྱོད་པའི་རྣལ་འབྱོར་གྱིས་བྱ་གསུང༌། ལྷག་མ་རྡོ་རྗེ་ཉི་མའི་རྣལ་འབྱོར་ལ་གནས་ཏེ་བསྒྲུབ་པར་བྱ་བ་གཉིས། རྟ་མཆོག་གི་གཅིག སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་ལ་བརྟེན་ཏེ་བསྒྲུབ་པ་གཅིག་དང༌། སྤྱིར་བཞིས་བསྟན་ཏེ། དེ་བཞིས་ཀྱང་རི་ལུ་ལ་བརྟེན་ནས་ཚེ་ཉི་མ་དང་ཟླ་བ་ཇི་སྲིད་གནས་ཀྱི་བར་དུ་གནས་པའི་དངོས་གྲུབ་སྟེ། དེ་ལ་རིག་པ་འཛིན་པའི་དངོས་གྲུབ་བྱ་གསུང་ངོ༌། །རྣམ་སྣང་གི་རྣལ་འབྱོར་ལ་བརྟེན་ནས་འཇིག་རྟེན་གསུམ་མཐོང་བ་དང་རྐང་མགྱོགས་གཉིས་སོ། །གནོད་མཛེས་ཀྱི་རྣལ་འབྱོར་ལ་གནས་པའམ། ཡང་ན་རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་གནོད་མཛེས་ལ་བཀའ་བསྒོ་བས། འདོད་པའི་ཁམས་ཀྱི་ལྷའི་བུ་དབང་དུ་བྱ་བ་སྟེ། ས་འོག་གི་རིག་པ་འཛིན་པ་བསྒྲུབ་པ་སྟེ། དེ་ལྟར་ལྔའམ་དྲུག་གིས་དངོས་གྲུབ་བརྒྱད་བསྒྲུབ་པ་བསྟན་ཏོ། །དེ་ནས་ཤིན་ཏུ་བཞིན་བཟང་ཞེས་པ་ལ་སོགས་པས་གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དམ་ཚིག་དང་བཅས་པ་བསྟན་ཏེ། དེ་དག་གིས་ནི་ལེའུ་བདུན་པའི་དོན་མི་གསལ་བ་གསལ་བར་བྱ་བའི་ཚུལ་གྱིས་བཤད་པའོ། །ཡང་སྲུང་བའི་འཁོར་ལོ་ནི། དེ་ནས་རྡོ་རྗེ་འཛིན་རྒྱལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ཡང་གོང་དུ་ལེའུ་བཅུ་གཉིས་པར་ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་བསྟན་པ་དེ་མི་གསལ་བ་གསལ་བར་བྱ་བའི་ཚུལ་གྱིས་བཤད་དོ། །དེ་ནས་བཅོམ་ལྡན་འདས་དཔའ་བོ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་རྫོགས་པའི་རིམ་པ་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏེ། འདིས་ནི་ཡང་གོང་དུ་ལེའུ་བདུན་པར་མཆོད་བསྟོད་བདུད་རྩི་ལ་སོགས་པ་ཞེས་པ་རང་བྱིན་གྱིས་བརླབ་པ་རགས་པའི་རྣལ་འབྱོར་བསྒོམ་པར་མ་ཟད་ཕྲ་མོའི་རྣལ་འབྱོར་ཡང་བསྒོམ་པར་བྱ། ཞེས་བསྡུ་བ་ཡིན་པ་ལས། དེའི་ཕྲ་མོའི་རྣལ་འབྱོར་ཏེ། འདིས་རང་བྱིན་གྱིས་བརླབ་པ་དམིགས་བཅས་བསྒོམ་པ་བསྟན་ཏེ། དེ་ཡང་དང་པོར་རང་ཉིད་དཀྱིལ་འཁོར་དུ་བསྒོམས་པའི་རྗེས་ལ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམ། དེར་ཧཱུྃ་སྔོན་པོ་ནས་ཙམ་ཅིག་ཏུ་བསྒོམ། ལྟེ་བར་ཨ་བསམས་ལ། ཧཱུྃ་འོད་ཐུར་དུ་འཕྲོས་པས་ཨ་ལ་ཕོག་པས། ཨ་བསྐུལ་ཏེ་འབར། སྙིང་གའི་ཧཱུྃ་ལ་ཕོག་སྟེ་ཞུ་ནས་བྱང་སེམས་འབབ་པར་བསམ་མོ། །དེ་ཡང་ཡུམ་གྱི་རྩ་མཁའ་འགྲོའི་གདོང་གི་བར་དུ་བསམ་པའམ། ཡང་ན་ཞུ་བའི་བྱང་སེམས་ཐིག་ལེ་དེ་ལྟེ་བའི་ཨྃ་གི་གནས་སུ་བསམ་པ་སྟེ། ཐིག་ལེ་དེ་ཉིད་ལ་དམིགས་ནས་དེ་ཉིད་ཁམས་གསུམ་པོ་ཐམས་ཅད་ཀྱི་ངོ་བོར་བསྒོམ་མོ། །དེ་ལྟར་བསྒོམས་ལ་དེ་ནས་ཐིག་ལེ་དེ་ལས་འོད་འཕྲོས་པས། སེམས་ཅན་གྱི་དོན་བྱས་ནས་སླར་ཐིག་ལེ་ལ་བསྡུ། དེ་ནས་གཞལ་ཡས་ཁང་ལ་བསྡུ། ལྷ་ཡང་བདག་ལ་བསྡུ། བདག་རང་ཡང་སྙིང་གའི་ས་བོན་ལ་བསྡུ། ལྷ་མོ་ཡང་ཐིག་ལེ་ལ་བསྡུས་ནས། ཐིག་ལེ་ལ་དམིགས་ཤིང་བསྒོམ་པའམ། ཐིག་ལེ་དེ་ཡང་ཇེ་ཕྲ་ལ་མི་དམིགས་པར་བྱ་བའམ། རང་རིག་པ་ལ་བློ་བཞག་སྟེ། གང་ལྟར་ཡང་མི་དམིགས་པར་བློ་བཞག་པ་ལ་བསྒོམ་པའི་རིམ་པའོ། །གླུ་བསྟན་པ་ནི་ལེའུ་གཉིས་པར་སངས་རྒྱས་ཀྱི་གར་བསྟན་པ་དང་འབྲེལ་པ་སྟེ། གར་གྱི་དུས་སུ་གླུ་ཇི་ལྟར་བླང་བ་བསྟན་ཏོ། །འདི་ཡང་བཤད་པ་ནི། དབྱིངས་ཀྱི་ཆ་ནས་སེམས་དཔའ་ལ་རྟོག་པས་བཏགས་པ་དང་བྲལ་བར་གསུང༌། ཡེ་ཤེས་ཀྱི་ཆ་ནས་སེམས་དཔའ་ལ་སོགས་པར་རྟོག་པས་བཏགས་པ་དང་བྲལ་བ་གཉིས་སུ་སྦྱར་ནས་གསུང་ངོ༌། །ཡིད་ཀྱི་མར་ཁུ་ཞེས་པ་ལ་སོགས་པས་ཕྱིའི་སྦྱིན་སྲེག་བསྟན་ཏེ། དེ་ཡང་སྔར་ལེའུ་བརྒྱད་པར་བསྲེག་རྫས་རྣམས་དང༌། སྔགས་བསྟན་པས་དེ་གསལ་བར་བྱ་བའམ། མ་ཚང་བ་ཁ་བསྐང་བར་བྱ་བའི་ཚུལ་བསྟན་ཏོ། །དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དུས་སུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དེ་མཆོག་གི་ཟེ་བའི་གནས་སུ་བཟུང་ལ། དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བ་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྤྱིར་ཕྱག་རྒྱ་ལ་བརྟེན་པ་སྟེ། དང་པོ་དབང་གསུམ་པའི་དུས་སུ་བརྟེན་པ་དང༌། དེ་ནས་དབང་གི་ཉམས་མྱོང་དེ་ཀ་ལམ་དུ་བྱེད་ཙམ་ན་ཡང༌། ཕྱག་རྒྱ་ལ་ཉམས་མྱོང་བསྐྱེད་ཅིང་བསྒོམས་པས་བར་དུ་བརྟེན་པ་དང༌། དེ་ལམ་གྱི་དུས་སུ་རང་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པའམ། དཀྱིལ་འཁོར་འཁོར་ལོའི་རྫོགས་པའི་རིམ་པ་བསྒོམས་པར་བྱས་པ་དེས། ལན་ཅིག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཀར་ཡང་ཕྱག་རྒྱ་བསྟེན་པ་སྟེ། དེ་ཡང་རང་ལྷག་པའི་ལྷ་གང་ཡིན་པར་བསྐྱེད་པ་དང༌། ཕྱག་རྒྱ་ཡང་མཱ་མ་ཀཱི་ལ་སོགས་པར་བསྐྱེད་དེ། མཁའ་དང་གསང་བ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། སྙོམས་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་མངོན་དུ་བྱས་ཏེ་བཟུང་བ་ལས། འོག་ནས་འབྱུང་བའི་ཉི་མ་གཅིག་གིས་འགྲུབ་པ་དང༌། ཞེས་བྱ་བ་ལ་སོགས་པས་འགྲུབ་པའི་དུས་བསྟན་ཏེ། ཉི་མ་གཅིག་ལ་སོགས་པར་རྒྱུད་གཉིས་དུས་གཅིག་ཏུ་ཕྱག་རྒྱ་ཆེན་པོ་ཐོབ་པའོ་གསུང་ངོ༌། །དེའི་དོན་གཅིག་འདིས་བསྟན་པའོ། །སྤྱིར་རྗེ་བཙུན་འབྲོག་པ་དང་པོ་དང༌། བར་དང༌། ཐ་མ་གསུམ་ཀ་ལས་རྒྱ་བསྟེན་པར་བཞེད་དོ། །དེ་ནས་རྐང་སྟབས་ཀྱི་བཀོད་པ་ནི། གོང་དུ་ལེའུ་འདི་ཉིད་དུ་རྐང་སྟབས་བརྒྱད་དུ་ཆོ་ག་ཡིས། །ཞེས་པ་ལ་སོགས་པས་གར་བསྟན། དེ་མི་གསལ་བ་གསལ་བར་བྱ་བའམ། ཁ་བསྐང་བའི་ཕྱིར་བསྟན་ཏེ། འདི་ཡང་ས་ཡོངས་སུ་གཟུང་བ་ལ་སོགས་པ་དང་འབྲེལ་ལོ། །ལག་པའི་བཀོད་པ་ཡང་ས་ཡོངས་སུ་གཟུང་བ་ལ་སོགས་པ་དང་འབྲེལ་ལོ། །འདུག་སྟངས་ལ་སོགས་པ་ནི་ཚོགས་ཀྱི་མཆོད་པ་ལ་སོགས་པའི་དུས་སུ་བྱེད་པས། དེ་དང་འབྲེལ་ལོ། །གླུ་ཡང་ཚོགས་ཀྱི་མཆོད་པ་ལ་སོགས་པ་དང་འབྲེལ་ལོ། །ལྷག་མ་གོ་སླའོ། །ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply