༼ཀ༽
༄༅། །རྩའི་མངོན་རྟོགས་བཞུགས།།
༄༅། །རྩའི་མངོན་པར་རྟོགས་པའི་དོན་བསྟན་པ་ལས། རྩ་སུམ་ཅུ་རྩ་གཉིས་ཀྱི་སྤྱིའི་མཚན་ཉིད་བསྟན་པ་དང༌། དེ་རྣམས་ལས་གཙོ་མོ་གསུམ་དུ་བསྟན་པ་དང༌། གསུམ་པོ་དེ་སྤྱིའི་མཚན་ཉིད་ལས་དང་བཅས་པར་བསྟན་པ་ནི་གཞུང་ཉིད་དུ་གསལ་ལོ། །དེ་ནས་རྩ་སུམ་ཅུ་རྩ་གཉིས་པོའི་གནས་དང༌། རང་བཞིན་བསྟན་ཟེར་ཡང་རྩ་སུམ་ཅུ་རྩ་གཉིས་པོས་བསྟན་པའི་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ཀྱི་གནས་དང་རང་བཞིན་བསྟན་ཏེ། རྩའི་གནས་དང་རང་བཞིན་བསྟན་པར་ཡང་བྱས་ནས། རྩའི་འགྲེལ་པ་ཆུང་ངུ་ནས་བསྟན་པའི་གནས་དང་འགལ་བའི་ཕྱིར། །དེ་བས་ན་འདིར་བྱང་ཆུབ་ཀྱི་སེམས་ཀྱི་འཕོ་བ་བཅུ་དྲུག་ཕྲག་གཉིས་ཀྱི་གནས་དང་རང་བཞིན་དུ་བྱའོ། །དེ་ལ་རྩ་མི་ཕྱེད་མ་ལ་སོགས་པའི་གནས་ནི། སྤྱི་བོ་ལ་སོགས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ནི་མཐེ་བོ་ལ་སོགས་པར་འཕོ་བ་སྟེ། དེ་ཡང་རང་བཞིན་གྱི་ཚེས་གཅིག་ལ་སོགས་པ་ལ། མཐེ་བོ་ལ་སོགས་པར་འཕོ་བ་ཡིན་གྱི་རྩའི་སྣ། གནས་དེ་དག་ལ་གཏད་ནས་ཡོད་པས་རྩ་དེ་དག་ནས་བརྒྱུད་ནས་རྒྱུ་བ་ལྟ་བུ་ནི་མ་ཡིན་སྙམ་དུ་སེམས་སོ། །རང་བཞིན་བསྟན་པ་ནི། རྩ་དེ་དག་ཞུ་བས་གང་ཙམ་ན་རང་བཞིན་མེད་པ་ལ་སོགས་པའི་ཉམས་མྱོང་སྐྱེ་བ་ཡིན་པས། རྟེན་རྩ་ལ་ཡང་དེ་སྐད་ཅེས་གདགས་ཀྱི་དངོས་སུ་ནི་བྱང་སེམས་ཀྱི་ངོ་བོའོ། །དེ་ལྟར་རྩ་སུམ་ཅུ་སོ་གཉིས་པོ་ཀུན་ལ་སྦྱར་བའོ། །འཕོ་བ་ཡང་ཚེས་གཅིག་ནས་བཟུང་ནས་བཅོ་ལྔའི་བར་དུ་འཕོ་བ་བཅུ་དྲུག་བྱེད་དེ་ཚེས་བཅོ་ལྔ་ལ་གཉིས་འཕོ་སྟེ། ཨྃ་དང་ཨ་ཐུང་གི་རྣམ་པས་གཡས་དང་གཡོན་དུ་འཕོ་བར་བཤད་པས་སོ། །དགེ་བའི་བཤེས་གཉེན་གྱི་ཞལ་ནས། ཚེས་བཅུ་དྲུག་གི་བར་དུ་འཕོ་བ་བཅུ་དྲུག ཚེས་བཅུ་བདུན་ནས་གདོད་མར་ངོའི་ཚེས་གཅིག་ཏུ་བཟུང་གསུངས་ཏེ་མི་བདེའོ། །ཡར་ངོ་ལ་བསྟན་པ་བཞིན་ཚེས་བཅུ་དྲུག་ནས་གནམ་སྟོང་གི་བར་འཕོ་བ་བཅུ་དྲུག་སྟེ། གནམ་སྟོང་ལ་འཕོ་བ་གཉིས་སོ། །དེ་ཇི་ལྟར་ན་ཟླ་བ་གཅིག་ལ་རྩ་སུམ་ཅུ་རྩ་གཉིས་ནས་བྱང་སེམས་སུམ་ཅུ་རྩ་གཉིས་སུ་འཕོ་བ་སུམ་ཅུ་རྩ་གཉིས་བྱེད་དོ། །རྩ་དེ་དག་གི་དོན་དམ་པའི་ལས་ཀྱི་དབང་དུ་བྱས་ཏེ་སྐུ་གསུམ་གྱི་ངོ་བོར་བཞག་པ་ནི་གོ་སླའོ། །ཨཱ་ལི་ཀཱ་ལིའི་དོན་ཡང་སྤྱི་དོན་དུ་བཤད་ན། ཨཱ་ལི་ཀཱ་ལི་གཉིས་རང་ཡིན་ལ། སྦས་པར་བཤད་ན་རྡོ་རྗེ་དང་པདྨ་འམ། ཐབས་ཤེས་རབ་བོ། །སྐུ་གསུམ་གྱི་དོན་ནི་དབང་ལྟར་བཤད་ན་དགའ་བ་གསུམ་དུ་བཤད་དོ། །ཨེ་ཝྃ་མ་ཡ་ལ་སོགས་པའི་དོན་ནི་ཚུལ་བཞིས་བཤད་ལ། ཡང་གཉིས་པར་ན་འཁོར་ལོ་བཞི་ལ་བཤད་དོ། །འདིར་ཟླ་བ་དང་ཉི་མ་དང་ཨཱ་ལི་དང་ཀཱ་ལིའི་དོན་འདིར་འཕོ་བ་དང༌། ཆུ་ཚོད་དང༌། དབྱུ་གུ་དང་སྦྱར་ནས་བཤད་དེ། འཕོ་བ་ལ་སྦྱར་ན་རླུང་གི་འཕོ་བ་རགས་པའི་ཆ། ཉི་མ་དང་ཀཱ་ལིའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་འཕོ་བ་ཕྲ་བ་རྟོགས་དཀའ་བ་ནི་ཟླ་བ་དང་ཨཱ་ལིའི་དོན་ནོ། །ཆུ་ཚོད་ཕྱིའི་དབྱུ་གུའི་དུས་འཛིན་པ་ནི་རགས་པའོ། །ནང་གི་དབུགས་ཀྱི་གྲངས་བརྒྱ་ཉི་ཤུ་རྩ་གཉིས་རྒྱུ་བ་དང༌། ཡང་ཐབས་ལ་བྱང་སེམས་ཀྱི་འཕོ་བ་བཅུ་དྲུག ཤེས་རབ་ལ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་བརྩི་བ་ནི་ནང་གི་ཕྲ་བའོ། །དབྱུ་གུ་ཡང་ཐབས་དང་ཤེས་རབ་གཉིས་ལས་ཡར་ངོ་མར་ངོ་བརྩིས་པས་དྲུག་ཅུ་རྩ་བཞི་འོང་སྟེ། དེ་ནི་བྱང་སེམས་ལ་བརྩིས་པས་ཕྲ་བའོ། །ས་མཱཔྟ་མི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply