གུར་གྱི་རྒྱུད་ཀྱི་ཟིན་བྲིས། ༢

།གཞུང་ལས་ཡིད་དང་རྗེས་སུ་ཞེས་པར་སྦྱར་ཏེ། བསོད་ནམས་ཚོགས་བསགས་ནས། གཉིས་མེད་ལ་སོགས་པས་ཡེ་ཤེས་ཚོགས་སྟོན་པ་ལས། སྔགས་ཚན་དང་པོས་དབྱིངས་ཀྱི་དག་པ་སྟེ་སྤྲོས་བྲལ་གྱི་ངོ་བོར་དག་པའོ། །གཉིས་པ་ཡེ་ཤེས་ཀྱི་དག་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་དག་པའོ། །གསུམ་པ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་དག་པ་སྟེ། ཤེས་རབ་དབྱིངས་དང་ཐབས་ཡེ་ཤེས་དབྱེར་མི་ཕྱེད་པའི་རྣལ་འབྱོར་གྱི་ངོ་བོར་དག་པའོ། །ཡང་དང་པོར་ལུས་དག་པ་སྟེ། ལུས་སྟོང་པ་ཉིད་དུ་བསྒོམ་པ་ལ་སོགས་པའོ། །ཡང་ཡི་གེའི་གྲངས་ཀྱི་དབང་དུ་བྱས་ནས་དང་པོར་བདག་མེད་ལྷ་མོ་བཅོ་ལྔ། གཉིས་པ་ཡེ་ཤེས་མཁའ་འགྲོ་མ་ལྷ་བཅུ་གསུམ་པ། ཧེ་རུ་ཀ་ལྷ་ཅུ་བདུན་དག་པ་ཡིན་གསུངས་ཏེ། བཅུ་གསུམ་ལས་མི་སྣང་ངོ༌། །དེ་ལྟར་དག་པ་གསུམ་གྱིས་སྟོང་པར་བསྒོམ་པའི་གནས་སྐབས་ན་ཡང་ཡེ་ཤེས་མཁའ་འགྲོ་མའི་སྐུ་སྒྱུ་མ་ལྟ་བུར་ཡོད་པར་བསམས་ལ། དེས་དབུགས་དབྱུང་བ་དང་རྔུབ་པའི་ཚུལ་གྱིས་བསྐྱེད་པ། ཡེ་ཤེས་མཁའ་འགྲོ་མ་ནི་གཟུགས་ལ་སོགས་པས་བསྟན་ཏེ། མདུན་དུ་སྲུང་འཁོར་གྱི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་བར་དུ་ལུགས་འབྱུང་བཞིན་དུ་བསྐྱེད། དེའི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་འཕར་མ་གཉིས་པ། དེའི་ནང་དུ་གདན་རྣམས་བསྐྱེད་ལ། དེ་ནས་བདག་གི་སྙིང་གའི་ས་བོན་ལས་སོ་སོའི་ས་བོན་དབུགས་ཕྱིར་རྒྱུ་བའི་དུས་སུ་ཕྱུང་ལ། གདན་ཐོག་ཏུ་ཕྱིན་པ་དང་ལྷ་མོར་བསྐྱེད་དེ་མཐར་བདག་ཉིད་གཙོ་མོ་ལ་བསྟིམ་མོ། །སྤྲོས་པ་ལ་དགའ་ན་ཡན་ལག་གསུམ་ཡང་བྱའོ། །ས་བོན་ཡང་གཙོ་མོའི་ཧཱུྃ། འཁོར་གྱི་ཨ་ཨཱ་སྲོག་མེད། ཨྃ་རྀ་རཱྀ། ལྀ་ལཱྀ། ཕྲུྃ་ཕྲེཾ་ཕྲྃ་ངོ༌། །བཟླས་པའི་སྔགས་ཀྱང་དང་པོ་ཨོཾ། བར་དུ་རང་རང་གི་ས་བོན། མཐར་སྭཱ་ཧཱ་བཏགས་པས་སོ། །འདི་རྣམས་གཟུགས་སོགས་ཞེས་པ་ལ་སོགས་པས་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པའི་རྣལ་འབྱོར་པ་དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཐ་མལ་བའི་བུ་མོ་ལ་སོགས་པའི་རྣམ་པར་བྱས་ནས་གཟུགས་སྟོན་པ་བྱུང་ན་བརྡ་བྱས་པས་བྱིན་གྱིས་རློབ་སྟེ། མཁའ་འགྲོ་མ་ལྔའི་བརྡ་འདི་ཉིད་ཀྱི་བརྟག་པ་བཞི་པ་དང་བདུན་པ་ནས་ཀྱང་འབྱུང་ལ། བཅུ་གསུམ་པོ་ཐམས་ཅད་ཀྱི་གདན་བཞི་ལས་འབྱུང་ངོ༌། །གཙོ་མོའི་ས་བོན་ཧཱུྃ་བཏུ་བ་ནི་རླུང་ནི་ཡ་ཡིན་ལ་དེ་ནས་བགྲངས་པའི་བདུན་པ་སའོ། །མེ་ནི་ར་ཡིན་ལ་དེ་ནས་ཀྱི་བདུན་པ་ཧའོ། །ས་དེ་རྡོ་རྗེའི་ས་བོན་ཏེ་ཨུས་བསྐུལ་བས་སུ་སྟེ་དེས་ཧའི་ཟླ་ཚེས་སུ་བྱའོ། །དེ་ཡང་ཟླ་ཚེས་ལས་ཀྱང་བདུད་རྩི་འབྱུང་སྟེ། སུྃ་ལས་ཀྱང་བདུད་རྩི་འབབ་པར་ཆོས་མཐུན་པས་སོ། །ཐིག་ལེ་སྟེ་ཨྃ་གི་ཟླ་ཚེས་ཀྱི་སྟེང་དུ་ཐིག་ལེ་བྱེད་ལ། སྒྲ་སྟེ་ཨཱུ་རིང་པོ་སྟེ་དེ་གཉིས་བསྣན་པས་ཧཱུྃ་ངོ༌། །རྒྱུན་གྱི་ཆར་ཞེས་པ་ནི་ཧཱུྃ་ལས་བདུད་རྩི་འཛག་པའོ། །འདིས་ཐོག་མར་ཨོཾ་དང༌། མཐར་སྭཱ་ཧཱ་བཏགས་པས་བཟླས་པའི་སྔགས་སུ་ཡང་འགྱུར། ཁ་ཟས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ཁ་ཟས་བདུད་རྩིར་གྱུར་ནས་མཐར་ཧཱུྃ་ཟླ་བ་དང་བཅས་པ་ཡང་ཞུ་ནས་ཐིམ་པར་བསམས་ན་ཁ་ཟས་བྱིན་གྱིས་བརླབ་པར་འགྱུར། རྫོགས་པའི་རིམ་པ་ཙཎྜཱ་ལཱིར་ཡང་འགྱུར་ཏེ་སྙིང་གར་ཧཱུྃ། ལྟེ་བར་ཨྃ་བསམས་ཏེ་འོག་རླུང་བསྐུམ་པས་ལྟེ་བའི་མེ་འབར་ཏེ་སྙིང་གའི་ཧཱུྃ་ཞུ་བས་བདུད་རྩིའི་རྒྱུན་འབབ་པའི་འབར་འཛག་ལ་དམིགས་པའོ། །བདག་མེད་མའི་སྒྲུབ་ཐབས་ནི་བརྟག་པ་གཉིས་པའི་ལེའུ་བརྒྱད་པར་གསུངས་པ་དང་མངོན་པར་རྟོགས་པ་ཆ་མཐུན། དེར་གཙོ་མོ་ཕྱག་གཉིས་མ་ལས་འདིར་ཕྱག་བཞི་མར་གསུངས་པ། དེར་འཁོར་རྣམས་སྐུ་མདོག་ནག་མོ་ལས། འདིར་སྣ་ཚོགས་སུ་བཤད་པས་ཚུལ་མི་འདྲ་བས་ཁ་བསྐང༌། ཕ་གིར་ཕྱག་མཚན་གྱི་དག་པ་སྟེ། ལྷར་བསྒོམ་པའི་ཕན་ཡོན། ཁ་དོག་གི་སྒོ་ནས་རྒྱལ་པ་རིགས་དྲུག་གི་སྒོ་ནས་ཡན་ལག་དྲུག་ཏུ་བསྒོམ་པ་གསུངས་པ། འདིར་མ་གསུངས་པས་མདོར་བསྡུས་ནས་བཤད་པའང་ཡིན་ནོ། །ཚིག་དོན་ལ་ཅི་གསུང་ཞེས་པ་རྩ་བའི་རྒྱུད་ཀྱི་ལེའུ་བརྒྱད་པར་རོ། །ནམ་མཁའི་ཞེས་པ་ལ་སོགས་པ་ལ། ཚོགས་གཉིས་བསགས་པ་ཧེ་རུ་ཀ་གསུམ་གྱི་སྐབས་སུ་བཤད་པ་ལ་ལྟོས་པས་ཁ་བསྐངས་ལ། སྟོང་པ་ཉིད་ཀྱི་ནམ་མཁར་རྃ་ལས་ཉི་མ་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམས་པ་ལས་འོད་འཕྲོས་པས་སྲུང་འཁོར་སྔར་བཞིན་བསྒོམ་མོ། །དེའི་ནང་དུ་ཆོས་འབྱུང་ངོ༌། །དེའི་ནང་དུ་འཁོར་ལོ་ཞེས་པ་བརྟེན་པ་ལྷའི་འཁོར་ལོའོ། །དེའི་སྔོན་དུ་གཞལ་ཡས་ཁང་ཅི་རིགས་པ་སྟེ་འབྱུང་བ་ལུགས་འབྱུང་བཞིན་དུ་གནས་པ་ལས་བསྐྱེད་ལ། བརྟེན་པ་ལྷ་རྣམས་ཇི་ལྟར་འབྱུང་བ་སྟེ་མངོན་བྱང་ལྔ་ལས་བསྐྱེད་པའོ། །རྒྱས་པར་བཤད་པའི་དོན་རྩ་བའི་རྒྱུད་ཀྱི་ཡི་གེར་བལྟ་བར་བྱའོ། །ཁྱད་པར་དུ་ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཞེས་པ་གསུམ་པའི་དང་པོར་བསྟན་པའོ། །གཡས་ན་དཀར་དང་ཞེས་པས་ལྷོ་ཕྱོགས་ཀྱི་གསང་བའི་དཀར་མོ་དངོས་སུ་བསྟན་ལ། ཤུགས་ལས་ལྷོ་ཤར་གྱི་ཤ་བ་རཱི་ཡང་དཀར་མོ་སྔོ་བ་ཞེས་པ་ཕྱིའི་འཕར་མའི་ཆོམ་རྐུན་མ་དངོས་སུ་བསྟན་ལ། ལྷོ་ནུབ་ཀྱི་ཙེཎྜཱ་ལཱི་ཡང་ཤུགས་ལས་སྔོན་མོར་བསྟན་ཏོ། །གཡོན་ན་མརྒད་ཅེས་པས་རྡོ་རྗེ་མཁའ་འགྲོ་མ་དངོས་སུ་བསྟན་ལ། ནུབ་བྱང་གི་གཡུང་མོའང་ཤུགས་ལས་མརྒད་ལྟ་བུར་བསྟན་ལ། སྔོན་དང་མཚུངས་ཞེས་པས་ཕྱིའི་འཕར་མའི་གྷསྨ་རཱི་དངོས་སུ་བསྟན་ལ། བྱང་ཤར་གྱི་པུཀྐ་སཱི་ཤུགས་ལས་བསྟན་ལ། ལྷ་མོ་བདུན་པོ་ནག་མོ་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་མངོན་པར་རྟོགས་པ་རྟེན་གྱི་གང་ཟག་ཐོག་མར་དབང་བསྐུར་བ་དང་ཡང་འབྲེལ་ལ། རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་དང་ཡང་འབྲེལ་ལོ། །རྒྱུད་སྡེ་གཞན་དེ་ཁོ་ན་ཉིད་འདུས་པའི་དུམ་བུ་དང་པོ་རྡོ་རྗེ་དབྱིངས་ཀྱི་དུམ་བུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྔོན་བྱུང་གི་རྣམ་པར་འཕྲུལ་པ། གཙོ་བོའི་དབང་དུ་བྱས་ནས་བཤད་པ་དེ་འདིར། རྗེས་འཇུག་གི་མངོན་པར་རྟོགས་པ་དང་སྦྱར་ཏེ་གསལ་བར་བཤད། ལྷ་སུམ་ཅུ་རྩ་བདུན་དུ་གྲངས་མཐུན། དེར་རྣམ་སྣང་གིས་གཙོ་བྱས་པ་འདིར་རྡོ་རྗེ་སེམས་དཔའ་གཙོ་བོར་བྱས་པ་དང༌། འཁོར་ཡང་ལ་ལ་མི་མཐུན། དེར་དཀྱིལ་འཁོར་ཡང་འཕར་མ་གཉིས་པ་ཡིན་ལ། འདིར་བཞི་པར་གསུངས་པས་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང༌། དབང་བསྐུར་བའི་ཆོ་ག་དང་འབྲེལ་པའི་དབང་དུ་བྱས་པ། རྒྱུད་ཕྱི་མ་དང་བཅས་པ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་པར་བཤད་དོ། །ཡང་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོར་བསྡུས་པའི་དཀྱིལ་འཁོར་གྱི་དོན་ཅུང་ཟད་གསུངས་པའི་དོན་གསལ་བར་བཤད་པ་ཡིན་ལ། དེར་གཙོ་བོ་ཞལ་བཞི་ཕྱག་བཞི་པ་ཡིན་ལ། འདིར་ཞལ་གསུམ་ཕྱག་དྲུག་པར་གསུངས་པས་ཚུལ་མི་འདྲ་བས་ཁ་བསྐང༌། བྱང་ཆུབ་སེམས་དཔའ་བརྒྱད་ཀྱང་རྒྱུད་ཕྱི་མ་ནས་འབྱུང་བའི་ཚུལ་གྱིས་ཁ་བསྐང༌། བསོད་ནམས་ཚོགས་བསག་ལེའུ་བཅུ་གཉིས་པ་དང་ཆ་མཐུན་ངེས་པ་བསྐྱེད་པའོ། །མངོན་པར་རྟོགས་པ་དཀྱིལ་འཁོར་སྒྲུབ་པའི་གནས་སྐབས་སུ་གསུངས་ཀྱང༌། དོན་ལ་བསྙེན་པའི་ལྷའི་རྣལ་འབྱོར་དང༌། ས་ཆོག་དང༌། སྟ་གོན་གྱི་དང༌། དཀྱིལ་འཁོར་སྒྲུབ་པའི་དང༌། རྫོགས་པའི་རིམ་པའི་སྟེང་དུ་བསྐྱེད་པའི་རིམ་པ་བསྒོམ་པ་སྟེ། གནས་སྐབས་ལྔར་འབྲེལ་བ་ལས་དང་པོ་བསྙེན་པའི་དུས་དང་སྦྱར་ན། དེ་ལ་དང་པོ་ལྷ་ཉིད་ཀྱིས་ཞེས་པར་སྦྱར་ཏེ། ཚོགས་གཉིས་བསག་པ་གཞུང་ན་གསལ་ལ། སྟོང་པའི་ངང་ལས་རྃ་ལས་ཉི་མ་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པ་དང༌། སུམ་བྷ་ནི་བརྗོད་པ་ཙམ་གྱིས་སྲུང་འཁོར་སྒོམ་པ་ཁ་བསྐང༌། དེའི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་འབྱུང་གི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པ་སྟེ། གདན་དང་བཅས་པ་ལ་སོགས་པས་མདོར་བསྟན་ནས། རླུང་དང་ཞེས་པ་ལ་སོགས་པས་རྒྱས་པར་བཤད་དོ། །དེར་མངོན་བྱང་ལྔས་རྡོ་རྗེ་སེམས་དཔའ་བསྐྱེད་ལ། གོང་དུ་རང་སེམས་དེ་ཉིད་ལ་སོགས་པ་སྦྱར་ཏེ། མངོན་བྱང་དང་པོ་གཉིས་ལ་རང་གི་ངོ་བོ། བསྐྱེད་པའི་རྒྱུ། རྣམ་པ། མཚན་མ། སྔགས་བརྗོད་པ་སྟེ། ལྔ་པ། གོང་མ་གསུམ་ལ་མཚན་མ་མེད་པའི་བཞི་བཞིའོ། །དེ་ལ་དང་པོ། སེམས་སོ་སོར་རྟོག་པ་ལ་མངོན་པར་བྱང་ཆུབ་པ། སེམས་བརྟགས་པ་དང་རྟོག་པའི་དྲི་མ་དང་བྲལ་བར་རྟོགས་པའོ། །གཉིས་པ་སེམས་བསྐྱེད་པ་ལ་མངོན་པར་བྱང་ཆུབ་པ་ནི། སེམས་རྟོགས་པ་དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །གསུམ་པ་རྡོ་རྗེ་ལ་བྱང་ཆུབ་པ་ནི་དེ་ཉིད་བརྟན་པར་བྱེད་པའོ། །བཞི་པ་སྤྲོ་བསྡུ་ལ་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་དང་དབྱེར་མེད་པའོ། །ལྔ་པ་སྐུ་རྫོགས་པ་ལ་བྱང་ཆུབ་པ་ནི། བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་དང་དབྱེར་མེད་པར་མ་ཟད་གཟུགས་ཀྱི་སྐུ་དང་ཡང་དབྱེར་མེད་པར་རྟོགས་པའོ། །དེ་རྣམས་ཀྱང་དོན་ཡེ་ཤེས་གཅིག་ཡིན་ལ། ལྡོག་པས་ཕྱེ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་ཉིད་ལ། དེ་ཉིད་རྗེས་འཇུག་ལ་མངོན་པར་རྟོགས་པ་བསྟན་པའི་དོན་དུ་སྔོན་འབྱུང་ལ་རིམ་ཅན་ལྔར་བསྟན་ཏེ། མངོན་བྱང་ལྔའི་ཚུལ་གྱིས་སངས་རྒྱས་པར་བསྟན་པ་ཡིན་ནོ། །མངོན་བྱང་ལྔའི་རྒྱུ་ནི་གོང་མ་བཞི་པོ་ཉིད་ཡིན། སྐུ་དང་ཞེས་པ་ལ་སོགས་པས་གཞུང་བསྡུ་བ་སྟེ། སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་མངོན་བྱང་དང་པོ་གསང་བ་གཉིས་པ། དེ་བཞིན་དུ་དཔྱིད་བཞི་པ། སྤྱོད་ཡུལ་ལྔ་པ། དེ་ཉིད་རྟོགས་པ་གསུམ་པའོ། །དེས་གཙོ་བོ་བསྐྱེད་པས་དེ་ནས་དེ་ལྟར་བདག་ཉིད་རྣམ་སྣང་ཆེན་པོར་བསྐྱེད་ནས་ཞེས་པར་སྦྱར་རོ། །དེ་ནས་འཁོར་བསྐྱེད་པ་གོང་དུ་དེ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པར་སྦྱར་ཏེ། མཁའ་གསང་བྱིན་གྱིས་བརླབས་ཏེ། སྙོམས་པར་ཞུགས་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྣ་གཡོན་ནས་ཞུགས། ཤེས་རབ་ཀྱི་རྗེས་ཆགས་ཀྱི་མེས་ཞུ། རྡོ་རྗེའི་ལམ་ནས་པདྨར་ཕབ་པ་ལས་ཐིག་ལེ་ལས་ས་བོན་སུམ་ཅུ་རྩ་དྲུག་སྟེ། དེ་ལས་ཕྱག་མཚན་སོ་དྲུག་ཏུ་བསྐྱེད་ལ་བཏོན་ཏེ་སོ་སོའི་གནས་སུ་དགོད་པའོ། །དེ་ཤར་དུ་ནི་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པར་སྦྱར་རོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས། དེའི་སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་པ། ཧཱུྃ་གི་སྔགས་འདིས་ཞེས་པ་ལ་སོགས་པས་བསྟན་ཏེ་བཀའ་གདམས་སུ་ཐམས་ཅད་མངོན་བྱང་ལྔས་བསྐྱེད་གསུངས་ལ། གཞུང་ནི་གཙོ་བོའི་ཆོ་ག་ཡན་ལག་བཞིར་གསལ་ལ། འཁོར་རྣམས་ས་བོན་ཙམ་ལས་བསྐྱེད་པར་གསལ་ལོ། །དེའི་ཐུགས་ཀར་ཡང་ཏིང་ངེ་འཛིན་སེམས་དཔའ་ས་བོན་སོ་སོར་བསམ་མོ། །དེ་ནས་སྤྲོས་པ་ལ་དགའ་ན་ཡན་ལག་གསུམ་བྱ། དེ་ནས་བརྟག་པ་བདུན་པ་དང༌། བརྒྱད་པ་ལས་འབྱུང་བའི་ཚུལ་གྱིས་བཟླས་པ་བྱའོ། །དེ་ནས་དཀྱིལ་འཁོར་གནས་ནི་ཞེས་པ་ལ་སོགས་པར་འབྲེལ་ཏེ་ས་ཆོག་བྱ་དེ་ནས་སྟ་གོན་གསུམ་རྒྱུད་ཕྱི་མ་ལས་འབྱུང༌། ཐིག་ཚོན་ནི་སར་པ་ལེགས་པར་བཀལ་བ་ལ་སོགས་པས་བསྟན་ལ། ལྷ་དགོད་པ། དེ་ནས་དཀྱིལ་འཁོར་ནང་དུ་ནི། །སངས་རྒྱས་གཟུགས་བརྙན་རྣམ་པར་དགོད། །ཅེས་པ་དང༌། འོག་ནས་དེ་ལྟར་བཀོད་པ་དང་ཞེས་པ་ལ་སོགས་པ་སྦྱར་ལ། དེ་ནས་དཀྱིལ་འཁོར་སྒྲུབ་པ་གསུངས་པ་དཀྱིལ་འཁོར་ཆོ་ག་ལ། སྒྲུབ་པ་ཁྱོད་ལ་བཤད་པར་བྱ། །དེ་ལ་དང་པོ་ལྷ་ཉིད་ཀྱི་ནས་བཟུང་ནས་སྔར་ལྟར་ཤེས་པར་བྱས་ལ། དེ་ཡང་གཞལ་ཡས་ཁང་བདག་གིས་བསྐྱེད་པ་དང་མདུན་གྱི་ཐ་མི་དད། གཙོ་བོ་ཡང་བདག་དང་མཐུན་གྱི་ཐ་མི་དད་པར་བྱས་ནས། དམ་ཚིག་པའི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་བསྒྲུབ། ཡེ་ཤེས་དགུག་གཞུག་ལ་སོགས་པ་ཡན་ལག་གསུམ་དང་མཆོད་པ་བྱས་ལ། དེ་ནས་འཇུག་ཅིང་དབང་བསྐུར་བ་རྒྱུད་ཕྱི་མ་ལས་དབང་གི་གྲངས་ཙམ་ཞིག་གསུངས་སོ། །དྲག་པོའི་གདན་ཅན་ནི། རྒྱུད་སྡེ་གཞན་སྒྱུ་མ་བདེ་མཆོག་གི་རྟོག་པ་ལྔ་པ་མི་བསྐྱོད་པའི་དབུགས་དབྱུང་བ་དང༌། གཙོ་བོ་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པས་གདུལ་བྱ་ཞེ་སྡང་ཅན་དབུགས་དབྱུང་བའི་ཕྱིར་དྲག་བཅས་རྒྱས་བཏབ་སྟེ། གདན་དུ་བྱས་པ་ལ་སོགས་པ་ཆ་མཐུན། དེ་ལ་ལྷ་དགུ་ཡིན་ལ་འདིར་བཅུ་བདུན་དུ་མ་ཚང་བ་ཁ་བསྐང༌། ཡིག་འབྲུ་ཙམ་ལས་བསྐྱེད་པའི་མངོན་པར་རྟོགས་པ་གསལ་བར་བཤད། དུར་ཁྲོད་བརྒྱད་མ་ཚང་བ་ཁ་བསྐང༌། རྩ་བའི་རྒྱུད་བརྟག་པ་གཉིས་པའི་ལེའུ་གསུམ་པར། ཕྱག་གཉིས་པ་ལྷ་དགུའི་སྒྲུབ་ཐབས་བཤད་པ་དེར་དྲག་པོའི་གདན་ཅན་གྱི་ཚུལ་དུ་སྒྲུབ་པ་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་དང་ཡིག་འབྲུ་ཙམ་ལས་བསྐྱེད་པ་ནི། ཚུལ་མི་འདྲ་བའི་སྒོ་ནས་མ་ཚང་བ་ཁ་བསྐང༌། དེར། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་གསུངས་པའི་དོན་འདིར་གསལ་བར་བཤད་དོ། །མངོན་རྟོགས་ལ་ཚོགས་གཉིས་བསགས་པ་བསྡུས་པའི་དཀྱིལ་འཁོར་ལ་ལྟོས་ནས་མ་གསུངས། སྲུང་འཁོར་གྱི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པའི་མཚན་ཉིད། གོང་མ་ལྟ་བུའི་ཕྱེད་ཅེས་པ་བསྡུས་པའི་དཀྱིལ་འཁོར་ལ་འཕར་མ་བཞི་ཡོད་པས་འདིར་འཕར་མ་གཉིས་པའོ། །དེའི་ནང་མ་ཐིག་བཞི་བཏབ་པས་ལེ་ཚེ་དགུར་བྱས་པ་ལྷ་རྣམས་ཀྱི་གནས་སུ་གདན་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་རེ་རེ་བསམས་ལ། དེར་ཡིག་འབྲུ་རེ་ལས་ལྷ་བསྐྱེད་པར་བྱའོ། །དྲག་བཅས་ལ་སོགས་པ་རྒྱས་གདབ་པ་ནི་གདན་དུ་མནན་པའོ། །སྨོས་བྱས་ནི་སེམས་སོ། །ཤ་ཟོས་བྱས་ནས་རྗེས་གཟུང་ཐལ་བའི་དངོས་པོ་ཙམ་ལུས་པ་དེ་སླར་གསོས་ཏེ་ཐར་པ་ལ་དགོད་པའོ། །གྲགས་པ་ཉེ་བར་མི་ཟད་དེ་ལ་སོགས་པས་ཀྱང་དོན་དེ་ཉིད་བསྟན་ཏོ། །དེ་ལྟར་ན་ལས་རྒྱས་པའི་ལྷ་མོ་གསུམ་བོར་ནས། རིགས་བཞི་ཡུམ་བཞི་བྱས་ནས་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས། དེ་ཕན་ཡོན་གྱི་ཚུལ་གྱིས་གཞུང་བསྡུ་བ་དེ་ལྟར་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ཏོ།།  །།བརྟག་པ་བཞི་པ་རིལ་པོའི་བརྗོད་བྱའི་དོན་གཙོ་བོར་སྤྱོད་པ་དང་འབྲེལ་པས་སྦས་པ་ཡིན། ཚོགས་ལ་སོགས་པའི་དུས་སུ་དམ་ཚིག་དང་ལྡན་པ་དང་མི་ལྡན་པ་དབྱེ་བ་དང་ཡང་འབྲེལ་བས། བསྐྱེད་རིམ་དང་སྤྱིར་ཡང་འགྲོ། རྗོད་བྱེད་ཀྱི་སྒྲ་བསྡུས་པའི་དོན་གྱི་མན་ངག་གཙོ་བོ་ཡིན་ལ། གཉིས་པོ་ཡང་ཅུང་ཟད་འཇུག་པའི་སྐབས་ཡོད། མངོན་པར་རྟོགས་པ་ཡང་མཆོག་སྒྲུབ་པའི་སྤྱོད་པའི་ཡན་ལག་ཏུ་གཙོར་འབྲེལ། ཚོགས་དང་འབྲེལ་བས་དངོས་གྲུབ་མཐའ་དག་གི་དམ་ཚིག་དང་ཡང་འབྲེལ་ལོ། །རྒྱུད་སྡེ་གཞན་ནི་རྡོ་རྗེའི་གླུ་བསྟན་པ། བརྟག་པ་གཉིས་པའི་ཕྱག་རྒྱ་བསྡུས་པའི་ལེའུར་གསུངས་པ་དང་ཆ་མཐུན། མཁའ་འགྲོ་མ་ལྔའི་བརྡ་གདན་བཞིའི་གཞན་གྱི་གདན་གྱི་རབ་བྱེད་བཞི་པ་དང༌། རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་རྩ་གཉིས་པ་གཉིས་ཀ་དང་ཆ་མཐུན། ཌ་ལ་སོགས་པའི་ཡི་གེ་རེ་རེའི་བརྡ་ནི། བདེ་མཆོག་ཉུང་ངུའི་ལེའུ་བཅོ་ལྔ་པར་གསུངས་པའི་བརྡའི་ངོ་བོ་ཙམ་བསྟན་པས་བསྡུས་ནས་གསལ་བར་བསྟན་པ་ཡིན་ལ། པུ་ལ་སོགས་པ་ཉི་ཤུ་རྩ་བཞིར་དེར་མ་ཚང་བ་ཁ་བསྐང་བ་ཡིན། ངག་གི་བརྡ་ཞེས་པས་ཡི་གེ་འདུས་པའི་བརྡ་ནི་བདེ་མཆོག་གི་ལེའུ་ཉི་ཤུ་རྩ་བཞི་དང་ཆ་མཐུན། ཡང་རྒྱུད་དེ་རྣམས་རེ་རེ་ཡང་འདིས་ཕྱོགས་གཅིག་ཏུ་བསྡེབས་ཏེ་ཕན་འདོགས་པས་མི་གསལ་བ་གསལ་བར་བཤད་པས་བཤད་པའི་རྒྱུད་དོ། །རབ་བྱེད་གཉིས་པས་ནི་བདེ་མཆོག་གི་ལེའུ་བཅུ་བདུན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་གསུངས་པ་འདི་འདིར་དོན་གཅིག་པས་འཇིག་རྟེན་པའི་མིང་གི་རྣམ་གྲངས་ཁོ་ན་གསུངས་པས་བསྡུས་ནས་གསལ་བར་བཤད་པའི་རྒྱུད་དོ།།  །།རབ་བྱེད་གསུམ་པས་ནི་བདེ་མཆོག་ལེའུ་བཅོ་བརྒྱད་པར་མཁའ་འགྲོ་མ་རིགས་དྲུག་གསུངས་ལ། བཅུ་དགུ་པར་ལཱ་མཱ་རིགས་ལྔ་གསུངས་ལ། དེ་འདིར་ཕྱོགས་གཅིག་ཏུ་བཤད་པ་ཡིན་ལ། མཚན་ཉིད་ཆ་མཐུན་པ་ཡིན་ནོ། །རབ་བྱེད་བཞི་པ་ནི་བདེ་མཆོག་ལེའུ་ཉི་ཤུ་རྩ་གསུམ་པར་ལུས་བརྡ་ཙམ་གསུངས། རྩ་གཅིག་པར་བརྡ་དེ་གཞན་ལ་མི་སྟོན་པར་གཙོ་བོར་བྱས་ནས་བསྟན། རྩ་གཉིས་པར་ཡན་ལག་དུ་མའི་བརྡ་གཙོ་བོར་བསྟན་པ་དེ་འདིར་རབ་བྱེད་གཅིག་ཏུ་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་བཤད་པས་བཤད་པའི་རྒྱུད་དོ།།  །།ལྔ་པའི་རབ་བྱེད་དང་པོ་ཡང་བརྗོད་བྱ་གཙོ་བོར་སྤྱོད་པ་དང་འབྲེལ་པས་སྦས་པ་ཡིན་ལ། ཚོགས་ཀྱི་མཆོད་པ་ལ་སོགས་པ་དང་འབྲེལ་པས་སྤྱོད་པ་དང་སྤྱི་ཡང་ཡིན། གནས་སྐབས་ཀྱི་མཐར་ཐུག་ས་བཅུ་ཡང་བསྟན་པས་གསུམ་ཀ་དང་འབྲེལ། རྗོད་བྱེད་བསྡུས་པའི་དོན་གཙོ་བོ་ཡིན་ལ་གཉིས་པོའང་ཡོད། མངོན་པར་རྟོགས་པ་རིམ་པ་གཉིས་ལ་གནས་པ་དེས་རང་གི་སེམས་ཀྱི་བརྟེན་གཡོ་བརྟག་པ་ལ་སོགས་ཀྱི་ཕྱིར་སྤྱོད་པ་བྱེད་པའི་ཡན་ལག་ཏུ་འབྲེལ། དམ་ཚིག་དང་སྡོམ་པ་དང་ཡང་འབྲེལ་ལོ། །རྒྱུད་སྡེ་གཞན་བརྟག་པ་གཉིས་པའི་ལེའུ་བདུན་པ་དང༌། མདོར་བསྟན་པ་དང་ཡུལ་གྱི་དབྱེ་བ་ཆ་མཐུན། ཡུལ་དེ་དག་གི་དུར་ཁྲོད་གང་དག་ན་ཤིང་དེ་དག་གནས་པ་མ་ཚང་བ་ཁ་བསྐང༌། གནས་རྣམས་དང་སྦྱར་བ་འདི་རྣམས་ནི་ས་བཅུ་གཉིས་ཏེ། ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་གསུངས་པའི་དོན་གསལ་བར་བཤད། ཕྱིའི་གནས་ནང་ལུས་ལ་སྦྱར་བ་ཁ་བསྐང༌། འདུ་བའི་དུས་ཆ་མཐུན། འདུས་པའི་བྱ་བ་དོན་བསྡུས་ནས་གསལ་བར་བཤད་པའི་རྒྱུད་ཡིན་ནོ། །ཚོགས་དོན་ལ་གནས་པ་དང་སྦྱར་བ་ཡུལ་དེ་རྣམས་ནང་ལུས་ཀྱི་ཆ་ཤས་སོ་གཉིས་ཡིན་པས་དེའི་རླུང་དང་བྱང་ཆུབ་ཀྱི་ཐོབ་སྐལ་དབུ་མར་ཐིམ་པ་ལས་དེ་དང་དེའི་རྟོགས་པ་སྐྱེ་བ་ཡིན་ནོ། །འདུ་བའི་དུས་དང་འདུས་པའི་བྱ་བ་དྲང་དོན་ངེས་དོན་གཉིས་སུ་བརྟག་པ་གཉིས་པའི་ཡི་གེ་ལས་རྟོགས་པར་བྱའོ།།  །།ལྔ་པའི་གཉིས་པ་བརྗོད་པར་བྱ་བའི་དོན། རང་བྱིན་གྱིས་བརླབ་པའི་སྦས་པ་ཡིན་ལ། དེའི་སྔོན་དུ་འགྲོ་བ་བསྐྱེད་རིམ་དང༌། ཕྱིའི་རྟགས་བརྒྱད་སྐྱེ་བ་ལ་སོགས་པ་ཕན་ཡོན་གྱི་ཚུལ་གྱིས་མཐར་ཐུག་ཏུ་ཡང་འགྲོ། རྗོད་བྱེད་ཡན་ལག་གི་དོན་གཙོ་བོ་ཡིན་ལ་གཉིས་པོའང་ཅུང་ཟད་ཙམ་འཇུག མངོན་པར་རྟོགས་པ་གནས་སྐབས་གཞན་དང་ཡང་སྦྲེལ་དུ་རུང་ཡང༌། འདིར་དམ་པའི་བརྒྱུད་པའི་གདམས་ངག་གིས་གཙོ་བོར་སྤྱོད་པ་བྱེད་པའི་སྔོན་དུ་དྲོད་ཐོབ་པར་བྱ་བའི་ཕྱིར་ཟླ་བ་ཕྱེད་དུ་ཉིན་མཚན་བྱེ་བྲག་མེད་པར་རང་བྱིན་བརླབ་བསྒོམས་ཏེ། སྤྱོད་པའི་ཡན་ལག་ཏུ་འབྲེལ་ལོ། །རྒྱུད་སྡེ་གཞན་ནི་མཉམ་པར་གཞག་པའི་དུས་ཀྱི་རང་རིག་པའི་དག་པ་གདན་བཞིའི་གསང་བའི་གདན་གྱི་རབ་བྱེད་གཉིས་པར་བདག་བྱིན་བརླབ་མདོ་ཙམ་བསྟན་ནས་རབ་བྱེད་བཞི་པར་རྒྱས་པར་བཤད་པ་དེ་དང་ཆ་མཐུན་པ་ཡིན་ལ། ཕྱོགས་གཅིག་ཏུ་བསྡེབས་པའི་ཚུལ་གྱིས་ཅུང་ཟད་གསལ་བར་ཡང་བཤད། དེ་ལྟར་བསྟན་པའི་མངོན་པར་རྟོགས་པ་དག་པ་གསུམ་དུ་བསྡུ་བ་ནི། བརྟག་པ་གཉིས་པའི་ལེའུ་དགུ་པ་དང་ཆ་མཐུན། ལྷ་སོ་སོའི་དག་པ་ཅུང་ཟད་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་ལེའུ་དང་པོ་དང་ཡང་ཆ་མཐུན་ནོ། །ཚིག་དོན་ལ་གསང་བའི་པདྨ་ནི་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་ཆོས་འབྱུང་གི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པ་སྟེ། ཆོས་འབྱུང་གི་ནང་དུ་ཆུད་པས་གབ་པ་ལྟ་བུར་འདུག་པས་སོ། །དེ་མཚོན་པར་བྱ་བས་ན་མཚན་ཉིད་དེ་དེར་ཡེ་ཤེས་མཁའ་འགྲོ་མ་མངོན་བྱང་ལྔས་བསྐྱེད་པའོ། །དེ་ཡང་ཡེ་ཤེས་ནི་ཤེས་རབ་སྟེ་ཡུམ་ཡེ་ཤེས་མཁའ་འགྲོ་མའོ། །སེམས་ནི་ཐབས་ཏེ་ཡབ་རྣལ་འབྱོར་ནམ་མཁའ་ཞེས་བྱ་བ་རྣམ་སྣང་ཡིན་ནོ། །འདྲེས་པ་ཞལ་སྦྱོར་དུ་གྱུར་པའོ། །རྫོགས་པ་ནི་སྐུ་རྫོགས་པའོ། །དེ་ཡང་རྒྱུ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ལས་བསྐྱེད་པས་བྱང་ཆུབ་རིམ་པའོ། །ཅི་ཞེས་པ་དྲི་བའོ། །ཚིག་དེ་ཉིད་རང་བྱིན་བརླབ་པ་ལྟར་ན་གསང་བའི་པདྨ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཡིན་ལ། དེས་མཚོན་ནས་འཁོར་ལོ་བཞི་ཀ་བསྟན་ཏོ། །མཚན་ཉིད་ནི་དེར་མཚོན་ཅིང་མངོན་དུ་བྱ་བའི་རང་བྱུང་གི་ཡེ་ཤེས་སོ། །ཡེ་ཤེས་ནི་ཤེས་རབ་སྟེ་གཏུམ་མོའི་མེས་ཡས་ཕབ་པའི་དཀར་བ་ཡིན་ནོ། །སྤྲུལ་པའི་འཁོར་ལོ་ན་གཞིར་གནས་པའི་བྱང་ཆུབ་ཀྱི་སེམས། སེམས་ནི་ཐབས་ཏེ་སྤྲུལ་པའི་འཁོར་ལོ་ན་གཞིར་གནས་པའི་གཏུམ་མོའི་མེས་ཡས་ཕབ་པའི་བྱང་ཆུབ་ཀྱི་སེམས། འདྲེས་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོར་འདྲེས་པའོ། །རྫོགས་པ་ལྟེ་བར་བྱོན་ཅིང་མངོན་དུ་བྱས་པའོ། །བྱང་ཆུབ་ནི་གནས་སྐབས་དེའི་མི་རྟོག་པའོ། །རིམ་པ་ནི་དེ་ཡང་འཁོར་ལོ་བཞིར་རིམ་གྱིས་མངོན་དུ་བྱས་པའོ། །ཚིག་དེ་ཉིད་དཀྱིལ་འཁོར་འཁོར་ལོའི་ཐབས་ལྟར་ན། གསང་བའི་པདྨ་ནི་ཆོས་འབྱུང་ངོ༌། །མཚན་ཉིད་དེར་མངོན་དུ་བྱས་པའི་ལྷན་སྐྱེས་ཡེ་ཤེས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས། སེམས་ནི་ཐབས་ཀྱི་བྱང་ཆུབ་ཀྱི་སེམས། འདྲེས་པ་ནི་དབང་གི་གནས་སུའོ། །རྫོགས་པའང་དེ་ཉིད་དུའོ། །བྱང་ཆུབ་གནས་སྐབས་དེའི་མི་རྟོག་པའོ། །རིམ་པ་ནི་དགའ་བ་བཞིའི་རིམ་པས་མངོན་དུ་བྱས་པའོ། །ལན་ལ་གནས་བཞི་ཞེས་པ་རྐང་པ་གཉིས་ཀྱིས་མདོར་བསྟན་ན་ནི་འོག་ནས་འབྱུང་བ་ལྟར་ཚད་མེད་པ་བཞི་བསྒོམ་པ་ནི་གནས་བཞི་མཉམ་པར་གནས་པ་སྟེ། དེས་མཚོན་ནས་བསྐྱེད་རིམ་ཐམས་ཅད་ཤེས་པར་བྱ་ལ། དེ་ནས། རྫོགས་བྱང་རིམ་པ་རྡོ་རྗེ་འཛིན། །ཞེས་པས་རང་བྱིན་གྱིས་བརླབ་པ་རྡོ་རྗེ་འཛིན་པའི་རང་བཞིན་བསྒོམ་པའོ། །ཡང་འོག་ནས་ཡེ་ཤེས་མཁའ་འགྲོ་མ་སེམས་དཔའ་སུམ་བརྩེགས་སུ་བསྐྱེད་པའི་སྐབས་སུ་འཆད་པ་ལྟར། གོང་བུར་གནས་པ་དེ་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། གོ་འཕང་དུ་གནས་པ་ཡེ་ཤེས་སེམས་དཔའ་བསྐྱེད་པའི་ས་བོན་དང༌། གཟུགས་སུ་གནས་པ་དེ་ལས་ཡེ་ཤེས་སེམས་དཔའ་བསྐྱེད་པ་དང༌། གཟུགས་ལས་འདས་པར་གནས་པ་སྟེ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ཡིན་ལ། དེ་ནས་རང་བྱིན་གྱིས་བརླབ་པ་བསྒོམ་པ། རྫོགས་བྱང་རིམ་པ་རྡོ་རྗེ་འཛིན་ཏེ། སྔར་དང་འདྲའོ། །ཡང་རང་བྱིན་བརླབ་འབའ་ཞིག་ཏུ་བཤད་ན། གནས་བཞི་ནི་འཁོར་ལོ་བཞི། མཉམ་པར་གནས་པ་ནི་དེ་ལ་ཐིག་ལེ་བཞི་མཉམ་དུ་གནས་པའོ། །རྫོགས་བྱང་རིམ་པ་བདེ་ཆེན་ནས་རིམ་པས་ལྟེ་བའི་བར་དུ་རྫོགས་པའོ། །དེ་ལྟ་བུའི་ཚུལ་རྡོ་རྗེ་འཛིན་གྱི་རང་བཞིན་བསྒོམ་པའོ། །དེ་རྣམས་ནི་ཡན་ལག་གི་དོན་ཡིན་ནོ། །ཡང་བསྡུ་བའི་དོན་གྱི་མན་ངག་གིས་རང་བྱིན་བརླབ་ཏུ་བཤད་ན་ལྟེ་བ་གཞིར་གནས་དང་ཡས་བྱོན་འདྲེས་པས་གོང་བུར་གནས་པ། གནས་སྐབས་དེའི་རང་རིག་པ་གོ་འཕང་གནས་ལ་བདེ་བ་གཟུགས་སུ་གནས་པ་མི་རྟོག་པ་གཟུགས་ལས་འདས་པར་གནས་པའོ། །རྫོགས་བྱང་རིམ་པ་ནི་བདེ་ཆེན་ནས་རིམ་གྱིས་ལྟེ་བར་རྫོགས་པའོ། །རྡོ་རྗེ་འཛིན་ནི་དེ་ཉིད་རྡོ་རྗེ་འཛིན་པའི་རང་བཞིན་དུ་བསྒོམ་པའོ། །དེ་ཉིད་དབང་ལྟར་བཤད་ན། ཐབས་ཤེས་རབ་ཀྱི་བྱང་སེམས་དབང་གི་གནས་སུ་འདྲེས་པ་གོང་བུ་དེའི་དུས་ཀྱི་རང་རིག་གོ་འཕང་དུ་གནས་པ། བདེ་བ་གཟུགས་སུ་མི་རྟོག་པ་གཟུགས་ལས་འདས་པར་གནས་པའོ། །རྫོགས་བྱང་རིམ་པ་དགའ་བ་བཞི་རིམ་གྱིས་རྫོགས་པའོ། །རྡོ་རྗེ་འཛིན་སྔར་བཞིན་ནོ། །ཅུང་ཟད་ཙམ་གྱིས་རྒྱས་པར་བཤད་པ་ནི་འོག་ནས་ཡིད་དང་མཐུན་པའི་ཞེས་པ་རྐང་པ་བཞིས་བསོད་ནམས་ཚོགས་བསག་ཚད་མེད་བཞིའི་བར་དུ་བསྟན། དེ་ནས་གོང་དུ་མཉམ་ཉིད་རྐང་པ་གཉིས་ཀྱིས་ཡེ་ཤེས་ཚོགས་བསག་བསྟན་ཏེ། དེ་ལྟར་ཚོགས་གཉིས་བསགས་པ་སྔོན་དུ་འགྲོ་བས་ལྷ་བསྐྱེད་དེ། དེ་ནས་རང་བྱིན་བརླབ་བསྒོམ་པ་ནི། སྤྱི་བོ་མེད་པ་བདེ་ཆེན་འཁོར་ལོ་སྟེ། དེ་ནས་ཧྃ་མགོ་བོ་བཅད་པ་ལྟ་བུ་ཡོད་པས་སོ། །སྤྱི་བོ་ནི་མགྲིན་པ་སྟེ། དེ་ན་ཨོཾ་རིང་པོ་ཡོད་པ་སྟེ། སྣ་ལྡན་གྱི་ཡི་གེ་ཡིན་པས་མགོར་བསྲིང་བའོ། །སྒྲ་ནི་ཨ་ཝ་དྷཱུ་ཏཱི་ཡིན་ལ། དེའི་མཐའ་ནི་ཆོས་ཀྱི་འཁོར་ལོའོ། །གསང་བ་པདྨ་ནི་སྤྲུལ་པའི་འཁོར་ལོའོ། །ཆ་ཞེས་ཨཱ་ལི་སྟེ་ཕྲག་གཉིས་ལྟེ་བ་ན་གཡོན་སྐོར་དུ་གནས་པའོ། །སྣ་ཚོགས་ཆ་མིན་ཏེ། ཀཱ་ལི་སོ་གཉིས་གཡས་སྐོར་དུ་བཀོད་པའོ། །ཡི་གེ་རྣམས་ཞེས་པ་ཙཀྲ་བཞི་ཆར་ལ་ཡི་གེ་བཀོད་པའོ། །དེ་བཞིན་དུ་ཡང་རྟེན་རྣམས་ཉིད། །ཅེས་པས། ལྟེ་བའི་ཨྃ་གི་རྟེན་བཤང་སྒོའི་རླུང་དང་སུམ་མདོའི་མོ་བསྒོམ་པ་སྟེ། རྒྱུད་ཕྱི་མ་ལས། ཡིག་འབྲུ་རྣམས་ཀྱང་དང་པོ་ཨ། །བརྟན་དང་གཡོ་བ་རྣམས་ལ་གནས། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ལྟེ་བས་དབང་བྱེད་པའི་རྩ་གསུམ་མོ། །ཆོས་ཀྱི་དབྱིངས་ཀྱི་རྣམ་པར་བྱེད། །ཅེས་པ་ལྟེ་བ་སྤྲུལ་པའི་འཁོར་ལོ་དེ། ལུས་ཐམས་ཅད་བསྐྱེད་པ་དང་ཆོས་ཀྱི་དབྱིངས་ཀྱིས་ཆོས་རྣམས་བསྐྱེད་པ་ཆོས་མཐུན་པས་སོ། །ཡང་རྒྱུད་ཕྱི་མ་ལས། ཆོས་ཀྱི་དབྱིངས་ནི་བྷྲཱུྃ་དུ་བརྗོད། །ཅེས་གསུངས་ཏེ། བྷྲཱུྃ་གིས་ཀྱང་གཞལ་ཡས་ཁང་བསྐྱེད་པས་ན་བྷྲཱུྃ་དང་ཡང་ཆོས་མཐུན་ནོ། །བསྡུས་ནས་ཞེས་པ་ཡས་ཕབ་པ་དང་སྤྲུལ་པར་བཞིར་གནས་པ་འདྲེས་པའོ། །དེ་ཉིད་གནས་པ་བཞི་ལས་གོང་བུའི་རྣལ་འབྱོར་རོ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་པ་ལ་རང་ཉིད་ནི་རང་རིག་པ་སྟེ་གོ་འཕང་དུ་གནས་པའོ། །སེམས་དཔའ་ནི་བདེ་བ་སྟེ་གཟུགས་སུ་གནས་པའོ། །རྡོ་རྗེ་མི་རྟོག་པ་སྟེ་གཟུགས་ལས་འདས་པར་གནས་པའོ། །ཆུའི་ཁམས་དང་མེའི་ཁམས་ཞེས་པས་བྱང་སེམས། དེ་ལས་འབྱུང་བ་བཞི་ལས་གཉིས་དངོས་སུ་བསྟན་ལ། གཉིས་ཤུགས་ལས་བསྟན་ཏོ། །དེ་རྣམས་རོ་གཅིག་པ་མཆོག་གི་གནས་ལྟེ་བར་སྤྱོད་པའོ། །ཐབས་བཞིར་གནས། ཤེས་རབ་ཡས་བྱོན་ནོ། །སངས་རྒྱས་བདུད་རྩི་ལྔའི་དྭངས་མ་དང༌། དབང་པོ་དྲུག་གི་དྭངས་མ་མངོན་དུ་བྱེད་པའོ། །དཀྱིལ་འཁོར་འཁོར་ལོ་ལྟར་ན། བསྡུས་ནས་ཞེས་པ་ཐབས་ཤེས་རབ་ཀྱི་བྱང་སེམས་བསྡུས་པ་ལ་སོགས་པ་གནས་པ་བཞི་སྔ་མ་ལས་བསྒྲེས་ཏེ་ཤེས་པར་བྱས་ལ། ཆུའི་ཁམས་སྒྲུབ་པ་པོའི་བྱང་ཆུབ་ཀྱི་སེམས། མེའི་ཁམས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས། རོ་གཅིག་ནི་འདྲེས་པའོ། །མཆོག་གི་གནས་ཁ་སྣའོ། །ཐབས་སྒྲུབ་བོ། །ཤེས་རབ་ཕྱག་རྒྱ། དེ་གཉིས་སྦྱོར་བའི་སྟོབས་ཀྱིས་སོ། །སངས་རྒྱས་གཟུགས་བརྙན་དབང་པོ་དྲུག་སྔར་དང་འདྲའོ། །དེ་ཡང་གང་ལ་བརྟེན་ནས་མངོན་དུ་བྱེད་ན། ཚད་མར་གྱུར་པའི་བསྟན་བཅོས་ཏེ། གྲུབ་ཐོབ་ཀྱི་སློབ་དཔོན་རྣམས་ཀྱིས་མཛད་པར་གྱུར་པའི་གཞུང་དང༌། ཚད་མར་གྱུར་པའི་སློབ་དཔོན་དང༌། ཚད་མར་གྱུར་པའི་ལུང་གི་རྗེས་སུ་འབྲངས་ནས། དེ་ཉིད་རིམ་པ་གཉིས་ཀྱི་དོན། གསང་དོན་དེ་ཉིད་དངོས་པོ་ཡང་རིམ་པ་གཉིས་སོ། །དེ་ཉིད་ལས་ནི་གཅིག་ལ་གཅིག་ཕན་ཚུན་ལྟོས་ནས་ཤེས་པའོ། །ཤིན་ཏུ་རྒྱས་པར་བཤད་པ་ནི། རང་བྱིན་གྱིས་བརླབ་པའི་སྔོན་དུ་ལྷའི་རྣལ་འབྱོར་འགྲོ་བས། ཡེ་ཤེས་མཁའ་འགྲོ་མ་གནས་པ་བཞིའི་རིམ་པས་བསྒོམ་པ་བསྟན་ཏེ། མདོར་བསྟན་གྱི་སྐབས་ལས་བསྟན་པ་ལྟར་བསོད་ནམས་ཀྱི་ཚོགས་བསོག་སོང་ནས་སྔགས་ཀྱི་མཚན་ཉིད་ཅེས་པ། བརྟག་པ་དང་པོར་ཆོས་ཅན་ཁམས་བཅོ་བརྒྱད་སྟོང་པར་གཏན་ལ་ཕབ་པའོ། །སྟོང་སོགས་རྣམ་པར་ཐར་པའི་སྒོ་གསུམ་མམ། ཡང་ན་མིང་གི་རྣམ་གྲངས་ཏེ། སྟོང་པ་ཉིད་ཡང་དག་པའི་མཐའ་དེ་བཞིན་ཉིད། ཆོས་ཉིད། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ་ལྔའོ། །དེས་ལུས་ཀྱི་དྲི་མ། ཀུན་ཏུ་བརྟགས་པའི་དྲི་མ་བཀྲུས་ནས་སོ། །དེ་ནས་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པའི་ནང་དུ། མངོན་བྱང་ལྔས་བསྐྱེད་པ་རྫོགས་པ་ནི་སྐུ་རྫོགས་པ་ཡིན་ལ། བྱང་ཆུབ་དེའི་རྒྱུ་མངོན་བྱང་ལ་རིམ་པ་ཨཱ་ལི་ལས་ཟླ་བ་ལ་སོགས་ཀྱིས་སོ། །སྦྱང་ཞེས་པ་ཐ་མལ་རྟོག་པའོ། །ཆུ་ཤིང་མེ་ཏོག་རྐང་པ་གཉིས་ཀྱིས་ཡེ་ཤེས་སེམས་དཔའི་ས་བོན་བསྒོམ་པ་བསྟན་པའི་ཞལ་ལས་ཙཎྜཱ་ལཱི་བདུན་པ་འཁོར་ལོ་གཉིས་ལ་བརྟེན་པ་བསྟན་ཏེ། སྙིང་གར་ཧཱུྃ། ལྟེ་བའི་དབུས་སུ་ཨྃ། འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད་བཀོད་ལ། ལྟེ་བའི་ཨྃ་ལས་འབར་ཞིང་ཧཱུྃ་ལས་འཛག་པ་ལ་དམིགས་ལ་རླུང་མནན་པས་དུ་བ་ལ་སོགས་པའི་རྟགས་ལྔ་སྐྱེ་བའོ། །དེ་དབུས་རྐང་པ་གཉིས་དང་འོག་ནས་དེ་དབུས་ཞེས་རྐང་པ་གཉིས་ཀྱིས་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་བསྒོམ་པ་བསྟན་ལ། ཡེ་ཤེས་སེམས་དཔའ་སྐབས་སུ་ཡི་གེ་རྣམས་དགོད་པར་བྱ་ཞེས་གསུངས་པ་དང༌། འདིར་ཏིང་ངེ་འཛིན་སེམས་དཔའི་སྐབས་སུ་ཡང་དང་པོར་ཤར་གྱི་འདབ་མ་ལ་ཞེས་པ་ལ་སོགས་པ་གསུངས་ཀྱང༌། གང་རུང་ཞིག་ཏུ་བསྒོམ་གྱི་གཉིས་ཀར་དུ་མི་བསྒོམ་གསུང་ངོ༌། །འདིར་ཞར་ལ་ཙཎྜཱ་ལཱི་བརྒྱད་པ་འཁོར་ལོ་གཅིག་ལ་བརྟེན་པ་ཡང་བསྟན་ཏེ། སྙིང་གར་ཧཱུྃ། ཕྱོགས་བཞིར་ཨྃ་ཨཱ་ཨྃ་ཨཿ མཚམས་བཞིར་མ་ནིང་བཞི་བཀོད་དེ། དེ་རྣམས་ལ་དམིགས་ནས་རླུང་མནན་པས་རྟགས་སྐྱེ་ལ། འདི་བསྒོམ་པ་ཞེས་པ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་སྙིང་གའི་ཧཱུྃ་ལས། སྤྱི་བོའི་སུྃ་ལས་ཐིག་ལེ་འཛག་པའི་ཐིག་ལེའི་རྣལ་འབྱོར་བསྟན་ཏེ། སྙིང་གར་ཧཱུྃ་བསམ། བདེ་ཆེན་གྱི་ལྟེ་བ་ལ་སུྃ་མགོ་ཐུར་བལྟས་བདུད་རྩིའི་རང་བཞིན་བསམ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཧཱུྃ་བསམས་ལ། དབུགས་ཕྱིར་རྒྱུ་བ་ན་ལྕེ་ཆུང་གི་རྒྱབ་ནས་སོང༌། སུྃ་ལ་ཕོག་པས་སུྃ་ལས་འོད་བྱུང་སྟེ། ཟླ་བ་ལ་ཕོག་པས་ཧཱུྃ་ལས་བདུད་རྩི་འཛག ཟླ་བ་ལ་ཐིམ། ཟླ་བ་ལས་འཛག སུྃ་ལ་ཐིམ། སུྃ་ལས་སྙིང་གའི་ཧཱུྃ་གི་སྟེང་དུ་འཛག་པར་བསམས་ན་དངོས་པོ་ལ་ཡང་འཛག་པར་འགྱུར་རོ། །སྙིང་གའི་ས་བོན་པད་དབུས། །ཞེས་པ་ཤླཽ་ཀ་གཉིས་ཀྱིས་སྙིང་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་བསམས་ཏེ། དེ་ལས་འོད་སྒོ་བཅུ་སྟེ། བུ་ག་དགུ་དང་ཚངས་སྒོ་དང་བཅུར་འཕྲོས་པས། དེ་རྣམས་ནས་བདུད་རྩི་ཧཱུྃ་གི་སྟེང་དུ་འཛག་པར་བསམས་པའོ། །འདིས་ཞར་ལ་ཙཎྜཱ་ལཱི་དགུ་པའང་བསྟན་ཏེ། བསྒོམ་ལུགས་ཐིག་ལེའི་རྣལ་འབྱོར་དང་ཁྱད་མེད་གསུང་ངོ༌། །སྐྲ་ཡི་རྩེ་མོ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་སྙིང་གའི་ཐིག་ལེ་ཆ་ཕྲ་བ་བསམས་ཏེ། དེ་ལས་འོད་རྩ་སུམ་ཅུ་རྩ་གཉིས་དང༌། བརྒྱ་ཉི་ཤུ་ལ་སོགས་པའི་གནས་སུ་འཕྲོས་པས། རྩའི་སྒོ་ཐམས་ཅད་ནས་ཐིག་ལེ་སྙིང་གའི་ཐིག་ལེའི་སྟེང་དུ་བབ་པར་བསྒོམ་པ་བསྟན་པའོ། །སྙིང་ལ་ཚངས་པའི་ཞེས་པ་ཤླཽ་ཀ་གཅིག་གིས་སྙིང་གར་ཧཱུྃ་བསྒོམས་ལ། དེ་ལས་འོད་ཚངས་པའི་བུ་གར་སྤྲོས་པས་ཚངས་སྒོ་ནས་ཐིག་ལེ་སྙིང་གའི་ཧཱུྃ་ལ་བབ་པར་བསྒོམ་པ་བསྟན་པའོ། །འོག་མ་གསུམ་ལ་རླུང་ཅུང་ཟད་བཟུང་བ་དང་བསྟུན་ལ་བྱ་གསུང་ངོ༌། །དམིགས་པའི་ས་བོན་ཤླཽ་ཀ་གཉིས་ཀྱིས་ཙཎྜཱ་ལཱི་བཅུ་པ་བསྟན་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་ཧཱུྃ། ལྟེ་བར་ཨ་བསྒོམས་ཏེ། དེ་གཉིས་འབར་འཛག་བྱེད་པ་ལ་དམིགས་ལ་རླུང་མནན་ནོ། །ལྔ་པའི་རབ་བྱེད་འོག་མ་གཉིས་ཀྱི་བརྗོད་པར་བྱ་བའི་དོན་ཐབས་གཉིས་ལ་བརྟེན་པའི་ཡེ་ཤེས་གཉིས་བསྟན་པར་བྱེད་པའི་ཡན་ལག་ཡིན་པས་སྦས་པ། རྗོད་བྱེད་སྒྲ་ཡན་ལག་གི་དོན་མངོན་པར་རྟོགས་པ། རིམ་པ་གཉིས་ལ་གནས་པ་དེས། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ་བྱ་བ་དང་འགྲེལ། རྒྱུད་སྡེ་གཞན་རྣལ་འབྱོར་ཆེན་པོའི་རྒྱུད་འདུས་པ་ལ་སོགས་པ་རྣམས་སུ་སྤྱོད་པ་གསུངས་པ་རྣམས་ཀྱིས་མི་གསལ་བ་གསལ་བར་བཤད་པ་ཡིན་ལ། མ་གསུངས་པ་རྣམས་སུ་མ་ཚང་བ་ཁ་སྐོང་ཡིན་ནོ། །ཁྱད་པར་དུ་རྩ་བའི་རྒྱུད་བརྟག་པ་གཉིས་པའི་དང་པོའི་ལེའུ་དྲུག་པ་དང༌། གཉིས་པའི་ལེའུ་གཉིས་པར་གསུངས་པའི་དོན་གསལ་བར་བཤད་པའི་རྒྱུད་ཡིན་ནོ། །སྤྱོད་པ་ལ་བསྡུས་པའི་དོན་དྲུག་རྩ་བའི་རྒྱུད་ཀྱི་སྐབས་སུ་རྟོགས་པར་བྱའོ། །རབ་བྱེད་གསུམ་པས་སྤྱོད་པའི་མཚན་ཉིད་བསྟན་པ་ནི་ཀུན་འདར་ནི་གཉིས་འཛིན་ཐམས་ཅད་དང་བྲལ་བ་དང༌། ཀུན་བཟང་འདོད་ཡོན་ལྔ་གཉིས་མེད་ཡེ་ཤེས་སུ་རྟོགས་ནས་ཉམ་ང་བག་ཚ་མེད་པར་སྤྱོད་པའོ། །ཚིག་དོན་རྟོགས་པར་སླའོ། །ལྔ་པ་དངོས་ལས་སྤྱོད་པ་སྒྲུབ་པའི་རིམ་པ་ནི། དང་པོར་རང་བྱིན་གྱིས་བརླབ་པ་ལ་སོགས་པ་བསྒོམས་པས་དྲོད་ཆུང་ངུ་ཐོབ་པ་ནི། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར། ཀུན་འདར་གྱི་སྤྱོད་པ་གསང་ནས་བྱེད། དྲོད་འབྲིང་པོ་ཐོབ་ན་ཀུན་འདར་འཇིག་རྟེན་པའི་མངོན་དུའང་བྱེད་ལ། ཀུན་བཟང་གསང་ནས་བྱེད། ཆེན་པོ་ཐོབ་ནས་གཉིས་ཀ་འཇིག་རྟེན་པའི་མངོན་དུའང་བྱེད་པའོ། །ཚིག་དོན་ལ། དེ་ནས་ཡང་དག་པའི་དོན་གཅིག་བཤད་པར་བྱའོ། །དེ་གང་ཞེ་ན་སྤྱོད་པའོ། །དེ་ཇི་ལྟ་བུ་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ། སོ་སོ་སྐྱེ་བོའི་སྤྱོད་པ་ལས་ཕ་རོལ་ཏེ་མཆོག་ཏུ་གྱུར་པའོ། །གང་ཞེས་པ་རྣལ་འབྱོར་པ་གང་གི་དུས་སུ་ཡུན་རིང་པོ་ནས་བླ་མ་མཉེས་པར་བྱ་བ་དང༌། རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་སོགས་པའི་ཐབས་ཀྱིས་དེ་ཁོ་ན་ཉིད་ཤེས་པ་དེ་ནི་རྡོ་རྗེའི་རྣལ་འབྱོར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །ཡང་གང་ཟག་གཞན་གང་གིས་ཀྱང་རྒྱང་རིང་པོ་ནས་སྤྱོད་པའི་སྒོ་ནས་རྣལ་འབྱོར་པར་ཤེས་པའོ། །ཞེན་པ་མེད་པའི་སེམས་ཀྱིས་ཞེས་པ་ཤླཽ་ཀ་གཅིག་གིས་ཙཎྜཱ་ལཱི་བཅུ་གཅིག་པ་བསྟན་ཏེ། ལྟེ་བ་ནས་བཟུང་ནས་འཁོར་ལོ་བཞི་རྩ་གསུམ་དང་བཅས་པ་གསལ་གདབ། དེ་ནས་སྟེང་རླུང་ཅུང་ཟད་རྔུབས་པས་འོག་རླུང་གནད་དུ་བསྣུན་པའི་ཚུལ་གྱིས་འོག་རླུང་འབྱེད་འཛུམས་བྱས་པས་ལྟེ་བའི་ཨྃ་ལ་ཕོག་པས་འབར་ཏེ་གཡས་ཀྱི་རོ་མ་ནས་སོང༌། སྙིང་གའི་ཡིག་འབྲུ་བཅོམ་སྟེ། སྤྱི་གཙུག་གི་ཧྃ་ལ་རེག་པ་ཙམ་བྱས་ནས་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་སྣ་གཡས་ནས་ཕྱུང་སྟེ། དེ་བཞིན་གཤེགས་པའི་གཡོན་ནས་ཞུགས་ནས་སྤྱི་གཙུག་སེར་སྒོ་ནས་བཞུགས་ནས། འཁོར་ལོ་བཞི་བཞུ་བཏུལ་བྱས་ནས་ཡེ་ཤེས་ཀྱི་བདུད་རྩི་ཁྱེར་ནས། དེ་བཞིན་གཤེགས་པའི་སྨིན་མཚམས་ནས་ཤངས་ཀྱི་བུ་ག་གཡས་པ་ནས། བདག་གི་སྣ་སྒོ་གཡོན་པ་ནས་སྤྱི་གཙུག་ནས་བརྒྱུད་ནས་བདེ་ཆེན་གསོས་བཏབ། རྐྱང་མ་ནས་བབ། མགྲིན་པའི་ཡིག་འབྲུ་གསོས་བཏབ། སྙིང་གའི་གསོས་བཏབ་ནས་རྐྱང་མ་ནས་ཨྃ་གི་སྟེང་དུ་བབ་པས་ཨྃ་ཆེར་འབར་ཏེ། དྲག་ཏུ་དབུ་མ་ནས་འབར་བས་གློག་གི་ཟེར་མའི་ཚུལ་དུ་སོང་ནས་ཧྃ་ལ་ཕོག་པས། ཧྃ་ལས་དབུ་མ་ནས་འཛག་པའི་འབར་འཛག་ལ་དམིགས་ལ་རླུང་མནན་ནོ། །ཚིག་དོན་ལ་ཞེན་པ་མེད་པའི་ཞེས་པ་གཏུམ་མོ་འབར་བས་འཁོར་ལོ་གོང་མའི་ཡིག་འབྲུ་ཞེན་ཐོགས་མེད་པར་བསྲེགས་པའམ། ཡང་ན་དེ་ལས་བྱུང་བའི་རང་བྱུང་ལ་རྟོག་པ་མེད་པའོ། །ཁ་དོག་ནི་ཝརྞ་ཞེས་པ་ཡི་གེ་ལ་འགྲོ་བས། ཨཱ་ལི་ཀཱ་ལི་ཡིན་ལ་ཅན་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའོ། །རྟོག་སྒྲིབ་ནི་དེར་མངོན་དུ་བྱས་པའི་ཙཎྜཱ་ལཱི་ཡེ་ཤེས་ཀྱི་རྟོག་པ་ལ་སྒྲིབ་པའོ། །བ་སྤུའི་ཁུང་བུའི་རྩ་བུག་ནས། ཕྱོགས་བཅུར་རྣམ་པར་དབྱུང་བར་བྱ། །ཞེས་ཡན་ནི་རོ་མ་ནས་སྤར་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་རྒྱུད་ལ་ཞུགས་པ་དང༌། ཡང་ཕྱོགས་བཅུ་རྣམས་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་བ་སྤུའི་ཁུང་བུའི་རྩེ་ཕུག་སྟེ་རྐྱང་མ་ནས་ཕྱུང་ཞེས་པ་ལྟེ་བར་མངོན་དུ་བྱ་བའོ། །འཇམ་པའི་རྡོ་རྗེ་ནི། རྟོག་པའི་རྩུབ་པ་དང་བྲལ་བ་དང་རྣམ་རྟོག་གིས་མི་ཕྱེད་པས་སོ། །དཀྱིལ་སྙིང་པོ་བདེ་བ་ཡིན་ལ། འཁོར་བདུད་རྩི་ལྔའི་དྭངས་མ་ལྟེ་བར་འདུས་པའོ།།  །།བརྟག་པ་དྲུག་པ་རིལ་པོར་བརྗོད་པར་བྱ་བའི་དོན་རང་བྱིན་གྱིས་བརླབ་པའི་སྦས་པ། རྗོད་བྱེད་ཡན་ལག་གི་དོན་གཙོ་བོ་ཡིན་ལ། གཉིས་པོའང་འཇུག མངོན་པར་རྟོགས་པ་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། རྫོགས་རིམ་བསྒོམ་པ་དང་ཡང་འབྲེལ་དུ་རུང་ཡང༌། འདིར་གཙོ་བོ་ཉེ་བའི་རྒྱུ་དང་སྦྲེལ་ཏེ། དེ་ལའང་གཉིས་ལས། ཨཱ་ལིའི་བདག་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །རྒྱུད་སྡེ་གཞན་གྱི་ཁམས་བཅུ་དྲུག་གི་བདག་ཉིད་མངོན་དུ་བྱེད་པ་ནི། བདེ་མཆོག་ཉུང་ངུའི་ལེའུ་དང་པོར་གླེང་གཞི་གསང་བ་མཆོག་ལ་སོགས་པ་ཡི་གེ་བཅུ་དྲུག་བསྟན་པ་དེ། འདིར་རང་བྱིན་གྱིས་བརླབ་པ་དང་འབྲེལ་བའི་དབང་དུ་བྱས་ནས་ཡི་གེ་བཅོ་ལྔས་བསྟན་པའི་ཁམས་བཅོ་ལྔ། སྠིས་བསྟན་པའི་ལྟེ་བའི་གནས་སུ་འདུ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་བཤད་ལ། ཡང་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་རྩ་གཉིས་པར་ཡི་གེ་བཅུ་དྲུག་གིས་ཁྲག་དང་ཀླད་རྒྱས་ལ་སོགས་པ་བཅུད་ལེན་གྱི་རྫས་བཅུ་དྲུག་ཏུ་བཤད་པ་དེ། འདིར་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང༌། རླུང་གི་འགྲོ་འོང་གི་དབང་གིས་མངོན་དུ་བྱེད་པའི་རྒྱུད་དེ་གཉིས་སུ་མ་ཚང་བ་ཁ་སྐོང་ཡིན་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང༌། ཅུང་ཟད་མཐུན་ལ་དེར་མི་གསལ་བ་གསལ་བར་བཤད་པ་ཡིན་ནོ། །དཔྱིད་ཀྱི་ཐིག་ལེའི་དོན་རྣམས་ནི་རྡོ་རྗེ་མཁའ་འགྲོ་དང་ཆ་མཐུན་པ་དང༌། མི་གསལ་བ་གསལ་བར་ཐད་ཀ་ཐད་ཀར་འོག་ཏུ་འཆད་པ་དེ་གཉིས་ཀ་ལོགས་ནས་ཀྱང་བདེ་མཆོག་ལེའུ་དང་པོའི་རྫོགས་རིམ་གསལ་བར་བྱེད་པ་ཡིན་ནོ། །ཡང་བརྟག་པ་གཉིས་པར་རང་བྱིན་བརླབ་པའི་རིམ་པས་ཀྱང༌། ཞེས་གསུངས་པའི་དོན་གསལ་བར་བཤད་པའང་ཡིན་ནོ། །ཚིག་དོན་ལ་རང་བྱིན་གྱིས་བརླབ་པའི་རིམ་པ་ཅི་ལགས། ཞེས་པ་རྩ་བའི་རྒྱུད་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་བཞི་པར། རང་བྱིན་བརླབ་པའི་རིམ་པས་ཀྱང༌། །ཞེས་གསུངས་པའི་དོན་ལ་འདྲི་བ་སྟེ། དཔྱིད་ཀྱི་ཐིག་ལེའི་དོན་གྱི་དྲི་བའོ། །གསང་བ་ལ་སོགས་པ་དགོངས་པ་གཅིག་ནི། འདི་ཉིད་བརྟག་པ་དང་པོར་རབ་བྱེད་གསུམ་པ་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིས་འབྲས་བུའི་རྒྱུད་བསྟན་པ་དེ་ཡི་གེའི་དོན་གྱིས་བཤད་ན། ཅི་ཞེས་པ་སྟེ་སྦས་པའི་ཡི་གེ་བཅུ་དྲུག་གི་དྲི་བའོ། །ཨེའི་རྣམ་པ་ནི་ཙཎྜཱ་ལཱི་ལ་བརྟེན་ནས་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པའི་གནས། གཙོ་བོའི་དབང་དུ་བྱས་ན། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་མདུད་གྲུ་གསུམ་མོ། །མི་གསལ་བ་ནི་དེ་ཉིད་གདམས་ངག་བྱེད་པར་མི་རྟོག་པ་དང༌། ཡང་དེ་ལ་ཡང་དེ་བརྟེན་པའི་རང་བྱུང་གི་ཡེ་ཤེས་རྟོགས་པར་དཀའ་བའོ། །གང་མངོན་དུ་བྱེད་པའི་ཁམས་དང་ཞེས་པ་ཁམས་བཅུ་དྲུག་གོ །ཐབས་གང་གིས་བྱེད་པ་འགྲོ་དང་ཞེས་པ་ཙཎྜཱ་ལཱིའི་མེ་གཡས་ནས་འགྲོ་བ་དང༌། འོང་བ་སྟེ་རྐྱང་མ་ནས་བྱང་ཆུབ་ཀྱི་སེམས་འབེབས་པའི་ཐབས་ཡིན་ནོ། །འགྲོ་འོང་སྒོ་གང་ནས་བྱེད་པ་སེམས་ཀྱིས་རྟག་འགྲོ་བ་ཞེས་པ་ཐུགས་ཀྱི་སྒོ་སྟེ་རོ་རྐྱང་གཉིས་ནས་སོ། །མདོར་བསྟན་པའི་ཚིག་དེ་ཉིད་ཀྱིས། ཙཎྜཱ་ལཱི་བཅུ་གཉིས་པའང་བསྟན་ཏེ། སྤྲུལ་པའི་འཁོར་ལོའི་འདབ་མ་བརྒྱད་ལ་ར་ཧ་སྱེ་སོགས་བཅུ་དྲུག འདབ་མ་རེ་རེ་ལ་ཡི་གེ་གཉིས་གཉིས། དབུས་སུ་ཨྃ་བཀོད་པ་སྲོག་གི་དུས་སུ་དེ་རྣམས་ལ་རླུང་བསྟིམ་ལ་མནན། སྩོལ་བའི་དུས་སུ་ཡི་གེ་དེ་རྣམས་སྙིང་གར་འོང་བར་བསམ་མོ། །རྒྱས་བཤད་ལ། ཁམས་དང་ཞེས་པའི་རྒྱས་པར་བཤད་པ། ཡི་གེ་བཅུ་དྲུག་གིས་ལུས་ལ་གནས་པའི་ཁམས་བཅུ་དྲུག་རྟེན་ཏེ། ར། རཏྐ་སྟེ་ཁྲག་གི་ཁམས་སོ། །ཧ། ཧ་ཡ་ན་འགྲོ་མགྱོགས་ཏེ་འབྱུང་བ་རླུང་གི་ཁམས་ཡིན་ལ། དེ་ཡུལ་ལྔ་ལས་རེག་བྱའི་ཕྱོགས་གཅིག་ཡིན་པས་རེག་བྱའོ། །སྱེ་ནི་སུ་ཏྲ་སྟེ་ཤ་ཆེན་གྱི་དྭངས་མས་བསྡུས་པ་བད་ཀན་གྱི་རང་བཞིན་ནོ། །སའི་རྣམ་པ་དང༌། སེམས་ཀྱི་རྟེན་སྙིང་དབྱིབས་མཐུན་པས་སེམས་ཉིད་དེ། དངོས་སུ་སྙིང་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །ར། ར་ས་སྟེ་རོ་དྲུག་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །མེ་ལྟོ་ཚིལ་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །ར་ནི་མེ་ཉིད་དུ་ནི་གསུངས་ཞེས་པ། དྲོད་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །མྱེའི་འགྲེང་བུ་དོར་ཏེ། མ་ས་སྟེ་ཤའི་དྭངས་མའོ། །སའི་སྒྲ་ལས། ཙ་ཏུར་ས་མ་སྟེ་བཤང་བའི་དྭངས་མའོ། །རྦཱ་རྦཱ་བད་ཀན་ཚིལ་ཏེ། ཐ་མལ་བའི་ཚིལ་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །ཏྨ་ནི་ལག་པ་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །ནི། ནི་ར་སུ་སྟེ་རུས་པའི་དྭངས་མའོ། །ས་ནི་དྲི་ཆུའི་དྭངས་མའོ། །དཱ་ནི་གློ་བ་སྐྱེད་པའི་ཁམས་ཀྱི་དྭངས་མའོ། །སྠི་ནི་སྠི་ཏ། ཞེས་པ་གནས་པ་སྟེ། འདིར་གནས་པས་ན་གནས་པ་སྟེ་གནས་པདྨའོ། །གནས་པདྨ་ཡང་ཁམས་ཏེ། དེ་རྣམས་རང་བཞིན་གྱིས་གནས་པའི་གནས་རྩ་ཐམས་ཅད་ཡིན་ལ། རང་བྱིན་གྱིས་བརླབས་ཀྱིས་མངོན་དུ་བྱེད་པའི་གནས་ལྟེ་བ། དཀྱིལ་འཁོར་འཁོར་ལོའི་མངོན་དུ་བྱེད་པའི་གནས་ཕྱག་རྒྱའི་ཆོས་འབྱུང་ངོ༌། །ཤིན་ཏུ་མཛེས་པའི་རྫས་ནི་ཁམས་དེ་རྣམས་བསྡུས་པ་བདུད་རྩི་ལྔ་སྟེ། དེ་དང་གནས་དེ་ལྡན་པའོ། །ཏཿཡི་རྣམ་པས་ཁུ་བ་ཉིད། །ཅེས་པ་སྔར་གྱི་རྫས་རྣམས་བསྡུ་བ་ཁུ་བ་ཡིན་ལ། དེ་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་པས་བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་ཞེས་གསུངས་སོ། །དེའི་གནས་རྩའི་སྒྲའི་རང་བཞིན་ཞེས་པ་གོང་དུ་བཤད་པའི་གནས་དེ་ཉིད་བཤད་པ་ཡིན་ནོ། །ལྷ་མོ་ཞེས་པ་ནི་འཁོར་ལོ་བས་པའོ། །བྱང་ཆུབ་སེམས་ནི་རང་བྱིན་བརླབས་ཀྱིས་མངོན་དུ་བྱས་པའི་ཞུ་བདེ་ཡིན་ལ། ཆ་ནི་ཨཱ་ལི་སྟེ། ཨཱ་ལིའི་བདག་ཉིད་ཀྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་འགྱུར་བ་ཉིད་དོ། །རང་ནི་ཞེས་པ་ཤླཽ་ཀ་གཉིས་ཀྱིས། ར་ཧ་སྱེ་ལ་ས་ཡ་ཨེ་གསུམ་དུ་ཕྲལ་བས། ཡི་གེ་ལྔ་ཚིགས་ཆེན་བཅུ་གཉིས་ལ་གནས་པས་ནད་འདུ་བ་བཞི་སྐྱེད་པ་བསྟན་ཏེ། ར་མེའི་ས་བོན་ཡིན་པས་མེའི་ཁམས་མཚོན། མེ་དྲོད་ཡིན་པས་དྲོད་ཤས་ཆེ་བའི་དུས་སུ་ཁྲག་སྐྱེ། དེ་ལས་མཁྲིས་པ་སྐྱེ་བས། ཁྲག་ལས་མཁྲིས་པ་ཡང་དག་ལངས། །ཞེས་གསུངས་སོ། །རས་ཁྲག་མཁྲིས་གཉིས་བསྡུས་སོ། །མཚན་ཉིད་གཅིག་འདོད་ཅེས་པ། རླུང་མཁྲིས་བད་ཀན་གསུམ་མཚན་ཉིད་གཅིག་པ་འདུས་པ་སྟེ། སའི་འགྲེང་བུ་ཨེ་ཡིན་ལ། ཨེ་ཀ་རང་གཅིག་ཡིན་པས། ཨེས་བསྟན་ནོ། །བད་ཀན་ལ་ས་ཞེས་པ། ས་དངོས་ཀྱི་ས་སུ་ཏྲ་ཞེས་པས་བད་ཀན་བསྟན་ནོ། །སའི་ཡ་སྟ་ཡ་ཡིན་པས། ཡ་བཱ་ཡུ་ཞེས་པས་རླུང་བསྟན་ལ། དེ་ལས་རྔུལ་དང་ཆུ་རྒྱུས་ལ་སོགས་པ་ཡང་དག་པར་འབྱུང་ངོ༌། །དེ་བས་ན་དེའི་མགོན་པོ་ཞེས་རྒྱུ་རླུང་ངོ༌། །ཧ་ནི་ཀུན་དུ་འགྲོ་བར་གསུངས། ཞེས་པ་ཧ། ཧ་ཡ་ན་འགྲོ་མགྱོགས་སམ། ཀུན་ཏུ་འགྲོ་བ་སྟེ་ནད་བཞི་པོ་དེ་ཐམས་ཅད་ལ་རླུང་གིས་ཁྱབ་པར་བསྟན་ཏོ། །རུས་པའི་མཚམས་ནི་ཚིགས་ཆེན་བཅུ་གཉིས་སུ་ནད་འདུ་བ་བཞི་སྐྱེད་པའི་ས་བོན་ཡི་གེ་ལྔས་བཏབ་ཅེས་པ་གནས་སོ། །ཚིག་དེ་རྣམས་ཀྱི་ཞར་ལ། ཙཎྜཱ་ལཱི་བཅུ་གསུམ་པའང་བསྟན་ཏེ། ཆོས་ཀྱི་འཁོར་ལོའི་ལྟེ་བར་ཧཱུྃ་བསམས་ཏེ། ཧ་ལ་ཨཱུ་དང་ཐིག་ལེ་བཞག་པའོ། །འདབ་མ་བཞི་ལ་ར་ས་ཡ་ཨེ་སྟེ། ཡི་གེ་ཁ་དོག་ནག་པོར་བསམས་ལ། དེ་ལ་རླུང་བསྟིམ་ཞིང་བསྒོམ་པའོ། །ཀནྡུ་ར་དང་ཐམས་ཅད་དུ། །ས་བོན་བཞི་ནི་དམ་པ་ཉིད། །ཅེས་པས་མགྲིན་པ་ན་ཡི་གེ་ལྔ་གནས་པ་བསྟན་ཏེ། མགྲིན་པས་ཁ་ཟས་འཇུ་བར་བྱེད་པས་དྲོད་ཀྱི་རང་བཞིན་ཡིན་པར་རས་མཚོན། དེས་ཁ་ཟས་ལ་རེག་པས་ཧས་མཚོན། དེས་བད་ཀན་སྐྱེད་ཅིང་སོགས་པ་སས་མཚོན། རླུང་གིས་ཁ་ཟས་ཕུལ་བས་ཡས་མཚོན་ཏེ། དེ་ལྟར་ན་ས་བོན་བཞིའོ། །དམ་པ་ནི་ཨེ་སྟེ་དེ་ཐམས་ཅད་ལ་ཁྱབ་པའོ། །རྡོ་རྗེའི་ཚིག་དེས་ཙཎྜཱ་ལཱི་བཅུ་བཞི་པའང་ཤུགས་ལས་བསྟན་ཏེ། ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར་ཨེ། ཕྱོགས་འདབ་བཞི་ལ་ར་ཧ་ས་ཡ་བཞི་བསྒོམས་ལ་དབུགས་ཕྱིར་རྒྱུ་བ་ན། ཐ་མའི་བཞི་ལས་རླུང་བཞི་འབྱུང་བར་བསམ། ནང་དུ་འཇུག་པ་ན་ལྔ་ཀ་ལ་བསྟིམ་ལ་མནན་ནོ། །དང་པོ་རེ་མིག་ཤླཽ་ཀ་གཅིག གོང་དུ་རང་བཞིན་ཞེས་པ་ལ་སོགས་པས་ཙཎྜཱ་ལཱི་བཅུ་གསུམ་པ་བསྟན་པའི་དོན་གསལ་བར་བཤད་པ་སྟེ། དང་པོ་སྟེ་དམིགས་གནས་སྙིང་གའོ། །ས་བོན་ལྔ་ནི་ར་ས་ཧ་ཡ་ཨེའོ། །དེའི་ནང་ནས་ཧ་ལ་དབྱངས་ཀྱི་དྲུག་པ་ཨུ་ལྡན་པས་ཧཱུྃ། མ། མ་ན་ཡིད་ཡིན་པས་རྣམ་པར་ཤེས་པ་སྟེ་ཐིག་ལེར་བྱས་པས་ཧཱུྃ་ངོ༌། །ཧའི་རྣམ་པས་ཞེས་པ་ཤླཽ་ཀ་གཉིས་ཀྱིས་ཙཎྜཱ་ལཱིས་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ལས། རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་བར་བསྟན་ཏེ། དེ་ཡང་ཧ་ཡི་རྣམ་པས་ཐམས་ཅད་དུ། །ཞེས་པ་ཧས་བསྟན་པའི་རླུང་གི་སྟོབས་ཀྱིས། སངས་རྒྱས་ཀུན་བདུད་རྩི་ལྔ་མཉམ་པར་སྦྱོར་བ་སྤྱན་སོགས་བཞིའི་བདག་ཉིད་འབྱུང་བ་བཞི། ཁམས་དགུའི་དྭངས་མ་སྒྲ་ལྟེ་བའི་ཨྃ་ཡིན་ལ། དེ་ལས་ཙཎྜཱ་ལཱི་སྦར་བའི་ཚུལ་ལས་ལྟེ་བར་མངོན་དུ་བྱས་པའི་རང་བྱུང་གི་ཡེ་ཤེས་སྐྱེ་བ་ནི་ཚུལ་ལས་བྱུང་སྟོན་ཞིང་ངོ༌། །ཡང་ན་སྒྲ་ནི་རྩ་གནས་ཐམས་ཅད་ཡིན་ལ། ཚུལ་ལས་བྱུང་ལྟེ་བར་མངོན་དུ་བྱེད་པའོ། །དེ་ཡང་དམ་ཚིག་ཅེས་པ་བཟའ་བསྲུང་སྟེ་བདེ་བ་ལ་ལོངས་སྤྱོད་པ་དང༌། རྟོག་པ་བསྲུང་བའི་སྤྱོད་ཡུལ་ལོ། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ནི། བླ་མའི་གདམས་ངག་དང་བྲལ་ནའོ། །ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་གནས་པས། ཐོག་མ་དབུས་མཐར་ཡང་དག་གནས་སོ། །བསྲུབ་དང་སུབ་བྱེད་ཅེས་པས། དེའི་དཔེ་དབང་གསུམ་པའི་དུས་སུ་ཕྱག་རྒྱ་ལ་བརྟེན་ནས་མྱོང་བ་དང་འདྲ་ཞེས་པའོ། །བྱང་ཆུབ་ཀྱི་སེམས་དེ་རླུང་གི་འགྲོ་འོང་གི་དབང་གིས་མངོན་དུ་བྱེད་པ་ནི་མདོར་བསྟན་ལས་འགྲོ་དང་རྗེས་སུ་འོང་བ་ཉིད་ཅེས་པ་དང༌། སེམས་ཀྱིས་རྟག་འགྲོ་བ། ཞེས་པའི་རྒྱས་པར་བཤད་པ་ཡིན་ལ། དེ་ཡང་སྔགས་བཟླས་ཞེས་པ་ལ་སོགས་པས་ཐུགས་ཀྱི་སྒོ་སྟེ། རྩ་གཉིས་ཀྱིས་དོན་དམ་པའི་ལས་ཏེ། ལམ་དུ་བྱེད་པའི་ལས་ཡིན་ནོ། །དེ་ཡང་ཨྃ་ལས་གཡས་ཀྱི་རོ་མ་ནས་ཙཎྜཱ་ལཱི་སྦར་བས། གཡོན་གྱི་རྐྱང་མ་ནས་བྱང་སེམས་ཕབ་སྟེ། ཨྃ་གི་གནས་སུ་མངོན་དུ་བྱས་པས། མཚན་མ་དང་རྣམ་རྟོག་ལས་ཡིད་སྐྱོབ་པས་ན་སྔགས། དེ་ཉིད་རོ་མ་ནས་འཁོར་ཞིང་རྐྱང་མ་ནས་འབབ་པའི་ཚུལ་གྱིས་འཁོར་བས་ན་བཟླས་པ། དེ་དབུ་མར་མངོན་དུ་བྱས་པས། དེ་ཁོ་ན་ཉིད་མངོན་དུ་བྱེད་པས་ན་བསམ་གཏན། སོགས་ཀྱིས་བསྡུ་བ་མཚན་མ་དང་རྣམ་རྟོག་བསྲེགས་པས་སྦྱིན་སྲེག་དང༌། མི་མཐུན་ཕྱོགས་རྣམ་རྟོག་སྡོམ་པ་ལ་སོགས་པའོ། །རྒྱུད་ལས་གསུངས་པ་ནི་དཔལ་ནམ་མཁའ་དང་མཉམ་པ་ལས་སོ། །ཡང་ན་འདི་ཉིད་ལས་འོག་ནས་འཆད་པར་འགྱུར་བའི་སྒྲ་ནི་སྔགས་ཞེས་བརྗོད་པ་ཞེས་པ་ལ་སོགས་པའོ། །རྩ་གཉིས་ནི། ལ་ལ་ནཱ་དང༌། ར་ས་ནཱ་དང༌། སྐྱེ་གནས་ནི་ཀཀྐོ་ལའམ་ལྟེ་བའི་རྩ་མདུད་དེ། དེའི་དབུས་ན་དྷཱུ་ཏཱི་གནས་ལ། གཡོན་དང་གཡས་སུ་དེ་བཞིན་དུ། །ཞེས་པ་རྩ་གཉིས་པོ་གནས་པའོ། །ཆོས་དབྱིངས་ནི་དྷཱུ་ཏཱིའོ། །སྙིང་སྟོབས་ཀྱི་བརྡས་བསྟན་པ་ཁུ་བ་སྐུ་རྡོ་རྗེའོ། །རྡུལ་གྱི་བརྡས་བསྟན་པ། རཀྟ་ནི་ངག་སྟེ་གསུང་རྡོ་རྗེའོ། །འོག་ནས་གཡས་པ་ལ་སྐུ་རྡོ་རྗེ་བཞག་པ་ནི་རྩ་ལ་དགོངས་ལ། འདིར་ནང་བྱང་ཆུབ་སེམས་ལ་དགོངས་པའོ། །དབུ་མར་འབར་འཛག་མངོན་དུ་བྱས་པས་མུན་པའི་བརྡས་བསྟན་པ་མི་རྟོག་པ། མངོན་དུ་གྱུར་པ་སེམས་ཀྱི་རང་བཞིན་ཏེ་ཐུགས་རྡོ་རྗེའོ། །སྙིང་སྟོབས་རྐང་པ་གཉིས་ཀྱིས་དེ་ཉིད་གསལ་བར་བཤད་དོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཞེས་པ་དཔེར་ན། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ཞུ་བདེ་མི་རྟོག་པ་མངོན་དུ་བྱེད་པ་ལྟར། འདིར་རང་བྱིན་གྱིས་བརླབ་པའི་རིམ་པས་ཀྱང༌། དངོས་དང་སྟེ་ཞུ་བ། དངོས་མེད་བདེ་བ། རོ་གཅིག་འགྱུར་མི་རྟོག་པ་མངོན་དུ་འགྱུར་བའོ། །དེའི་དུས་སུ་གཙོ་བོ་རོ་རྐྱང་གཉིས་ལ་བརྟེན་པའི་ཁུ་ཁྲག་གཉིས་མངོན་དུ་བྱེད་ཀྱང་བདུད་རྩི་ལྔ་ལ་སོགས་པའི་དྭངས་མ་འབབ་པ། བཤང་དང་ལ་སོགས་པ་གསུངས་ལ། དེ་ཡང་བད་ཀན་ནི་ཤ་ཆེན་གྱི་དྭངས་མའོ། །དེའི་ཕྱིར་རྡོ་རྗེ་ཅན་དུ་བརྗོད། །ཅེས་བདུད་རྩི་ལྔ་སངས་རྒྱས་ལྔའི་ངོ་བོ་ཡིན་པས་སོ། །ཐུགས་ཀྱི་སྒོ་གཉིས་ཀྱི་ལས་ནི། ཕ་མའི་རྩ་གཉིས་ལས་བབ་པའི་ཁུ་ཁྲག་གཉིས་ཀྱིས་བུ་ཚའི་ལུས་སྐྱེད་པ་སྟེ། ཐ་མལ་པའི་ལས་སོ། །དེ་ཡང་ཕ་ལས་ཐོབ་པའི་ཁུ་བ་རྐྱང་མ་ལས་གཙོ་བོར་བབ་པས་དང་པོར་བུ་ཚའི་ཁུ་བ་སྐྱེད། དེ་ནས་རྐང་ཟེར་ཡང་རྐང་མར། དེ་ནས་རུས་པའི་ཚོགས་ཐམས་ཅད་སྐྱེད་ནས་ནུས་མཐུ་སྨིན་མཚམས་ན་རྫོགས་ནས་གནས། དེ་བཞིན་དུ་མ་ལས་ཐོབ་པས་ཁྲག་དང༌། ཤ་དང༌། པགས་པའི་ཚོགས་རིམ་པ་བཞིན་བསྐྱེད་ནས། ནུས་པ་གསང་གནས་ན་རྫོགས་ནས་གནས་སོ། །གོང་བུ་ནི་ཁུ་བའི་ལུས་ཀྱི་གོང་བུ། བསྡུས་པ་ནི་ཕ་ལས་སྐྱེས་པ་གསུམ་དང་མ་ལས་སྐྱེས་པ་གསུམ་སྟེ་དྲུག ཚད་ནི་པྲ་མཱ་ན་སྟེ། ཁམས་དྲུག་པོ་འདི་དག་བསྐྱེད་པའི་ནུས་པ་ལ་བྱའོ། །འདི་དག་གསུངས་པས་ཕ་མའི་ཁུ་བ་དང་ཁྲག་གོ །གོང་བུ་ནི་བུ་ཚའི་དུས་ཀྱི་འོ། །གཉིས་སུ་གྱུར་པ་ནི་ནང་ཚན་གྱིས། ཕ་ལས་སྐྱེས་པ་དང་མ་ལས་སྐྱེས་པའོ། །དེ་རེ་རེ་ལ་ཡང་གསུམ་གསུམ་སྟེ། དྲུག་ཡིན་པས་གཉིས་སུ་གྱུར་པས་དུ་མ་རྣམས་སོ། །གཅིག་པུ་དུ་མའི་རང་བཞིན་རྣམས། །ཞེས་པ་བུ་ཚའི་དུས་གཅིག་ཡིན་ལ་ནང་ཚན་གྱིས་ཕྱི་ན་དྲུག་ཡིན་པས་སོ། །དེ་ཕྱིར་རྡོ་རྗེ་ཅན་དུ་གསུངས། །ཞེས་པ་བུ་ཚའི་ལུས་ཏེ། རང་བཞིན་རྡོ་རྗེ་འཆང་ངོ༌། །རྩ་ཡི་སྤྱོད་ཡུལ་ཉིད་གསུངས་པ། །དེ་གཉིས་ཀྱི་སྒོ་ལས་ནི། །ཞེས་སྦྱར་ཏེ་ཐུགས་ཀྱི་གཉིས་ལས་དེ་རྣམས་ཞེས་པ་ཁམས་བཅུ་དྲུག སྐྱེ་གནས་སུ་འདུ་བའི་དུས་སུ་ནི། ལྷ་ཞེས་པ་བུ་ཚའི་ལུས་རང་བཞིན་གྱིས་ལྷ་ཡིན་པ་དེ་གྲུབ་པའོ། རླུང་གི་འགྲོ་འོང་གི་དོན་དམ་པའི་ལས་ནི་ལམ་དུ་བྱས་པའི་དབང་དུ་བྱས་པ་སྟེ། སྟེང་ཞེས་པ་ཁ་སྟེང་དུ་བལྟས་པས་རོ་མ། འོག་ཅེས་པ་ཁ་འོག་ཏུ་བལྟས་པ་རྐྱང་མའོ། །འོག་གི་སྒོས་ནི་རྣམ་པར་ཤེས། །ཞེས་པ་རྐྱང་མ་ལ་བརྟེན་པའི་ནང་དུ་འཇུག་པས་འཚོ་བར་བྱེད་པ་དང༌། བྱང་ཆུབ་ཀྱི་སེམས་ཕབ་པས་གསོ་བར་བྱེད་པའོ། །སྟེང་གི་སྒོ་ནས་དབྱིངས་ཉིད་དེ། །ཞེས་པ་རོ་མ་ནས་རྩོལ་བའི་རླུང་ཕྱིར་འགྲོ་བས་འཆི་བར་བྱེད་པ་དང༌། གཏུམ་མོ་སྦར་བས་སྲེག་པར་བྱེད་པའོ། །རྩ་ནི་ཐམས་ཅད་མཉམ་སྦྱོར་བ། །ཞེས་པ་སྒོ་བཅུའི་རྩ་ལས་ཐིག་ལེ་འདུས་པའོ། །རྣལ་འབྱོར་པས་ནི་འཇུག་པར་བསམ། །ཞེས་པ་རྐྱང་མ་ནས་དབུ་མར་འཇུག་པའོ། །སྟེང་གི་སྒོ་དང་ཞེས་པ་ལ་སོགས་པའི་ཚིག་འདིས། ཙཎྜཱ་ལཱི་བཅོ་ལྔ་པ་ཡང་ཤུགས་ལས་བསྟན་ཏེ། ཆོས་ཀྱི་འཁོར་ལོའི་ལྟེ་བའི་ཐིག་ལེ་ལ་སྡེ་ཚན་བརྒྱད་ཀྱིས་བསྐོར་བ་བསམས་ཏེ། སྲོག་གི་རླུང་གིས་ལྟེ་བར་སྡུད། རྩོལ་བའི་རླུང་གིས་ཡར་ཕུལ་ནས་སྙིང་གར་ཆགས་པར་བསྒོམས་པའོ། །དེ་ལྟར་འགྲོ་འོང་བྱེད་པའི་སྒོ་ལས་བཤད་ནས་གང་ཞིག་གང་གི་རྣམ་པར་ཚུལ་ཇི་ལྟར་འགྲོ་འོང་བྱེད་པ་བསྟན་པ་ནི། དེའི་ལུས་ཀྱི་སྟེང་སྒོ་ལའང་ཞེས་པ་སྣ་གཉིས་ལས། རྡོ་རྗེ་ཅན་རླུང་བཞི་པོ་དེ་རྟག་རྒྱུན་ཞུགས་པའོ། །དེ་ཡང་སྟེང་གི་སྒོར་ནི་སྦྱོར་བ་གསུམ་སྟེ། འཇུག་པ་དང་གནས་པ་དང་ལྡང་བ་གསུམ་གཙོ་བོའི་ཚུལ་གྱིས་རྒྱུ་ལ། སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་པ་འཁོར་གྱི་ཚུལ་གྱིས་རྒྱུ་བའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པ་ལ་གང་ཞིག་འགྲོ་འོང་བྱེད་པ། སྦྱོར་བ་གསུམ་ནི་ཅི་ཞེས་བགྱི། །ཞེས་པ་དང༌། གང་གི་རྣམ་པས་འགྲོ་འོང་བྱེད་པ་དང༌། ཇི་ལྟར་སེམས་ཞེས་པ་ཐུགས་ཀྱི་སྒོ་གཉིས་ནས་རྟག་ཏུ་འགྲོ་བ་ལགས་ཞེས་པ་དྲི་བ་གསུམ་མོ། །ལན་ལ། གསུམ་ཉིད་སྦྱོར་བ་ནི། ལྡང་འཇུག་གནས་གསུམ་མོ། །སྐུ་ཞེས་པ་སྐུའི་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྒོ་གཉིས། ཐ་མ་འབྲིང་པོ་དམ་པ་ཉིད་རིམ་པ་བཞིན་དུ་སྦྱར་ཏེ། རྟོགས་དཀའ་སླ་ལ་བཞག་གོ །སྐུའི་སྒོ་དགུ་བཤད་པ་ཀ་བ་གཅིག་པ་ནི་རྩ་དབུ་མ། སྒོ་དགུ་ནི་མིག་ལ་སོགས་པའོ། །དེ་ལ་བརྟེན་པ་ལྷ་སྦོམ་པོ་ལྔ། ཕུང་པོ་ལྔ་སྟེ་རགས་པས་སོ། །སྒོ་དགུ་ཉིད་བཤད་པ་བུ་ག་ལ་སོགས་པའོ། །དེ་ཡང་ཐ་མ་དང་སྐུའི་སྒོ་དང་རགས་པས་སྦོམ་པོའི་ལྷ་དང་སྐུ་གསུམ་ལས་སྤྲུལ་པའོ། །དྲི་བ་དང་པོའི་ལན་ནོ། །གཉིས་པའི་ལན་དཀྱིལ་འཁོར་བཞིའི་རྣམ་པར་འགྲོ་འོང་བྱེད་པས་ཏེ། སེམས་ཞེས་པའི་བརྡས་བསྟན་པ་གཉིས་ཀ་ནས་རྒྱུ་བའི་ས་རླུང་སེར་པོ་སྟེ། དེ་ལ་བཅིངས་པ་ཡང་ཟེར་རོ། །སྐྱེས་བུ་ཐུར་དུ་རྒྱུ་བའི་ཆུ་རླུང་དཀར་པོ་དལ་བ་ཅན་ཞེས་བྱ་བའོ། །དེ་བཞིན་སྐྱེས་བུ་ཅན་བསླངས་པ་སྟེ། མེ་རླུང་དམར་པོ་གཡས་ནས་རྒྱུ་བའོ། །ཁྱད་པར་རྣལ་འབྱོར་པའི་དོན་མྱུར་བ་སྟེ། རླུང་གི་རླུང་ལྗང་སེར་གཡོན་ནས་རྒྱུ་བའོ། །དུས་རྟག་པར་གསུང་གི་སྒོ་བཞི་ལས། ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལྔ་འགྲོ་བ་དང་འོང་བའོ། །རླུང་བཞི་ལ་གཅིག་དང་ཞེས་པ་རྐང་མེད་ཡིན་ལ། རྐང་གཅིག་དང༌། རྐང་གཉིས་དང༌། རྐང་བཞིའི་བརྡས་བསྟན་པའོ། །དྲི་བ་གསུམ་པའི་ལན་སེམས་ཀྱི་གནས་རྣམ་པ་གཉིས་ཞེས་པ་ཐུགས་ཀྱི་སྒོ་གཉིས་ལས། ནུབ་ཅེས་པ་རྐྱང་མ་ལས་ནང་དུ་འཇུག་པ། རབ་ཏུ་རྒྱུ་ཞེས་པ་རོ་མ་ནས་ཕྱིར་དབྱུང་བའི་ཚུལ་གྱིས། འདོད་པའི་ཁམས་ཀྱི་སེམས་ཅན་ཀུན་ལ་འགྲོ་བ་དང་འོང་བ་བྱེད་པའོ། །འགྲོ་འོང་གི་དབང་གིས་བདེ་བ་ཆེན་པོ་མངོན་དུ་གྱུར་པ་བསྟན་པ་ནི། དེ་ལྟར་འགྲོ་འོང་ལ་བརྟེན་ནས་སྲོག་རྩོལ་གྱི་རླུང་སྦྱངས་པས། རྟོག་པའི་རྟ་རླུང་འགགས་པ་དེས་ནང་དུ་ཙཎྜཱ་ལཱིའི་མེའི་ནུས་པ་སྐྱེས་པས་ཧྃ་ཞུ་ནས་ལྟེ་བར་མངོན་དུ་བྱེད་པ་ལས་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་མངོན་དུ་གྱུར་པའོ། །དེ་ཡང་དེ་ལྟར་གང་ཞིག་མི་རིག་ཅེས་པ། རླུང་བཞི་པོའི་འགྲོ་འོང་མི་རིགས་པ་སྟེ། འགྲོ་འོང་འགགས་པའོ། །དེ་བཤད་པ་སེམས་མེད་དེ། ས་རླུང་འགགས་པ་ལ་སོགས་པར་སྦྱར་རོ། །དེའི་དབང་གིས་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པ་ནི་ཤུགས་ལས་བསྟན་ཏོ། །དཀྱིལ་འཁོར་བཞིའི་མཚན་ཉིད་བསྟན་པ་ལས། འཁོར་ལོ་ཞེས་པས་རླུང་བཞི་པོ་དེ་འཁོར་ལོ་བཞི་འདབ་མ་བཞི་ལ་བརྟེན་ནས། ཐུགས་ཀྱི་ཀུན་སྤྱོད་ཅེས་པ་ཐུགས་ཀྱི་སྒོ་གཉིས་ནས། སྟེང་ཞེས་པས་མེ་རླུང་སྟེང་དུ་ཚད་སོར་བཞིར་རྒྱུ་ལ། རླུང་གི་རླུང་ངོས་ནས་སོར་དྲུག་ཏུ། ས་རླུང་ཐད་ཀར་སོར་བཅུ་དྲུག་ཏུ། ཆུ་རླུང་འོག་ཏུ་སོར་བཅུ་གཉིས་སུ་འགྲོ་བ་སྟེ། ཐུང་ཚད་ཀྱི་དབང་དུ་བྱས་པའོ། །རྡོ་རྗེའི་ཚིག་དེས་གཏུམ་མོ་བཅུ་དྲུག་པ་ཤུགས་ལས་བསྟན་ཏེ། སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་ཉི་ཟླ་གཉིས་ཀྱི་བར་དུ་ཐིག་ལེ་བསྒོམས་པ་ལས་འབྱུང་བ་བཞིའི་རླུང་འབྱུང་བ་དང་འཇུག་པ་བགྲང་བའོ། །འགྲོ་འོང་བྱེད་པའི་སྒོའི་ངོ་བོ་ཉིད་ནི་ཟླ་བ་ཤེས་རབ་ཀྱི་རང་བཞིན་རྐྱང་མ། ཉི་མ་ཐབས་གཡས་ཀྱི་རོ་མ། སྐུ་གསུང་ཐུགས་ཀྱི་སྒོ་ལས་གསུམ་པ་ཡིན་པས་གསུམ་པའི་སྒོའོ། །ཡིད་དང་བཅས་པ་ཐུགས་ཀྱི་ཡིན་པའོ། །རྔུབ་པ་བྱེད་པའི་སྒོ་རྐྱང་མ་དང༌། འབྱུང་བའི་སྒོ་རོ་མ་གཉིས་ཀ་ཡང་སྒོ་གསུམ་ལས་དམ་པའོ། །སྟེང་རོ་མ། འོག་རྐྱང་མའོ། །ཐུན་མོང་གི་ལས་མིང་གི་རྣམ་གྲངས་དང་བཅས་པ་བསྟན་པ་ནི། འོག་གི་སྒོ་ནི་རྣམ་པར་ཤེས་པ་ཞེས་པ་ནང་དུ་འཇུག་པས་ཚོར་བར་བྱེད་པའོ། །ཡང་ན་རྐྱང་མ་ནས་བྱང་སེམས་འབབ་པས་གསོ་བར་བྱེད་པའོ། །སྟེང་གི་སྒོ་ནས་དབྱིངས་ཉིད་ཅེས་པ་དབུགས་ཕྱིར་འབྱུང་བས་འཆི་བར་བྱེད་པའམ་མེ་འབར་བས་སྲེག་པར་བྱེད་པའོ། །རྣམ་སྣང་ལ་སོགས་པའི་སངས་རྒྱས་རྣམས་རླུང་ལྔའོ། །སྟེང་གི་སྒོ་ནི་སྣ་བུ་ག་གཉིས་སུ་གཡོ་ཞིང་གནས་ཞེས་པ་འབྱུང་བ་དང༌། འཇུག་པ་དང༌། གནས་པ་གསུམ་གྱིས་འཁོར་བར་བྱེད་ལ། དེ་རྣམས་འོག་ཏུ་རྣམ་པར་གནས། །ཞེས་པ་ནང་དུ་འཇུག་པའོ། །དུས་གསུམ་གྱི་རླུང་ལྡང་འཇུག་གནས་གསུམ་གྱི་བདག་ཉིད་ཅན། སངས་རྒྱས་ཐམས་ཅད་རླུང་བཞིའི་ངོ་བོའོ། །མཁའ་འགྲོ་ནི་རླུང་ལྔ་དེ་བཞིན་གཤེགས་པ་ལྔའི་ངོ་བོ། རྣལ་འབྱོར་མ་མོ་ཞེས་པ་འབྱུང་བཞི་རླུང་ལྷ་མོའི་ངོ་བོ། འཇུག་པ་ནང་དུ། ལྡོག་པ་ཕྱིར་དབྱུང་བ། དེ་གཉིས་བདེ་བ་དང་ཡོན་ཏན་དང༌། སྡུག་བསྔལ་དང་སྐྱོན་དང་རིམ་པ་བཞིན་ནས་སྦྱར་རོ། །ལྷན་ཅིག་སྐྱེས་པ་གྲུབ་པའི་མཐའ་གནས་དེ་ལྟ་བུའི་རླུང་ངོ་བོ་ཉིད་ཀྱིས་གྲུབ་པའོ། །དེ་ལྟར་ན་སྦས་པའི་ཡི་གེ་བཅུ་དྲུག་གི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྟེན། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང༌། དེ་མངོན་དུ་བྱེད་པའི་རླུང་གཉིས་གཉིས་གཙོ་བོར་གཏན་ལ་ཕབ་པ། ལུས་དང་བྷ་གའི་དཀྱིལ་འཁོར་གཉིས་ཀྱི་དོན། དཔྱིད་ཀྱི་ཐིག་ལེའི་སྐབས་ནས་འཆད་པར་འགྱུར་རོ། །རང་བྱིན་གྱིས་བརླབ་པའི་རིམ་པ་ཅི་ལགས་ཞེས་པའི་ལན། དཔྱིད་ཀྱི་ཐིག་ལེའི་དོན་ལ་ཞུས་པ་ནི། དཔྱིད་དང་ཐིག་ལེ་གཉིས་དྲི་བ་གཅིག་ཏུ་བྱ། མི་ཕྱེད་མ་ལ་སོགས་གཅིག པུལླཱི་ར་སོགས་མན་ཆད་གཅིག་ཏུ་བྱས་པས་དྲི་བ་བཞིའོ། །དེ་ལ་པུལླཱི་ར་སོགས་ཅི་གསུངས་ཞེས་པ་འཛམ་བུ་གླིང་ན་ཡུལ་ཉི་ཤུ་རྩ་བཞི་ཡོད་པར་གསུངས་པའོ། །འཁོར་ལོ་དགོད་པ་ནི། བསྐྱེད་རིམ་ལ་འཁོར་ལོ་གསུམ་གྱི་རྩིབས་ཉི་ཤུ་རྩ་བཞི་ལ་བཞག་ཅིང་དེ་ལ་ལྷ་དགོད་པའོ། །དེ་བཞིན་གཞན་ཞེས་པ། །དེ་བཞིན་དུ་དེ་ལས་གཞན་ནང་དུའོ། །ཇི་ལྟར་རྩ་ཡི་རྫོགས་པ་ཡི། །ཞེས་པ་ལྷ་རྣམས་རྩའི་གཟུགས་ཀྱིས་ལུས་ལ་རྫོགས་པའོ། །ལན་ལ། ས་ལ་སོགས་པ་རྣམ་དག་པ། །གནས་ལ་སོགས་པ་ནང་གི་ཡུལ་གྱི་རབ་ཏུ་དབྱེ་བ་ནི། དྲི་བ་བཞི་པའི་ལན་བསྟན་ཏོ། །རྒྱུད་སྡེ་གཞན་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པ་དང་ཆ་མཐུན་ངེས་པ་སྐྱེད་པའོ། །ཚིག་དོན་ལ་འདི་དག་ཡུལ་དང་ཞེས་པ་ཡུལ་ཉི་ཤུ་རྩ་བཞི་ཕྱི་རོལ་ན་གནས་ཞེས་སྦྱར་ལ། རང་ལུས་སྐྱེས་རང་གི་ལུས་ཀྱི་ཆ་ཤས་ཉི་ཤུ་རྩ་བཞི་རང་གི་ནང་ན་གནས་ཞེས་སྦྱར་རོ། །ཡང་ཕྱི་བསྐྱེད་རིམ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་གནས་པ་ན། ནང་ན་ལུས་ཀྱི་ཆ་ཤས་ཉི་ཤུ་རྩ་བཞི་ན་རྩའི་གཟུགས་ཀྱིས་གནས་པ་སྐུ་ལ་སོགས་པས་བཤད་དོ། །རབ་བྱེད་གཉིས་པས་རྩ་རིན་པོ་ཆེའི་འཁོར་ལོ་བསྟན་པ་ལས། འཁོར་ལོ་ལ་གཉིས། དཔྱིད་ཀྱི་ཐིག་ལེར་བསྟན་པ་དང༌། འཁོར་ལོ་བཞིའི་ལྟེ་བའི་ཡིག་འབྲུ་བཞི་བཤད། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པ་དང་ཅུང་ཟད་ཆ་མཐུན་ལ། མི་གསལ་བ་གསལ་བར་བཤད་པའང་ཡིན་ནོ། །ནང་གི་ཡུལ་གང་དག་ན་མཁའ་འགྲོ་མ་གང་དག རྩའི་གཟུགས་ཀྱིས་གནས་པ་ཀུན་རྫོབ་ཀྱི་ལས་དང་བཅས་པ། ལེའུ་བཅུ་བཞི་པའི་སྨད་དང་ཆ་མཐུན་ནོ། །སྙིང་གི་ནང་སོན་ལ་སོགས་པས་དྲི་བ་དང་པོའི་ལན། དཔྱིད་ཀྱི་ཐིག་ལེའི་དོན་བསྟན་པ་ལས། ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །ཅེས་པ་ནི་ཆོས་ཀྱི་འཁོར་ལོའི་ཧཱུྃ་ལས་ཐིག་ལེ་འཛག་པས་ཡིད་དགའ་བར་བྱེད་པའམ། བདེ་བ་ཆེན་པོ་ཁ་འབུ་བས་དཔྱིད་དང་འདྲ་བས་དཔྱིད་ཅེས་བྱའོ། །རྒོད་མ་མེ་ཡི་གཟུགས་ཀྱིས་ནི། །ཞེས་པ་དཔེར་ན་ཕྱིའི་རྒྱ་མཚོ་ན་རྒོད་མ་ཁའི་མེ་ཞེས་བྱ་བ་ཡོད་དེ། དེས་ཆུ་བོ་ཆེན་པོ་བཞི་པོ་ཐམས་ཅད་བབ་ཀྱང་མི་འཕེལ་བ་བཞིན་དུ། ལྟེ་བ་ན་ཚངས་པ་མེའི་རང་བཞིན་ཨྃ་ཡོད་པས། དེས་ཧྃ་ལས་བྱང་སེམས་ཇི་ཙམ་བབ་ཀྱང་མི་འཕེལ་བས། ཨྃ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནས་སྔར་གྱི་བདག་མེད་མའམ་ཕག་མོའོ། །དེ་ཉིད་དུ་རང་བྱུང་མངོན་དུ་བྱས་པའི་རྟོག་པའི་ཟུར་བྲལ་བས་ཐིག་ལེ་ཞེས་བྱའོ། །སྙིང་གི་ནང་སོན་ལ་སོགས་པ། དེ་རྣམས་ཀྱི་ཞར་ལས་ཙཎྜཱ་ལཱི་བཅུ་བདུན་པ་བསྒོམ་པ་བསྟན་ཏེ། ཆོས་ཀྱི་འཁོར་ལོའི་ལྟེ་བར་ཐིག་ལེ་བསྒོམས་ཏེ། དེ་ལ་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་ལྟེ་བར་བབ་པ་ལ་སེམས་གཏད་དེ་བསྒོམ་པའོ། །ལྟེ་བའི་ཨྃ་ཡིག་ཐུང་ངུ་ནི་ཐུང་ངུར་འདྲེན་པའོ། །ཧཱུྃ་ལ་རིང་པོ་མ་མོ་གཉིས་དང་བཅས། །ཞེས་པ་རིང་པོ་ནི་ཧའོ། །མ་མོ་གཉིས་ནི་ཨུ་དང་ཨྃ་ངོ༌། །ཨོཾ་ལ་མ་མོ་གསུམ་བརྗོད་ནི། ཨ་ཨཽ་ཨྃ་ངོ༌། །སུ་ལུ་ཏ་ཞེས་པ་ཨོཾ་མགོར་བསྲིང་བའོ། །ཧཾ་ལ་སྒྲ་ནི་ཧའི་ཁོག་པའི་ཨའོ། །ཐིག་ལེ་ཀླད་ཀོར་རོ། །མི་ཤིགས་པ་ནི་གཏུམ་མོའི་མེ་དང་ཐག་རིང་བས་མི་ཤིགས་པའམ་ཡང་ན་དེ་ལ་བརྟེན་པའི་ཡེ་ཤེས་རྟོག་པས་མི་ཤིགས་པའོ། །ལྟེ་བའི་ཨྃ་ཡིག་ལ་སོགས་པའི་ཚིག་དེ་རྣམས་ཀྱི་ཙཎྜཱ་ལཱི་བཅོ་བརྒྱད་པ་དང་བཅུ་དགུ་པ་གཉིས་ཀྱང་བསྟན་ཏེ། སྔ་མ་ནི་འཁོར་ལོ་བཞིའི་ལྟེ་བ་ལ་ཐིག་ལེ་བསྒོམས་ཏེ། དེ་རྣམས་ལ་དམིགས་ནས་རླུང་གནོན་པའོ། །ཕྱི་མ་ནི་འཁོར་ལོ་བཞིའི་ལྟེ་བ་ལ་སོ་སོའི་ཡི་གེ་བཀོད་དེ། དབུགས་ཕྱིར་ལྡང་བའི་དུས་སུ་ལྟེ་བའི་ཡི་གེ་ལས་འོད་སྤྲོས། སྙིང་གའི་ལ་ཁྱབ་པར་བྱས། དེ་ལས་འོད་སྤྲོས་པས་མགྲིན་པ་ལ། དེ་ལས་སྤྱི་བོ་ལ། དེ་ལས་ལུས་ཐམས་ཅད་ལ་ཁྱབ་པར་བསམ། ནང་དུ་འཇུག་པ་ན་རིམ་པ་བཞིན་དུ་སྡུད་པའོ། །འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་ས་སོགས་འབྱུང་བ་ཆེན་པོ་དང་ཞེས་པ་ལྟེ་བ་ནས་ས་རྒྱུ་བ་ལ་སོགས་པ་བཞིའོ། །ཐུན་བཞི་ཡང་འབྱུང་བ་བཞིའི་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་བཞི་ལ་བྱའོ། །པདྨ་བཞིའང་འཁོར་ལོ་བཞིའོ། །དགའ་བ་བཞི་དང་རྣལ་འབྱོར་བཞིའང་འཁོར་ལོ་བཞི་པོ་དེ་ཉིད་ལ་རྣམ་པར་གཞག་གོ །མཆོག་ཏུ་དགའ་བ་རྐང་པ་བཞིས་འཁོར་ལོ་བཞི་པོ་དེར། རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་རོལ་པ་བསྟན་ཏོ། །འདབ་མ་རྣམས་ནི་བཞི་ལ་ཡང༌། །ཞེས་པ་ཆོས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩ་བཞིའོ། །འབྱུང་བ་བཞིའི་རྩ་རྣམས་ཞེས་པ་དེ་ཉིད་འབྱུང་བ་བཞིའི་རླུང་རྒྱུ་བའི་རྩ་ཡིན་པས་སོ། །མར་མེའི་རང་བཞིན་ལྟ་བུར་ཞེས་པས། རྩ་དེ་ལ་བརྟེན་པའི་བདེ་བ་ཆེན་པོ་རང་རིག་པ་མར་མེ་ལྟ་བུ་ཡིན་པས་དེའི་རྟེན་རྩ་ལ་ཡང་དེ་སྐད་ཅེས་བྱའོ། །དེར་སོན་པ་ཞེས་པ་འདབ་མ་བརྒྱད་ཀྱི་དབུས་སུ་སོན་པ་ཧཱུྃ་ངོ༌། །བདུད་རྩི་ལྔ་ནི་འབབ་པ་ཞེས་པ་མཚམས་ཀྱི་བཞི་ལས་རྩ་གནས་ཐམས་ཅད་ནས་ཧཱུྃ་ལ་འབབ་པའོ། །དེ་མཆོད་རང་གི་གཟུགས་གནས་པ། །ཞེས་པ་དེས་ལོགས་ཀྱི་འབྱུང་བ་བཞི་རྒྱས་པར་བྱེད་པས་སམ། མི་རྟོག་པ་རྒྱས་པར་བྱེད་པས་སོ། །ལུས་ཀྱི་སྙིང་གི་ནང་ཞེས་པ་རྐང་པ་གཉིས་ཀྱིས་འདབ་མ་བརྒྱད་པའི་ནང་ན་སྦས་པའི་རྩ་ལྔ་བསྟན་ཏོ། །པུལླཱི་རར་ནི་མི་ཕྱེད་མ་ལ་སོགས་པས་དྲི་བ་འོག་མ་གསུམ་ཀའི་ལན་རྒྱས་པར་བསྟན་ཏེ། དེ་ཡང་ལུས་ཀྱི་གནས་གང་ཡིན་པ། རྩ་གང་གནས་པ། རྣལ་འབྱོར་མ་གང་གི་ངོ་བོ་ཡིན་པ། ཀུན་རྫོབ་ཀྱི་ལས་ཁམས་དྭངས་མ་གང་འབབ་པ་བཞི་བཞི་གོང་འོག་ལྟོས་ནས་ཤེས་པར་བྱའོ། །རྣལ་འབྱོར་མ་སོ་བདུན་གྱི་ངོ་བོའི་རྩ་ལས་སྙིང་གའི་རྩ་བཅུ་གསུམ་ལས་ཁམས་གང་འབབ་པ་གོང་དུ་བསྟན་ཏོ།།  །།རབ་བྱེད་གསུམ་པའི་ནང་གི་དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་ལ་སོགས་པས་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པ། བཅུ་བཞི་པ། བཅོ་ལྔ་པ་གསུམ་དུ་མ་ཚང་བ་ཁ་སྐོང་ཡིན་གསུངས་ལ། ལེའུ་གསུམ་པོ་དེར་བཤད་པ་དཀྱིལ་འཁོར་གསུམ་པོ་ཉིད་ལ་རང་བཞིན་གྱི་དཀྱིལ་འཁོར་ལ་སོགས་པ་ཚད་བརྩིས་ནས་བཤད་པས། མི་གསལ་བ་གསལ་བ་ཡིན་ནོ། །ནང་གི་སྐུ་གསུམ་ལ་ཙཎྜཱ་ལཱི་ལ་བརྟེན་པའི་སྐུ་གསུམ་མཁའ་འགྲོ་མའི་ལེའུ་བཅོ་ལྔ་པ་དང་ཅུང་ཟད་ཆ་མཐུན་ཞིང༌། གཙོར་མི་གསལ་བ་གསལ་བར་བཤད་པ་ཡིན་ལ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་སྐུ་གསུམ་ཡང༌། དེར་དཀྱིལ་འཁོར་འཁོར་ལོའི་ཐབས་ཙམ་གསུངས་པ་འདིར་སྐུ་གསུམ་དང་སྦྱར་བ་གསུངས་པས། མ་ཚང་བ་ཁ་བསྐང་བའམ། མི་གསལ་བ་གསལ་བའང་ཡིན་ནོ། །ཚིག་དོན་དུ་ཕྱི་རོལ་དུ་ཧེ་རུ་ཀ་ལ་སོགས་པའི་ལྷ་སོ་བདུན་ཡོད་པ་དེ་ནང་དུ་ལུས་རྩ་སུམ་ཅུ་རྩ་བདུན་གྱི་ངོ་བོར་གནས་པ། ཧེ་རུ་ཀ་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེའི་རྟེན་གཞལ་ཡས་ཁང་ཡོད་པ་ནང་དུ་ལུས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་བསྟན་ཏོ། །འཁོར་ལོ་གསུམ་ཡོད་པའི་ནང་དུ་ལུས་ཀྱི་སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་ལ་སོགས་ངོ་བོས་གནས་པ། སྐུ་གསུང་ཐུགས་ཀྱི་ངོ་བོ་ནི་ཞེས་པའོ། །དེ་ལྟར་ལུས་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་གསུངས་པའོ། །འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ནང་དུ་རི་ནི་མགོའི་ཟེའུ་འབྲུ་ལ། ཞེས་པ་ཤླཽ་ཀ་གཅིག་གིས་མདོར་བསྟན་ནས་རྐང་པའི་མཐིལ་ཞེས་པ་ཤླཽ་ཀ་ཕྱེད་དང་གསུམ་གྱིས་རྒྱས་པར་བཤད་པའོ། །རྒྱས་པར་བཤད་པའི་ཚིག་དེ་རྣམས་ཀྱིས་ཙཎྜཱ་ལཱི་ཉི་ཤུ་པ་ཡང་བསྟན་ཏེ། དེ་ཡང་འོག་རླུང་ཅུང་ཟད་བསྐུམ་པས་རྐང་མཐིལ་གྱི་རླུང་གིས་སུམ་མདོའི་མེ་སྦར་ཏེ། རོ་མ་ནས་ཧཾ་ལ་ཐུག་པར་འབར། ཧྃ་ཞུ་ནས་རྐྱང་མ་ནས་ཨྃ་ལ་ཐུག་པར་བབས་པས། ཨྃ་དྲག་ཏུ་འབར་ཏེ་དབུ་མ་ནས་སོང་ནས་ཧྃ་ཞུ་སྟེ་འབར་འཛག་བྱེད་པ་ལ་དམིགས་པའོ། །ལྷའི་གདན་སྣ་ཚོགས་པདྨའི་དོད་ནི་དེ་ཡི་སྤྱི་བོའི་ཆར་གནས་པ། འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །ཞེས་པའོ། །དེ་ཉིད་སྦྱངས་ཏེ་ཧའི་ཁོག་པའི་ཨ་དང་ཨྃ་དང༌། གསལ་བྱེད་ཧ་མཛེས་པར་གནས། ཧཾ་གི་རྣམ་པར་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་ཡིན་པས་སོ། །ཕྱི་རོལ་དུ་པདྨའི་སྟེང་གི་ཟླ་བའི་དོད། ནང་དུ་ཀླད་པ་ཡིན་པར། པདྨའི་ནང་དུ་ཞེས་པ་ཤླཽ་ཀ་གཅིག་གོ །ཤུགས་ལས་ཀླད་རྒྱས་ཉི་མ་ཡིན་པ་བསྟན་ལ། ཉི་ཟླའི་བར་གྱི་ས་བོན་གྱི་དོད་དེ་ནང་ཧྃ་གི་རྣམ་པ་ཉིད། ཅེས་པ་ལ་སོགས་པས་བསྟན་ཏེ། མི་ཤིགས་པ་འདི་རྣམ་པར་རྟོག་པས་མི་ཤིགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཡིན་ལ། དེའི་ཧྃ་ལའང་དེ་སྐད་ཅེས་བྱའོ། །ཡང་ན་ཨ་དང་ཐག་རིང་བས་ཙཎྜཱ་ལཱིས་མི་ཤིགས་པའོ། །འཇིག་རྟེན་ཀུན་གྱི་རྩ་བ་ཞེས་པ་བསྐྱེད་པའི་རྒྱུའོ། །བརྟན་པ་རྩ། གཡོ་བ་རླུང་དང་བྱང་ཆུབ་ཀྱི་སེམས། གསལ་བ་ནི་ཧྃ་གི་རྣམ་པ། མི་གསལ་བ་དེ་ལ་བརྟེན་པའི་ཐིག་ལེའོ། །དེ་ཕྱིར་ཞེས་པ་བཤད་མ་ཐག་པའི་རྟེན་དང་བརྟེན་པ་ཡིན་པའོ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་བསྟན་ནས་ལམ་དུ་བྱས་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྟན་པ་ནི། རྣལ་འབྱོར་པས་གཏུམ་མོ་ལམ་དུ་བྱེད་པ་ན་བདུད་རྩིའི་གཟུགས་ཀྱིས་འཛག་ཅེས་པ་གོང་དུ་བཤད་པའི་ཧྃ་དེ་ཉིད་ལས་སོ། །སྒྲ་འབྱེད་ཅེས་པ་ལྟེ་བའི་ཨྃ་ཁ་འབྱེད་པའོ། །མེ་ནི་དགའ་བར་བྱེད་ཅེས་པ་ལྟེ་བའི་ཨྃ་དྲག་ཏུ་འབར་བར་བྱེད་པའོ། །དེས་ནི་ཞེས་པ་ཐིག་ལེ། གང་ལ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའོ། །དཀྱིལ་འཁོར་ནི་བྱང་ཆུབ་སེམས་ཀྱིའོ། །དེ་ཉིད་ཅེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ངེས་ཚིག་བསྟན་པ་ལས། དེ་ཉིད་ཅེས་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་དཀྱིལ་འཁོར་ཞེས་བྱ་བར་གསུངས་སོ། །ཅིའི་ཕྱིར་ན་མཎྜལ་ལ། མ། མ་ནུ་སཱ་ར་ན་སྙིང་པོ་ཡིན་ལ། དེ་ཉིད་བདེ་བ་ཆེན་པོ་ཡིན་པས། དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །ཅེས་གསུངས་སོ། །ལ་ལ་ཏི་གྲིཧྣ་ལེན་པ་ཡིན་པས་ལེན་ཅིང་ཞེས་པའོ། །གཅོད་པའི་ཕྱིར་ཞེས་པ། ལ། ལ་ལུཙྪེ་ད་ན་གཅོད་པ་སྟེ་རྣམ་པར་རྟོག་པ་གཅོད་པའོ། །ལུས་ལ་གནས་པའི་རྩ་སུམ་ཅུ་རྩ་གཉིས་དཀྱིལ་འཁོར་དུ་བསྟན་པ་ནི། ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། ཅི་སྟེ་ན་ཨ་ཝ་དྷཱུ་ཏཱི་ནི་དཀྱིལ་ཡིན་ལ། གཞན་རྣམས་འཁོར་ཡིན་པས་རྩ་ཆེན་ཞེས་པ་རྐང་པ་གཉིས་གསུངས་སོ། །བྱང་ཆུབ་སེམས་ནི་ལ་སོགས་པས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་སྟོང་པ་དང་སྙིང་རྗེ་དབྱེར་མེད་དེ། དངོས་པོ་ཐམས་ཅད་དེའི་ངོ་བོར་ལེན་པས་དང་དེའི་འབྲས་བུ་ཕྱག་རྒྱ་ཆེན་པོ་ལེན་པས་དཀྱིལ་འཁོར་དུ་བསྟན་ཏོ། །ཕྱི་རོལ་ཞེས་པ་ལ་སོགས་པས་དེ་ཉིད་ཕྱི་ནང་ཐམས་ཅད་དུ་སྣང་བར་བསྟན་ཏོ། །ཕྱི་རོལ་གཟུགས་ལ་སོགས་པས་དེ་ཉིད་ཀྱི་དོན་རྒྱས་པར་བཤད་དེ། ཕྱི་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ལ། ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བཤད་ལ། རྡོ་རྗེ་ཅན་གྱི་བྱང་ཆུབ་སེམས་དོན་དམ་པའི་བྱང་ཆུབ་དེ་ཐམས་ཅད་དུ་སྣང་བའོ། །སྦོམ་པ་ཕྱི། ཕྲ་བ་ནང༌། འགྲོ་བའི་གཉེན་པོ་ནི་དཀྱིལ་འཁོར་གཉིས་པོ་དེ་བསྒོམ་པ་ན། དངོས་གྲུབ་དེ་བསྐྱེད་ཅིང་རྟོག་པ་སྤང་བས་སོ། །དངོས་གྲུབ་གང་བསྐྱེད་ན་སངས་རྒྱས་ཞེས་པ་ལ་སོགས་པ་ཤླཽ་ཀ་གཉིས་གསུངས་སོ། །རང་བཞིན་གྱིས་གྲུབ་པའི་སྦྱིན་སྲེག་ལ། ཤེས་རབ་ནི་ལྟེ་བ་ཡིན་ལ། མེ་ནི་ཨྃ་འབར་བ་སྟེ་སྦྱིན་སྲེག་གི་མེའོ། །ནང་གི་ཁུ་བ་ལ་སོགས་པ་བདུད་རྩི་ལྔའི་དྭངས་མ། དེ་བཞིན་ཕྱི་རོལ་གཟུགས་སོགས་དེར་ཞེན་པའི་རྟོག་པ་སྟེ་བསྲེག་རྫས་སོ། །སྐྱེ་མཆེད་དྲུག་བྱང་ཆུབ་སེམས་དཔའ་དང༌། ཁམས་ཏེ་འབྱུང་བ་བཞི་ལྷ་མོ་བཞི་དང༌། ཕུང་པོ་ལྔ་སངས་རྒྱས་ལྔའི་བདག་ཉིད་ཡིན་པས་ལྷའོ། །དེ་བཞིན་མཁའ་འགྲོ་མ་ཉིད་ཡུལ་དྲུག་ལྷ་མོ་དྲུག་གི་རང་བཞིན་ཡིན་པའམ། ཡང་ན་ཡུལ་དྲུག་གི་དྭངས་མར་གྱུར་པའི་བྱང་ཆུབ་ཀྱི་སེམས་དེ་མཆོད་པའི་རྫས་སོ། །བསྲེག་རྫས་ཀྱི་སྣོད་དང༌། གཟར་བུ་དང་ཐབ་ཁུང་རྣམས་གོ་སླ་ལ་ལས་ཀྱི་རླུང་ཞེས་པ་བཤང་སྒོ་འབྱེད་འཛུམས་ཀྱི་སྦྱོར་བས། བཤང་སྒོ་ན་གནས་པའི་རླུང་བསྐྱོད་པ་ནི། ཨོཾ་མེའི་བདག་ཉིད་དུ་འབར་བའི་ལས་བྱེད་པས་རླུང་ཡབ་བོ། །སྒྲ་ནི་ལྟེ་བའི་ཨྃ་ཡིན་ལ་དེ་སྔགས་ཤཱིནྟཾ་ལ་སོགས་པའི་དོད་དོ། །རང་བཞིན་གྱིས་གྲུབ་པའི་བཟླས་པ། འཁོར་བར་བྱེད་པ་ཡིན་ཞེས་པ་རྩ་གཉིས་ན་རླུང་འགྲོ་འོང་བྱེད་པའི་ཚུལ་གྱིས་འཁོར་བའམ། ཡང་ན་རོ་མ་ནས་ཙཎྜཱ་ལཱིའི་མེ་འབར་ཞིང༌། རྐྱང་མ་ནས་བྱང་ཆུབ་ཀྱི་སེམས་འབབ་པའི་ཚུལ་གྱིས་འཁོར་བའོ། །བསྒོམ་པ་མཚུངས་པར་སྣང་བ་ཉིད། །ཅེས་པ་རང་བཞིན་གྱིས་གནས་པའི་བསྒོམ་པ། ཙཎྜཱ་ལཱིའི་ཡེ་ཤེས་ཀྱི་ཆོས་མཉམ་པ་ཉིད་དུ་རྟོགས་པའོ། །སྦྱིན་སྲེག་དང་འབྲེལ་བའི། དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་ཕྱིར། །ཅེས་པ་ཡས་བབ་པ་དང་གཞིར་གནས་འདྲེས་པའམ། ཡང་དོན་དམ་པའི་དཀྱིལ་འཁོར་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའོ། །སྦྱིན་སྲེག་གི་སློབ་དཔོན་སེམས་ཀྱི་རྒྱལ་པོ་ཉིད། །ཅེས་པ་གཉིས་སུ་མེད་པའི་ཡེ་ཤེས། རྒྱུད་ནི་ཐམས་ཅད་རྟོགས་པར་བྱ། །ཞེས་པ་ཐབས་ཤེས་རབ་ཀྱི་རྒྱུད་ཀྱི་དོན་དེ་ལྟར་རོ། །ནང་གི་སྐུ་གསུམ་ལ། ད་དུང་བདག་ལ་ཐེ་ཚོམ་མཆིས། །ཞེས་པ་ནང་གི་དཀྱིལ་འཁོར་ལ་སོགས་པ་ལ། ཐེ་ཚོམ་ཆོད་ཀྱང་ནང་གི་སྐུ་གསུམ་ལའོ། །ཆོས་དང་ཞེས་པ་ལ་སོགས་པ་འཁོར་ལོ་བཞིའི་གཟུགས་ཀྱིས། མགོན་པོ་རང་བྱུང་གི་ཡེ་ཤེས། ཇི་ལྟར་རོལ་པར་འགྱུར་ཟེར་ཡང༌། ཁོང་ནས་འཁོར་ལོ་བཞི་པ་དེ་གནས་གང་དུ་དགོད་པ་དང༌། དབྱིབས་ཇི་ལྟ་བུ་ཡིན་པ། མིང་གང་ཡིན་པ། འཁོར་ལོ་བཞི་ལ་ཡི་གེ་གང་དགོད་པ། རྩ་གང་དག་དང་རོལ་པ་ལྔ་ཕྱུང་སྟེ། དེ་རྣམས་དབྱེ་བ་ཞེས་པ་རྩ་གྲངས་དུར་གནས་པ་དང་དྲི་བ་དྲུག་གོ །ལན་ལ་སྤྱི་བོའི་ཞེས་པ་ཤླཽ་ཀ་གཅིག་གིས་གནས་དང༌། དབྱིབས་ཕྱོགས་གཅིག་ཏུ་བསྟན། ལྟེ་བའི་ནང་གནས་ཤླཽ་ཀ་གཉིས་ཀྱིས་གྲངས་བསྟན། འདབ་བཅུ་ཤླཽ་ཀ་གཉིས་ཀྱིས་མིང་བསྟན། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །ཞེས་པ་ནས། ཧྃ་གི་ཐིག་ལེའི་གཟུགས་ཅན་ནོ། །ཞེས་པའི་བར་གྱིས་ཡི་གེ་གང་དག་དགོད་པ་བསྟན་ལ། ཞར་ལས་ཙཎྜཱ་ལཱི་ཉི་ཤུ་རྩ་གཅིག་པའང་བསྟན་ཏེ། སྤྲུལ་པའི་འཁོར་ལོའི་ལྟེ་བ་ཨཾ། ནང་གི་འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད། ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ་ཧཱུྃ། ཕྱོགས་བཞིར་ཨ་ཨི་ཨུ་ཨེ། མཚམས་སུ་ཡ་ར་ལ་ཝ། ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བ་ལ་ཨོཾ། ཕྱོགས་བཞིར་ཨཱ་ཨཱི་ཨཱུ་ཨཻ། བདེ་ཆེན་གྱི་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར་ཧྃ་བསྒོམས་ལ། དེ་རྣམས་ལ་དམིགས་ལ་རླུང་མནན་ནོ། །གཡོན་དང་གཡས་པའི་ཞེས་པ་ལ་སོགས་པ་རྩ་གང་དག་ན་རོལ་པ་བསྟན་ཏེ། འཁོར་ལོ་བཞིའི་གཡོན་ཟླ་བ་སྟེ་ཤེས་རབ་ཀྱི་རང་བཞིན་ནམ། ཟླ་བ་བྱང་ཆུབ་ཀྱི་སེམས་འབབ་པ་ལ་ལ་ནཱའོ། །ཡང་ན་ཉི་མ་སྟེ་ཐབས་ཀྱི་རང་བཞིན་ནམ། རཀྟ་འབབ་པ་ར་ས་ནཱའོ། །མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ཞེས་པ་མགྲིན་པ་ཡན་ཆད་རྩ་གསུམ་གཤིབས་ནས་གནས་ལ། མགྲིན་པ་ནས་གྱེས་པའི་གཡོན་གྱི་རྩ་ལ་ལོངས་སྤྱོད་རྫོགས་པའི་སྐུའོ། །ལྟེ་བའི་ནང་དུ་ངལ་སོ་ཞེས་པ་དེ་ལ་ཁ་གཏད་པའོ། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །ཅེས་པ་ཁ་འོག་ཏུ་བལྟས་ནས་བྱང་སེམས་འབབ་པའོ། །གང་ཞིག་ལྟེ་བ་སྟེ་རྩ་གཡས་ཀྱི་ར་ས་ནཱ། དེ་བཞིན་ཁ་ནི་སྟེང་དུ་འབབ། །ཅེས་པ་ཁ་སྟེང་དུ་བལྟས་ནས་རཀྟ་འབབ་པའོ། །མགྲིན་པ་ལ་ཁ་གཏད་ཅིང་སུམ་སྐོར་དུ་འཁྲིགས་པས་ན། མགྲིན་པའི་ནང་དུ་ངལ་སོས་ཞེས་པའོ། །སྟེང་དང་འོག་ཏུ་མཉམ་པར་གནས། །ཞེས་པ་སྟེ་ཁ་སྟེང་དུ་བལྟས་པ་ར་ས་ནཱ། ཁ་འོག་ཏུ་གནས་པ་ལ་ལ་ནཱ། མཉམ་པར་གནས་པ་རིང་ཐུང་མེད་པའོ། །དཔའ་བོ་པདྨ་མགོན་པོ་ལ་སོགས་པའི་རླུང་དང༌། མཁའ་འགྲོ་མ་སྤྱན་མ་ལ་སོགས་དག་པའི་རླུང་ངོ༌། །འགྲོ་བ་རླུང་ཕྱིར་འོང་བ་ནང་དུ། ནུབ་པ་དང་འཆར་བའང་དེ་བཞིན་ནོ། །གཡོན་པ་ནི་ལ་ལ་ནཱའོ། །གཡས་པ་ནི་ར་ས་ནཱ་དེ་གཉིས་ཀྱི་ནང་ན། དབྱངས་ཡིག་བཅུ་གཉིས་ཡང་དག་ལྡན། །ཞེས་པ་དེ་ལ་རྀ་རཱྀ་ལྀ་ལཱྀ་བསྣན་པས་བཅུ་དྲུག ཁ་ནི་སྟེང་དུ་སྟེ་མགོ་གྱེན་ལ་བལྟས་ནས་གནས་པའོ། །ཀ་ལ་སོགས་པ་རྣམས་ཀྱིས་བསྐོར། །ཞེས་པ་ཧ་དང་ཀྵ་མ་གཏོགས་པ་སུམ་ཅུ་རྩ་གཉིས་གཉིས་ཀྱི་བར་ན་ཨཱ་ལི་རེ་རེ་བཅུག་ནས་གནས་པའོ། །ཁ་ནི་འོག་ཏུ་རྣམ་པར་གནས། །ཞེས་པ་ཀཱ་ལི་རྣམས་མགོ་ཐུར་ལ་བལྟས་པའོ། །ལྷག་པར་བྱས་ནས་སྦྱར་བ་ཉིད། །ཅེས་པའང་ཀཱ་ལི་གཉིས་གཉིས་ཀྱི་བར་དུ་བཅུག་པ་ཉིད་ལ་བྱའོ། །ཀྐ་ནི་སྲིན་པོ་ཉིད་དུ་གསུངས། །ཞེས་པ་ཀྵ་རཱཀྵས་སྟེ་མཚན་མ་དང་རྟོག་པ་ཟ་བས་སྲིན་པོའོ། །འོག་གི་ཀྵ་ཞེས་པ་ལྟེ་བ་སྤྲུལ་པའི་འཁོར་ལོའོ། །དེ་ལྟར་རང་བྱིན་གྱིས་བརླབ་པའི་རིམ་པའི་དབང་དུ་བྱས་ནས། འཁོར་ལོ་བཞི་དང་རྩ་གཉིས་ལ་སྐུ་གསུམ་བཞག་པ་བསྟན་ནས། ད་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་དབང་དུ་བྱས་ནས་གང་ཟག་གསུམ་གྱི་རྒྱུད་ལ་སྐུ་གསུམ་བཞག་པ་ནི། གང་ཚེ་མགྲིན་པར་ཞེས་པ་རྡོ་རྗེ་ནོར་བུའོ། །ཆགས་ཆེན་གཟུགས་ཀྱིས་ཟླ་བ་གནས། །ཞེས་པ་བྱང་ཆུབ་ཀྱི་སེམས་ཞུ་བདེ་ཐ་མི་དད་ཀྱི་ཚུལ་གྱིས་གནས་པའོ། །སངས་རྒྱས་རྣམས་ཀྱི་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །ཅེས་པ་བདེ་བ་ལོངས་སྤྱོད་པས་སྐུ་གསུམ་ལས་ལོངས་སྐུའོ། །གང་ཚེ་རྡོ་རྗེ་རྩེར་གནས་པ། །ཞེས་པ་ཐབས་ཀྱིའོ། །དེ་ཚེ་དེར་ནི་སྣ་རྩེར་རོ། །ཞེས་པས་ཤེས་རབ་ཀྱི་ཡང་གསང་རྩའི་རྩེ་མོར་གནས་པའོ། །གང་ཚེ་ལོངས་སྤྱོད་རྫོགས་སྐུ་ཡང༌། །ནུབ་པར་ཞེས་པ་ལ་སོགས་པས་དེ་ལས་ཐིག་ལེ་ལྷུང་བའི་དུས་སུ་ཉི་མའི་གཟུགས་ཞེས་པས་ཤེས་རབ་ཀྱི་རཀྟ་དང་འདྲེས་པས་དམར་པོར་གྱུར་པའོ། །བུ་ཚའི་ལུས་སྐྱེད་ཅིང༌། །སྤྲུལ་པས་སྤྲུལ་པའི་སྐུར་ནི་བརྗོད། །ཅེས་པ་སྟེ་བྱེད་པའི་ལས་ཀྱི་སྒོ་ནས་མིང་བཏགས་པའོ། །དེ་ཡང་གང་སྐྱེས་ན། སངས་རྒྱས་བུ་ཚའི་ཕུང་པོ་ལ། བྱང་ཆུབ་སེམས་དཔའ་དབང་པོ་དྲུག་གི་སྤྲུལ་པ་བསྐྱེད་པའོ། །པདྨ་གར་དབང་རྒྱལ་པོ་ནི། །པདྨ་འབྱེད་པའི་སྦྱོར་བ་ཅན། །ཞེས་པ་ནི། སྔོན་དུ་ཐབས་ཀྱི་སྲིན་ལག་གིས་གསང་རྩ་ཁ་འབྱེད་པའོ། །དེར་ནི་ཉི་མ་ནུབ་པ་དང༌། །གང་ཚེ་རྫོགས་པའི་བྱང་ཆུབ་སེམས། །ཞེས་པ་བུའི་བར་དོའི་སེམས་སོ། །གང་བུར་གྱུར་པ་ནི། ཕ་མའི་བྱང་ཆུབ་སེམས་དང་བུའི་བར་དོའི་སེམས་གཉིས་འདྲེས་པའོ། །རྙོག་པ་མེད་ཅེས་པ་ཟླ་བ་ལྔའི་བར་དུ་རྟོག་པ་དང་བྲལ་བར་གནས་ཏེ། སྐུ་གསུམ་ལས་ཆོས་སྐུར་གཞག་གོ །འཁོར་བ་ཡི་ཞེས་པ་ལ་སོགས་པས་དེ་ཉིད་བཤད་དོ། །རྒྱུད་ནི་སྲིན་བུའི་གཟུགས་ཅན་ཉིད། །ལ་སོགས་པས་གོང་དུ་བཤད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཤད་པ་སྟེ། དེ་ཉིད་ཏནྟྲ་སྟེ་གཉིས་མེད་ལ་བརྟན་པའི་དོན་གྱིས་ན་རྒྱུད་ཡིན་ལ། སྲིན་བུའི་གཟུགས་ཅན་ཞེས་པ། དཔེར་ན་སྲིན་བུས་ཤིང་གི་ཁོང་པ་ཐམས་ཅད་ཟོས་ཏེ། རང་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པ་བཞིན་དུ། ལྷན་སྐྱེས་ཀྱི་འདོད་ཆགས་ཏེ་དགའ་བ་དང་མཆོག་དགའ། ཆགས་བྲལ་ཏེ་དགའ་བྲལ་གྱི་རྟོག་པ་ཟོས་ནས། སྲིན་བུ་དང་འདྲ་བར་ལྷན་སྐྱེས་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་དོ། །དྲུག་པ་དངོས་ཀྱི་སྟོད་སྡོམ་པའི་རབ་ཏུ་དབྱེ་བ་ནི། ཀྱེའི་རྡོ་རྗེའི་བརྟག་པ་ཕྱི་མའི་ལེའུ་བཞི་པ་ཕྱག་རྒྱ་བསྡུས་པ་དང་ཕལ་ཆེར་ཆ་མཐུན། ཡང་བཙུན་མོའི་བྷ་ག་བདེ་ཅན་ལ་སོགས་པས་ནང་གི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་བསྟན་པ་དང༌། ཐེ་ཚོམ་བསལ་བ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་པ་ལ་སོགས་པ་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་དང༌། ཐབས་སུ་འགྱུར་བའི་འཐད་པ་དངོས་གྲུབ་གཏན་ལ་དབབ་པ་དང་ཆ་མཐུན། ལེའུ་གཉིས་ཀྱི་དོན་འདིར་ཕྱོགས་གཅིག་ཏུ་བསྡེབས་པས་གསལ་བར་བཤད། མཁའ་འགྲོ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ཡིན་ལ། འཁོར་ལོའི་ཁྱད་པར་གཞལ་ཡས་ཁང་དུ་ཇི་ལྟར་དགོད་པའོ། །དགོངས་པའི་སྐད་གོང་དུ་བསྟན་པའི་ཡི་གེའི་བརྡ་ལ་སོགས་པའོ། །སྡོམ་པའང་ཞེས་པ་མ་གསུངས་པའོ། །དེ་ལ་སྤང་བྱ་མི་མཐུན་པའི་ཕྱོགས་སྡོམ་པ་དང༌། ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་སྡོམ་པ་དང༌། ཆོས་མཐུན་པ་ལ་སྡོམ་པར་གཞག་པ་དང༌། རང་བཞིན་གྱིས་རྣམ་པར་དག་པ་ལ་སྡོམ་པར་གཞག་པ་བཞི་ལས། དང་པོ་ནི་འདིར་རང་བྱིན་གྱིས་བརླབ་པའི་སྡོམ་པའི་དབང་དུ་བྱས་པའི་གནས་ལྟེ་བའི་ཨྃ། བསྡམ་བྱ་རྣམ་པར་རྟོག་པ་སྡོམ་པ་རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་དེ་མངོན་དུ་བྱེད་པའི་ཐབས་ཙཎྜཱ་ལཱི་འབར་འཛག་གོ །དེ་ཡང་རྣལ་འབྱོར་མ་ལུས་ཞེས་མཚོན་པར་ཟད་ཀྱི། རྣལ་འབྱོར་པ་དང་གཉིས་ཀའི་འོ། །ལུས་ཀྱི་དབུས་ལྟེ་བ། ཇི་ལྟར་ཕྱི་རོལ་ཞེས་པ་ཉན་ཐོས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྟེ་གཙོར་ལུས་ངག་སྡོམ་པ། བྱང་ཆུབ་སེམས་དཔའ་ལུས་ངག་ཡིད་གསུམ་སྡོམ་པའོ། །དེ་བཞིན་ནང་དུ་རྣམ་རྟོག་སྡོམ་པའོ། །དེ་ཉིད་རབ་ཏུ་དབྱེ་ཞེས་པ་གནས་གང་དུ་སྡོམ་པ་དང༌། ཐབས་གང་གིས་སྡོམ་པ་གཉིས་སུའོ། །བོལླ་ནི་ཨ་ཤད་ལྟ་བུ་སྟེ། དེ་ཉིད་བདེ་བ་སྲུང་བར་བྱེད་པས་བདེ་ཞེས་བྱ་ལ། ཕྱག་རྒྱ་ཆེན་པོའི་རྟེན་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ་དེ་ཐབས་སོ། །རྡོ་རྗེ་སྐྱེ་མཆེད་ནི་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་ཞིང་མཆེད་པར་བྱེད་པས་ན། ཨ་ཤད་ལྟ་བུའི་ནང་གི་བདུད་རྩི་ལྔའི་དྭངས་མ་སྟེ་དེ་ཉིད་ཐབས་ཅན་དེ་ཤེས་རབ་བོ། །གསང་བ་ནི་བསྐྱེད་རིམ་ལའོ། །སྙོམས་འཇུག་ནི་རྟེན་དང་བརྟེན་པ་གཉིས་སུ་མེད་པའོ། །ཕྱི་རོལ་གཉིས་གཉིས་ཞེས་པ་ཐབས་ཤེས་རབ་རྡོ་རྗེ་པདྨ་སྙོམས་འཇུག་བྱེད་པའོ། །སྐུ་གསུམ་ལ་སོགས་པས་རང་བྱིན་གྱིས་བརླབ་པའི་སྡོམ་པའི་གནས་དང་འབྲེལ་ནས་ཇི་སྙེད་ཡོད་པའི་ཆོས་རྣམས་འཁོར་ལོ་བཞི་ལ་ཚང་བའི་སྡོམ་པ་བསྟན་ཏོ། །དེའི་ངང་ལས་རླུང་གིས་རྐང་པ་གཉིས་ཀྱིས་ལྟེ་བ་ལ་རྒྱུ་མཐུན་དུ་བཞག་པ་ཉིད་བཤད་པ་ཡིན་ལ། ཞར་ལ་ཙཎྜཱ་ལཱི་ཉི་ཤུ་རྩ་གཉིས་པ་ཡང་ཤུགས་ལས་བསྟན་ཏེ། འཁོར་ལོ་བཞིའི་ལྟེ་བ་ལ་སོ་སོའི་ཡི་གེ་བཀོད་དེ། འོག་སྒོ་འབྱེད་འཛུམས་བྱས་པས་བཤང་སྒོའི་རླུང་གིས་ལྟེ་བའི་ཨཾ་འབར་ནས་དབུ་མ་ནས་སོང༌། སྙིང་གའི་ཧཱུྃ་ལས་ཀྱང་འབར། མགྲིན་པའི་ཨྃ་ལས་ཀྱང་འབར་ནས་ཧྃ་ལ་ཕོག་པས་འཛག་སྟེ། རྩ་འབར་བ་འཛག་པ་གསུམ་ཐ་མི་དད་པ་དམིགས་ལ་རླུང་མནན་ནོ། །སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ཡིན་པས། ལུས་ཆོས་མི་མཐུན་པའི་སྒོ་ནས་སྡོམ་པར་བཞག་པ་དེ་ལ། སྡེ་པ་སྐུ་ཞེས་བརྗོད་པ་སྟེ། །ལ་སོགས་པ་སྟེ། སྡེ་པ་ལ་ནི་ཀཱཾ་ཡཾ་ཞེས་ཟེར་ལ། ཀ་ཀཱ་ཡ་ན་སྐུ་སྟེ་མངལ་སྐྱེས་ཀྱི་སེམས་ཅན་གྱི་ལུས་སོ། །ལྟོ་བ་ལ་སོགས་པ་ཕྱི་རོལ་ན་ཡོད་པ་ལྟར། ནང་ན་ཡང་ཡོད་པ་ལྟར་བསྟན་ཏོ། །བཙུན་མོ་ལ་སོགས་པའི་བྷ་གའི་དཀྱིལ་འཁོར་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་གནས་པ་བསྟན་ཏོ། །ཞལ་ཕྱག་ལ་སོགས་པའི་རང་བཞིན་གྱིས་གཟུགས་སྐུ་དང་ཆོས་སྐུར་གནས་པ་བསྟན་ཏོ། །ཐབས་སུ་གྱུར་པའི་འཐད་པ་བྱང་སེམས་འབྱུང་བ་ལྔ་རིགས་ལྔའི་ངོ་བོ་ཡིན་ལ། རིགས་དུ་མ་རྣམས་ཀྱང་དེ་ལས་བྱེ་བ་ཡིན་པ་དང༌། འདུ་ཤེས་གསུམ་གྱིས་ཟིན་པའི་ཐབས་སུ་གྱུར་པས་འབྱུང་བ་ལྔའི་ཞེས་པ་ལ་སོགས་པས་བསྟན་ཏོ། །གོང་བུ་ལ་སོགས་པའི་ཐིག་ལེ་གཅིག་པ་དེ་བཞིན་གཤེགས་པ་ལྔས་བསྡུས་པ་ཐམས་ཅད་ཀྱི་ངོ་བོའི་འབྱུང་བ་ལྔ་མི་འགལ་བར་བསྟན་ཏོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ནི། བདེ་མཆོག་ཉུང་ངུའི་གླིང་གཞི་གསང་བ་མཆོག་ལ་སོགས་པ་འབྱུང་བ་བཞིའི་རླུང་ལ་སོགས་པ་དང་སྦྱར་ཏེ་བཤད་པའི་རྒྱུད་དོ། །དོན་གོང་དུ་བཤད་པའི་རྟེན་དེ་ལ་བརྟེན་ནས་འོག་ནས་འབྱུང་བའི་ཐབས་ཀྱི་རོ་མ་ནས་སྦར་ཞིང༌། རྐྱང་མ་ནས་ཕབ་པས་དབུ་མར་མངོན་དུ་བྱས་པས། རླུང་སེམས་དབུ་མར་ཐིམ་པ་ལས་རང་བྱུང་མངོན་དུ་གྱུར་པའོ། །དེ་ཡང་གསང་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་རླུང་དབུ་མར་སྡོམ་པའོ། །དེར་མྱོང་བའི་རང་འབྱུང་ལ་ལྡོག་པས་ཕྱེ་བས་ཡེ་ཤེས་ལྔ་ཡིན་པས། རྗོད་བྱེད་གསང་བ་ལ་སོགས་པ་དང་སྦྱར་བ་ཡང་ན་ལ་སོགས་པས་བསྟན་ཏོ། །དེ་ཉིད་སངས་རྒྱས་ལྔར་གཞག་པ་ལ་སོགས་པ་སྟེ། དེ་ཡང་དོན་ཡོད་ཅེས་པ་ཐམས་ཅད་ཀྱི་བདག་ཉིད་བརྗོད་བྱ་ཡིན་ལ། གང་དག་བཞུགས་དང་འོག་གི་ཤིན་ཏུ་རྣམ་དག་ཡེ་ཤེས་སྦྱར་བས་མི་བསྐྱོད་པའོ། །བདུད་རྩི་ལྔའི་རྐང་པ་གཉིས་ཀྱིས་བདུད་རྩི་ལྔ་དབུ་མར་ཐིམ་པས་གསང་བ་ལ་སོགས་པ་ལྔ་དང་སྦྱར་བ་བསྟན་ཏོ། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །ཞེས་པ་སྤྱན་ལ་སོགས་པས་ལྷ་མོ་ལྔའི་བདག་ཉིད་ཡིན་པ་བསྟན། རྡོ་རྗེ་སེམས་དཔའ་ལ་སོགས་པས་མིང་གི་རྣམ་གྲངས་བསྟན་ཏོ། །དེ་མངོན་དུ་བྱེད་པའི་ཐབས། རྡོ་རྗེ་མཁའ་འགྲོ་མ་ལེའུ་བཅོ་ལྔ་པ་དང་ཆ་མཐུན་པས་ངེས་པ་སྐྱེད་པའོ། །དེ་ཡང་དེའི་ཞེས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེའི་ཤེས་རབ་ལྟེ་བའི་ཨྃ། ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་གནས་པ། བཤང་སྒོའི་བྱེད་འཛུམས་ཀྱི་སྦྱོར་བས་སུམ་མདོའི་མེ་སྦར་བ་ལས་ཀྱི་རླུང་གིས་བསྐུལ་བའོ། །འབར་བ་ཨྃ་ལས་མེའོ། །ཨྃ་དེ་ཉིད་ལ་ནང་ལྟར་བཤད་པའི་བདག་མེད་མ་ཞེས་བྱའོ། །དཔྱིད་ནི་བདེ་བ་ཆེན་པོ་ཁ་འབུ་བས་སྙིང་གའི་ཧཱུྃ་ཡིན་ལ། ལྟེ་བའི་ཨྃ་གི་ཐིག་ལེའོ། །སྐྲའི་རྩེ་མོ་བརྒྱ་སྟོང་ལུས་ཙཎྜཱ་ལཱི་ཆ་ཕྲ་བའི་ངོ་བོ་ལྷའི་རྣལ་འབྱོར་ཞེས་པ་ཙཎྜཱ་ལཱིའི་རྣལ་འབྱོར་རོ། །བ་སྤུའི་ཁུང་བུའི་རྩེ་ཤུགས་གཡས་ཀྱི་རོ་མའོ། །དེ་ནས་འོག་ཏུ་སྦྱར་ལ། སྙིང་ག་ཆོས་ཀྱི་འཁོར་ལོའི་ཡིག་འབྲུ་རྣམས་བསྲེགས་ནས། ལོངས་སྤྱོད་འཁོར་ལོར་སོན་ཏེ་དེའི་ཡིག་འབྲུ་རྣམས་བསྲེག་པའོ། །དེ་ནས་ཧྃ་ལ་རེག་ནས་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས། སྣའི་བུ་ག་གཡས་པ་ནས། དེ་ནས་འོག་གི་ཕྱོགས་བཅུར་རྐང་པ་གཉིས་སྦྱར་ལ། དེ་ནས་བུུག་པ་ཞེས་པར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་བུག་པ་གཡོན་པ་ནས་སྤྱི་གཙུག་ནས་བརྒྱུད་དེ་འཁོར་ལོ་ཐམས་ཅད་བསྲེགས་ཏེ། ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་རྣམ་པར་ཕྱུང༌། ཞེས་པ་དེ་བཞིན་གཤེགས་པའི་སྨིན་མཚམས་ནས་བརྒྱུད་ནས་སྣ་གཡས་དང༌། སྔར་གསུངས་པ་དེ་བཞིན་གཤེགས་པ་ལ་འཇུག་པ་ལྟར་བདག་གི་སྣ་གཡོན་ནོ། །དེ་ནས་སྤྱི་གཙུག་ནས་རྐྱང་མ་ནས་བརྒྱུད་ནས་སྔར་བསྲེགས་པ་གསོས་བཏབ་སྟེ་རྒྱས་པར་བྱས་ནས། ལྟེ་བའི་ཨྃ་གི་སྟེང་དུ་བབ་པས། ཨྃ་དྲག་ཏུ་འབར་ཏེ་དབུ་མ་ནས་སྤྱི་གཙུག་གི་ཧྃ་ལ་རེག་པས་འཛག་པའི་འབར་འཛག་ལ་དམིགས་ལ་རླུང་མནན་ནོ། །དེས་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་དོ།།  །།བདུན་པའི་དང་པོ་ངག་གི་ཕྱག་རྒྱའི་ཡེ་ཤེས་བརྗོད་པར་བྱ་བའི་དོན་སྦས་པ་གཙོ་བོ་ཡིན་ལ། བསྐྱེད་རིམ་དང་སྤྱིར་འགྲོ་བའི་སྐབས་ཀྱང་ཡོད། རྗོད་བྱེད་བསྡུས་པའི་དོན་གྱི་མན་ངག་མངོན་པར་རྟོགས་པ་སྤྱོད་པའི་ཡན་ལག་དང་འབྲེལ། ཡང་དམ་ཚིག་དང་སྡོམ་པ་དང་འབྲེལ་བའི་དབང་དུ་བྱས་ནས། དངོས་གྲུབ་མཐའ་དག་བསྒྲུབ་པར་བསྡུས་སོ། །རྒྱུད་སྡེ་གཞན་གྱི་ནི་ཀྱེའི་རྡོ་རྗེ་བརྟག་པ་ཕྱི་མའི་ལེའུ་གསུམ་པའི་ངག་གི་བརྡ་དང་འདིར་ཆ་མཐུན་ངེས་པ་བསྐྱེད། མཁའ་འགྲོ་ལྔའི་བརྡ་གདན་བཞིའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་བཞི་པ་དང་ཆ་མཐུན། ཡི་གེ་རེ་རེའི་བརྡ་བདེ་མཆོག་ཉུང་ངུའི་ལེའུ་བཅོ་ལྔ་པ་དང་ཆ་མཐུན། ཡི་གེ་འདུས་པའི་བརྡ་རྣམས་ལེའུ་ཉི་ཤུ་རྩ་བཞི་པ་དང་ཆ་མཐུན་ནོ། །ལྟ་སྟངས་ཀྱི་ཡེ་ཤེས་ནས་བདུན་པར་རྫོགས་པའི་བར་བརྗོད་བྱ་བསྐྱེད་རིམ་དང་སྤྱི་རྗོད་བྱེད་ཡན་ལག་གི་དོན་ཕལ་ཆེ། མངོན་རྟོགས་དངོས་གྲུབ་མཐའ་དག་དང་ཅི་རིགས་པར་འབྲེལ་པར་ཤེས་པར་བྱའོ། །རྒྱུད་སྡེ་གཞན་ནི་ལྟ་སྟངས་ཀྱི་ཡེ་ཤེས་ཀྱེའི་རྡོ་རྗེ་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ་དང་བཞི་པ་ཆ་མཐུན། བཞི་པ་མ་ཚང་བ་ཁ་བསྐང་ངོ༌། །ལྟུང་བ་ལ་སོགས་པ་བཞི་ལ་ལྟ་སྟངས་བཞི་བསྒྲུབ་པའི་མཚན་ཉིད། རླུང་གི་བྱེ་བྲག་དང་བསྟུན་ནས་གྲུབ་པའི་ལྟས་བརྟག་པ། གྲུབ་པའི་དུས། དེའི་དུས་ཀྱི་ལྷའི་རྣལ་འབྱོར། བསྒྲུབ་པའི་བྱ་བ་དྲུག་ཏུ་ཤེས་པར་བྱས་ལ། བསད་པ་ལ་སོགས་པ་བཞི་ལ་གྲུབ་པའི་ལྟས་བཤད་པ་མེད་པས་ལྔ་ལྔའོ། །རླུང་གི་བྱེ་བྲག་དང་བསྟུན་པ་ཡང་འབྱུང་བ་ལ་སོགས་པ་དང་རིམ་པ་བཞིན་སྦྱར་རོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཉི་ཤུ་རྩ་བཞི་ནི། རྡོ་རྗེ་མཁའ་འགྲོའི་ལེའུ་གསུམ་པ་དང་བཞི་པ་དང་ལྔ་པ་གསུམ་དུ་གསུངས་པའི་དོན་གསལ་བར་བྱེད་པའོ། །དབང་དུ་བྱེད་པ་བརྒྱད་ཚན་གཉིས་ནི་ལེའུ་བཞི་པར་གསུངས་པའི་དོན་གསལ་བར་བྱེད་པའོ། །མི་སྣང་བའི་ཡེ་ཤེས་བཅུ་གཉིས་ལེའུ་དྲུག་པར་གསུངས་པའི་དོན་གསལ་བར་བྱེད་པའོ། །གྲུབ་པའི་མིག་སྨན་གྱི་ཡེ་ཤེས་དཔལ་གསང་བ་འདུས་པའི་ལེའུ་བཅུ་བདུན་པར་ཅུང་ཟད་གསུངས་པའི་དོན་གསལ་བར་བྱེད་པའོ། །བཅུད་ལེན་རྣམས་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་བདུན་པ་ནས་མདོར་བསྟན། ལེའུ་བཞི་བཅུ་བདུན་པ་དང་ཞེ་དགུ་པར་གསུངས་པའི་དོན་འདིར་བསྡུས་ནས་གསལ་བར་བཤད་པའི་རྒྱུད་དོ། །ཡེ་ཤེས་བདུན་དུ་བགྲངས་པ་ཡང་དབང་དུ་བྱ་བ་བརྒྱད་ཚན་གཉིས་གཅིག་ཏུ་བགྲངས་པའམ། ཡང་ན་ཚེ་དང་ལུས་ཀྱི་བཅུད་ལེན་དང་གསེར་འགྱུར་གྱི་ལོངས་སྤྱོད་ཀྱི་བཅུད་ལེན་གཉིས་གཅིག་ཏུ་བགྲང་ངོ༌།།  །།རབ་བྱེད་གཉིས་པའི་མངོན་པར་རྟོགས་པ་དངོས་སྒྲུབ་མཐའ་དག་ལས་སྦྱིན་སྲེག་དང་འབྲེལ། རྒྱུད་སྡེ་གཞན་ཀྱེའི་རྡོ་རྗེའི་བརྟག་པ་ཕྱི་མའི་ལེའུ་དང་པོར་རབ་གནས་དང་འབྲེལ་ནས་སྦྱིན་སྲེག་མདོར་བསྡུས་ཙམ་གསུངས་ཀྱང༌། སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་དང་ཐབ་དང་སའི་ཆོ་ག་ཇི་ལྟར་བྱ་བ་གསལ་བར་མ་གསུངས་པས། དེ་གསལ་བར་བཤད་པའི་རྒྱུད་དོ། །ཡང་གུར་གྱི་ལེའུ་བརྒྱད་པར་ཡང་སྦྱིན་སྲེག་གི་ཆོ་ག་གསུངས་པའི་དོན་ཡང་དག་པར་བཤད་དོ། །རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་རྩ་བརྒྱད་པར་གསུངས་པ་དང་ཡང་ཆ་མཐུན་པ་ཡིན་ནོ། །སྦྱིན་སྲེག་ལ་བརྟེན་ཏེ་རྩ་བའི་ལས་དང་ཡན་ལག་གི་ལས་བསྒྲུབ་པ་རྣམས་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་དྲུག་པ་དང་ཡང་ཆ་མཐུན་པས་ངེས་པ་བསྐྱེད་པ་ཡིན་ནོ།།  །།རབ་བྱེད་གསུམ་པའི་སྟོད་མངོན་པར་རྟོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྙིང་པོ་ནས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ་ལས་དག་པར་བྱ་བའི་ཕྱིར་བཏུ་བ་དང་འབྲེལ། རྒྱུད་སྡེ་གཞན་དཔལ་གསང་བ་འདུས་པའི་ལེའུ་དང་པོར་ལྷ་བཅུ་གསུམ་གྱི་འབྱིན་སྔགས་གསུངས་ལ། བཅུ་བཞི་པར་ཡུམ་བཞིའི་སྔགས་གསུངས་ཀྱང༌། བཏུ་བ་མ་གསུངས་པས་ཡུམ་བཞིའི་སྔགས་བཏུ་བ་ཁ་བསྐང༌། ཡང་དེ་བཞིན་གཤེགས་པ་བཞིའི་སྔགས་ཉིད་ཀྱང་མ་གསུངས་པས་ཁ་བསྐང༌། ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྟོག་པ་ལྔ་པར་རིགས་བཞི་དང་ཡུམ་བཞིའི་སྔགས་གསུངས་ཀྱང༌། ལྷག་ཆད་སྤང་བའི་ཕྱིར་བཏུ་བ་མ་གསུངས་པས་ཁ་བསྐང་བ་ཡིན་ལ། དོན་ཡོད་གྲུབ་པའི་སྔགས་འདིར་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་ཀྱིས་བྱས་པས་ཚུལ་མི་འདྲའོ། །དྲག་པོའི་སྔགས་བདུན་བཏུ་བ་ཀྱེའི་རྡོ་རྗེའི་བརྟག་པ་ཕྱི་མའི་དགུ་པ་དང་ཆ་མཐུན། བརྒྱད་པ་གཉིས་ཀྱི་ནང་ཞེས་པ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་གྱི་རྡོ་རྗེ་དྲག་མོ་ལ་སོགས་ལྷ་མོ་བཅུ་དྲུག་དང་སྒོ་མ་བཞིའི་སྔགས་བསྡུས་ཏེ་དེ་ཡང་དེ་ཉིད་འདུས་པ་དང༌། རྡོ་རྗེ་མཁའ་འགྲོའི་བསྡུས་པའི་དཀྱིལ་འཁོར་གྱི་སྐབས་སུ་མ་ཚང་བ་ཁ་བསྐང་ངོ༌། །དེ་ཡང་བརྒྱད་པ་གཉིས་ནི་ཨཱ་ལི་བཅུ་དྲུག་ཡིན་ལ། བརྒྱད་པ་ནི་རིང་ཐུང་གཉིས་གཉིས་གཅིག་ཏུ་བགྲངས་པའོ། །བརྒྱད་པ་ཨྃ་དང་ཨཿཚེག་དྲག་ཅན་ཏེ། ཨྃ་ཐིག་ལེ་བཅུ་དྲུག་ཏུ་འགྱུར་ལ་ཨཱཿགསུང་གི་ཡི་གེར་གྱུར་པས་ན་རྣམ་པར་བརྒྱན་པའོ། །གཏི་མུག་རིགས་ནི་སྐུའི་ཡི་གེ་ཨོཾ། ཐུགས་ཀྱི་ཡི་གེ་ཧཱུྃ་ཁ་བསྐངས་པས། ཨོཾ་ཨཱཿཨྃ་ཧཱུྃ་སྭཱ་ཧཱ། ལ་སོགས་པར་འགྱུར་རོ། །སྒོ་བ་བཞི་ལ་ཐམས་ཅད་དུ་ནི་སྒོ་སྲུང་བ་ལ་ཞེས་པ་སྦྱར། དེ་ནས་རྣམ་སྣང་སྟེ་ཨོཾ། དེ་ལས་ལས་ཀྱི་ས་བོན་ཏེ་བཛྲ་ཨངྐུ་ཤ་ཛཿལ་སོགས་པའོ། །མཐར་སྭཱ་ཧཱ་སྦྱར་བས། ཨོཾ་བཛྲ་ཨངྐུ་ཤ་ཛཿལ་སོགས་པར་འགྱུར་བ་སྟེ། འདི་རྣམས་ཀྱིས་བཏུས་པའི་སྔགས་བརྒྱད་པ་དངོས་ལས་འབྱུང་བའོ། །མ་ནིང་བཞིའི་ས་བོན་ལ་སོགས་པས་ཀྱང་གོང་དུ་བཤད་པའི་རྣལ་འབྱོར་མ་བཅུ་དྲུག་གི་སྔགས་བཏུ་བ་ཉིད་གསལ་བར་བཤད་དོ། །གཙོ་བོ་རྡོ་རྗེ་སེམས་དཔའི་སྔགས་ཀྱང་བརྒྱད་པ་ལས་འབྱུང་ལ། བྱང་ཆུབ་སེམས་དཔའ་བརྒྱད་ལ་སྔགས་འདིར་གསུངས་པ་མེད་དོ། །འཁྲུལ་འཁོར་བཞི་བཅུ་རྩ་གཉིས་ལས་སྒྲོལ་མ་དང་འབྲེལ་པ་རྣམས་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལས་འབྱུང་བ་དང་ཆ་མཐུན། འོད་ཟེར་ཅན་གྱི་འཁྲུལ་འཁོར་འོད་ཟེར་ཅན་གྱི་རྟོག་པ་ཆེན་པོ་དང་ཆ་མཐུན། གཞན་རྣམས་ནི་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དྲུག་པ་ལས་ལས་གྲུབ་པའི་འཁྲུལ་འཁོར་གསུངས་ནའང༌། རྣམ་པ་འདི་ལྟ་བུ་མ་གསུངས་པས་མ་ཚང་བ་ཁ་སྐོང་དུ་འགྲོ་གསུང་ངོ༌། །གོ་ཆའི་འཁྲུལ་འཁོར་གྱི་ལྷའི་རྣལ་འབྱོར། བདེ་མཆོག་ཉུང་ངུའི་ལེའུ་གཉིས་པ་དང་ཆ་མཐུན། དེ་ལ་གོ་ཆ་དགོད་པ་དང༌། གོ་ཆའི་སྔགས་བཏུ་བ་བདེ་མཆོག་ཉུང་ངུའི་ལེའུ་དྲུག་པ་དང༌། ཀུན་སྤྱོད་ལེའུ་བདུན་པ་དང༌། གཉིས་པ་ནས་འབྱུང་བ་དང་ཆ་མཐུན་ནོ། །འཁྲུལ་འཁོར་རྣམས་ཀྱི་སྤྱིའི་མན་ངག་ཀྱང་བྲི་བའི་གཞི། སྣག་ཚ། སྨྱུ་གུ། བྲི་བའི་ཐབས་ཀྱི་ཆོ་ག བྲིས་ནས་བསྒྲུབ་པ། ལས་སྦྱོར་གྱི་དུས་སུ་ཇི་ལྟར་བྱ་བ་སྟེ་དྲུག་གོ །དེ་ལ་གཞི་ནི་ལས་གསུམ་ལ་གྲོ་ག་སོགས་དྲག་པོ་ལ་དུར་ཁྲོད་ཀྱི་རས་སམ། སྨྱོན་པའི་རས་སམ། དབང་ཕྱུག་གནས་ཀྱི་རྒྱལ་མཚན་གྱི་རས་སམ། ཐོད་པ་དང་རྡོའི་གཏན་པ་ལ་བྲི་བར་ཡང་བཤད། རྫས་ནི་ལས་ཐམས་ཅད་དང་ཡང་འབྲེལ་བར་ཡོད་དོ། །སྣག་ཚ་ཞི་བ་ལ་ཙནྡན་དཀར་པོ་སོགས། རྒྱས་པ་ལ་གུར་ཀུམ་དང་གི་ཝང་སོགས། དབང་ལ་ཙནྡན་དམར་པོ་དང་རང་གི་སྲིན་ལག་གི་ཁྲག་གོ །དྲག་པོ་ལ་དུག་དང་སྐྱེ་ཚེ་དང་ལན་ཚའི་ཁུ་བ་ལ་སོགས་པས་བྱའོ། །སྨྱུ་གུ་ལ་གསུམ་ལས། སྨྱུག་མ་ལ་སོགས་པ་ཡིན་ལ། དྲག་པོ་ལ་བྱ་རོག་གི་སྒྲོ་རྩ་དང༌། མི་རྐང་ལ་སོགས་པས་བྱའོ། །ཐབས་ཀྱི་ཆོ་ག་དབྱིབས་དང་ཡི་གེ་དགོད་པ་ལ་སོགས་པའོ། །བསྒྲུབ་པ་རབ་གནས་ཡིན་ལ། ལས་སྦྱོར་གྱི་དུས་སུ་ལ་ལ་མཆོད་པ་འབའ་ཞིག་ལ། ལ་ལ་མནན་པ་ལ་སོགས་པ་བྱའོ། །འདི་རྣམས་ཀྱང་སོ་སོ་གཞུང་ཐད་ཀ་ལས་གསལ་ལ་མི་གསལ་བ་རྣམས་ཕན་ཚུན་ལྟོས་ནས་རྟོགས་པའོ། །དེ་ཡན་ཆད་ཀྱི་ལས་རྣམས་ལྷའི་རྣལ་འབྱོར་སྔགས་རྫས་འཁྲུལ་འཁོར་རྣམས་ཀྱིས་བསྒྲུབས་པས་ཚོགས་པ་ལ་བརྟེན་པའི་ལས་སོ།།  །།བདུན་པ་དངོས་ཀྱི་སྟོད་རབ་གནས་དང་འབྲེལ་བའི་སྦྱིན་སྲེག་ནི། མངོན་པར་རྟོགས་པ་རབ་གནས་སྦྱིན་སྲེག་གཉིས་དང་འབྲེལ་ལ། རྒྱུད་སྡེ་གཞན་བརྟག་པ་གཉིས་པའི་བརྟག་པ་ཕྱི་མའི་ལེའུ་དང་པོ་དང༌། གུར་གྱི་བརྒྱད་པ་དང༌། རྡོ་རྗེ་མཁའ་འགྲོའི་བཞི་བཅུ་རྩ་བརྒྱད་པ་གསུམ་གྱི་དོན་གསལ་བར་བྱེད་པའོ། །བསམ་གཏན་ལ་བརྟེན་པའི་ལས་ཀྱི་ཚོགས་རྣམས་མངོན་པར་རྟོགས་པ་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ཕྲིན་ལས་རབ་འབྱམས་ཡིན་ལ། རྒྱུད་སྡེ་གཞན་ནི་སྒྲོལ་མས་མཆོག་སྒྲུབ་པ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྟོག་པ་བཞི་པར་གསུངས་པ་དང༌། ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང་བའོ། །རྡོ་རྗེ་འཇིགས་བྱེད་ཀྱིས་དྲག་ཤུལ་གྱི་ལས་བསྒྲུབ་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་རྟོག་པ་བཞི་པ་བསྒོམ་པའི་རྟོག་པ་དང༌། མངོན་པར་རྟོགས་པ་དང་ཞལ་ཕྱག་ཆ་མཐུན། དེའི་རྟོག་པ་ལྔ་པར་བྲིས་སྐུ་གསུངས་ལ། འདིར་ཇི་ལྟར་བསྒོམ་པ་ལྟར་བྲི་བར་གསུངས་པས་མདོར་བསྡུས་ནས་གསལ་བར་བཤད་དོ། །ཇོ་མོ་འོད་ཟེར་ཅན་གྱིས་ཆོམ་རྐུན་བཅིང་བ་དང༌། རི་ཁྲོད་མ་ཤིང་ལོ་ཅན་གྱིས་ནད་ཞི་བ་གཉིས་ནི། རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པར་བསམ་གཏན་ལ་བརྟེན་པའི་ལས་གསུངས་པའི་སྐབས་སུ་མ་ཚང་བ་ཁ་བསྐང་ངོ༌། །བདེ་མཆོག་ཞལ་བཞི་པའི་རྣལ་འབྱོར་གྱིས་ཁུ་བ་དགུག་པ། རྡོ་རྗེ་མཁའ་འགྲོ་མས་ཁྲག་དགུག་པ་གཉིས། རྡོ་རྗེ་མཁའ་འགྲོའི་བཅུ་གཅིག་པར་གསུངས་པ་དང་ཅུང་ཟད་ཆ་མཐུན། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས། གསད་པ་དང་བསྐྲད་པ་དང་དབྱེ་བའི་ལས་གསུམ་བསྒྲུབ་པ། དགྲ་ནག་གི་ལེའུ་བཅུ་གཅིག་པར་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང༌། རྟ་མགྲིན་གྱིས་ཆང་དགུག་པ་དང་སྐྱུག་པ་ནི། རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པ་ཆང་དགུག་པ་གསུངས་པ་དང་ཅུང་ཟད་ཚུལ་མི་འདྲ་བར་བཤད་ལ། སྐྱུག་པ་ཀྱེའི་རྡོ་རྗེ་ལེའུ་གཉིས་པ་དང་ཆ་མཐུན། དེ་གཉིས་ཕྱོགས་གཅིག་ཏུ་བསྡེབས་པ་གསལ་བར་བཤད་དོ། །མི་གཡོ་བའི་རྣལ་འབྱོར་གྱིས་རླུང་བཅིང་བ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པ་དང༌། རྣམ་སྣང་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་གསུངས་པའི་དོན་གསལ་བར་བཤད་པའོ། །སྟོབས་པོ་ཆེའི་རྣལ་འབྱོར་གྱི་ཆར་དབབ་པ་དང་བཅད་པ། ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པར་བཅད་པའི་ལས་གཙོར་གསུངས་པ་ལ། གུར་གྱི་ལེའུ་བཞི་པར་དབབ་པའི་ལས་གསུངས་པ་དེ་གཉིས་ཕྱོགས་གཅིག་ཏུ་བསྡེབས་པས་གསལ་བར་བཤད་དོ། །རྣམ་སྣང་དང་མི་གཡོ་བའི་རྣལ་འབྱོར་གྱིས་སྐྱེས་པའི་བགེགས་ཞི་བ་ནི་སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པ་དང་ཆ་མཐུན། བྱ་ཁྱུང་གི་རྣལ་འབྱོར་གྱིས་ཆར་བཅད་པ་ཡང༌། སྟོབས་པོ་ཆེ་དང་འབྲེལ་བའི་དབང་དུ་བྱས་ནས། སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པ་དང་ཆ་མཐུན་ནོ། །སྒྲོལ་མའི་རྣལ་འབྱོར་གྱིས་དབང་དུ་བྱ་བ་གུར་གྱི་ལེའུ་བརྒྱད་པར་གསུངས་པ་དང་ཅུང་ཟད་མི་འདྲ་བར་བཤད་དོ། །དཔལ་མཆོག་དང་པོའི་རྣལ་འབྱོར་གྱིས་ཐོག་བཟློག་པ། དཔལ་མཆོག་ཕྱི་འགྱུར་གྱི་བྲིས་སྐུའི་སྐབས་སུ་གསུངས་པ་དང་ཆ་མཐུན་གསུང་ངོ༌། །འཁོར་ལོ་ལ་བརྟེན་ནས་ལས་གྲུབ་ནས་ཡི་གེ་བྲི་ལུགས་ནི་དགྲ་ནག་ལེའུ་ལྔ་པར་གསུངས་པ་དང་ཆ་མཐུན་ནོ། །རབ་ཏུ་མྱོས་མ་དབང་དུ་བྱ་བ་ལ་སོགས་པ་དྲུག་ནི་བརྟག་པ་གཉིས་པའི་ལེའུ་གཉིས་པར་གསུངས་པ་དང་ཆ་མཐུན་ལ། དུག་ཞི་བ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པ་ལས་འབྱུང་བ་དང་ཆ་མཐུན་ནོ།།  །།བརྟག་པ་བརྒྱད་པ་བརྗོད་པར་བྱ་བ་བསྐྱེད་རིམ་གྱི་སྤྱི་གཙོ་ལ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས་རང་བྱིན་བརླབ་ཀྱི་སྦས་པ། རྗོད་བྱེད་ཡན་ལག་གི་དོན། མངོན་པར་རྟོགས་པ་རྡོ་རྗེ་དྲིལ་བུ་མི་བསྐྱོད་པའི་དམ་ཚིག ཕྲེང་བ་འོད་དཔག་མེད། ཡེ་ཤེས་ཀྱི་འཕོ་བ་དོན་ཡོད་གྲུབ་པའི་དམ་ཚིག་ཡིན་པས། དམ་ཚིག་དང་གཙོར་འབྲེལ་ལ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས། རྫོགས་པའི་རིམ་པ་གནས་སྐབས་གཉིས་དང་འབྲེལ། ཕྲེང་བ་སྔགས་རྣམས་དེ་བཞིན་གཤེགས་པའི་ཐུགས་སྙིང་པོ་ནས་བསྐུལ་བའོ། །རྒྱུད་སྡེ་གཞན་ནི་རྡོ་རྗེ་དྲིལ་བུ་རྡོ་རྗེ་གདན་བཞིའི་སྦྱོར་བའི་གདན་གྱི་རབ་ཏུ་དབྱེ་བ་བཞི་པར་གསུངས། གོང་དུ་འཕོ་བ་གསང་བའི་གདན་གྱི་རབ་བྱེད་གསུམ་པར་གསུངས་པ་དང་ཆ་མཐུན། འདིར་ཕྱོགས་གཅིག་ཏུ་བསྡེབས་པས་གསལ་བར་ཡང་བཤད། ཡང་རྡོ་རྗེ་མཁའ་འགྲོའི་ལེའུ་སུམ་ཅུ་རྩ་གཅིག་པར་རྡོ་རྗེ་དྲིལ་བུ་གསུངས། བཞི་བཅུ་རྩ་ལྔ་པར་ཕྲེང་བའི་དེ་ཁོ་ན་ཉིད་གསུངས། ཉི་ཤུ་རྩ་གཅིག་པར་ཡེ་ཤེས་ཀྱི་འཕོ་བ་གསུངས་པ་རྣམས་འདིར་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་བཤད། དེ་ཡང་རྡོ་རྗེ་མཁའ་འགྲོར། རྡོ་རྗེ་ཡང་ཁྲོ་བོའི་རྡོ་རྗེ་སྟེ་རྡོ་རྗེ་གདེངས་པ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། རྒྱན་གྱི་རྡོ་རྗེ་དང༌། དྲིལ་བུའང་དེ་བཞིན་གཤེགས་པ་དྲུག་གི་དྲིལ་བུ་སོ་སོར་གསུངས། ཕྲེང་བའི་སྐབས་ནའང་ཕྲེང་ཐག་གི་རྒྱུའི་བྱེ་བྲག་དང་བཅས་པར་གསུངས་སོ། །སྔགས་རྣམས་ནི་གོང་གི་སྒྲུབ་ཐབས་ཀྱི་ལྷ་དང་སྦྱར་བས་གོ་བར་ནུས་ཀྱི། ཐད་ཀར་རླུང་སྡེ་གཞན་དང་སྦྱར་བ་མི་གསུང་ངོ༌། །རྡོ་རྗེ་དྲིལ་བུའི་དེ་ཁོ་ནའི་དོན་བསྡུས་ན་ཚད་དང་ལྡན་ཞིང་དག་པ་ཤེས་པས། ལག་པ་གཡས་པར་ཉི་མའི་དཀྱིལ་འཁོར་བསམས་ལ། གཞུང་ནས་འབྱུང་བའི་སྔགས་རྒྱས་བསྡུས་གང་རུང་བརྗོད་ལ་རྡོ་རྗེ་བླང༌། གཡོན་པར་ཟླ་བ་བསམས་ལ་བཛྲ་གྷཎྜེ་ཨ་ཞེས་བརྗོད་ལ་དྲིལ་བུ་བླངས་ཏེ་རྣམ་ལྔ་འདོད་སྐོར་བྱས་ལ། དེ་ནས་དྲིལ་བུ་དཀུར་བཞག་ལ། ཧཱུྃ་བརྗོད་ཅིང་སྨིན་མཚམས་ལས་མི་མཐོ་བར་རྡོ་རྗེ་ལན་གསུམ་གསོར། དེ་ནས་སྙིང་གར་བཟུང་སྟེ་དྲིལ་བུ་ཕྱོགས་མཚམས་བརྒྱད་དུ་བསྐོར་བའི་ཚུལ་གྱིས་འཁྲོལ་ཞིང་གཞུང་ནས་ཀྱི་སྔགས་བརྗོད། སྒྲ་དེས་ནམ་མཁས་ཁྱབ་ཚད་ཀྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་རྣམས་ལ་སེམས་ཅན་གྱི་དོན་དུ་དུས་བྱང་ཆུབ་སྙིང་པོའི་བར་ལ་བསྐུལ་བར་བསམ་མོ། །ཚིག་དོན་གཞུང་ཉིད་དུ་བརྟག་གོ །ཕྲེང་བ་ནི་རྒྱུ་དང་གྲངས་ལས་དང་མཐུན་པ་སྟེ། ཕྲེང་ཐག་དགུ་སྒྲིལ་ལ་ཧཱུྃ་བརྗོད་ཅིང་བརྒྱུས་ལ། ལག་པ་གཡས་ཀྱི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམས་ལ། ལག་པའི་མཐིལ་ཉི་མའི་ཐ་མ་ནས་ཀཱ་ལི་དམར་པོས་བསྐོར་བ། གཡོན་པའི་སོར་མོ་ལྔ་པདྨ་འདབ་མ་ལྔ་པར་བསམས་ལ། མཐིལ་དུ་ཟླ་བ་ལ་ཨཱ་ལིས་བསྐོར་བར་བསམ། ལག་པ་གཉིས་ཀྱི་དབུས་སུ་བདུད་རྩིའི་རང་བཞིན་གྱི་སུྃ་དཀར་པོ་བསམས་པའི་དབུས་སུ་ཕྲེང་བ་བཞག་སྟེ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས། སུྃ་ལས་བདུད་རྩི་བྱུང་ནས་ཨཱ་ལི་ཀཱ་ལི་ལ་ཐིམ་པས། ཕྲེང་བ་རྣམས་བདུད་རྩིའི་རང་བཞིན་གྱིས་ཨཱ་ལི་ཀཱ་ལིར་བྱས་ནས་གཞུང་ནས་འབྱུང་བའི་བྱིན་གྱིས་བརླབ་པའི་སྔགས་བརྗོད་དོ། །བཟླས་པའི་དུས་སུ་གཡས་པའི་མཐེ་བོང་ལ་བསྐོར་ཏེ། གཡོན་པའི་ལས་དང་མཐུན་པའི་སོར་མོས་བགྲང་ངོ༌། །ཚིག་དོན་གཞུང་ན་གསལ་ལོ། །ཡེ་ཤེས་ཀྱི་འཕོ་བ་ནི་སྔོན་དུ་རླུང་བུམ་པ་ཅན་ལ་གོམས་པས་འཆི་ལྟས་ཤེས་ཤིང༌། རླུང་ལ་དབང་ཐོབ་པར་བྱས་ལ། འཆི་བ་མ་བསླུས་ན་དུས་ལས་ཟླ་བ་ཙམ་གྱི་གོང་དུ་རིམས་ལ་སོགས་པས་མ་ཐབས་པ་ལ་བྱའོ། །དེ་ཡང་མཆོད་རྟེན་གྱི་སྒོ་ནི་སྨིན་མཚམས་ཏེ། དེར་ལྕགས་སྒྲོག་ལྔ་ཞེས་པ་ཡི་གེ་ཧཱུྃ་སེར་པོ་ཆ་ལྔ་པ། དེ་བས་དམའ་བའི་སྒོ་ལྟེ་བ་སྟེ། དེར་ས་བོན་ཆུ་དཀར་པོ་ཞེས་པ་སུྃ་དཀར་པོ། བཏུང་དང་བཏུང་བ་མིན་པ་གཉིས་སུ་མེའི་ས་བོན་ཏེ་ཀྵུྃ་རེ་རེ་དགོད། ལྷག་པར་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོ་ལྟར་གསེར་གྱི་སྒོར་ཀྵུྃ། མིག་གཉིས་སུ་ཧཱུྃ་སྔོན་པོ། རྣ་བ་གཉིས་ཡུྃ་དམར་པོ། སྣར་ཡུྃ་སྔོན་པོ། ཁར་སུྃ་དཀར་པོ་དགོད། དེ་ནས་སྙིང་གར་རླུང་གི་དཀྱིལ་འཁོར་ཟླ་བ་ཚེས་པ་ལྟ་བུའི་སྟེང་དུ་སེམས་ཀྱི་རྟེན་ཡི་གེ་ཧཱུྃ་སྔོན་པོ། །རླུང་གི་དཀྱིལ་འཁོར་གྱི་འོག་ཏུ་ཡི་གེ་ཡུྃ། དེའི་འོག་ཏུ་ཧི། རླུང་གི་སྟེང་དུ་ཡང་ཡུྃ། དེའི་སྟེང་དུ་ཀ་དགོད། ལྟེ་བར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཨྃ་བསམས་ལ། དབུགས་ཕྱིར་རྒྱུ་བའི་དུས་སུ་ཧི་ཀ ཞེས་པས་དྲག་ཏུ་དྲངས་པས་ཨྃ་གི་འོད་ཀྱིས་སྙིང་གའི་རླུང་གི་དཀྱིལ་འཁོར་ཡི་གེ་ལྔ་དང་བཅས་པས་སྟེང་འོག་བཟློག་ནས་ཀླད་པའི་ནང་དུ་དབུལ། ནང་དུ་འཇུག་པའི་དུས་སུ་སྙིང་གར་སྔ་མ་བཞིན་དུ་གྱུར་པ་ཉི་ཤུ་ཐམ་པའི་བར་དུ་བྱས་ལ། ཉི་ཤུ་རྩ་གཅིག་པ་ལ་རྟེན་དང་བརྟེན་པར་བཅས་པ་གང་འདོད་པའི་སྒོ་ནས་དབྱུང་ངོ༌། །ཚིག་དོན་གཞུང་ཉིད་དུ་བརྟག་གོ །མཛོད་སྤུའི་སྐྲ་དཀར་ས་བོན་གྱིས། །ཞེས་པ་དང་འོག་ནས་དེ་ནས་སྟེང་དུ་འཕྲོག །ཅེས་པ་རྐང་པ་གསུམ་གྱིས་ཞར་ལ་སྐྲ་དཀར་འཇོམས་པ་བསྟན་ཏེ། སྤྱི་བོར་ཧྃ་ཐུར་བལྟས་བསམས་ཏེ། ཨྃ་གི་འོད་ཀྱིས་བཞུ་ནས་བདུད་རྩི་འབབ་པར་བསམ་མོ། །གོང་དུ་འཕོ་བ་དང་གྲོང་དུ་འཇུག་པ་གཉིས་ཀྱི་རྟེན་ལྷའི་རྣལ་འབྱོར་ནི། ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་སྟོང་པ་ཉིད་ཀྱི་ནམ་མཁའ་ལ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དེ་ལས་འོད་འཕྲོས་པ་བསྲུང་བའི་འཁོར་ལོ། །དེའི་དབུས་སུ་པྃ་ལས་པདྨ་སྟེང་དུ་ཧཱུྃ་ལས་ཡེ་ཤེས་མཁའ་འགྲོ་མ་སྐྱེད་དེ། སེམས་དཔའ་སུམ་བརྩེགས་སུ་བྱས་ལ། ཡན་ལག་བརྒྱད་ལ་ཡི་གེ་བརྒྱད་བརྟག་པ་དང་པོ་ལས་འབྱུང་བ་ལྟར་དགོད་དོ། །སྙིང་གི་དཀྱིལ་འཁོར་དབུས་གནས་ཞེས་པ་ཤླཽ་ཀ་གཅིག་གིས། ཡེ་ཤེས་མཁའ་འགྲོ་མའི་ཐུགས་ཀར་ཧཱུྃ་བསྒོམ་པ་བསྟན་ལ། ཞར་ལས་ཙཎྜཱ་ལཱི་ཉི་ཤུ་རྩ་གསུམ་པའང་བསྟན་ཏེ། སྙིང་གར་རླུང་ལྔའི་རང་བཞིན་གྱི་བྷྲཱུྃ་སོགས་ལྔ་བཀོད་ལ། དེ་ལ་དབུགས་ཕྱིར་རྒྱུ་བའི་དུས་སུ་གང་ནས་རྒྱུ་བའི་ངོས་ནས། རླུང་ཁ་དོག་ལྔ་པོ་སོ་སོར་འཕྲོ་ཞིང་ནང་དུ་འཇུག་པ་ན་དེ་རྣམས་ཉིད་ལ་བསྟིམ་ཞིང་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་འབྱུང་བའོ། །ཡང༌། ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །ཞེས་པ་ལ་སོགས་པ་རྐང་པ་དགུས། ཙཎྜཱ་ལཱི་ཉི་ཤུ་རྩ་བཞི་པ་ཤུགས་ལས་བསྟན་ཏེ། སྙིང་གའི་ཧཱུྃ་ལ་དམིགས་ནས་རླུང་ཁ་ནས་སྒྲ་མེད་དུ་འདྲེན་པའོ། །གཞན་གྱི་གྲོང་ཁྱེར་དུ་འཇུག་པ་དངོས་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ལྟེ་བར་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨྃ་དམར་པོ་ཉི་མའི་འོད་ལྟ་བུ། སྙིང་གར་ཧཱུྃ་ཐུར་བལྟས་བསམས་ལ། ཧི་ཀ་དྲག་ཏུ་བརྗོད་པས། ཨྃ་གི་འོད་ཀྱིས་སྙིང་གའི་ཧཱུྃ་དེ་མགོ་གྱེན་ལ་བསྟན་ཏེ་ཀླད་པའི་ནང་དུ་ཕུལ། ཀ་ཧི་ཞེས་པས་སྙིང་གར་སྔ་མ་བཞིན་དུ་གནས་པ་ལ་ཡང་ནས་ཡང་དུ་གོམས་པར་བྱ། དངོས་གཞིའི་དུས་སུ་ཧི་ཀ་བརྗོད་པས་ལྟེ་བའི་ཨྃ་གི་འོད་བདག་གི་སྣ་གཡས་ནས་གཞན་རྒྱལ་པོའི་བུ་ལྟ་བུའི་གཡོན་ནས་སོང་སྟེ་ཤེས་པའི་རྟེན་ཧཱུྃ་བཟུང་ནས། ཡང་དེའི་སྣ་གཡས་ནས་བདག་གི་སྣ་གཡོན་ནས་ལྟེ་བའི་ཨྃ་ལ་ཡང་ནས་ཡང་དུ་བསྲེག་གོ །དེ་ནས་དབུགས་ཕྱིར་རྒྱུ་བའི་དུས་སུ་ཨྃ་གི་འོད་ཀྱིས་སྙིང་གའི་ཧཱུྃ་བསྐུལ་ནས། བདག་གི་སྣ་གཡས་ནས། རྟེན་དེའི་སྣ་གཡོན་ནས་བཅུག་སྟེ། ཁོའི་རྟེན་གྱི་ཤུལ་དུ་གཞུག་གོ །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས་ནི། སེམས་ཅན་ཐམས་ཅད་ལ་སེམས་ཉིད་གཉུག་མ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རང་གི་ངང་གིས་རང་ཆས་སུ་གནས་པ་ལ་བྱ་སྟེ། དེ་ནས་ཡེ་ཤེས་གཟུགས་སུ་འགྱུར། །ཞེས་པའོ། །རང་རིག་པ་གསལ་བས་མར་མེའི་རྣམ་པ་ལྟ་བུའོ། །ལས་རྣམས་བྱེད་པ་ནི་དེ་རྟོགས་པས་མཚན་མ་དང་རྣམ་པར་རྟོག་པ་ཞི་པ་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པ་རྣམ་པར་རྟོག་པ་དབང་དུ་བྱེད་པ་རྣམ་རྟོག་གསོད་པའོ། །ཉན་ཐོས་ལ་སོགས་པ་དེ་ཉིད་ནི། ཉན་ཐོས་རང་སངས་རྒྱས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་གནས་པའི་དེ་ཁོ་ན་ཉིད་དོ། །ཤེས་པར་བཤད་ཅེས་པ་སྤྲོས་བྲལ་དུ་གནས་པའོ། །ཤེལ་ལྟར་སེམས་ནི་བརྟན་བྱས་ནི། །ཡེ་ཤེས་ངོས་གཟུང་བའི་མན་ངག་གིས་ངོས་བཟུང་ནས། དྲི་མ་དང་བྲལ་ཞིང་བརྟན་པར་བྱེད་པ་སྟེ་གཟུགས་ལ་སོགས་པའི་ཡུལ་གང་ཡང་རུང་བ་ལ་ཡིད་གཏད་དེ་ལྷུག་པར་བཞག་པས་གསལ་ལ་རྟོག་པ་མེད་པར་འགྱུར་ལ། དེ་ལ་གོམས་པ་དང་ཡུལ་གཞན་ལ་ཡང་རིམ་གྱིས་གོམས་པར་བྱེད་པའོ། །དེ་ཡང་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་པས་མར་མེའི་རྣམ་པའི་ཞེས་པ་ལ་སོགས་པས་གསུངས་སོ། །ཡེ་ཤེས་ཀྱི་བྱེ་བྲག་བསྟན་པ་ནི། ཡེ་ཤེས་དེ་ཉིད་དྲི་མ་དང་བཅས་པའི་དུས་སུ་རྟེན་གྱི་བྱེ་བྲག་གིས་མི་འདྲ་བར་གནས་པའོ། །དགུ་པའི་རབ་བྱེད་དང་པོས་བརྗོད་པར་བྱ་བ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་སྦས་པའི་དོན་གྱི་མཐར་ཐུག་གཉིས། རྗོད་བྱེད་གསུམ་ཀ་འཇུག མངོན་པར་རྟོགས་པ་ཉེ་བའི་རྒྱུ་ཀཱ་ལིའི་བདག་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ཐབས་ཉམས་སུ་བླངས་པའི་འབྲས་བུ་གཉིས་དང་འབྲེལ། རྒྱུད་སྡེ་གཞན་ནི་གནས་གང་ལ་གནས་པ་དང༌། འབྲས་བུ་གང་ཞིག་གནས་པ་གཉིས་ཨ་བྷི་དྷ་ནའི་ལེའུ་ལྔ་བཅུ་རྩ་དྲུག་པ་དང༌། ཧེ་རུ་ཀ་མངོན་འབྱུང་གི་ལེའུ་བཞི་བཅུ་རྩ་གསུམ་པ་གཉིས་དང་ཆ་མཐུན་ལ། དེ་ལ་ཡང་རྒྱུད་གཉིས་པོར་ནི་བསམ་མི་ཁྱབ་ཀྱི་ཡེ་ཤེས་ཀྱི་སྣང་ཚུལ་དུ་བཤད་ལ། འདིར་སྤྲུལ་སྐུའི་མཛད་པར་གསུངས་པས་ཚུལ་མི་འདྲའོ། །ཐབས་གང་གིས་མངོན་དུ་བྱེད་པ་ནི། གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་བཞི་པར། ཨཱ་ལི་ཀཱ་ལི་ཇི་ལྟར་ལགས། །ཞེས་དྲིས་པའི་ལན་དང་ཆ་མཐུན་ངེས་བསྐྱེད་ལ། རྒྱུད་གསུམ་པོ་དེ་ཕྱོགས་གཅིག་ཏུ་བསྡེབས་པའི་ཚུལ་གྱིས་ཀྱང་བཤད་དོ། །དོན་ནི་ཐབས་ཤེས་རབ་ཀྱི་ལུས་དང་བྷ་གའི་དཀྱིལ་འཁོར་དེ་ལས་ཀྱང་རྩ་གཉིས་འཛོམ་པའི་གནས་སུ་རྒྱུ་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་མངོན་དུ་བྱས་ནས་ཧཱུྃ་དང་ཨས་ཡེ་ཤེས་དང་དབྱིངས་སུ་བྱིན་གྱིས་བརླབས། ཡང་བྱང་སེམས་འབྱུང་བ་ལྔ་ཡིག་འབྲུ་ལྔས་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ཏེ། མཐར་དབུ་མ་ནས་ཧཱུྃ་གི་སྒྲ་དང་བཅས་པས་ཐིམ་པ་ལས་འབྲས་བུ་སྐུ་གསུམ་འགྲུབ་པར་བསྟན་ཏོ། །ཚིག་དོན་ལ་མྱ་ངན་ལས་འདས་པ་ནི། ས་བཅུ་གསུམ་པ་གནས་ཞེས་པ་ཉེ་བའི་རྒྱུ་བརྒྱད་དྲུག་མངོན་དུ་བྱེད་པའི་གནས་སམ་ཡང་ན་ཉེ་བའི་རྒྱུ་ཉིད་དོ། །གང་དུ་གནས་སུ་ཟེར་ཡང༌། གནས་གང་དུ་ནི་ཞེས་སྦྱར་ཏེ། བྷ་གའི་དཀྱིལ་འཁོར་རྩ་གཉིས་འཛོམ་པའི་གནས་དེར། བཞུགས་གྱུར་པ་ནི་ཉེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་སོ། །དེས་འབྲས་བུ་མངོན་དུ་བྱས་ཙམ་ན། གདུལ་བྱ་རྒྱུ་དང་སྟེ་རྟེན་གཡོ་བ་ལ་གནས་པ་དང༌། མི་རྒྱུ་བ་མི་གཡོ་བ་ལ་གནས་པ་ཐམས་ཅད་ཀྱི་དོན་མཛད་ཅིང་རོལ་པའོ། །དེ་ལྟ་བུ་ཞིག་བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །ཞེས་པའོ། །ཅི་རིགས་པ་ནི་ཚུལ་ཇི་ལྟ་བ་བཞིན་དུ། རྟགས་ཞེས་པ་ཉེ་བའི་རྒྱུ་མངོན་དུ་བྱས་པས། སེམས་ཞེས་པ་མཆོག་གི་དངོས་གྲུབ། འཛིན་པ་ཞེས་མངོན་དུ་བྱས་པའོ། །གང་ཞིག་དེ་སྐད་ཅེས་སྔར་གསུངས་པ་ནི། རྩ་བའི་རྒྱུད་དུ། གསང་བ་མཆོག་གི་དགྱེས་པ་ན། ཞེས་གསུངས་པ་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་མཆོག་གི་དངོས་གྲུབ་དེ་རྟག་ཏུ་བཞུགས་པར་བཤད་པ་ལ་གོང་དུ། གང་དུ་གནས་སུ་བཞུགས་གྱུར་པ། །ཞེས་པ་ལ་སོགས་པས་ཞུས་པ་དེའོ། །གནས་ལུས་དང་བྷ་ག་ལ་གནས་པའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་ལུས་དང༌། ལྟེ་བའི་དབུས་གནས་པད་ཆེན་པོ། །ཟེར་ཡང་པདྨ་ཆེན་པོའི་ལྟེ་དབུས་ཞེས་སྦྱར། དེ་ལས་བྷ་གའི་དཀྱིལ་འཁོར་ཏེ། དེ་ལས་ཀྱང་རྩ་མཛེས་པའི་སྤྱི་བོའོ། །ཡབ་ཀྱི་རྡོ་རྗེའི་དབུས་རིགས་ཀྱི་བདག་པོའི་མཁའ་ཡང་ཤུགས་ལས་བསྟན་ཏོ། །དེར་ཀུན་མཁྱེན་ཡེ་ཤེས་མཆོག་གི་དངོས་གྲུབ་ཀྱི་ཉེ་བའི་རྒྱུ་བཞུགས་པར་མངོན་པར་གྲགས་པའོ། །འབྲས་བུ་གང་ཞིག་གནས་ཞེས་པ་ནི་གནས་དེར་གནས་པའི་དཔའ་བོ་ཡེ་ཤེས། དྲི་མེད་ཉོན་མོངས་པའི་དྲི་མ་རྣམ་པར་སྤངས། ཤེས་བྱའི་སྟེ་དེ་ཆོས་སྐུ། ལོངས་སྐུ་ལུས་ལ་གནས་ཤིང༌། ཞེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དག་པའི་གདུལ་བྱ་ལ་སྣང་བ། ནག་ནོག་མེད་པ་ནི། ཟག་བཅས་ཀྱི་ལུས་ཀྱི་ཉེས་པས་མ་གོས་པའོ། །དེའི་མཛད་པ་སྤྲུལ་པའི་སྐུ་ནི། ལུས་ཀུན་ལས་རྣམ་པར་རོལ་པ་ལ་སོགས་པའོ། །ཐབས་གང་གི་དབང་གིས་གནས་པ་ལ། ཨཱ་ལིའི་དོན་ནི། ཨཱ་ལི་ལས་ཨ་བོལླ་བྱ་བ་གསང་བ་རྡོ་རྗེའི་བརྡའོ། །ཡང་ཨ་ཏྲིཀྟ་སྟེ་དཔེ་མེད་པ། ཨཱ་ནནྡ་སྟེ་དགའ་བ། ལི་ལ་གྲྀཧྞ་ལེན་པ་སྟེ། དཔེ་མེད་པའི་དགའ་བ་ལྷན་སྐྱེས་ལེན་པ་གསང་བའི་རྡོ་རྗེའོ། །དེ་ཉིད་བྱང་ཆུབ་སེམས་འཇིབ་པས། །བུང་བས་མེ་ཏོག་འཇིབ་དང་འདྲ་བས། བུང་བ་ཞེས་བྱ་བར་བརྗོད་དོ། །དེ་ཉིད་ལ་ཡང་བུང་བ་ནི་བྷྲ་མ་ར་སྟེ། བྷྲ་མ་ན་འཁྲུལ་པ། ར་འཇོམས་པ་སྟེ་འཁྲུལ་པ་འཇོམས་པའི་རྟེན་ཡིན་པས་སོ། །དེ་ཉིད་ལ་རྡོ་རྗེ་འཇིགས་བྱེད་ཅེས་ཀྱང་བྱ་སྟེ། གཟུང་འཛིན་གྱིས་མི་ཕྱེད་པའི་རྡོ་རྗེས་ཕར་འཇོམས་པས་འཇིགས་བྱེད་དེ་རྟེན་པ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ་དེའི་མིང་རྟེན་ལ་བཏགས་པའོ། །དེ་ལྟར་ཨཱ་ལི་ཞེས་པ་གནས་གསང་བའི་རྡོ་རྗེ་བསྟན་ཏོ། །ཡང་ཨཱ་ལིས་རྒྱུ་བྱང་ཆུབ་ཀྱི་སེམས་བསྟན་ཏེ། ཨཱ་ནནྡ་དགའ་བ། ལི་ལ་ཏི་གྲྀཧྞ་ལེན་པ་སྟེ། དགའ་བ་ལེན་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་བདེ་བའི་གོ་སྐབས་འབྱེད་པས་ན་ནམ་མཁའོ། །མཐར་ཐུག་ཅེས་པརྻནྟ་ཞེས་ཏེ། པ། པ་རེ་སུ་ཁ་ན་ཀུན་དུ་བདེ་བ། ཡནྟ་ཞེས་པའི་སྐད་ཀྱི་བྱིངས་ལས་འཆིང་བར་འདྲེན་ཏེ། དེས་ཀུན་ཏུ་བདེ་བ་འཆིང་བའོ། །དེའི་ཀུན་རྫོབ་ཀྱི་ལས་ཐ་མལ་པ་ཙམ་ནི། རང་གི་མཚན་ཉིད་འཛིན་པས་ན་ཆོས་ཏེ་སེམས་ཅན། དབྱིངས་བསྐྱེད་ཅིང་གསོ་བས་སོ། །དེ་ཉིད་བཤད་པ་ལས་རྒྱུ་བཅས་ཞེས་པ་དུས་རྟག་ཏུ་དགོས་པ་མེད་པའི་བྱ་བ་ལ་རྒྱུག་ཅིང་འཇུག་པ་སོ་སོའི་སྐྱེ་བོའོ། །དེའི་ཕུང་པོ་ཁམས་སོགས་བསྐྱེད་པའོ། །དོན་དམ་པའི་ལས་ལམ་དུ་བྱས་པའི་དུས་སུ་ཆོས་ནི་མཚན་ཉིད་འཛིན་པས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དབྱིངས་བསྐྱེད་ཅིང་གསོ་བས་སོ། །དེ་ཉིད་བཤད་པ་མི་རྒྱུ་བ་དགོས་པ་མེད་པར་མི་འཇུག་པས་སོ། །གཉིས་མེད་ཡེ་ཤེས་རྟོགས་པས་གསང་བའི་བློ་ཅན་དེ། དེའི་ཟག་མེད་ཀྱི་ཕུང་པོ་ལ་སོགས་པ་བསྐྱེད་པའོ། །དེ་ཕྱིར་ཅེས་པ་ཀུན་རྫོབ་དང་དོན་དམ་པའི་ལས་གཉིས་དང་ལྡན་པའོ། །ཐམས་ཅད་བཀུག་ཅེས་པ་རྩ་གནས་ནས་བྱང་ཆུབ་སེམས་སོ། །རྩའི་དབུས་ཞེས་པ་རྡོ་རྗེའི་དབུས་ནས་དྲངས་ལ་རྩ་དབུ་མར་ཐིམ་པར་བྱའོ། །གང་གིས་ན། འཇིགས་བྱེད་རྡོ་རྗེའི་སྒྲ། །ཞེས་པ་ཧཱུྃ་གི་སྒྲས་དྲངས་པ་བསྟན་ཏོ། །རྫོགས་པའི་རྣལ་འབྱོར་གྱི་རྫས་ནི་བྱང་ཆུབ་ཀྱི་སེམས་སོ། །རླུང་དང་ཞེས་པ་ཤླཽ་ཀ་གཅིག་གིས་ཀཀྐོ་ལའི་བྱང་ཆུབ་ཀྱི་སེམས་དེ་ཧཱུྃ་དུ་དྲན་པས་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་བསྟན་ཏོ། །དབྱངས་ཀྱི་དང་སོགས་རྐང་པ་གཉིས་ཀྱིས། ཨར་དྲན་པས་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་བསྟན་ཏོ། །འོག་ནས་ཤེས་རབ་ཀྱི་རཀྟ་སྦྱང་བ་འབྱུང་བ་ལྔ་ཡེ་ཤེས་ལྔར་བརླབས་པ་བཞིན་འདིར་ཡང་ཤེས་པར་བྱ་གསུངས་སོ། །ཀཱ་ལིའི་དོན་ཀཀྐོ་ལ་ཞེས་པ་ཡུམ་གྱི་ཆོས་འབྱུང་གི་བརྡ་སྐད་དོ། །ཡང་ཀ་སུ་ཁ་སྟེ་བདེ་བ། ལི་ལ་ཏི་གྲྀཧྞ་ལེན་པ་སྟེ་བདེ་བ་ལེན་པས་ཆོས་འབྱུང་ངོ༌། །མེ་ཏོག་ཅེས་པ་མེ་ཏོག་ཉི་མས་ཁ་འབྱེད་པ་ལྟར་རྡོ་རྗེས་ཁ་འབྱེད་པས་སོ། །དེ་ལྟར་གནས་ཆོས་འབྱུང་བསྟན་ཏོ། །རྒྱུ་བྱང་ཆུབ་ཀྱི་སེམས་བསྟན་པ་ནི། མེ་ཏོག་ཅེས་པ་མེ་ཏོག་འབྲས་བུ་བསྐྱེད་པ་ལ་ཉེ་བ་ལྟར། བུ་ཚ་ལ་སོགས་པ་བསྐྱེད་པ་ལ་ཉེ་བས་སོ། །རྡོ་རྗེ་ཅན་ནི་བདེ་བ་ཆེན་པོ་ཡིན་ལ། དེའི་ངོ་བོ་ཡིན་པས་ལུས་ཞེས་བྱའོ། །དེ་ཡང་ཀྱེའི་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །གསུངས་པས་སོ། །དེ་ཉིད་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པས་མ་མོ་དང་ས་གཞིའོ། །དེའི་ཀུན་རྫོབ་ཀྱི་ལས་ཀུན་ལས་འཁོར་བ་སྐྱེ་བར་འགྱུར་ཞེས་པའོ། །ཡེ་ཤེས་ཞེས་པ་ཤླཽ་གཉིས་ཀྱིས་གནས་བཤད་པ་སྟེ། དེ་ཡང་ཡེ་ཤེས་བདེ་བ་ཆེན་པོའོ། །དེ་ཉིད་སྡུག་བསྔལ་གྱི་གདུང་བ་སེལ་བའི་ཆུའོ། །དེའི་གནས་སུ་གྱུར་པའི་ཀཀྐོ་ལ། དེ་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་འདིའོ། །ཤེས་རབ་ནི་སྤྲོས་བྲལ་ཤེས་པ་ཡིན་ལ། དེའི་མིང་རྟེན་ཆོས་འབྱུང་ལ་བཏགས་པའོ། །དེ་ཉིད་སངས་རྒྱས་ལྔའི་རང་བཞིན་གྱི་བྱང་སེམས་འབྱུང་བ་ལྔས་གང་བ་དེ། རྒྱ་མཚོ་ཆུ་སྲིན་དང་ཉས་ཁེངས་པ་དང་འདྲ་བས་ཆུ་སྲིན་གྱི་བྱིངས་ཀྱི་ཉས་ཞེས་སྨོས་པའོ། །གཉིས་མེད་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའོ། །འདམ་ནི་འདམ་སྐྱེས་ཏེ་པདྨ། དབུས་སུ་ནི་ཐབས་ཀྱི་རྣམ་པའི་མྱུ་གུ་ཞེས་པ། ཁ་ཁྭ་མུ་ཁ། དེ་ཉིད་མེ་ཏོག་བནྡུ་ཀ་ལྟར་ཁ་ཕྱེ་བ་ཉིད་དོ། །སྦྲང་རྩི་བྱང་སེམས། །བདུད་རྩི་རཀྟ་སྟེ་གཉིས་ཀྱིས་གནས་སོ། །ཀཱ་ལི་དང་བདུད་རྩི་ཡང་རཀྟ་ཉིད་ལ་བྱ་ལ་དེ་ཉིད་ཆུ་ལྟར་འཛག་པས་ན་ཆུ། བུ་ཚ་ལ་སོགས་པ་འབྲས་བུ་སྐྱེད་པ་ལ་ཉེ་བས་མེ་ཏོག ནང་དུ་འཁོར་ཞེས་པ་དེས་ཆོས་འབྱུང་གང་བའོ། །གནས་ལ་བརྟེན་པའི་བྱང་ཆུབ་སེམས་ཀྱི་ལས་ཅུང་ཟད་བཤད་པ། བདུད་རྩི་སིཧླ། ཆུ་ག་པུར། ཐབས་ཀྱིས་ཟིན་པས་མྱ་ངན་ལས་འདས་པ་སྐྱེད་པས་ཆོ་ག་མཆོག་གོ །བྱང་ཆུབ་ཀྱི་སེམས་དེ་གཉིས་ལས་ཐབས་ཀྱིས་མ་ཟིན་པ་དང་ཟིན་པའི་བྱེ་བྲག་གིས་འཁོར་འདས་ཀྱི་ལུས་བསྐྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་སྦྱང་བ་ནི་ཡི་གེ་ཧཱུྃ་དང་ཨར་འདྲེན་པས་དབྱིངས་དང་ཡེ་ཤེས་སུ་བརླབ། ཐབས་ཀྱི་སྐབས་སུ་བཤད་པ་བཞིན་དུ་འདིར་ཡང་ཤེས་པར་བྱ་གསུངས་ལ། བྱང་སེམས་འབྱུང་བ་ལྔ་རིགས་ལྔར་བརླབ་པ་ནི་གང་དུ་རྐང་པ་གཉིས་བྱང་སེམས་ལ་འབྱུང་བ་ལྔ་གནས་པ་མདོར་བསྟན། དེ་རྒྱས་པར་བཤད་པ། མེ་ནི་ཚ་བ་ཉིད་ཡིན་ཏེ། རེག་པས་ཟེར་ཡང་རེག་པ་ཚ་བ་མེ་ཡིན་ཏེ་ཞེས་སྦྱར་རོ། །རླུང་ནི་དུ་བ་ལྟར་ཞེས་པ་དུ་བ་ལྟར་གཡོ་བའོ། །ས་ནི་གཟུགས་སུ་ཞེས་པ་རེག་པ་སྲ་བའོ། །ཡེ་ཤེས་རྡོ་རྗེ་ནི་བདེ་བ་ནམ་མཁའོ། །ལྔ་པོ་དེ་བྱང་སེམས་ལ་གནས་པ་ལ་བྱིན་རླབས་ཞེས་བྱའོ། །རབ་ཏུ་རྒྱས་པར་བཤད་པ་ནི། རྣམ་པ་ལྔ་ནི་རབ་ཏུ་བསྐྱེད་པ་འབྱུང་བ་ལྔ་ཡེ་ཤེས་ལྔ་དང་རིགས་ལྔར་རོ། །ཇི་ལྟར་བསྐྱེད་ན་ཆུ་ལ་གུན་གྱི་དབྱིབས་ཞེས་པ་སུྃ་བཀོད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། རྣམ་སྣང་གི་ངོ་བོར་བྱིན་གྱིས་བརླབ། མེ་ལ་ཟད་པ་མེད་པ་སྟེ་ཀྵུྃ་དགོད། སོ་སོར་ཀུན་རྟོག་དཔག་ཏུ་མེད། །རླུང་ལ་རྟག་ཏུ་རྒྱུ་བ་ཞེས་པ་རྟག་ཏུ་གཡོ་བ་སྟེ། རླུང་གི་ས་བོན་ཡུྃ་དགོད། ས་བྱ་བ་ནན་ཏན་དང་དོན་གྲུབ་ཏུ་ས་ནི་དཔང་པོའི་གཟུགས་ཅན་ནོ། །ཞེས་པ་སངས་རྒྱས་ཚོགས་རྫོགས་པའི་དཔང་པོ་སའི་ལྷ་མོ་ཡིན་པས། ས་ལ་ཡང་དེ་སྐད་ཅེས་བྱ་སྟེ། སའི་ས་བོན་ཧྃ་བཀོད་པས། མེ་ལོང་ལྟ་བུ་རྣམ་སྣང་དུ། །ཧཱུྃ་གི་གླུ་ཡི་རྣམ་པ་ཡིས། །ཞེས་པས་ནམ་མཁའི་ས་བོན་ཧཱུྃ་དགོད་པ་ནི། མཉམ་ཉིད་དང་རིན་འབྱུང་དུ་བརླབ་པ་བསྟན། ཡང་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་དུས་སུ་རྣལ་འབྱོར་མ་མཉེས་པར་བྱ་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་བྱེད་པ་ན་ཐོག་མཐར་ཧཱུྃ་དང་བཅས་པའི་གླུ་བླང་བ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་ཐབས་དེའི་ཕན་ཡོན་གཉིས་སུ་མེད་པའི་ཡེ་ཤེས་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པ་བསྟན་ཏེ་གཞུང་ཉིད་དུ་བརྟག་གོ།  །།དགུ་པའི་རབ་ཏུ་བྱེད་པ་འོག་མ་གསུམ་ལ་ཐབས་ཀྱི་ཁྱད་པར་གཞན་དག་བསྟན་པ་ཞེས་མིང་དུ་འདོགས་ཏེ། བདུན་པ་དང༌། བརྒྱད་པ་ནས་འབྱུང་བའི་ཐབས་མཐའ་དག་གི་ལྷག་མ་ཡིན་ལ། འདིའི་བརྗོད་པར་བྱ་བའི་དོན་བསྐྱེད་རིམ་དང་སྤྱི། རྗོད་བྱེད་སྒྲ་ཡི་གེ་དང་ཡན་ལག་གཉིས་འཇུག མངོན་པར་རྟོགས་པ་རབ་བྱེད་གཉིས་པ་དང༌། བཞི་པ་གཉིས་ནས་འབྱུང་བའི་ཚོགས་ནི། དམ་ཚིག་དང་སྡོམ་པ་དང་འབྲེལ་ལ། དེ་དང་འབྲེལ་བའི་གཏོར་མ་ནི་བར་ཆད་ལ་སོགས་པ་ཞི་བའི་གཏོར་མ་དང་ཡང་འབྲེལ་ལོ། །རྒྱུད་སྡེ་གཞན་ནི་གདན་བཞིའི་གཞན་གྱི་གདན་གྱི་རབ་བྱེད་གསུམ་པ་དང༌། རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པ་དང༌། བརྟག་པ་གཉིས་པའི་བརྟག་པ་ཕྱི་མའི་ལེའུ་བདུན་པ་དང་ཆ་མཐུན་ཞིང༌། ཕྱོགས་གཅིག་ཏུ་བསྡེབས་ནས་གསལ་བར་བཤད་པའང་ཡིན་ནོ། །སིལ་སྙན་གྱི་བྱ་བ་རྣམས་ནི་མཉམ་སྦྱོར་གྱི་རྟོག་པ་དགུ་པ་ནས་གསུངས་པ་དང་ཅུང་ཟད་ཆ་མཐུན་ཞིང༌། གདན་བཞི་ལ་སོགས་པ་གསུམ་དུ་མ་ཚང་བ་ཁ་བསྐང་བའོ། །མངོན་རྟོགས་ལྔས་བསྡུས་ཏེ། གནས། དུས། རྟེན་གྱི་དཀྱིལ་འཁོར་ཇི་ལྟར་བྲི་བ། ཡོ་བྱད་བཤམ་པ། ཆོ་གའོ། །དེ་ལ་གནས་དང་དུས་རྒྱུད་ལས་གསལ། རྟེན་གྱི་དཀྱིལ་འཁོར་ནི། ཕྱི་ཙནྡན་དཀར་པོས་གྲུ་གསུམ་དུ་བྱ། དེའི་ནང་དུ་ཙནྡན་དམར་པོས་གྲུ་བཞི་རུ་བྱས་ལ། ཐེག་བཞི་བཏབ་པས་ལེ་ཚེ་དགུར་བྱའོ། །དབུས་མ་ལ་ལྷག་པའི་ལྷ་གང་ཡིན་པའི་གྲངས་དང་མཐུན་པའི་མེ་ཏོག་ཚོམ་བུ་དགོད། ཕྱོགས་མཚམས་བརྒྱད་ལ་ཞིང་སྐྱོང་བརྒྱད་ཆུང་མ་བཞི་བཞི་དང་བཅས་པའི་ཚོམ་བུ་དགོད། ཡོ་བྱད་ནི་འདས་པ་ལ་མཆོད་པ། འཇིག་རྟེན་པ་ལ་གཏོར་མ། དམ་ཚིག་དང་ལྡན་པ་ཚིམ་པར་བྱེད་པའི་ཚོགས་ཀྱི་ཡོ་བྱད་འབྱོར་ཚད་བཤམ་མོ། །ཆོ་ག་ནི་དང་པོར་སློབ་དཔོན་ཚོགས་ཁང་དུ་ཞུགས་ཏེ། ལྷའི་ང་རྒྱལ་གྱིས་གདན་ལ་བཞུགས་ལ། གཞན་རྣམས་ལས་ཀྱི་རྡོ་རྗེ་དབྱུག་སྔོན་ཅན་ལ་གསོལ་བ་བཏབ་སྟེ། ཞུགས་ལ་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་གནང་བ་ནོད་དེ། རང་གི་གདན་ལ་རིམ་པས་འཁོད། ལས་ཀྱི་རྡོ་རྗེས་མཎྜལ་དང་མེ་ཏོག་ཕུལ་བ་སྔོན་དུ་འགྲོ་བས། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། དེ་ནས་སོ་སོའི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་མཆོད་པའི་ཡུལ་རྣམས་ཚིམ་པ་ལྔས་ཚིམ་པར་བྱའོ། །དེ་ཡང་དང་པོ་སྙིང་གའི་ཡེ་ཤེས་སེམས་དཔའ་བདུད་རྩི་མྱངས་པས་ཚིམ་པར་བྱའོ། །དེ་ནས་ལེ་ཚེ་དབུས་མ་ལ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་སྐད་ཅིག་ལས་སམ་མངོན་བྱང་ལྔ་ལ་སོགས་པས་བསྐྱེད་དེ། མཆོད་པ་རྒྱས་པས་ཚིམ་པར་བྱ། དེ་ནས་ཕྱི་རོལ་གྱི་འཇིག་རྟེན་པ་སྔགས་དང་ཚིགས་བཅད་ཀྱིས་སྤྱན་དྲངས་ལ། རང་རང་གི་གནས་སུ་བཀོད་དེ་གཏོར་མས་ཚིམ་པར་བྱ། དེ་ནས་དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་ཁ་ཟས་ཀྱིས་ཚིམ་པར་བྱ། མཐར་གླུ་དང་གར་དང་རོལ་མོ་སྣ་ཚོགས་ཀྱིས་ཚིམ་པར་བྱའོ། །ཀུན་དུ་རུ་ལོགས་སུ་བགྲངས་ན་དྲག་ཏུ་ཡང་འགྱུར་རོ། །རྗེས་ཀྱི་ཆོ་ག་ལ་ལྷག་གཏོར་བཏང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་སྨོན་ལམ་གདབ། གཤེགས་སུ་གསོལ་བའོ། །དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལ་དམ་ཚིག་གི་དཀྱིལ་འཁོར་རང་གི་ལུས་ལ་གཤེགས་སུ་གསོལ། ཕྱི་རོལ་གྱི་འཇིག་རྟེན་པ་སོ་སོའི་གནས་སུ་གཤེགས་སུ་གསོལ་བའོ། །གཞུང་དང་སྦྱར་ཏེ་འཁྲུགས་ཀྱི་ཚུལ་དུ་བརྟག་གོ།  །།རབ་ཏུ་བྱེད་པ་གསུམ་པའི་བྲིས་སྐུ་དང༌། གླེགས་བམ་ནི་མངོན་པར་རྟོགས་པ་དམ་ཚིག་དང་སྡོམ་པ་དང་འབྲེལ་ཏེ། བྲིས་སྐུ་སྐུ་རྡོ་རྗེའི་དམ་ཚིག གླེགས་བམ་གསུང་རྡོ་རྗེའི་དམ་ཚིག་གོ །ཡང་བྲིས་སྐུ་བསྐྱེད་པའི་རིམ་པ་ལྷའི་རྣམ་པ་ལ་སེམས་འཛིན་པའི་རྟེན་ཡིན་ལ། གླེགས་བམ་དང་གཉིས་ཀ་ཚོགས་བསག་པའི་རྟེན་ཡང་ཡིན་པས། བསྐྱེད་རིམ་གྱི་ཡན་ལག་ཏུ་ཡང་འབྲེལ་ལོ། །རྒྱུད་སྡེ་གཞན་ནི་བརྟག་པ་གཉིས་པའི་བརྟག་པ་ཕྱི་མའི་ལེའུ་དྲུག་པར། བྲིས་སྐུ་བྲི་བའི་གཞི་དང་པོ་ནི་བསྒྲུབ་པའི་རས་ལ་བྲི་བར་གསུངས། འདིར་གློ་བུར་དུ་བསྒྲུབ་པའི་རས་ལ་བྲི་བར་གསུངས་པས། ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐང༌། འདྲི་མཁན་གྱི་མཚན་ཉིད་ལ་སོགས་པ་ཅུང་ཟད་གསལ་བར་བཤད། བསྙེན་པ་ལ་བརྒལ་ལན་དང་བཅས་པ་གསུངས་པ་ནི་དེར་མ་ཚང་བ་ཁ་བསྐང་བ་ཡིན་ལ། རྫས་ལ་བརྩད་པ་སྤངས་པ་བདེ་མཆོག་ཉུང་ངུའི་ལེའུ་ཉི་ཤུ་རྩ་བདུན་པ་དང་ཆ་མཐུན། རྒྱན་ཆ་ལ་བརྩད་པའི་སྐྱོན་སྤངས་པ། ལེའུ་སུམ་ཅུ་རྩ་གཉིས་པ་དང་ཆ་མཐུན་པ་ཡིན་ནོ། །གླེགས་བམ་ནི་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་བདུན་པ་དང་ཆ་མཐུན་པ་ཡིན་ནོ། །ཚིག་གི་དོན་ལ་ཞུས་པ་ལས། གསང་བའི་པདྨ་ལ་སོགས་པའི་དོན་ནི། ཆོས་སྐུ་དབྱིངས་ལ་ཡེ་ཤེས་བཞུགས་ལ། གཟུགས་སྐུ་ཡུམ་གྱི་མཁའ་ལ་བཞུགས་པའོ།།  །།བཅུ་པའི་རབ་བྱེད་དང་པོ་གསུམ་ནི། བརྗོད་བྱ་སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀ་ཚང༌། རྗོད་བྱེད་ཡན་ལག་དང་བསྡུས་པའི་དོན་གཉིས་འཇུག མངོན་པར་རྟོགས་པ་ཐབས་ཉམས་སུ་བླངས་པའི་འབྲས་བུ་དང་འབྲེལ་ཏེ། རབ་བྱེད་དང་པོ་ཡང་རྒྱུའི་སྒོ་ནས་འབྲས་བུ་སྟོན་པ་ཡིན་པས་སོ། །ཡང་མངོན་རྟོགས་ཐམས་ཅད་ཚང་བའང་ཡིན་ཏེ། གོང་དུ་བསྟན་པ་ཐམས་ཅད་ཀྱི་དོན་བསྡུས་པ་ཡིན་པས་སོ། །རྒྱུད་སྡེ་གཞན་བརྟག་པ་གཉིས་པའི་ལེའུ་བཅུ་པ་དང༌། བརྟག་པ་ཕྱི་མའི་ལེའུ་གཉིས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གསུངས་པའི་དོན་གསལ་བར་བཤད་ལ། སྤྱིར་རྣལ་འབྱོར་ཆེན་པོའི་རྒྱུད་ཙམ་དུ་ཡང་འབྲས་བུའི་རྒྱུད་གསུངས་པ་རྣམས་སུ་ནི། རྒྱུ་དང་གྲུབ་པའི་རྟགས་དང༌། འབྲས་བུ་དངོས་ཀྱི་མཚན་ཉིད་གསལ་བར་བཤད་པ་ཡིན་ལ། མ་གསུངས་པ་རྣམས་སུ་མ་ཚང་བ་ཁ་བསྐངས་པ་ཡིན་ནོ། །གཞུང་ལས་རབ་བྱེད་དང་པོར་གོང་དུ་བསྟན་པའི་རྒྱུད་ཐམས་ཅད་གཞུང་བསྡུས་ནས་བསྟན་པ་ཡིན་ཏེ། བསྐལ་བ་ཀུན་གྱི་ཤླཽ་ཀ་གཅིག་གིས་རྒྱུད་བསྡུས་པ་སྟེ། རྟེན་གྱི་གང་ཟག་ལས་ཀྱང་རྒྱུ་ལ་ལྟོས་པ་བཤད་དོ། །དང་པོ་དཀྱིལ་འཁོར་འཁོར་ལོའི་ཤླཽ་ཀ་གཅིག་གིས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བསྟན་ཏེ། བརྟག་པ་གཉིས་པའི་རབ་བྱེད་དང་པོའི་དོན་བསྡུས་པའོ། །གང་ཕྱིར་རྐང་པ་གསུམ་གྱིས་ཉམས་སུ་བླང་བའི་ཐབས་མངོན་རྟོགས་བཅུ་གཅིག་ཐོས་བསམ་བསྒོམ་གསུམ་བྱས་པས་འགྲུབ་སྟེ། གཉིས་པའི་གཉིས་པ་མན་ཆད་ཀྱི་དོན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ཤླཽ་ཀ་གཅིག་གིས་དངོས་གྲུབ་མཐའ་དག་གི་ཐབས། དྲུག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ནས་བསྐུལ་བ་སྔགས་ཀྱི་བཟླས་པ་ཡིན་ལ། དེ་གང་ནས་འབྱུང་བ་རྣམས་ཀྱིའོ། །གཉིས་མེད་རྐང་པ་གཉིས་ཀྱིས་རང་བྱིན་གྱིས་བརླབ་པ་སྟེ། དེ་ཡང་དམིགས་པ་མེད་པ་གཉིས་པའི་གཉིས་པའོ། །དམིགས་བཅས་བརྟག་པ་དྲུག་པའི་དོན་ཡིན་ནོ། །ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི། སྟོབས་ཀྱིས་འགྲུབ་པར་བརྟན་པ་དགུ་པའི་རབ་བྱེད་དང་པོའི་དོན་བསྡུས་པ་ཡིན་ནོ།།  །།བཅུ་པ་དངོས་ཀྱི་ཐབས་ཀྱི་རྒྱུད་ཀྱི་སྦྱིན་སྲེག་གི་བསྲེག་རྫས་ལ་བརྩད་པའི་སྐྱོན་སྤང་བ་དང༌། བསྒྲུབ་པའི་དམ་ཚིག་བསྟན་པ་ནི་བརྗོད་བྱ་དང་མངོན་པར་རྟོགས་པ་གང་དང་འབྲེལ་རྟོགས་པར་སླ། རྗོད་བྱེད་ཡན་ལག་གི་དོན། རྒྱུད་སྡེ་གཞན་སྒྱུ་འཕྲུལ་དྲྭ་བའི་ལེའུ་དགུ་པ་ནས་འབྱུང་བ་དང་ཆ་མཐུན་ངེས་པ་བསྐྱེད་པའོ། །ཚིག་དོན་ལ་བརྩད་པ་སྤང་བ་ནི། བདུན་པ་དངོས་ལས་བཤང་གཅི་ཁྲག་ཅེས་པ་ལ་སོགས་པ་གསུངས་པ་ཡིན་ལ། ལན་ལ་དོན་ལ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྣང་བ་ཡིན་པས། གཙང་མི་གཙང་མེད་ལ། འདིར་བཤང་གཅི་ལ་སོགས་པ་བྱ་བར་གསུངས་པ་ནི། གཙང་མི་གཙང་གི་རྣམ་རྟོག་ཞི་བར་བྱ་བའི་ཕྱིར་གསུངས་པ་ཡིན་ལ། དེ་ཡང་རྣམ་རྟོག་མ་ཟད་ཀྱི་བར་དུ་བྱེད་ཀྱི། ཟད་ནས་མི་དགོས་པར་བསྟན་ཏོ། །བསྟན་པར་བྱ་བའི་དམ་ཚིག དབང་པོ་གཉིས་ནི་རྐང་པ་དྲུག་གིས་འདུ་ཤེས་གསུམ་གྱིས་ཟིན་པས་རྟེན་པ་བསྟན་ལ། དེ་ཡང་ཞེན་པ་མེད་པས་བསྟེན་པ་འོག་ནས་ཇི་ལྟར་བུད་མེད་ཅེས་པ་ལ་སོགས་པས་ཡི་གེའི་སྒོ་ནས་བསྟན་ཏོ། །དཀའ་བའི་གནས་རྣམས་ཅུང་ཟད་བསྡུས་པས་ནོངས་པར་གྱུར་ན་བླ་མ་མཁའ་འགྲོས་བཟོད་པར་མཛོད། ས་མཱཔྟ་མི་ཐི། བླ་མ་ས་ཆེན་གྱིས་མཛད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*