༼ཀ༽
༄༅། །ཁ་སྦྱོར་ཐིག་ལེའི་དོན་འབྱུང་བ་བཞུགས།།
༄༅། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་ལས་ཁ་སྦྱོར་ཐིག་ལེའི་དོན་འབྱུང་བ་ནི། བརྟག་པ་དང་པོའི་དང་པོ་ནས། བཅུ་གཉིས་མཐའ་ཞེས་པ་ལ་སོགས་པས། ལྷན་ཅིག་སྐྱེས་པའི་རྟེན། རྩ་ཨ་ཝ་དྷཱུ་ཏཱིའི་མཚན་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཀྱི་འགྱུར་བ་དགག་པའི་ཡིག་འབྲུ་རྣམས་བསྟན། ཡང་དེ་ཉིད་ལས་མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པས། ཡེ་ཤེས་སྐྱེ་བའི་རྟེན་ཕྱག་རྒྱའི་རབ་ཏུ་དབྱེ་བ་དང༌། རིགས་གང་གིས་ཕྱག་རྒྱ་གང་བསྟེན་པ་བསྟན། ཡང་དེ་ཉིད་ལས་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན། དེ་ལྟར་བརྟག་པ་དང་པོའི་དང་པོས་ཁ་སྦྱོར་ཐིག་ལེའི་དོན་བཞི་བསྟན་ཏོ། །དང་པོའི་གཉིས་པ་ནས་བྱང་ཆུབ་སེམས་སྤྲོ་བ་དང་བསྡུ་བའི་རྟེན་རྩ་སོ་གཉིས་བསྟན། ཡང་དང་པོའི་གསུམ་པ་ནས། ཇི་ལྟར་ནང་དུ་རྣམ་གནས་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་པ་གཉིས་ཀྱིས་ལྷན་ཅིག་སྐྱེས་པའི་རྟེན་རྩ་མཛེས་པའི་སྤྱི་བོ་དེ་བླ་མའི་མན་ངག་ལས་ཤེས་པར་བྱ་བ་བསྟན། དང་པོ་དངོས་ལས། སེམས་ཅན་ཀུན་ལ་མཉམ་པའི་ཕྱིར། །ལ་སོགས་པས་ཕྱག་རྒྱའི་ཆོས་ཀྱི་འབྱུང་གནས་ཀྱི་མཚན་ཉིད་དང༌། དེ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་ཕན་ཡོན་བསྟན་པའོ། །ཡང་དེ་ཉིད་ལས། ཨེ་ནི་ཤེས་རབ་བརྗོད་པར་བྱ། །ཞེས་པ་ལ་སོགས་པས། ཁ་སྦྱོར་ཐིག་ལེའི་དོན་དེ་ཐབས་ཤེས་རབ་སྙོམས་པར་འཇུག་ཅིང་ཁ་སྦྱོར་ཡིན་པར་བསྟན། ཡང་དེ་ཉིད་ལས། བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞུ་བདེ་ཐ་མི་དད་ཀྱི་མཚན་ཉིད་བསྟན། ཡང་དེ་ཉིད་ལས། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །ཅེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞི་སྐྱེ་བའི་རིམ་པ་བསྟན་ཏོ། །ཡང་དེ་ཉིད་ལས། ཚིག་འབྲུ་འདི་རྣམས་ཞེས་བྱ་བ་ལ་སོགས་པས་ཐབས་ཀྱིས་ཟིན་པས་ཕྱག་རྒྱ་བསྟེན་པའི་ཕན་ཡོན། ཐབས་ཀྱིས་མ་ཟིན་པར་བསྟེན་པའི་ཉེས་དམིགས་བསྟན་པའི་སྒོ་ནས་བསྟེན་པར་བྱ་བ་ཉིད་དུ་གདམས་པ་བསྟན། དེ་ལྟར་ན་བརྟག་པ་དང་པོར་ཁ་སྦྱོར་ཐིག་ལེའི་དོན་བཅུ་གཅིག་བསྟན་ཏོ། །ཡང་དེ་ཉིད་ལས། རིང་མཉམ་ཞེས་བྱ་བ་ལ་སོགས་པས། ཕྱག་རྒྱ་ལས་མཛེས་པའི་སྤྱི་བོར་ལྷན་ཅིག་སྐྱེས་པ་མྱང་བར་བྱ་ཞིང༌། ཡེ་ཤེས་ནི་དེའི་མཚན་ཉིད་རང་བཞིན་ལྷན་ཅིག་སྐྱེས་པ་དང་གཅིག་པའི་ཚུལ་གྱིས་བཤད་པ་དང༌། དེ་ལ་ཡང་དགའ་བ་བཞིའི་མངོན་པར་རྟོགས་པ་སྐྱེ་དགོས་པས། དགའ་བ་བཞི་སྐྱེ་ཚུལ་དང་བཅས་ཏེ་བསྟན་པའོ། །གཉིས་པའི་གཉིས་པར། རིའི་རྩེ་མོ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་རྙེད་ནས། བསྒྲུབ་པར་བྱ་བའི་གནས་དང༌། དང་པོ་དང་བར་དང་ཐ་མ་ཐམས་ཅད་དུ་ཕྱག་རྒྱ་བསྟེན་པས་དངོས་གྲུབ་འབྱུང་གི མ་བསྟེན་པར་མ་ཡིན་པས། དུས་ཐམས་ཅད་དུ་ཐུན་བཞིར་བསྟེན་པར་བྱ་བ་ཡིན་ལ། གལ་ཏེ་རང་གི་རིགས་དང་མཐུན་པ་མ་རྙེད་ན་ཡང༌། དེ་ལྟར་བསྟེན་པར་བྱའོ། །དེ་ཡང་དུས་ཐམས་ཅད་དུ་མ་འབྱོར་ན་ཡང་ཟླ་བའམ་ལོ་ལ་ལན་བཞིར་བསྟེན་པར་བྱ་སྟེ། རྩ་བའི་ལྟུང་བ་བཅུ་གསུམ་པས་འཇིགས་པའི་ཕྱིར་རོ། །བསྟེན་པ་ལས་ནི་དངོས་གྲུབ་མཆོག་ཏུ་འགྱུར་རོ། །ཡང་དེ་ཉིད་ལས་ཕྱག་རྒྱའི་དབྱེ་བ་བསྟན་ཏོ། །གཉིས་པའི་གསུམ་པ་ལས་ནི། བྷ་ག་ཉིད་དུ་སྒྲུབ་པ་པོས། །ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་གང་ཡང་རུང་བ་བསྟེན་པའི་དུས་པདྨ་བྱིན་གྱིས་བརླབ་པ་དང༌། རྡོ་རྗེ་བྱིན་གྱིས་བརླབ་པ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ཏེ་བདེ་བ་བསྒོམ་ལ། རླུང་འཛིན་པའི་ནུས་པ་མེད་པས་སྟོབས་འཕེལ་བར་བྱ་བའི་ཕྱིར་ལྕེས་བཟའ་བ་བསྟན་ཏོ། །དེ་ལྟར་བརྟག་པ་གཉིས་པ་ལས་ཁ་སྦྱོར་གྱི་ཐིག་ལེ་བཞི་བསྟན་ཏོ། །བརྟག་པ་བཞི་པའི་རབ་ཏུ་བྱེད་པ་གཉིས་པས། རིགས་དྲུག་གི་སྒྲུབ་བ་པོས་སེམས་བརྟན་པ་ཐོབ་པས་དངོས་གྲུབ་ཀྱི་མཐར་ཕྱག་རྒྱ་བསྟེན་པར་བྱ་བའི་ཕྱིར། དེ་ཡང་དུས་ཐམས་ཅད་དུ་མཁའ་འགྲོ་མ་བདུན་གྱི་མཚན་ཉིད་བསྟན་ཏོ། །ཡང་བཞི་པའི་གསུམ་པ་ལས། དེ་ནས་ལཱ་མཱའི་མཚན་ཞེས་པ་ལ་སོགས་པས། རིགས་དྲུག་གི་སྒྲུབ་པ་པོས་ཕྱག་རྒྱའི་རིགས་རྣམས་ཀྱི་བྱེ་བྲག་བསྟེན་པར་བྱ་བའི་ཕྱིར། ཕྱག་རྒྱ་སོ་སོའི་མཚན་ཉིད་བསྟན་ཏོ། །དེ་ལྟར་ན་བརྟག་པ་བཞི་པ་ལས་ཁ་སྦྱོར་ཐིག་ལེ་གཉིས་བསྟན་ཏོ། །བརྟག་པ་ལྔ་པའི་དང་པོའི་མཐར་ཕྱག་རྒྱ་བསྟེན་པའི་གནས་དང༌། དུས་དང༌། མཉེས་པའི་ཐབས་བསྟན་ཏོ། །ལྔ་པའི་གཉིས་པར་གསང་བའི་པདྨ་ཞེས་པ་ལ་སོགས་པས། ཡེ་ཤེས་ཀྱི་གནས་ཕྱག་རྒྱའི་ཟ་མ་ཏོག་དང༌། ཡེ་ཤེས་ཀྱི་མཚན་ཉིད་ཞུ་བདེ་ཐ་མི་དད་པ་དང༌། ཡེ་ཤེས་ཀྱི་དབྱེ་བ་དགའ་བ་བཞི་རྣམས་བསྟན་ཏོ། །ལྔ་པ་དངོས་ལས། དེ་ལྟར་མི་ཤིགས་ཞེས་བྱ་བ་ལ་སོགས་པས་ནུས་པ་ཐོབ་པའི་རྣལ་འབྱོར་པ་མཐར་ཡང་ཕྱག་རྒྱ་བསྟེན་པའི་ཕྱིར། ཕྱག་རྒྱ་ཁྱད་པར་ཅན་གྱི་རྣམ་གྲངས་བསྟན་ཏོ། །ཡང་དེ་ཉིད་ལས། ཤིན་ཏུ་བཞིན་བཟང་ཞེས་བྱ་བ་ལ་སོགས་པས། མིའི་ཕྱག་རྒྱ་གཙོར་བྱས་པའི་མཚན་ཉིད་དང་མཉེས་པར་བྱ་བའི་ཚུལ་བསྟན་ཏོ། །ཡང་དེ་ཉིད་ལས། རིགས་ལྔ་ལ་ནི་གནས་པར་བྱ། །ཞེས་བྱ་བ་ལ་སོགས་པས་རིགས་དུ་མ་ཡང་གཡུང་མོ་འབའ་ཞིག་ཏུ་བརྟག་ཅིང་ཤེས་པར་བྱ་བ་དང༌། བསྟན་པའི་ཐབས་འདི་ལྟ་བུ་ཤིན་ཏུ་གསང་བར་གདམས་པ་དང་བཅས་ཏེ་བསྟན་ཏོ། །དེ་ལྟར་བརྟག་པ་ལྔ་པས་ཁ་སྦྱོར་ཐིག་ལེའི་དོན་ལྔ་བསྟན་ཏོ། །དྲུག་པའི་དང་པོར་ཕྱག་རྒྱ་བསྟེན་པ་ལས་བྱུང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཁམས་བཅོ་ལྔའི་བདག་ཉིད་བསྟན་ཏོ། །ཡང་དེ་ཉིད་ལས། སྐྱེས་བུ་བྱེད་པ་ཅན་ཞེས་བྱ་བ་ལ་སོགས་པ་དང༌། མེ་ཉིད་དང་ནི་རླུང་ཉིད་དང༌། །ཞེས་བྱ་བ་ལ་སོགས་པས་ཐམས་ཅད་རླུང་རྣམ་པ་བཞིས་བསྟན། ཐམས་ཅད་ཀྱི་གནད་འདིས་བསྟན། བདུན་པའི་དང་པོར་བཅུད་ལེན་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོ་བསྟན། བདུན་པ་དངོས་ནས་གདོལ་པ་ལ་སོགས་པ་མིའི་བུ་མོ། །ཞེས་བྱ་བ་ལ་སོགས་པས། ཕྱག་རྒྱ་ལྷའི་འདུ་ཤེས་སུ་བྱིན་གྱིས་བརླབས་པ་དང༌། སྔགས་ཀྱི་བྱིན་གྱིས་རློབ་པ་གནས་ལྔར་ཡི་གེ་དགོད་པས་བསྟན། བརྒྱད་པ་ལས་བསྟན་པ་མེད། དགུ་པའི་དང་པོ་ལས་ལྟེ་བའི་དབུས་གནས། ཞེས་བྱ་བ་ལ་སོགས་པས། ཉེ་བའི་རྒྱུ་ཕྱག་རྒྱའི་མཆོད་པ་དང༌། བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རིམ་གྲོ་དང༌། བུ་མོ་བསྟེན་པ་བསྟན། བཅུ་པའི་དང་པོ་ལས། གཏི་མུག་བདག་ཉིད་ཅེས་པ་ལ་སོགས་པས་རིགས་སོ་སོའི་སྒྲུབ་པ་པོས་འབྲས་བུ་མངོན་དུ་བྱེད་པའི་བཞི་པའི་མཚན་ཉིད་བསྟན། ཕྱག་རྒྱ་སོ་སོ་ལས་འབྲས་བུ་སོ་སོ་འགྲུབ་པ་གཟུགས་སྐུའི་དབང་དུ་བྱས་ནས་བསྟན་པ་ལ་སོགས་པ་གསུངས་སོ། །བཅུ་པ་དངོས་ལས་དང་པོ་གཉིས་ནི། ཞེས་པ་ལ་སོགས་པས། ཕྱག་རྒྱ་བསྟེན་པ་ན་དུས་ཐམས་ཅད་དུ་འདུ་ཤེས་གསུམ་གྱིས་ཟིན་པར་བྱས་པས་སྐུ་གསུམ་ཐོབ་པར་བྱ་བ་བསྟན། དེ་ལྟར་བརྟག་པ་བཅུས་ཁ་སྦྱོར་ཐིག་ལེ་སུམ་ཅུ་རྩ་གཉིས་བསྟན་ཀྱང༌། རྒྱུད་དུ་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར། འཐོར་བ་དང་འཁྲུགས་པར་བསྟན་པ་ཡིན་གྱིས། ཉམས་སུ་བླང་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱ་བ་ཡིན་ནོ། །ཡེ་ཤེས་ཉམས་སུ་བླངས་པའི་མན་ངག་ལྔར་ཤེས་པར་བྱའོ། །དབང་པོ་རབ་དང་ཐ་མས་བསྟེན་པར་བྱ་བའི་ཐབས་ཀྱིས་གསུམ་དུ་ཤེས་པར་བྱའོ། །ཉམས་སུ་བླང་བའི་མན་ངག་སྔར་བླ་མའི་ཞལ་ལས་ཤེས་པར་བྱའོ། །སམཱ་པྟ།། །།སྤྱིར་རང་བྱིན་གྱིས་བརླབ་པ་ལ་བརྟེན་པའི་ཞུ་བདེ་གཉིས་ལ། ཨའི་བདག་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་པའི་ཞུ་བདེ་གཉིས་ཀའི་བདག་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་བྱ། འདི་ཟླ་བ་ལ་ཨཱ་ལི་བསྟན། ཉི་མ་ལ་ཀཱ་ལི་བསྟན། དེར་ཨཱ་ལི་དང་ཀཱ་ལིས་བསྟན་པའི་ཁུ་བ་དང་རཀྟ་གཉིས་ཀ་ལ་ཟླ་བའི་སྟེང་དུ་ཨ་དམར་པོ་བསྒོམས་པས་ཤེས་རབ་ཀྱི་རང་བཞིན་དབྱིངས་སུ་བྱིན་གྱིས་བརླབ། ཧཱུྃ་བསྒོམས་ཏེ་ཐིམ་པ་ལས་ཐབས་ཀྱི་རང་བཞིན་ཡེ་ཤེས་སུ་བྱིན་གྱིས་བརླབ། དེ་དག་སོ་སོའི་དབུ་མ་ནས་ཡར་ཐིམ་པའི་དུས་སུ་བྱང་སེམས་འབྱུང་བ་ལྔའི་དྭངས་མ། ཡིག་འབྲུ་ལྔ་དང༌། རིགས་ལྔ་ལ་སོགས་པར་བྱིན་གྱིས་རློབ་པར་བྱེད་དོ། །དེ་ཡང་མེའི་དྭངས་མ་ཀྵུྃ་གིས་འོད་དཔག་མེད་སོ་སོར་རྟོག་པ། ཆུའི་སུྃ་གྱིས་མི་བསྐྱོད་པ། རླུང་གི་ཡུྃ་གྱིས་དོན་གྲུབ། ཧྃ་ངམ་ཧཱུྃ་གིས་རྣམ་སྣང༌། བདེ་བ་ནམ་མཁའ་ཧཱུྃ་རིན་འབྱུང་ངམ་མཉམ་ཉིད་དུ་བྱིན་གྱིས་བརླབ་བོ། །དེ་ཡང་བསྒོམས་པའམ་མ་བསྒོམས་ཀྱང་ངོ་བོ་ཉིད་ཀྱིས་རློབ་པ་གང་རུང་འོང་གསུང༌། ཨི་ཐི། བླ་མ་ས་ཆེན་གྱིས་མཛད་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply