དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཕྱི་མའི་རྣམ་པར་བཤད་པ།

༼ཀ༽

༄༅། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཕྱི་མའི་རྣམ་པར་བཤད་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བརྟག་པ་བཅུ་གཅིག་པ་རྒྱུད་ཕྱི་མར་མིང་བཏགས་ཏེ། གོང་གི་བརྟག་པ་བཅུ་པོ་དེ་དག་དང་འབྲེལ། རྒྱུད་སྡེ་གཞན་གྱི་ཡང་སྐབས་སྐབས་ཀྱི་དོན་མི་གསལ་བ་གསལ་ཞིང༌། སྐབས་སྐབས་སུ་མ་ཚང་བ་ཁ་བསྐང་བ་དང༌། སྐབས་སྐབས་སུ་ཚིག་དོན་རྣམ་པར་ཕྱེ་སྟེ་བཤད་པས་རྒྱུད་ཕྱི་མའོ། །ཡང་བརྟག་པ་བཅུ་པའི་རྗེས་ཐོག་བར་མ་ཆད་པར་གསུངས་པས་ཀྱང་རྒྱུད་ཕྱི་མ་ཞེས་བྱའོ། །དོན་ནི་བཤད་པའི་རྒྱུད་ཅེས་བྱ་བའི་མིང་ཅན་ལས་མ་འདས་པར་བཞེད་དོ། །དེའི་དོན་དང་པོ། ཐིག་ལེར་ཐིག་ལེ་དག་གི་དོན། །ཞེས་བྱ་བ་རྐང་པ་གཉིས་ཀྱིས་དྲི་བའི་ཚིག་ཏུ་སྦྱར་ལ། བརྟག་པ་བཅུ་པོས་བརྗོད་པར་བྱ་བའི་དོན། གཙོ་བོར་བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། དེ་ལ་བརྟེན་ནས་བྱུང་བའི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཞིང༌། དེ་ལ་རྗོད་བྱེད་ཀྱི་སྒྲ་བརྟག་པ་དྲུག་པའི་དཔྱིད་ཀྱི་ཐིག་ལེར་གསུངས་པ་དེའི་དོན་དྲི་བ་ནི། ཐིག་ལེར་ཐིག་ལེ་དག་གི་དོན། །ཞེས་བྱ་བ་གསུངས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་དེ་ལ། ཅིའི་ཕྱིར་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་ཡན་ལག་གི་དོན་དྲི་བ་ཡིན་ཞིང༌། དེ་ཉིད་དང་འབྲེལ་པ་ཅན་དུ་བྱས་ནས། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་དང་པོ་ལས། མཐར་ཐུག་འབྲས་བུ་ཆོས་ཀྱི་སྐུ་ལ། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷ་ཡི་བདག་པོ་གཅིག་པུ་ཉིད། །ཅེས་གསུངས་པ་དང་སྦྱར་ཏེ། དོན་གཅིག་ལ་སྒྲ་དུ་མ་འཇུག་པ་ཡན་ལག་གི་དོན་དང་སྦྱར་ནས་དྲི་ཞིང་ལན་གདབ་པ་དང་འབྲེལ་པ་ཡང༌། བརྟག་པ་དང་པོའི་གསུམ་པར། གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་པ། བརྗོད་བྱའི་དོན་མཐར་ཐུག་ཏུ་བཤད་པར་མ་ཟད། སྒྲ་དེ་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡན་ལག་གི་དོན་གྱིས་བཤད་པ་དྲི་བ་དང༌། ལན་གྱི་ཚུལ་གྱིས་སོ། །མདོ་རྒྱས་གཉིས་དྲིས་ལན་བཞི་ལས། ཆོས་བཅུས་རང་བྱུང་གི་ཡེ་ཤེས་དེ་ལ་ཡན་ལག་གི་དོན་གྱིས་བཤད་པ་སྟེ། དེ་ཡང་བཅུ་པའི་དང་པོར་ནི། ཕྱག་རྒྱ་ལ་མ་བརྟེན་པར་སྒྲུབ་པ་པོ་བདག་ཉིད་ཀྱི་ལྟེ་བའི་གནས་སུ་བདག་ཉིད་ཀྱིས་ཙཎྜཱ་ལཱི་བསྒོམས་པའི་རྟེན་འབྲེལ་ཙམ་ལས་རང་བྱུང་གི་ཡེ་ཤེས་འབྱུང་བས་ན། རང་བྱུང་སྟེ་དང་པོའོ། །ལྟེ་བར་མྱོང་བའི་རང་བྱུང་དེ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ཞིང༌། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པས་བཅོམ་ལྡན་འདས་ཏེ་གཉིས་པའོ། །གཅིག་པུ་ཞེས་བྱ་བ་ནི་མཚན་མ་དང་རྣམ་རྟོག་གི་ཟླ་དང་བྲལ་བ་སྟེ། དེ་དང་མ་འགྲོགས་ཤིང་རང་བྱུང་གི་ཡེ་ཤེས་གཅིག་པུ་ཞེས་བྱ་བ་སྟེ་གསུམ་པའོ། །ལྷག་པའི་ལྷ་ཞེས་བྱ་བ་ནི། ལྟེ་བར་གཞིར་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྟེང་དུ་ཡང༌། བདག་བྱིན་གྱིས་བརླབ་པའི་རིམ་པའི་སྟོབས་ཀྱིས། རྩ་ཐམས་ཅད་ཀྱི་ཁམས་དྭངས་མ་ཡས་བྱོན་ཏེ། ལྟེ་བའི་གནས་སུ་འདྲེས་ནས། སྔ་མའི་སྟེང་དུ་ཁམས་དགུ་འདྲེས་པས། ལྷག་པར་སོན་པའི་ཕྱིར་ལྷག་པ་སྟེ། མདོར་ན་བརྟག་པ་དྲུག་པའི་དང་པོ་ལས་གསུངས་པ་ཁམས་བཅུ་དྲུག་གི་དྭངས་མའམ། ཁམས་དགུའི་དྭངས་མའམ། ཁམས་བདུད་རྩི་ལྔའི་དྭངས་མ་སྟེ། རྟེན་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ་བཞི་པའོ། །ལྷ་ཞེས་བྱ་བ་ནི་རྟེན་དེ་ལ་བརྟེན་པའི་རང་བྱུང་གི་ཡེ་ཤེས་དེ་ལ་གསལ་ལ་རྟོག་པ་མེད་པས་ལྷ་སྟེ། ལུས་ལས་བྱུང་ཞིང་བྱིན་གྱིས་བརླབ་པའི་ཕྱིར། བདེ་བ་ལ་རོལ་པའི་དོན་གྱིས་ན་ལྷ་ཞེས་བྱ་སྟེ། དཔལ་བརྟག་པ་གཉིས་པའི་ལེའུ་ལྔ་པར་གསུངས་པའི་ཡན་ལག་གི་དོན་གྱིས་འདིར་བཤད་པར་བཞེད་ལ། ཕྱི་མའི་མདོ་འདིའི་ཚིག་ཉིད་ནི་གུར་གྱི་ལེའུ་དང་པོར་སྦྱར་བ་ཡིན་ཏེ་ལྔ་པའོ། །དེ་ལྟར་བརྗོད་བྱའི་དོན་རང་བྱུང་གི་ཡེ་ཤེས་གཅིག་ལ། དེ་ཡན་ཆད་དུ་རྗོད་བྱེད་ཀྱི་སྒྲ་ལྔས་འཇུག་པར་མ་ཟད། བརྟག་པ་དང་པོའི་གསུམ་པའི་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པ་ཚིག་ལྔས་ཀྱང༌། དོན་རང་བྱུང་གི་ཡེ་ཤེས་དེ་ཉིད་ལ་ཡན་ལག་གི་དོན་དང་བཅས་ཏེ། མིང་གིས་གདགས་པར་བཞེད་ན། ཅིའི་ཕྱིར་གསང་བ་ཞེས་བྱ་ཞེ་ན། གསང་བའི་སྒྲས་ནི་ཀླ་ཀློའི་སྐད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་དེ་ལ། ཙཎྜཱ་ལཱི་འབར་བ་ལ་སོགས་པའི་ཐབས་ཀྱིས་རྟོག་པར་འགྱུར་རོ། །གཞན་ཕ་རོལ་ཏུ་ཕྱིན་པའི་སྒྲ་དང་ཚད་མ་ལ་སོགས་པས་རྟོགས་པར་མི་འགྱུར་བའི་ཕྱིར། རྟོགས་པར་དཀའ་བ་ལ་དགོངས་ནས། ཀླ་ཀློའི་སྐད་དང་འདྲ་བར་གསུངས་པའོ། །གཉིས་པ་ནི་དོན་རང་བྱུང་གི་ཡེ་ཤེས་དེ་ཉིད་ཉམས་སུ་མྱོང་བཞིན་དུ་བརྗོད་པར་མི་ནུས་པའི་ཕྱིར། གཞན་ཡང་གསང་བ་སྟེ་དྲུག་པའོ། །ཅིའི་ཕྱིར་མཆོག་ཅེས་བྱ་ཞེ་ན། འཇིག་རྟེན་པའི་ཟག་པ་དང་བཅས་པའི་བདེ་བ་ལས་མཆོག་ཏུ་གྱུར་པའི་ཕྱིར། རང་བྱུང་ལམ་གྱི་ཉམས་སུ་མྱོང་བ་དེ་ཟག་པ་མེད་པའི་བདེ་བ་ལས་གྲུབ་པ་ཡིན་པ་ལ་དགོངས་ནས་མཆོག་ཅེས་བྱ་སྟེ། བདུན་པའོ། །ཅིའི་ཕྱིར་དགྱེས་པ་ཞེས་བྱ་ཞེ་ན། འཇིག་རྟེན་པའི་སོ་སོ་སྐྱེ་བོའི་འདོད་པའི་ཡོན་ཏན་ཟག་པ་དང་བཅས་པའི་བདེ་བ་དང༌། དེ་དང་ཆ་མཐུན་གྱི་ཟག་མེད་ཀྱི་བདེ་བ་དངོས་རང་བྱུང་གི་ཡེ་ཤེས་མ་ཡིན་གྱི། དཔེ་ཙམ་ཡིན་པས་རང་བྱུང་གི་ཡེ་ཤེས་དེས། སྨོད་ཅིང་སྤོང་བར་བྱེད་པའི་ཕྱིར་དགག་པའི་ངོས་ནས་དགྱེས་པ་ཞེས་བྱ་སྟེ་བརྒྱད་པའོ། །ཅིའི་ཕྱིར་ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་ཞེ་ན། འཁོར་འདས་སྣོད་བཅུད་ལ་སོགས་པའི་ཆོས་ཅན་ཐམས་ཅད་ལ་ཁྱབ་པའི་དོན། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་བདག་ཉིད་ཀྱང་ཙཎྜཱ་ལཱི་ལ་བརྟན་ནས་སྐྱེས་པའི་རང་བྱུང་གི་ཡེ་ཤེས་སུ་རོ་གཅིག་པའི་ཕྱིར་ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་སྟེ་དགུ་པའོ། །ཅིའི་ཕྱིར་རྟག་ཏུ་བཞུགས་པ་ཞེས་བྱ་ཞེ་ན། རང་བྱུང་གི་ཡེ་ཤེས་དེ་ཉིད་མཚོན་བྱ་དང་མཚོན་བྱེད་གཉིས་རོ་གཅིག་ཏུ་མྱོང་བའི་དུས་སུ། ཟག་པ་མེད་པའི་འདུས་མ་བྱས་ཀྱི་ངོ་བོ་ཡིན་པའི་ཕྱིར། དུས་སམ་གནས་སྐབས་ཐམས་ཅད་དུ་འདུས་བྱས་ཀྱི་རྐྱེན་གྱིས་མི་འགྱུར་བར་རྟག་པ་ཞེས་བྱ་སྟེ་བཅུ་པའོ། །དེ་ལྟར་བརྗོད་བྱ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་གཅིག་ལ་རྣམས་གྲངས་ཀྱི་ཚུལ་གྱིས། རྗོད་བྱེད་ཀྱི་སྒྲ་བཅུ་བརྗོད་པ་ནི་ཡན་ལག་གི་དོན་དུ་སྦས་པའི་དོན་དུ་བཤད་པ་ཞེས་བྱ་བ་ཡིན་ཏེ། དོན་དམ་དུ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དེ་ཁོ་ནའི་ཁོངས་སུ་བསྡུའོ། །འོ་ན་སྐབས་འདི་ལ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། ཞེས་བྱ་བའི་སྒྲ་དང༌། མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་བྱ་བའི་སྒྲ་ཡང་དང་པོའི་གསུམ་པར་གསུངས་པས། དེ་ཉིད་རྗོད་བྱེད་གྱི་སྒྲས་ཀྱང་བརྟགས་པར་རིགས་སོ་སྙམ་པ་ལ། དེ་ནི་རིགས་པ་མ་ཡིན་ཏེ། གཞན་དུ་ཞེས་བྱ་བའི་གཞུང་དང་པོར་བྱས་ནས། ཚིག་གཉིས་པོ་དེ་འབྲས་བུའི་རྒྱུད་དང་སྦྱར་བ་ཡིན་གྱི། ཐབས་རྒྱུད་རང་བྱུང་གི་ཡེ་ཤེས་ལ་སྐབས་འདིར་མི་སྦྱར་བའི་དོན་ཏོ། །དེ་ལྟར་ན་མདོ་རྒྱས་གཉིས་ལ་དྲིས་ལན་བཞིར་གནས་ཀྱང༌། ཡན་ལག་གི་དོན་གསང་བ་སྤོང་བ་བཅུས་ཁོང་དུ་ཆུད་པར་བྱའོ། །བཞུགས་པའི་དོན་ལ་ཀླན་ཀ་སྤང་བ། གང་ཚེ་ཞེས་བྱ་བ་ལ་སོགས་པ་དྲི་བ་གསུངས་ཏེ། དེ་ཡང་དོན་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལས་འཕྲོས་ནས་གོང་དུ་རང་བྱུང་གི་ཡེ་ཤེས་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་གསུངས་པས། དེ་ལྟར་ཡིན་ན་ཆོས་ཅན་གཟུགས་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་མྱོང་ཞིང༌། རིག་པའི་དུས་སུ་དེ་ལ་དེ་ཡོད་པའི་ཆོས་ཉིད་བཞི་ཡོད་པར་རིགས་པ་ལས། དེ་ལས་བཟློག་སྟེ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཆོས་ཅན་མྱོང་བས་དེའི་ཆོས་ཉིད་ཅེས་པའི་དོན། དངོས་པོ་ལ་མ་གྲུབ་ཅིང་མིང་གིས་བཏགས་པ་འགལ་བའོ། །ལན་ནི་གསང་བ་འདི་ནི་ཇི་ལྟ་བུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་རང་བྱུང་གི་ཡེ་ཤེས་ནི་རང་གི་ངོ་བོ་གང་ལྟར་ཡང་མ་གྲུབ་པའི་ཕྱིར། ཕར་ལ་མཚན་མ་དང་རྣམ་པར་རྟོག་པ་གང་ལ་ཡང་མི་རིག་པ། ཚུར་ཡང་གང་གིས་ཀྱང་རག་པར་མི་ནུས་པས། ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་དུ་བྱ་བར་མི་ནུས་པ་དེ་བས་ན་འགལ་བ་མེད་དོ། །འོ་ན་ཐམས་ཅད་ལ་ཁྱབ་པར་ཇི་ལྟར་རིགས་ཤེ་ན། དེ་ནི་སྣང་ལུགས་ཀྱི་དབང་དུ་བྱས་ན་ཐམས་ཅད་ལ་ཁྱབ་ཅེས་པ་ཡིན་ཏེ་རྒྱ་མཚོ་དང་རླབས་བཞིན་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་པའོ། །དེ་བས་ན་ཐམས་ཅད་ལ་ཁྱབ་པ་དང༌། རྟོགས་པར་མི་ནུས་པ་འགལ་བ་མེད་པ་ཁོ་ནའོ། །ད་ནི་དྲི་བ་དྲུག་ཅུ་རྩ་བཞིའི་མདོ་དང༌། ལན་རྒྱས་པ་གཉིས་ཀྱིས་བརྟག་པ་བཅུ་པོ་མཐའ་དག་གི མི་གསལ་བ་གསལ་བ་ལ་སོགས་པའི་དབང་དུ་བྱས་ཏེ་དྲི་བ་དང་ལན་གཉིས་སུ་སྦྱར་བ་ཁོང་དུ་ཆུད་པར་བྱེད་པ་ལས། དེ་ཡང་བརྟག་པ་དང་པོའི་རབ་ཏུ་བྱེད་པ་གསུམ་པར། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག་རྗོད་བྱེད་སྒྲ་ཤིན་ཏུ་ཡང་བྱིན་ཆེ་ཞིང༌། རྡོ་རྗེའི་ཚིག་རྐང་དུ་གྱུར་པ། རྩའི་མདོར་དེའི་ཚིག་དོན་གཉིས་ཀ་རྣལ་འབྱོར་གྱི་གླེང་གཞི་ལྟར་རྣམ་པར་མ་ཕྱེ་བའི་ཕྱིར། འདིར་ཚིག་དོན་རྣམ་པར་ཕྱེ་སྟེ་བཤད་པར་བཞེད་ནས། དེ་ལ་གསང་བ་ཇི་ལྟ་བུ། །ཞེས་བྱ་བ་ལ་སོགས་པས། དྲི་བ་བཅུ་བདུན་གྱིས་འཁྲུགས་ཀྱི་ཚུལ་དུ་དྲི་ཞིང༌། ལན་ནི་རྩའི་མདོ་བཞིན་ཕྱོགས་གཅིག་ཏུ་ལན་གདབ་བོ། །རང་གི་བློས་ཞིབ་ཏུ་ཕྱེ་ན་འཕྲོས་དང་བཅས་ཏེ། དྲི་བ་ཉི་ཤུ་རྩ་བཞིའི་ལན་དུའང་འགྱུར་སྙམ་དུའང་བསམས་ཏེ། འོན་ཀྱང་དམ་པའི་གསུང་སྒྲོས་མ་ཡིན་པའི་ཕྱིར། ལན་གྱི་སྐབས་སུ་ཞིབ་ཏུ་ཡི་གེར་དགོད་པར་མི་བྱའོ། །དེ་ལས་དང་པོར་དྲི་བ་ནི། དང་པོར་བླངས་ལ། གསང་བ་ཇི་ལྟ་བུ། ཐམས་ཅད་རྟག་ཏུ་བཞུགས། སངས་རྒྱས་ཀུན་གྱི་ངེས་དོན། མཉམ་པར་སྦྱོར་བ་ཅི་ཞེས། མཁའ་འགྲོ་མའི་མིང་དྲྭ་བ་ཇི་ལྟ་བུ། སྡོམ་པ་ཅི་ཞིག བུད་མེད་སྒྱུ་མ། ཀླ་ཀློ་ཅི་གསུངས། རྣལ་འབྱོར་ཉིད་ལ་མཉམ་གཞག རྗེས་ལ་ཕྱི་རོལ་ཇི་ལྟར། བདག་དང་བདག་གི་ཇི་ལྟར། སེམས་དང་སེམས་བྱུང་ཅི་ཞིག སེམས་ཀྱི་ངོ་བོ་ཡེ་ཤེས། དེ་བཞིན་རྣམ་པར་ཤེས་པ། རྒྱུ་དང་འབྲས་བུ་དངོས་པོ། ཆོས་དང་ཆོས་ཅན་དྲི་བ། ཆུ་བོའི་རྒྱུན་ནི་ཅི་རིགས། རྒྱ་མཚོ་ཉིད་དང་ཁྱད་པར། དེ་ཚོགས་མང་པོ་དྲི་བ། རྡོ་རྗེ་སེམས་དཔའ་བདེ་ཆེན། ཆོས་ཀྱི་སྐུ་ནི་ཇི་ལྟར། ལོངས་སྤྱོད་རྫོགས་སྐུ་ཅི་ཞིག སྤྲུལ་པའི་སྐུ་ནི་གང་ཞིག དེ་ལྟར་དྲི་བ་ཉི་ཤུ་རྩ་བཞིར་སྣང་ལ། དང་པོ་བཀའ་སྒྲོས་བཅུ་བདུན་ལས་མི་གསུང་ངོ༌། །དང་པོའི་བཀའ་གདམས་ཀྱིས་ནི། རྣལ་འབྱོར་ཉིད་ལ་མཉམ་གཞག་གི་དྲི་བ་གཉིས། སྐུ་གསུམ་གྱི་དྲི་བ་གསུམ་སྟེ་ལྔ། ཀླ་ཀློ་ཁྱོད་ཀྱིས་བཤད་པ་ཉིད་ཀྱི་དྲི་བ་དང་དྲུག སངས་རྒྱས་ཀུན་གྱི་ངེས་དོན་ཅི། ཞེས་པ་དང་བདུན། དང་པོའི་གསུམ་པར་དྲི་བ་མི་བཞེད་དེ། དེ་ལྟར་ན་བཅུ་བདུན་དུ་བཞེད་དོ། །དེ་ལ་དང་པོའི་གསང་བའི་ལན་མཐར་ཐུག་ཁོ་ནར་བཤད་པ་གཙོ་བོ་ཡིན་ཡང་རྒྱུད་ཕྱི་མའི་བཤད་པས་བཞིར་གསུངས་ཏེ། སྦས་པའི་དོན་རང་བྱིན་གྱིས་བརླབ་པའི་སྦས་པ་ལྟར་བཤད་ན། སྙིང་ག་ཆོས་ཀྱི་འཁོར་ལོའི་ཡི་གེ་ལ་ཧཱུྃ་རླུང་སེམས་འདྲེས་པའི་ཐིག་ལེ་དེ་གསང་རྒྱུ་ཡིན་ལ། དེ་སྦེད་པར་བྱེད་པ་ནི་འོད་ཀྱི་རི་མོ་བདུན་ནོ། །དེ་སྣོད་མ་ཡིན་པ་རྣམས་ལ་གསང་བའོ། །དོན་གསང་བ་ནི་དེ་ལ་བརྟེན་ནས་སྐྱེས་པའི་རང་བྱུང་གི་ཡེ་ཤེས། མྱོང་བཞིན་དུ་བརྗོད་པར་མི་ནུས་པ་ལ་བྱ་སྟེ། བརྒྱད་པ་བརྗོད་དུ་མེད་པའི་མཚན་ཉིད་ཅེས་བྱ་བས་བསྟན་ཏོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ལྟར་བཤད་ན། གསང་བར་བྱ་རྒྱུ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། ཡུལ་གང་ལ་གསང་ཞེ་ན། རིག་པའི་དབང་ལྔ། དྲུག་པ་རྫོགས་པའི་སངས་རྒྱས་དང་དྲུག བུམ་པའི་དབང་དང་བདུན་ལ་གསང་བར་མ་ཟད། གསང་དབང་གཉིས་ལས་ཀྱང་ཆོས་མཆོག་ཏུ་གྱུར་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསང་བ་ཞེས་བྱ་བའོ། །འདི་ཡང་དབང་དེ་དག་མ་ཐོབ་པའི་རྟེན་གྱི་གང་ཟག་དེ་ལ་ཡུལ་མ་ཡིན་པས་བརྗོད་པར་མི་བྱ་སྟེ་སྒྲ་གསང་བའོ། །དོན་གསང་བ་ནི་དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་བཞིན་དུ་བརྗོད་པར་མི་ནུས་པའི་ཕྱིར་གསང་བ་སྟེ། མདོ་ལས། བརྒྱད་པ་ནི་བརྗོད་དུ་མེད་པའི་དོན་ཡིན་ནོ། །དེ་ལྟར་དམ་པའི་གསུང་སྒྲོས་ཀྱིས་བཤད་པ། རྣམ་པར་སྦྱར་བ་གཉིས་མཛད་ཀྱང༌། མདོ་ལས་ཀྱང་གཉིས་ཀ་གསལ་བར་གྲུབ་པ་མེད་དོ། །མཐར་ཐུག་ཏུ་བཤད་ན་བཤད་པ་གཉིས་ཏེ། བཞུགས་པ་པོ་ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་དེ་ལ་གསང་བ་ཞེས་བྱ་སྟེ། ཡུལ་གང་ལ་གསང་ན། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཡང་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །ཡང་མཐར་ཐུག་གྱི་དབང་དུ་བྱས་ནས་ཀྱང་བཞུགས་པའི་གནས་ཕུན་སུམ་ཚོགས་པར་བཤད་ན། འཁོར་འདས་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་དེ། མཐར་ཐུག་ཆོས་ཀྱི་སྐུའི་བཞུགས་གནས་ཡིན་ལ། དེ་སེམས་ཅན་ཐམས་ཅད་ལ་གནས་ཀྱང་མ་རྟོགས་པས་རང་བཞིན་གྱིས་གསང་བའོ། །རྩ་བའི་མདོར་ནི་བཤད་པ་འདི་འབའ་ཞིག་མཛད་དོ། །ཡན་ལག་གི་དོན་གྱིས་མཐར་ཐུག་པའི་དོན་དུ་བཤད་པའོ། །དེ་ལྟར་ན་རྒྱུད་ཕྱི་མའི་མདོ་འདི་དཔང་པོར་བྱས་ནས་གསང་བ་ལ་བཤད་པ་གསུམ་དུ་གསལ་ལོ། །དྲི་བ་དང་པོའི་ལན་ནི། དྲི་བ་དེའི་ཤུགས་ཀྱིས་འཕངས་ནས། མཆོག་དང་དགྱེས་པ་གཉིས་ཀྱིས་ལན་ཡང་བསྟན་ཏེ། ཅིའི་ཕྱིར་མཆོག་ཅེས་བྱ་ན། ཆོས་ཀྱི་དབྱིངས་དེ་ཟག་པ་མེད་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དགྱེས་པ་ཞེས་བྱ་ཞེ་ན། ཆོས་ཀྱི་དབྱིངས་དེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟག་པ་མེད་པའི་བདེ་བ་འབྱུང་བའི་གནས་ཡིན་པས། དགྱེས་པ་འབྱུང་བའི་ཕྱིར་དགྱེས་པ་ཞེས་བྱའོ། །དྲི་བ་གཉིས་པའི་ལན་གྱི་དབང་དུ་བྱས་ནས། ཅིའི་ཕྱིར་ཐམས་ཅད་བདག་ཉིད་ཅེས་བྱ་ཞེ་ན། ཆོས་ཀྱི་དབྱིངས་དེ་གཟུགས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའང་བདག་ཉིད་ཡིན་པས་ཐམས་ཅད་ཀྱི་བདག་ཉིད་དེ། རོ་གཅིག་ཏུ་སྡུད་བྱེད་ཀྱི་བདག་པོ་ལ་དེ་སྐད་ཅེས་བྱའོ། །རྟག་ཏུ་བཞུགས་པ་ལ་དྲི་བ་མེད་ཀྱང༌། དེའི་ཤུགས་ཀྱིས་འཕངས་ནས་ལན་གསུངས་པ། ཆོས་ཀྱི་དབྱིངས་དེ་དུས་གསུམ་དུ་མི་འགྱུར་བའི་ཕྱིར་ནམ་མཁའ་ལྟར་རྟག་པས་ན་གཟུགས་ཀྱི་དག་པ་ཞེས་བྱའོ། །བཤད་པའི་ཡང་བླ་མའི་ཞལ་ལས་གསུངས་ཀྱི། མདོ་ཉིད་ལས་ནི་ཚིག་བཞིས་བཞུགས་པའི་གནས་གསུངས་པར་གསལ་ཞིང༌། རྟག་ཏུ་བཞུགས་ཞེས་བྱ་བས་བཞུགས་པ་པོ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་ཞེས་གསལ་ལོ། །དམ་པའི་གསུང་གིས་དེ་ཡན་ཆད་ལ་མཐར་ཐུག་གི་དབང་དུ་བྱས་ནས། བཞུགས་པའི་གནས་ཕུན་སུམ་ཚོགས་པར་བསྟན་པར་བཞེད་དོ། །ད་ནི་བཞུགས་པ་པོ་མཛད་པ་དང་བཅས་པ་འདི་ཡང་རྒྱས་པར་བསྟན་པ་ལས། དང་པོའི་བཀའ་གདམས་ཀྱི་དྲི་བ་བཅོ་ལྔའི་ལན་གསུངས་པར་བཞེད། ཞིབ་ཏུ་སྦྱར་ན་ཉི་ཤུ་རྩ་བཞིའི་ལན་དུ་གསལ་བར་སྣང་ངོ༌། །དེ་ལ་དང་པོའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་ངེས་དོན་ཅི། ཞེས་པའི། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། གཞུང་མདོ་རྒྱས་གཉིས་ཀྱིས་བཞུགས་པ་པོ་སྟོན་པ་ཆོས་ཀྱི་སྐུ། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་དེ། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་དང་སྦྱར་ནས་ཡོན་ཏན་ཁྱད་པར་ཅན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། བཞུགས་པ་པོ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ། ཁ་སྦྱོར་ལ་སོགས་པ་ཆོས་གསུམ་དང་ལྡན་པ་དེ་ཡང༌། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་དང་སྦྱར་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔའི་ཚོགས་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱི་ཡོན་ཏན་དང་ལྡན་པ་དང༌། ཡང་དེ་ཐམས་ཅད་ཀྱི་ཡོན་ཏན་མདོར་བསྡུས་པའི་ངོ་བོ་ཡིན་པར་ཡང་བཤད་པས་སངས་རྒྱས་ལ་མཆོག་ཏུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱི་སྐུར་ཡང་བསྒྲུབས་སོ། །དེ་ལྟར་ན་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་གྱི་ལྡོག་པས་ཐ་དད་དུ་གཞག་གོ །ཡེ་ཤེས་ཀྱི་རང་གི་ངོ་བོ་གཅིག་པ་ཡིན་ནོ། །དེ་ལ་གསང་སྔགས་རྡོ་རྗེ་ཐེག་པ་ལ་གྲགས་པའི་དབང་དུ་བྱས་ནས། ཆོས་སྐུ་དང་གཟུགས་སྐུ་གཉིས་ཟུང་དུ་འཇུག་པ་ལ། བདེ་མཆོག་གི་སངས་རྒྱས་ཞེས་མིང་བཏགས་པ་ནི། ཡན་ལག་གི་དོན་གྱིས་བཤད་པ་བཞི་བཞིར་བཞེད་དོ། །ཟག་པ་དང་བཅས་པའི་སོ་སོའི་སྐྱེ་བོའི་བདེ་བ་ལས་མཆོག་ཏུ་གྱུར་པའི་ཕྱིར་ན་བདེ་བ་མཆོག་གོ །མི་མཐུན་པའི་ཕྱོགས་མ་ཆེན་མ་དང་རྣམ་པར་རྟོག་པ་མ་ལུས་པའི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་བདེ་མཆོག་གོ །ལམ་དུ་བདེ་བ་གོམས་པ་ལས་བྱུང་བའི་ཡེ་ཤེས་རྒྱུ་མཐུན་གྱི་འབྲས་བུ་ཡིད་ཚིམ་པ་ཁྱད་པར་དུ་གྱུར་པའི་ཕྱིར་བདེ་མཆོག་གོ །འབྲས་བུ་བདེ་བ་ཆེན་པོའི་དངོས་གྲུབ་དེ་གྲུབ་པ་ལས་མི་ཉམས་པའི་ཕྱིར་བདེ་མཆོག་གོ །གཞུང་ལས་ནི་ཅུང་ཟད་འཁྲུགས་ཀྱི་ཚུལ་དུ་སྣང་བས། རང་གི་བློས་ཞིབ་ཏུ་ཕྱེ་སྟེ། བླ་མའི་གསུང་ལ་བརྟེན་ནས་གཞུང་ཉིད་དུ་བརྟག་གོ །ཡན་ལན་བདུན་དང་སྦྱར་ན་བདེ་བ་ཆེན་པོའི་ཡན་ལག་ཡིན་ཞིང༌། སྔར་གྱི་གཟུགས་ཀྱི་སྐུའི་ཡོན་ཏན་གྱི་དབང་དུ་བྱས་ནས་ལོངས་སྤྱོད་རྫོགས་པའི་ཡན་ལག་གི་ཕྱོགས་གཅིག་བསྟན་ཏོ། །མཉམ་པར་སྦྱོར་བ་ཅི་ཞེས་བྱ་བའི་ལན་གྱི་དབང་དུ་བྱས་ནས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ། ཁ་སྦྱོར་གྱི་རྣམ་པ་གཟུགས་ཀྱི་སྐུ་ཡེ་ཤེས་ཀྱི་བཙུན་མོ་དང་ཞལ་སྦྱོར་དུ་གནས་པ་ལ་བྱ་སྟེ། ཡན་ལག་བདུན་ལས། ཁ་སྦྱོར་གྱི་ཡན་ལག་གོ །རྟག་པའི་བཤད་པ་ནི། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་གཉིས་སུ་མེད་པའི་ཡེ་ཤེས་དེ་ནམ་མཁའ་ལྟར་རྟག་པ་ཞེས་བྱ་སྟེ། ཆོས་སྐུ་ལ་སྦྱར་བའི་ཡན་ལག་བདུན་པ་འགོག་པ་མེད་པའི་ཡན་ལག་གོ །ཡིད་སྲུབས་ཀྱི་བཤད་པ་ནི། རྒྱུ་ལམ་གྱི་གནས་སྐབས་སུ་བསྐྱེད་རྫོགས་ཀྱི་ཐབས་ལ་མཁས་པ་གཉིས་ཀྱིས། འདོད་པའི་ལོངས་སྤྱོད་ལྔ་ལམ་དུ་གོམས་པས་འབྲས་བུ་ལ་མི་བསླུ་བའི་ཕྱིར། ཡེ་ཤེས་ཀྱི་སྣང་བའི་རྗེས་སུ་འབྲང་མ། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་པའི་ལོངས་སྤྱོད་པས་ཚིམ་པ་ནི། ཡིད་སྲུབས་པ་སྟེ་བདེ་བ་ཆེན་པོའི་ཡན་ལག་གོ །རང་བཞིན་མེད་པའི་ཡན་ལག་ནི། ཆོས་ཀྱི་སྐུའི་སྐབས་དོན་གྱིས་ཤེས་པར་བྱའོ། །དེ་ལྟར་བཞུགས་པ་པོ་སྟོན་པ་སྐུ་གཉིས་བསྟན་ནས། དེའི་མཛད་པ་སྐུ་གསུམ་པ་སྤྲུལ་པའི་སྐུ་གསུངས་ཏེ། སྣ་ཚོགས་ལས་ཀྱི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའི་མདོ་དང་སྦྱར་རོ། །དེ་ཡང་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་རིགས་ལྔའི་ཚོགས་དེ་དག་ཉིད་ཀྱིས། བུད་མེད་ཀྱིས་འདུལ་བའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར། ཐ་མལ་པའི་བྲམ་ཟེའི་རིགས་ལ་སོགས་པའི་བུ་མོའམ། སྤྱན་ལ་སོགས་པའི་བུ་མོར་སྤྲུལ་ནས། གདུལ་བྱ་རྣམས་ཡིད་ཚིམ་པར་བྱས་ཏེ། རེ་རེའི་རྒྱུད་ལའང་མ་དག་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་ནས། ཡེ་ཤེས་ལྔའི་དངོས་གྲུབ་ཏུ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ནི་སྐུས་དོན་མཛད་པའི་ཕྲིན་ལས་སོ། །འདུལ་བར་བརྗོད་ཅེས་བྱ་བའི་མདོས་གདུལ་བྱ་སེམས་ཅན་རྣམས་ཇི་ལྟར་མོས་པ་དེ་ལྟར་དེ་ལྟ་བུའི་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱས་པས། མངོན་རྟོགས་རྒྱུད་ལ་སྐྱེས་ཏེ་ཡིད་ཚིམ་པར་བྱས་ཏེ། དངོས་གྲུབ་སྐྱེད་པ་སྔ་མ་བཞིན་ནོ། །དེ་ལྟར་དོན་མཛད་པའི་རྒྱུ་ནི། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡིན་པས་སྙིང་རྗེས་ངེས་པར་གང་བའི་ཡན་ལག་ཏུ་ཤེས་པར་བྱས་ལ། སྤྲུལ་པ་དེས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའི་ཕྱིར། རྒྱུན་མི་འཆད་པའི་ཡན་ལག་ཅེས་བྱ་བ་ལ་བརྟན་ཏེ་སྤྲུལ་སྐུའི་ཡན་ལག་གཉིས་པ་བསྟན་ཏོ། །མདོ་ལས་ནི་བརྟེན་པ་བཤད་པ་གཅིག་གི་སྐབས་ན། དུར་ཁྲོད་དུ་བཞུགས་པས་ཀྱང་ཞེས་བྱ་བ་ནས། འཁོར་བར་བཞུགས་སོ་ཞེས་བྱ་བའི་བར་གྱིས་ཤེས་པར་བྱའོ། །དྲིས་ལན་སྦྱར་ནས་བཞུགས་པ་པོ་ཆོས་སྐུ་དང་ལོངས་སྐུ་གཉིས་ཀྱིས། སངས་རྒྱས་ཀུན་གྱི་ངེས་དོན་ཅི། །མཉམ་པར་སྦྱོར་བ་ཅི་ཞེས་བྱ་བ་ཉིད་ཀྱི་ལན་བསྟན་ཏོ། །ཞིབ་ཏུ་དབྱེ་ན་སྐུ་གཉིས་ཀྱི་ལན་ཡང་བསྟན། མཛད་པ་ཕྲིན་ལས་ཀྱིས་ནི། མཁའ་འགྲོ་མ་ནི་གང་གི་མིང༌། དྲྭ་བ་ཇི་ལྟ་བུ། སྡོམ་པ་གང་བཤད་པ། བུད་མེད་སྒྱུ་མ་དང་ཡང་བཤད་པ་ཕྱོགས་གཅིག ཀླ་ཀློ་དང་སྤྲུལ་པའི་སྐུ་ནི་ཇི་ལྟ་བུ་དང་དྲུག་གིས་བསྟན་ཏོ། །ཐུན་མོང་མ་ཡིན་པའི་འབྲས་བུའི་རྒྱུད་ཀྱི་མཚན་ཉིད་ཀྱི་དོན་ནི། འདི་སྐད་བསྟན་པ་ཡིན་ཏེ། འབྲས་བུ་རྣམ་པ་གཉིས་ལས་ས་བཅུ་གཅིག་པ་ལ་དཔེ་མེད་པའི་ཡེ་ཤེས་དང༌། བཅུ་གཉིས་པ་ཡེ་ཤེས་ཆེན་པོ་གཉིས་ལས་ཆེས་མཆོག་ཏུ་གྱུར་པས། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་དོན། ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་ལ་བྱ་སྟེ། དེ་ཡང་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་དང༌། སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་སྟེ། གྲུབ་མཐའ་སོ་སོའི་རྟོག་མཁན་གྱི་བསམ་པ་དང་སྦྱར་ནས། གང་ལྟར་ཡང་སྦྱར་དུ་རུང་བས་ཡོད་པ་ཡིན་ལ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཉིད་ཀྱི་གང་ལྟར་ཡང་མ་གཟིགས་པའི་ཕྱིར་མེད་པའང་ཡིན་པས། ཡང་དག་པ་ཇི་ལྟ་བ་ལ་ནི་དབུ་མའི་དོན་དུ་ཁས་བླང་པར་བྱ་ཞེས་བྱ་བའི་དོན་ཏེ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་གོ །འདིར་མཛད་པ་བཅུ་གཉིས་གསུངས་པ་ནི། གསུང་གིས་དོན་མཛད་པའི་ཕྲིན་ལས་སོ། །དོན་འདིས་ཀྱང་ཆོས་ཀྱི་སྐུ་ནི་ཇི་ལྟར་ལགས་ཞེས་པའི་དོན་གསུངས་སོ། །དེ་ལྟ་བུའི་འབྲས་བུའི་རྒྱུད་དེ་མངོན་དུ་བྱེད་པའི་ཐབས་ནི་ཐེག་པ་ཆེན་པོའོ། །ཞེས་བྱ་བ་ལ་སོགས་པ་ཞར་བྱུང་དུ་གསུངས་ཏེ་དེ་ཡང་འདི་སྐད་སྟོན་པ་ཡིན་ཏེ། ལམ་གྱི་དེ་ཁོ་ན་ཉིད་རང་བྱིན་གྱིས་བརླབ་པའི་རིམ་པ་དང༌། དམིགས་པ་མེད་པའི་རྣལ་འབྱོར་དངོས་དང༌། དེ་ལ་བརྩད་པའི་སྐྱོན་སྤང་བའོ། །དེ་ལ་དང་པོའི་དོན་ནི། ཆོས་ཀྱི་སྐུ་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་དེ་རང་གི་ངོ་བོར་ཅིར་ཡང་མ་གྲུབ་པས་རྣལ་འབྱོར་པས་ལམ་གྱི་གནས་སྐབས་སུ། གང་ལྟར་ཡང་མ་གྲུབ་པའི་ཚུལ་གྱིས་མཉམ་རྗེས་མེད་པར་བསྒོམ་པ་ནི། དབང་པོ་གང་དང་གང་ལམ་ཉིད། །ཅེས་པ་ལ་སོགས་པས་བསྟན་ཏོ། །བརྩད་པ་ནི། དེ་ལྟར་ཡུལ་ཐམས་ཅད་ལྷུག་པར་གཞག་པའི་ཚེ་ཡང་ལྷན་ཅིག་སྐྱེས་པ་ཡིན་ན། སེམས་ཅན་ཐམས་ཅད་ཡུལ་ལ་ལྷུག་པར་གནས་པས་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་དེ་ལྟར་གནས་ཀྱི་རྟོགས་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་རྟོགས་པའི་རྐྱེན་བླ་མ་དམ་པའི་གདམས་ངག་དང་མ་ཕྲད་པའི་ཕྱིར། རང་རང་གི་གྲུབ་མཐའ་ལ་ཞུགས་ཀྱང་སོ་སོའི་འདོད་པའི་རྣམ་པར་རྟོག་པས་བསླད་ནས། དེ་ཁོ་ན་ཉིད་ཀྱི་དོན་ལ་སླར་བསྒྲིབས་སོ། །ཞེས་བྱ་བའི་དོན་ཏོ། །དཔེར་ན་ཉི་མའི་དཀྱིལ་འཁོར་གཅིག་ཡིན་ཡང་ཡུལ་སོ་སོའི་རི་མཐོན་པོས་བསྒྲིབས་ནས་འཆར་ལུགས་ཐ་དད་དུ་མ་མཐོང་ཡང༌། མཐོང་བ་ལྟར་མེད་པས་འཁྲུལ་པ་དང་བཅས་པ་ཁོ་ན་ཡིན། ཞེས་བྱ་བའི་དཔེས་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དྲིས་པ་དང་སྦྱར་ན། རྡོ་རྗེ་སེམས་དཔའ་བདེ་ཆེན་པོའི། །རྣམ་པའི་རྣལ་འབྱོར་ཞེས་བྱ་བའི་ལན་བསྟན་པའང་གསུང༌། ཡང་ཉི་ཤུ་རྩ་བཞིའི་ཕྱོགས་ལ་ནི། རྣལ་འབྱོར་ཉིད་ལ་མཉམ་པ་ཉིད། །ཅེས་པའི་ལན་བསྟན་པར་བཞེད་དོ། །གཞན་ཡང་བརྩད་པའི་སྐྱོན་སྤང་བ་ནི། བདག་དང་བདག་གིར་དང༌། དེ་བཞིན་སེམས་དང་སེམས་བྱུང་དང༌། སེམས་ཀྱི་ངོ་བོ་ཡེ་ཤེས་དང༌། རྣམ་པར་ཤེས་པ་ཉིད་དང༌། རྒྱུ་དང་འབྲས་བུའི་དངོས་པོ་དང༌། དེ་བཞིན་ཆོས་དང་ཆོས་ཅན་ཉིད། །ཆུ་བོའི་རྒྱུན་དང་རྒྱ་མཚོའི་ཁྱད་པར་དང༌། སྣ་ཚོགས་མང་པོ་དེ་ལྟར་དྲི་བ་དགུའི་ལན་གསུངས་ཏེ། གཞུང་ཉིད་དུ་གསལ་བར་རང་གི་བློས་ཞིབ་ཏུ་བརྟག་གོ །དེ་ལྟར་ན་དྲི་བ་ཉི་ཤུ་རྩ་བཞིའི་ལན་བསྟན་ཏོ། །གསང་བའི་པདྨའི་གསང་བའི་གནས། །ཞེས་བྱ་བ་ལ་སོགས་པས། བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ་ལས་འབྱུང་བའི་དོན་གསལ་བར་བྱེད་པ་ཡིན་ཏེ། དེའང་བརྟག་པ་དང་པོའི་གསུམ་པར། ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པའི་དོན་ནི། རང་གི་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་ཡིན་ལ། རྟོགས་པའི་ཐབས་ནི་དབུ་མར་རླུང་སེམས་འདུས་པ་ཡིན་པས། རབ་ཏུ་བྱེད་པ་དེ་གཉིས་འབྲེལ་པ་ཅན་གྱི་དབང་དུ་བྱས་ནས་གསུངས་པ་ནི། ནང་དུ་རྣམ་གནས་པའི་དོན་གསལ་བར་གསུངས་པ་ཡིན་ནོ། །དེའང་དོན་གཉིས་ཏེ། པདྨའི་དོན་བཤད་པ་དང༌། གསང་བའི་དོན་བཤད་པའོ། །དེ་ལ་དང་པོ་པདྨའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། བྲམ་ཟེ་མོ་ལ་སོགས་པ་ཕྱག་རྒྱ་རྣམ་པ་ལྔའི་ཆོས་འབྱུང༌། ཨ་ལས་པདྨ་འདབ་མ་བརྒྱད་པར་བསྐྱེད་པའི་དབུས་ཀུན་འདར་གྱི་སྣ་རྩེར། མཁའ་འགྲོ་མའི་གདོང་ཞེས་བྱ་བ་དེ་ལ་མཛེས་པའི་སྤྱི་བོ་ཞེས་མིང་དབུས་ཀྱི་གནས་དེ་བྱུང་ཞེས་བྱའོ། །དེ་ཡང་ཕྱིའི་པདྨ་འདབ་བརྒྱད་ཀྱིས་རྩ་མཛེས་པའི་ཕྱིར་ན་མཛེས་པའི་སྤྱི་བོ་ཞེས་བྱ་བའམ། ཡང་ཀུན་འདར་གྱི་སྣ་རྩེ་དེ་ཉིད་ཁམས་བདུད་རྩི་ལྔའི་དྭངས་མ་དང༌། འབྱུང་བ་བཞིའི་མཐུ་སྟེ་ཁམས་དགུ་འདུས་པའི་དྭངས་མ། རྒྱ་མཚོའི་ནང་གི་ཉི་མའི་གཟུགས་བརྙན་ལྟ་བུ། ཁ་དོག་རྣམ་པ་སྣ་ཚོགས་པས་བརྒྱན་པར་བྱས་པས་མཛེས་པའི་སྤྱི་བོའོ། །དེའི་པདྨའི་དོན་བཤད་པའོ། །གསང་བའི་དོན་རྣམ་པར་དབྱེ་ན་མཛེས་སྤྱི་ལ་གསང་བར་གཞག་པ་ནི། དེ་ཉིད་ཀྱང་ཕྱིའི་ཆོས་འབྱུང་གི་མི་གསལ་བར་སྦས་པའི་ཕྱིར་དང༌། དོན་ལྷན་ཅིག་སྐྱེས་པའི་གནས་ཡིན་པའི་ཕྱིར་རོ། །དེ་ནི་གསང་བའི་གཙོ་བོ་ཡིན་པའི་ཕྱིར། དེ་ཙམ་ལ་གསང་བ་ཞེས་བསྟན་གྱི། ཡང་རྒྱུད་མཐའ་དག་གི་དོན་དགྲོལ་བའི་ཕྱིར། གསང་བ་བསྟན་པ་ནི་གསང་བ་ནི་རྣམ་པ་བདུན་ཏེ། ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ཏེ། དེ་ཡང་སྤྱིར་ནི་གསང་བ་རྣམ་པ་གཉིས་སུ་གསུངས་ཏེ། མཚོན་བྱ་རང་བཞིན་གྱིས་གསང་བ་དང༌། མཚོན་བྱེད་ཐབས་ཀྱིས་གསང་བའོ། །རང་བཞིན་གྱིས་གསང་བ་ནི་རྟེན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་གནས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་ལ་བྱ་སྟེ། དེ་ཡང་གཞུང་ལས། གསང་བ་ནི། བདེ་བ་ཐམས་ཅད་མཐའ་ཡས་པ། །ཞེས་བྱ་བ་དང༌། བྱང་ཆུབ་སེམས་ནི་མ་སྐྱེས་པ། །ཞེས་བྱ་བས་བསྟན་ཏོ། །དེ་རྟོགས་པར་བྱེད་པའི་མཚོན་བྱེད་ཀྱི་ཐབས་ཀྱིས་གསང་བ་ནི། ཚིག་དྲུག་ལས་མདོ་རྒྱས་གཉིས་སུ་དབྱེ་ཞིང༌། དོན་དེ་ཁོ་ན་ཉིད་རྣམ་པ་ལྔས་བཅིངས་པ་ཡིན་ཏེ། དེ་ལ་གསང་བ་ནི་དེ་ཁོ་ན་ཉིད་མདོར་བསྟན་པ་ཞེས་པས་མདོར་བསྟན་དུ་བྱས་ལ། དེ་ལ་ལྔ་སྟེ། སྔོན་དུ་འགྲོ་བ་དབང་གི་དེ་ཁོ་ན་ཉིད་དང༌། བསྒོམ་པར་བྱ་བ་བསྐྱེད་རིམ་གྱི་དེ་ཁོ་ན་ཉིད་དང༌། དེ་ལ་བརྟན་ནས་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་དང༌། ལམ་གྱི་ཡན་ལག་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་དང༌། དེ་ཁོ་ན་གཉིས་ཀ་རྟོགས་པ་བརྟན་པར་བྱེད་པའི་སྤྱོད་པའི་དེ་ཁོ་ན་ཉིད་དེ་ལྔའོ། །དེ་ལ་དང་པོས་རྟེན་གྱི་གང་ཟག་གི་མཚན་ཉིད་བསྟན་ལ། ཕྱི་མ་བཞིས་ཐབས་བསྟན་ཏོ། །སྤྱོད་པའི་ཆེ་བའི་ཤུགས་ཀྱིས་འབྲས་བུ་བསྟན་ཏོ། །གཞུང་དུ་གསང་བ་རྣམ་པ་ལྔ་རྒྱས་པར་བཤད་པ་ལས་གསང་བ་ནི། ས་བོན་རྣམ་པ་ལྔས་བསྐྱེད་པའི་གསང་བ་བསྟན་ཏེ། རིགས་ལྔའི་ས་བོན་ནམ་རིགས་ལྔ་སྟེ། དེས་བསྐྱེད་པའི་རིམ་པ་མཐའ་དག་བསྡུས་པ་ཡིན་ནོ། །གསང་བ་ལྷག་མ་བཞིས་ནི་དེ་ལ་བརྟེན་པའི་རྫོགས་པའི་རིམ་པ་བསྟན་པ་ཡིན་ཏེ། དམ་པའི་དངོས་པོ་སྦས་པ་དཀྱིལ་འཁོར་གྱི་འཁོར་ལོའི་དབང་དུ་བྱས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྟན། གསང་བའི་པདྨ་ཡིད་མངོན་དུ་གྱུར་པའི་རྒྱུ་གནས་ཆོས་འབྱུང་བ་བསྟན་ཏོ། །གསང་བ་རང་བྱིན་གྱིས་བརླབ་པའི་རིམ་པ་ལྟར་བཤད་ན་གསང་བ་ཐམས་ཅད་དུ་འགྲོ་བ་དང༌། ཞེས་པ་རང་བྱུང་གི་ཡེ་ཤེས་སྐྱེ་བའི་གནས། གཙོ་བོར་ལྟེ་བར་མངོན་དུ་གྱུར་ནས་སྐྱེ་བའི་གནས་ལུས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། དེ་ནི་གསང་བ་ཐམས་ཅད་དུ་འགྲོ་བ་ཞེས་བཤད་དོ། །ཡེ་ཤེས་དེ་མངོན་དུ་གྱུར་པའི་གནས་ནི། ལྟ་བའི་དགའ་བ་ཞེས་བྱ་བས་བསྟན་ཏེ། དེ་སྐྱེ་བའི་གནས་གཙོ་བོའི་དབང་དུ་བྱས་པའོ། །དེ་ལྟར་ན་གསང་བ་དྲུག་གིས་བསྒོམས་པའི་དེ་ཁོ་ན་ཉིད་བསྐྱེད་རྫོགས་གཉིས་པོའི་དོན་ལ་གསང་བ་རྣམ་པ་གསུམ་ནི་ཤུགས་ཀྱིས་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་གསང་བ་དངོས་ནི་རྫོགས་པའི་རིམ་པ་ཡིན་པས། དེ་ལ་དོན་ལྔར་གནས་པར་གསུངས་ཏེ། མཚོན་བྱེད་ཐབས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་གནས་དང༌། རྒྱུ་དང༌། ཐབས་དང༌། ཡེ་ཤེས་རང་གི་ངོ་བོ་དང༌། ཡེ་ཤེས་ཀྱི་ཆེ་བ་བསྟན་པའོ། །དེ་ལ་གནས་གཉིས་ཏེ། ཕྱི་རགས་པ་དང༌། ནང་ཕྲ་བ་བསྟན་པའོ། །རགས་པ་དབང་ལྟར་བཤད་ན། ཡུམ་གྱི་བྷ་གའི་དཀྱིལ་འཁོར་རོ། །རང་བྱིན་གྱིས་བརླབ་པ་ལྟར་བཤད་ན་རྟེན་འཁོར་ལོ་བཞིའོ། །ཕྲ་བ་ནི་ཀུན་འདར་གྱི་མཛེས་པའི་སྤྱི་བོའོ། །རྒྱུ་ནི་ཁམས་དྭངས་མ་ཀུན་འདར་དུ་མངོན་དུ་བྱས་པའོ། །ཐབས་ནི་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའམ། ཙཎྜཱ་ལཱི་འབར་འཛག་གི་རྣམ་པས་སོ། །ཡེ་ཤེས་ཀྱི་རང་གི་ངོ་བོ་ནི། རང་བྱུང་ངམ་ལྷན་སྐྱེས་ཆོས་བཞི་ལྡན་ནོ། །ཆེ་བ་ནི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གི་ཁྱད་པར་གྱིས་འཁོར་འདས་ཐམས་ཅད་སྐྱེ་ཞིང་སྣང་བའོ། །འདིས་ནི་ལམ་གྱི་ཡན་ལག་བཟླས་པ་ལ་སོགས་པའང་བསྟན་པ་ཡིན་ནོ། །གཞུང་ནི་ཚུལ་གསུམ་དུ་གནས་ཏེ། ཐོག་མར་གསང་བ་བདུན་གྱིས་བཤད་པ་དང༌། གསང་བ་བྱང་སེམས་ལ་སོགས་པ་རྣམ་གྲངས་ཀྱི་ཚུལ་གྱིས་རྒྱས་པར་བཤད་པ་དང༌། བྱང་ཆུབ་ཀྱི་སེམས་ནི་མ་སྐྱེས་པ་ལ་སོགས་པ་མངོན་དུ་བྱེད་པའི་ཐབས་ཀྱིས། གནས་པ་ལ་སོགས་པ་བཞི་གསང་བར་བཤད་པའི་དབང་དུ་བྱས་ནས། རྩ་ཀུན་འདར་ཉིད་ལ་གསང་བ་ཞེས་བཤད་པས་བསྟན་ཏོ། །མདོར་ན་གསང་བ་ཞེས་བྱ་བའི་གོ་བ་ནི། དོན་རྟོགས་དཀའ་ཞིང་མྱོང་བཞིན་དུ་བརྗོད་པར་མི་ནུས་པས་གསང་བ་ཡིན་ལ། སྒྲ་ནི་སྣོད་མ་ཡིན་པ་ལ་གསང་ཞིང་རྟོགས་དཀའ་བས་གསང་བའོ། །དེ་ལྟར་བསྟན་པའི་དོན་རྣམས་ཀྱིས་ཀྱང༌། དྲི་བ་བཞི་པའི་ལན་བསྟན་པ་ཡིན་ཏེ། གསང་བའི་གནས་ནི་མི་འཚལ་གྱི་ལན་དང༌། ཟླ་བ་ཉི་མ་རྫོགས་སངས་རྒྱས། །ཞེས་པའི་དང༌། དང་པོ་རྣམ་པ་དྲུག་ཏུ་འགྱུར། །ཞེས་པ་དང༌། པདྨ་བཞི་ལས་བྱུང་བ་ཡིན། །ཞེས་པའི་ལན་བསྟན་ཏོ། །རུས་པ་རྐང་དང་ཁུ་བ་ཉིད། །ཅེས་པ་ལ་སོགས་པས་ནི་བརྟག་པ་དྲུག་པའི་དང་པོ་ནས་འབྱུང་བའི་དགོངས་པའི་དོན་གསལ་བར་བྱེད་པ་ཡིན་ཏེ། དེ་ཡང་ལྔ་པའི་གཉིས་པ་ལས་འབྱུང་བ་དང༌། དྲུག་པའི་དང་པོའི་དོན་འབྲེལ་བ་ཅན་གྱི་དབང་དུ་བྱས་ནས། དོན་འདི་སྐད་སྟོན་པ་ཡིན་ཏེ། གོང་དུ་ནི་རྩ་གཉིས་ལས་འབྱུང་བའི་བྱང་སེམས་ཁམས་དྭངས་མ་དགུ། ག་པུར་དང་སིཧླ་ལ་སོགས་པ་ལས་གྱུར་པ་དབུ་མའི་གནས་སུ་འདུས་པར་གྱུར་པ་དེའི་ཚེ་ཟག་པ་མེད་པའི་སྐུ་གསུམ་སྐྱེད་པར་བྱེད་པ་ཡིན་ལ། ཕ་མ་གཉིས་ལས་ཐོབ་པའི་ག་པུར་དང་སིཧླ་གཉིས་ཀྱིས་ནི། བུ་ཚའི་རུས་རྐང་ཁུ་བ་ཉིད། །ཅེས་བྱ་བ་དེ་ཕ་ལས་སྐྱེས་པ་གསུམ་དང༌། མ་ལས་སྐྱེས་པ་གསུམ་སྟེ། ཁམས་དྲུག་ནུས་པ་སོ་སོར་སྐྱེད་པར་བྱེད་པ་བསྟན་ཏེ། དེ་དག་དྲུག་པའི་དང་པོར། དེ་ལྟ་བུའི་ལུས་ཀྱི་དཀྱིལ་འཁོར་ཙམ་དང༌། དེའི་རྒྱུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཙམ་དུ་གསལ་བར་གསུངས་པ་དང༌། ཕ་མའི་སིཧླ་དང་ག་པུར་གཉིས་ཀྱིས། བུ་ཚའི་ཕུང་པོ་དང༌། ཁམས་དང༌། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང༌། ས་ལ་སོགས་པའི་འབྱུང་བ་བཞི་སྟེ། ཐམས་ཅད་ཀྱང་སྐྱེད་པར་བྱེད་པ་ཡིན་ནོ་བར་གསལ་བར་སྟོན་པ་ནི། གཟུགས་དང་ཚོར་བ་དང་འདུ་ཤེས། ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །ཚུལ་གཞན་ཡང་དེ་ལྟ་བུའི་སིཧླ་དང་ག་པུར་གཉིས་ཀྱི་མཐུས། ཀུན་རྫོབ་ཀྱི་ཚུལ་དུ་བསྐྱེད་པར་བཤད་པ་ཐམས་ཅད་དང༌། གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱིས་བསྡུས་པ་ཡིན་ནོའི་བར་གསལ་བར་བསྟན་པའི་ཕྱིར། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་མདོར་ན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གནས་སྐབས་ཀྱི་བྱེ་བྲག་གིས་བསྐྱེད་པའི་རིམ་པ་ལ་གྲགས་པའི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ། ཞེས་བྱ་བ་བཞིས་གང་གི་མིང་གིས་བཏགས་ནས། ཚུལ་མི་འདྲ་བར་བསྡུས་པའི་དོན་མན་ངག་གིས་བཤད་པ་དང༌། གཞན་ཡང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། བྷ་གའི་དཀྱིལ་འཁོར་གཉིས་ཀ་ལ། བཤང་བ་དཀར་པོ། ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དོན་གྱི་མན་ངག་གིས་བཤད་པ་དང༌། དྲུག་པའི་དང་པོའི་མི་གསལ་བ་གསལ་བར་ཕྱེ་བའི་དོན་འདིས་ཁོང་དུ་ཆུད་པར་བྱའོ། །དྲི་བའི་ཚིག་དང་སྦྱར་ན་མ་བྲིས་པའི་དཀྱིལ་འཁོར་ཇི་ལྟར་ལགས། ཞེས་པ་དང༌། བརྟག་པ་ཡང་ནི་ཅི་ཞིག་གསུངས། །ཞེས་པ་དང༌། ཀླ་ཀློ་ཁྱོད་ཀྱིས་གསུངས་པ་ཡི། །དགོངས་པ་ཅི་མཆིས། ཞེས་པ་གསུམ་གྱིས་ལན་བསྟན་ཏེ། དེ་ཡན་ཆད་ཀྱིས་རབ་ཏུ་བྱེད་པ་གསུམ་གྱིས་ལན་གདབ་པ་གསལ་བར་བསྟན་པ་ཆེ་ལོང་ཙམ་ཞིག་གིས། དྲི་བ་སུམ་ཅུ་སོ་གཅིག་གི་ལན་བསྟན་ཏོ། །རོ་ནི་ཤི་བར་བརྗོད་པ་ཉིད། །ཅེས་བྱ་བ་ལ་སོགས་པས་ནི་བརྟག་པ་བདུན་པའི་དང་པོར་ལྟ་སྟངས་ཀྱི་ཕྱག་རྒྱའི་ཡེ་ཤེས་ལ་སོགས་པ་བདུན་གསུངས་པ་ལས། ལྟ་སྟངས་མ་ཡིན་པའི་ཡེ་ཤེས་དྲུག་གི་དོན་སྐབས་ཁ་ཅིག་ཏུ་མི་གསལ་བ་གསལ་ཞིང༌། སྐབས་ཁ་ཅིག་ཏུ་མ་ཚང་བ་ཁ་བསྐང་བ་དང༌། ཡང་སྐབས་ཁ་ཅིག་ཏུ་ཚིག་དང་དོན་གཉིས་རྣམ་པར་ཕྱེ་སྟེ་གསལ་བར་བཤད་དོ། །དེ་ལ་དང་པོ་ནི། རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཤེས་པ་ནི། སྐབས་ཁ་ཅིག་ཏུ་རྫས་སྦྱོར་དང༌། སྐབས་ཁ་ཅིག་ཏུ་དཀྱིལ་འཁོར་དང་ཆང་དང་སྔར་མ་གསུངས་པའི་སྔགས་ལ་སོགས་པ་རྣམས། རྒྱུད་ཕྱི་མ་འདིར་མི་གསལ་བར་གསལ་བར་ཁོང་དུ་ཆུད་པར་བཤད་དོ། །དགའ་བ་དང་བཅས་པ་དཀར་མོ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་རེག་པའམ། བྱིན་པས་དབང་དུ་བྱེད་པའི་ཡེ་ཤེས་ཀྱི་དོན་གསལ་བར་བཤད་དོ། །ཤི་ཁ་ནི་རྨ་བྱའི་གཙུག་ཕུད་དོ། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་ཐིག་ལེ་བདག་གིར་བྱེད་པ་ལ་སོགས་པའི་ཡེ་ཤེས་ཀྱི་དོན་གསལ་བར་བཤད་དོ། །རོའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། མི་སྣང་བའི་ཡེ་ཤེས་ཀྱི་བསྒྲུབ་པའི་རྫས་ངོས་བཟུང་བ་ལ་སོགས་པའི་དབང་དུ་བྱས་ཏེ་གསལ་བར་བཤད་དོ། །མིག་སྨན་གོང་དུ་གསུངས་སོ། །ཞེས་བྱ་བ་ལ་སོགས་པས་གྲུབ་པའི་མིག་སྨན་གྱི་ཡེ་ཤེས་ཀྱི་དོན་གསལ་བར་བཤད་མ་ཡིན་ཏེ། སྔར་རྩ་བའི་མདོར་ནི་མིག་སྨན་བསྒྲུབ་པའི་རྫས་ལ་སོགས་པ་གསལ་བར་གསུངས་ཀྱང༌། དེ་བསྒྲུབ་པའི་ལྷའི་རྣལ་འབྱོར་གྱི་སྒྲུབ་ཐབས་ཀྱི་ཆོ་ག་ཕྱག་རྒྱ་བྱིན་གྱིས་བརླབ་པ་ལ་སོགས་པ་དངོས་གྲུབ་བསྒྲུབ་པའི་སྔགས་དང༌། ཕྱིས་གྲུབ་ནས་ལས་སྣ་ཚོགས་གང་ལ་ཇི་ལྟར་སྦྱར་བ་དེ་གསལ་བར་མ་གསུངས་པས། དེའི་དོན་རྒྱུད་ཕྱི་མ་འདིས་གསལ་བར་བཤད་དོ། །ཞར་ལས་བྱུང་བའི་ཚུལ་དུ་བུད་མེད་སྐལ་བ་བཟང་མོར་བྱེད་པ་ནི། རྩ་བའི་མདོར་མ་ཚང་བ་ཁ་བསྐང་གི་ཚུལ་དུ་བཤད་དོ། །བྷྲ་མ་ནི་བུང་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས། བཅུད་ཀྱི་ཡེ་ཤེས་ཀྱི་རྫས་རྣམས་ཅུང་ཟད་གསལ་བར་བཤད་དོ། །དེ་ལྟར་ཡེ་ཤེས་དྲུག་ཀ་གསལ་བར་མ་བཤད་ཀྱང་དྲི་བ་དང་སྦྱར་ན། རྣམ་ཤེས་ཇི་ལྟར་ལགས་ཞེས་བྱ་བའི་ལན་འབའ་ཞིག་ལས་མ་གསུངས་ཏེ། ཡེ་ཤེས་དང་པོས་ནི་ལན་དངོས་སུ་བསྟན་པ་ཡིན་ལ། ཕྱི་མ་རྣམས་ཀྱིས་དྲི་བ་དེའི་ལན་གྱི་ཤུགས་ལས་རག་པས་བདག་གིར་བྱེད་པ་ལ་སོགས་པའི་ལན་བསྟན་པ་ཡིན་ནོ། །དེ་ནས་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པ་དང་རབ་ཏུ་ལྡན་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གཉིས་པའི་སྦྱིན་སྲེག་གིས་ཡོངས་སུ་གཟུང་བའི་སྐབས་སུ། གཡས་བརྐྱང་བ་ལ་སོགས་པ་རྐང་སྟབས་བཞི་གསུངས་ཀྱང༌། དེ་དག་ལ་ལན་སྟོབས་ལྔ་དང་འབྲེལ་པར་མ་གསུངས་ཤིང༌། གཡས་བརྐྱང་ལ་སོགས་པ་རྣམས་ཀྱི་ཚད་དང་ལུས་ཀྱི་དབྱིབས་ཇི་ལྟ་བུས་བྱ་བ་ཡང་གསལ་བར་མ་གསུངས་པས། ཤིན་ཏུ་ཡང་གསལ་བར་བཤད་པས་བཤད་པའི་རྒྱུད་དོ། །ལག་སྟབས་ལྔ་དང༌། ཁྱད་པར་དུ་སྦྱོར་བ་འཕངས་ཀྱི་འཁྲུལ་འཁོར། མདའ་གཞུའི་འཁྲུལ་འཁོར་ག་ཕྱག་རྒྱ་གསལ་བར་བཤད་པ་ནི། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་སུམ་ཅུ་སོ་བདུན་པར་གསུངས་པའི་དོན་དང་ཆ་མཐུན་པར་བསྟན་པས། མདོ་འདིས་ངེས་པ་སྐྱེད་པར་བྱེད་པས་བཤད་པའི་རྒྱུད་དོ། །འདི་དག་རྐང་སྟབས་དང་བསྟུན་ནས། རྐང་སྟབས་རེ་རེའི་རིམ་པ་བཞིན་དུ་སྦྱར་བ་དང༌། ཡང་ན་ཤར་ལ་སོགས་པའི་ཕྱོགས་རེ་རེ་ལག་སྟབས་ལྔ་ལྔ་ཚང་བར་བྱ་བར་བཞེད་དོ། །དྲི་བ་དང་སྦྱར་ན། གཡས་བརྐྱང་ལ་སོགས་ཅི་གསུངས་དང༌། །ཞེས་པ་དང༌། གཞུ་ཡི་རྣམ་རྒྱལ་དེ་བཞིན་ཅི། །ཞེས་པ་གཉིས་ཀྱིས་ལན་བསྟན་ཏེ། དེ་ཡན་ཆད་རྩ་བའི་རྒྱུད་ཀྱི་བརྟག་པ་ལྔ་པའི་སྐབས་རྣམ་པར་བཀྲོལ་བ། འདིས་དྲི་བ་སུམ་ཅུ་རྩ་བཞིའི་ལན་བསྟན་ཏོ། །སངས་རྒྱས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། བརྟག་པ་བདུན་པའི་གསུམ་པ་སྔགས་བཏུ་བའི་སྐབས་སུ་རིགས་བཞི་ཡུམ་བཞིའི་སྔགས་བཏུ་བ་པ་བསྟན་ལ། དེ་ལས་ཀྱང་ཁྱད་པར་དུ་ཡུམ་བཞིའི་སྔགས་ཀྱིས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་གསུངས་པའི་དོན། རྒྱུད་ཕྱི་མ་འདིས་གསལ་བར་བཤད་པ་ནི། སྒྱུ་འཕྲུལ་དྲྭ་བའི་རབ་ཏུ་བྱེད་པ་ལྔ་པར་གསང་སྔགས་ཀྱི་ཆེ་བ་བསྟན་པ་དང་ཆ་མཐུན་པར་བསྟན་པས། ངེས་པ་སྐྱེད་པས་བཤད་པའི་རྒྱུད་ཡིན་ཏེ། མདོར་ན་ཡབ་རྣམ་སྣང་ལ་སོགས་པས་ཞི་བའི་ལས་མ་གྲུབ་ན། སྤོགས་ཆོག་གི་ཚུལ་གྱིས་ཡུམ་བཞིའི་བཟླས་བསྒོམ་གཉིས་ཀྱིས་ཞི་བ་ལ་སོགས་པའི་ལས་འགྲུབ་ཅེས་བསྟན་པ་དང༌། སྤང་ཕྱིར་ཡང་ཞི་བ་ལ་སོགས་པའི་ལས་བསྟན་པར་འདོད་ན་སྤྱན་ལ་སོགས་ཀྱི་བཟླས་བསྒོམ་དང་བདུད་རྩི་བུམ་པའི་ཆུས་དབང་བསྐུར་བ་ལ་སོགས་པའི་ཐབས་ཀྱིས་ཞི་བ་ལ་སོགས་པའི་ལས་འགྲུབ་པར་བསྟན་ཏེ། དེ་ཡང་སྤྱན་མས་ནི་ནད་ལ་སོགས་པ་ཞི་པ་དང༌། བསྒྲུབ་བྱའི་ཚེ་ཟད་པ་ལ་སྲོག་སྦྱིན་པའི་ལས་དང༌། མཱ་མ་ཀཱིས་སྡིག་པ་ཆེན་པོ་ཅན་སྡིག་པ་ཟད་པར་བྱ་བའི་ལས། ཡུམ་ན་བཟའ་དཀར་མོས་བློ་དམན་པ་ལ་ཤེས་རབ་འཕེལ་བ། ཆོས་རྒྱ་མཚོ་ཆོས་ཀྱི་མཛོད་འཕེལ་བའི་ལས། སྒྲོལ་མས་གནོད་སྦྱིན་མོ་ལ་སོགས་པ་ཐམས་ཅད་དབང་དུ་གྱུར་ཏེ་མངག་གཞུག་བསྒྲུབ་པ་སྟོན་ཏོ། །འདི་རྣམས་ཀྱི་བསྒོམ་པ་དང་བཟླས་པ་དང༌། ཁྱད་པར་གྱི་སྔགས་སྤྲོ་བསྡུའི་ཏིང་ངེ་འཛིན་ལ་སོགས་པས་གྲུབ་པ་ཡིན་ནོ། །དྲི་བ་དང་སྦྱར་ན། ཇི་ལྟར་རྡོ་རྗེ་ཅན་ཞི་བ། །ཞེས་པའི་ལན་ཡིན་ཏེ། དེ་ཡང་སྤྱན་མས་ཞི་བའི་ལས་བསྒྲུབ་པས་ལན་དངོས་སུ་བསྟན་ལ། ལྷ་མོ་གསུམ་ནི་དེའི་ཤུགས་ལས་བསྟན་པ་ཡིན་ནོ། །ཡེ་ཤེས་སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པའི་ཁྲོ་བོ་བཅུའི་ལས་རྣམས་རྫོགས་པར་གསུངས་ལ། མདོ་འདིར་ནི། གཤིན་རྗེ་གཤེད་དང༌། སྟོབས་པོ་ཆེ་དང༌། མི་གཡོ་མགོན་དང་བཞི་ཙམ་གྱི་ལས་གསུངས་ཏེ། དེ་ཡང་མདོ་འདིར་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་གསད་པ་དང༌། བསྐྲད་པ་དང༌། དབྱེ་བའི་ལས་གསུམ་བསྒྲུབ་པར་གསུངས་ལ། སྒྱུ་འཕྲུལ་དྲྭ་བ་དང༌། གུར་དུ་ནི། གཤིན་རྗེ་གཤེད་ཀྱིས་བུ་མོ་དགུག་པ་དང༌། བདུད་རྩི་འཁྱིལ་པས་བསྐྱེད་པའི་ལས་བསྒྲུབ་ཏེ། ཚུལ་མི་འདྲ་བར་གསུངས་ལ། རྒྱུད་ཕྱི་མ་འདི་ནི་རྒྱུད་དེ་དག་དང་ཆ་མཐུན་ཞིང༌། ངེས་པ་སྐྱེད་པར་བྱེད་ལ། རྩ་བའི་མདོར། ཚུལ་མི་འདྲ་བས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །དེ་ནས་བུ་མོ་དགུག་པའི་མངོན་པར་རྟོགས་པའང༌། རྫས་སྦྱོར་དང་འཁྲུལ་འཁོར་དང༌། སྔགས་ཀྱི་བཟླས་པ་དང༌། ཁྱད་པར་གྱི་ཏིང་ངེ་འཛིན་གསུམ་གྱིས་འགྲུབ་པ་བསྟན་ཏེ། ཞིབ་ཏུ་ནི་གཞུང་ཉིད་དུ་རྣམ་པར་ཕྱེ་བས་འདིར་མ་བྲིས་སོ། །བདུད་རྩི་འཁྱིལ་པས་བསྐྲད་པའི་ལས་བསྒྲུབ་པའང་ཆོ་གའི་རིམ་པ་དེ་བཞིན་དུ་བསྒྲུབ་པ་ཡིན་པ་ལས། མདོ་འདིར་ནི་མནན་པ་ཙམ་ལ་བརྟེན་ནས་བསྒྲུབ་པར་གསུངས་པ་ལ། ལས་ཀྱི་མཐའ་རྟེན་གཞན་ཡང༌། བླ་མ་དམ་པའི་གདམས་ངག་གིས་སྒྱུ་འཕྲུལ་དྲྭ་བ་དང་མཐུན་པར། རྔ་མོའི་རྒྱབ་ཏུ་བསྐྱོན་ཏེ་བསྐྲད་པ་དང༌། དེ་བཞིན་དུ་བྱ་རྒོད་ལ་སོགས་པའི་རྒྱབ་ཏུ་བསྐྱོན་ཏེ་བསྐྲད་པ་ཤེས་པར་བྱའོ། །གཞན་ཡང་མི་གཡོ་མགོན་གྱི་རྣལ་འབྱོར་གྱིས་རླུང་བཅིང་བ་ནི། དཀྱིལ་འཁོར་ཆེན་པོ་ཡོངས་སུ་ཟུང་བ་ལ་སོགས་པའི་དུས་དང་འབྲེལ་པ་ཡིན་ཏེ། རྟེན་འབྲེལ་རྫས་ཀྱི་སྦྱོར་བ་ཁམ་ཕོར་ལ་སོགས་པ་དང༌། རྣམ་སྣང་མི་གཡོ་མགོན་གྱི་ལྷའི་རྣལ་འབྱོར་དང༌། སྔགས་བཟླས་པས་རླུང་བཅིང་པར་འགྱུར་ཏེ། རྒྱུད་ཕྱི་མའི་མདོ་སྒྱུ་འཕྲུལ་དྲྭ་བའི་རབ་ཏུ་བྱེད་པ་བདུན་པ་དང་ཆ་མཐུན་པ་ཡིན་ལ། གཞན་ཡང་རྩ་བའི་མདོ་བརྟག་པ་བདུན་པའི་དོན་ཡང་རྣམ་པར་ཕྱེ་སྟེ་གསལ་བར་བཤད་དོ། །སྟོབས་པོ་ཆེས་ཆར་དབབ་པ་དང་བཅས་པའང་རྩ་བའི་མདོ་འདིར་ནི། སྟོབས་པོ་ཆེས་ཆར་དབབ་བཅད་གཉིས་ཀ་བྱ་བར་གསུངས་པས། སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པ་དང༌། གུར་གྱི་ལེའུ་གཉིས་པར་ནི་ཆར་དབབ་པ་ཙམ་གསུངས་ཏེ། དེ་བས་ན་རྩ་བའི་མདོ་དེ་དག་དང༌། ཚུལ་མི་འདྲ་བས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ལ། རྒྱུད་ཕྱི་མས་ནི་གཉིས་པོ་དེ་དག་དང་ཡང་ཆ་མཐུན་པས། ངེས་པ་སྐྱེད་པས་བཤད་པའི་རྒྱུད་དོ། །དེ་ཡང་ཆར་དབབ་པའི་མངོན་པར་རྟོགས་པ་ནི་གཞུང་ཉིད་དུ་གསལ་བར་བྱེད་ལ། རྩ་བར་སྟོབས་པོ་ཆེ་ཉིད་ཀྱིས་བཅད་པ་དེ། སྒྱུ་འཕྲུལ་དྲྭ་བ་དང་ཆ་མཐུན་པར་རྒྱུད་ཕྱི་མ་འདིར། དེ་ཉི་མའི་མདོག་ཅེས་བྱ་བ་ལ་སོགས་པས། བདུད་རྩི་འཁྱིལ་པ་ཚར་གཅད་པ་དང་ཡང་ཕྱག་རྒྱའི་ཚོགས། ཞེས་བྱ་བ་ལ་སོགས་པས། རྟ་མགྲིན་གྱིས་ཆར་གཅད་པའི་ཆོ་ག་གསལ་བར་བཤད་དོ། །རྣམ་སྣང་དང་མི་གཡོ་མགོན་གྱིས། སྐྱེས་པའི་བགེགས་གཞིག་པར་བྱ་བ་ནི། སྒྱུ་འཕྲུལ་དྲྭ་བའི་ལེའུ་ལྔ་པར། གཞན་གྱིས་མི་ཐུབ་པས་བགེགས་བསལ་བར་བཤད་པ་ལ། མདོ་འདིར་ནི་དེ་དང་ཚུལ་མི་མཐུན་པས་མི་གསལ་བ་གསལ་བར་བཤད་པས་བཤད་པའི་རྒྱུད་དོ། །རྣམ་སྣང་དང་མི་གཡོ་མགོན་གྱིས་བགེགས་གཞིག་པར་བསྟན་ཏོ། །ཡང་མདོའི་ལེའུ་བདུན་པར་རྣམ་སྣང་དང་མི་གཡོ་མགོན་གྱིས་སྐྱེས་པའི་བགེགས་གཞིག་པ་ཆ་མཐུན་པས་ངེས་བསྐྱེད་པར་བྱེད་དོ། །རྩ་བའི་མདོ་ལས་ག་རུ་ཌའི་རྣལ་འབྱོར་གྱིས་ཆར་བཅད་པར་བཤད་ཀྱང༌། འདི་ཡང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པར། དེ་ཉིད་དུ་འབྱུང་བ་དང་ཆ་མཐུན་པས། སྟོབས་པོ་ཆེ་དང་འབྲེལ་པའི་དབང་དུ་བྱས་ནས། བརྒྱ་བྱིན་གྱིས་བྱ་ཁྱུང་ལ་བཀའ་བསྒོ་བའི་དབང་དུ་བྱས་ནས་ཆར་གཅད་པར་གསུངས་སོ། །ཁྲོ་བོ་ལྷག་མ་རྟ་མགྲིན་གྱིས་དུག་ཞི་བ་དང༌། དབྱུག་སྔོན་ཅན་གྱིས་གསད་པའི་ལས་ལ་སོགས་པ་ནི་མདོ་གཉིས་པོ་འདི་ཉིད་དུ་རྣམ་པར་ཕྱེ་བ་ལས་གསལ་བར་བྱས་པའམ། ཚུལ་མི་འདྲ་བའི་རྣམ་པར་དབྱེ་བ་མེད་པར་དགོངས་ནས། རྒྱུད་ཕྱི་མ་འདིར་དབྱེ་བ་མ་གསུངས་སོ། །དེ་ལྟར་ན་དྲི་བ་དང་སྦྱར་ན་ཁྲོ་བོ་དག་གི་ལས་རྣམ་པར་ཕྱེ་བ་ནི། ཁྲོ་བོའི་གཟུགས་ནི་ཇི་ལྟར་འགྱུར་ཞེས་བྱ་བའི་ལན་ཙམ་སྟོན་ཏོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། བདུན་པ་དངོས་ཀྱི་སྦྱིན་སྲེག་ལ་བརྩད་པ་སྤང་བ་བཅུ་པ་དངོས་སུ་གསུངས་ལ། དེའི་དོན་ཅུང་ཟད་ཙམ་མི་གསལ་བ་གསལ་བར་རྣམ་པར་ཕྱེ་བ་ནི་རྒྱུད་ཕྱི་མ་ཡིན་ལ། དེ་ཐམས་ཅད་ཀྱིས་ཀྱང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པ་ནས་འབྱུང་བའི་སྦྱིན་སྲེག་ལ་བརྩད་པ་དང༌། ཞར་བྱུང་གི་དམ་ཚིག་དང་སྡོམ་པ་རྣམ་པར་ཕྱེ་བའི་དོན། འདིར་ཆ་མཐུན་པས་ངེས་པ་བསྐྱེད་པར་བྱེད་པའི་དོན་ཏོ། །དེ་དྲི་བའི་ལན་དང་སྦྱར་ན། དེ་བཞིན་སྔགས་དང་རྒྱུད་ཉིད་དང༌། །ཞེས་པའི་ལན་བསྟན་ཏོ། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ཞེས་པ་དང༌། ཚོགས་ཀྱི་འཁོར་ལོ་བརྟག་པར་བྱ། །ཞེས་པ་ལ་སོགས་པ་ནི། མདོར་ན་འདི་སྐད་སྟོན་པ་ཡིན་ཏེ། བརྟག་པ་གཉིས་པའི་གསུམ་པ་ནས་བཟུང་ནས་གསུམ་པ་དངོས་དང༌། བསྡུས་པའི་དཀྱིལ་འཁོར་གྱི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཙོར་སྟོན་ཅིང༌། བསྡུས་པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་ཟུར་ཙམ་གསུངས་པ་ལ། དེ་ཡང་དཀྱིལ་འཁོར་བསྡུས་པའི་ཚོགས་ཀྱི་འཁོར་ལོ་ཞེས་མིང་བཏགས་པ་ལ། མདོ་འདི་བརྟག་པ་བདུན་པའི་གསུམ་པར་སྔགས་བཏུ་བའི་སྐབས་སུ་གསུངས། སྒྱུ་མ་བདེ་མཆོག་གི་བརྟག་པ་ལྔ་པར་ལྷ་བསྒོམ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་འབྲེལ་པར་གསུངས། སྒྱུ་འཕྲུལ་དྲྭ་བའི་ལེའུ་གཉིས་པར་དབང་བསྐུར་བ་དང་འབྲེལ་བར་གསུངས་པས། འདིར་མདོ་ཐ་མ་དེ་བསྡུས་ཏེ་གསལ་བར་བྱེད་པའི་ཕྱིར། བསྙེན་པ་དང་སའི་ཆོ་ག་སྔོན་དུ་སོང་ནས། སྟ་གོན་ནས་བཟུང་ནས་རྡུལ་ཚོན་གྱི་དམན་མ་ཆུ་བོར་དོར་བའི་བར་དུ། བསྡུས་པའི་དཀྱིལ་འཁོར་དང་འབྲེལ་པ་ཅན་དུ་གསུངས་སོ། །ཚུལ་འདིས་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་རྩ་དྲུག་པའི་འདུལ་བྱེད་དང་གདུལ་བྱ་བསྟན་པ་དེ་ཡང༌། དེ་ཙམ་ཁོ་ནས་འདུལ་བར་གྱུར་པ་མ་ཡིན་པས། གཞན་གཏི་མུག་དང་སེར་སྣ་དང༌། ཕྲག་དོག་ལ་སོགས་པའི་ཡང་འདུལ་བྱེད་དང་གདུལ་བྱ་རྣམས་སྐབས་དང་སྐབས་སྦྱར་ནས། བསམ་གྱིས་མི་ཁྱབ་པར་བསྟན་པར་བྱ་བའི་ཕྱིར། དགུ་པའི་དང་པོ་དང་འབྲེལ་པ་ཅན་དུ་བྱས་ནས། འདི་སྐད་ལ་སོགས་མཐའ་ཡས་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བའི་རྒྱུད་དང་ཕྱི་མ་གཉིས་ཀས་ཀྱང་སྒྱུ་མ་བདེ་མཆོག་གི་རྟོག་པ་བཞི་པ་དང༌། ཨ་བྷི་དྷ་ན་ལེའུ་ལྔ་བཅུ་རྩ་དྲུག་པའི་དོན་མདོར་བསྡུས་ཏེ་གསལ་བར་བཤད་པ་ཙམ་ཡིན་ནོ། །དེ་དག་གིས་ཀྱང་དྲི་བ་དང་སྦྱར་ན། ཁྲོ་བོའི་གཟུགས་ནི་ཇི་ལྟར་ལགས། །ཞེས་པ་དང༌། དེ་བཞིན་སྤྱད་པར་དཀའ་བ་ཉིད། །ཅེས་པའི་ལན་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དགུ་པའི་གསུམ་པར་བྲིས་སྐུ་གསུངས་པ་དང༌། ཡང་གཉིས་པའི་དང་པོར་དབང་བསྐུར་བའི་སྐབས་སུ། རྒྱལ་བའི་བདག་སྐྱེས་བྱང་ཆུབ་སེམས། །པདྨའི་སྣོད་དུ་གཞག་པར་བྱ། །ཞེས་གསུངས་པའི་དོན་ཏེ། རྒྱུད་ཕྱི་མའི་མདོ་འདིར་གཙོ་བོར་རྡུལ་ཚོན་དང་འབྲེལ་པ་ཅན་གྱི་དབང་དུ་བྱས་ནས། རིགས་ལྔའི་དཀྱིལ་འཁོར་གྱི་ཕྱི་དབྱིབས་དང༌། གདན་གྱི་ཁྱད་པར་ལ་སོགས་པ་སོ་སོར་མི་འདྲ་བར་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་གཉིས་པའི་གསུམ་པ་ནས། ཕྱག་རྒྱའི་དབྱིབས་ཀྱི་ཆོག་རིམ་དང༌། །ཞེས་བྱ་བ་ལ་སོགས་པ་སོ་སོ་བ་གསུངས་པ་དང་ཡང་དོན་ཕྱོགས་གཅིག་ཏུ་དྲིལ་ཏེ་བསྟན་པ་ཡིན་ནོ། །རྒྱུད་ཕྱི་མའི་མདོའི་དོན་ཡང༌། སྒྱུ་མ་བདེ་མཆོག་རྟོག་པ་བདུན་པ་ནས་འབྱུང་བ་དང་ཅུང་ཟད་ཙམ་ཆ་མཐུན་ཞིང༌། མི་གསལ་བ་གསལ་བར་བཤད་པས་བཤད་པའི་རྒྱུད་དོ། །དེ་ལ་དོན་འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་བསྟན་པ་དང༌། དེ་དང་འབྲེལ་པའི་དབང་བསྟན་པ་དང༌། ཞར་ལས་ལྷ་རྣམས་ཀྱི་གདན་ཐོད་པ་བསྟན་པ་དང༌། རུས་པའི་རྒྱན་ལས་འཕྲོས་ཏེ། དེ་དག་གི་དགོས་པ་དྲིས་ལན་དང་བཅས་ཏེ་བསྟན་པའོ། །དང་པོར་དཀྱིལ་འཁོར་བསྟན་པ་ལ་བཞི་སྟེ། ཕོ་བྲང་ཟླུམ་པོ་ཞེས་བྱ་བ་ལ་སོགས་པས་ཕྱིའི་དབྱིབས་དང་ནང་གི་གདན་བསྟན་པ་དང༌། ཇི་ལྟར་ཐོབ་པ་ཞེས་བྱ་བ་ལ་སོགས་པས། དཀྱིལ་འཁོར་གྱི་ཡོ་བྱད་བསྟན། དུས་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་བསྒྲུབ་པ་ད་ང༌། དམ་ཚིག་གི་དབང་དུ་བྱས་ནས་དཀྱིལ་འཁོར་བྲི་བའི་དུས་བསྟན་པ་དང༌། ཤར་དང་ལྷོ་ཞེས་བྱ་བ་ལ་སོགས་པས་ཐིག་དང་རྡུལ་ཚོན་གྱིས་བྲི་བ་བསྟན་ཏོ། །དབང་བསྐུར་བ་ལ་བཞི་སྟེ། ཡོངས་སུ་དག་པ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་དབང་དང༌། སློབ་མ་མཆོག་འབྲིང་ཞེས་བྱ་བ་ལ་སོགས་པས་གསང་བའི་དབང་ཚུལ་གསུམ་བསྐུར་བ་དང༌། དུམ་བུ་གཅིག་པའི་མགོ་སྐྱེས་ཞེས་བྱ་བ་ལ་སོགས་པས་བརྡའི་དབང་དང༌། དོན་གྱི་དབང་དུ་བྱས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་གསུངས་པ་དང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་སྒྱུ་མ་བདེ་མཆོག་དང་ཆ་མཐུན་པར་བསྟན་པའི་ཕྱིར། རིགས་ལྔའི་ཅོད་པན་གྱི་དབང་དང༌། ཕྱག་མཚན་གྱི་དབང་ལས་མི་འདྲ་བའི་ཁྱད་པར་རྣམ་པར་གཞག་པ་ཡོད་པར་བསྟན་ཏེ། རཏྣ་ཙཀྲས་མཚན་པ་དང༌། དེ་བཞིན་དུ་རྡོ་རྗེས་མཚན་པ་དང༌། རྡོ་རྗེ་ནོར་བུ་རིན་པོ་ཆེས་མཚན་པ་དང༌། པདྨས་མཚན་པ་དང༌། རིན་པོ་ཆེ་ལ་སྣ་ཚོགས་རྡོ་རྗེས་མཚན་པ་རྣམས་ཀྱིས། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་དབུ་རྒྱན་དུ་བྱས་ཏེ། ཚིགས་བཅད་བརྗོད་ཅིང་མགོ་ལ་གཞག་པར་བྱའོ། །ཕྱག་མཚན་ནི་འཁོར་ལོ་ལ་སོགས་པ་རང་རང་གི་མཚན་མ་སྦྱིན་པར་བྱའོ། །ཚུལ་དིར་བཤད་པ་འདི་ནི་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སྒྱུ་མ་བདེ་མཆོག་གི་རྟོག་པ་བདུན་པར་ཡང་ཞིབ་ཏུ་བལྟ་བར་བྱའོ། །ཞེས་ཀྱང་དམ་པ་གསུངས་སོ། །རྟ་མཆོག་གི་རྒྱུ་དང་འབྲས་བུའི་བྱ་བ་ནི་མཚན་མ་ཙམ་སྟེ། རིགས་ལྔའི་དབང་བསྐུར་བ་ནི་འབྲས་བུའི་དབང་ཡིན་ལ། རིགས་དྲུག་པ་ནི་རིགས་ལྔ་ཀའི་རྒྱུ་རྡོ་རྗེ་འཆང་ཡིན་པའི་ཕྱིར་རྒྱུའི་དབང་ཞེས་བྱའོ། །ཡང་འདི་ལྟར་ཡང་གསུངས་ཏེ། དེ་ལྟ་བུའི་དབང་རྣམས་ཀྱང་དང་པོ་བུམ་གསང་གཉིས་ནི། རྒྱུ་ལུས་ངག་གིས་བསྡུས་པའི་དབང་ཡིན་ལ། ཕྱི་མ་གསུམ་པ་ནི་འབྲས་བུ་སེམས་ཀྱི་དབང་ཞེས་པར་བསྟན་པ་ཡིན་ནོ། །དབང་བཞི་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱ་བར་བསྟན་པ་ཡིན་ཏེ། སྒྱུ་མ་བདེ་མཆོག་ལས་ཀྱང་གསང་བའི་ཕྱིར་མ་གསུངས་སོ། །དོན་གསུམ་པ་ཐོད་པའི་རྒྱན་དང་གདན་གྱི་དགོས་པ་ནི། གདན་གྱི་རང་བཞིན་ལྷན་ཅིག་སྐྱེས་པའི་རྒྱུའི་རྒྱུད་མཚོན་ལ། རྒྱན་ཆ་རྣམས་ཀྱིས་ནི་དེ་ཉིད་མངོན་དུ་གྱུར་པ་འབྲས་བུ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་མཚོན་ནོ། །དེ་དག་དྲི་བ་དང་སྦྱར་ན། བྲིས་པའི་དཀྱིལ་འཁོར་ཇི་ལྟར་ལགས་ཀྱི་ལན་བསྟན་ཏེ། དེ་ལ་གཉིས་ཏེ། ཕྱི་རྡུལ་ཚོན་དང་འབྲེལ་པ་དང༌། ནང་ཏིང་ངེ་འཛིན་དང་འབྲེལ་པ་ལས་དང་པོ་བསྟན་ཏོ། །རང་གི་སྙིང་གའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། བརྟག་པ་གསུམ་པའི་དངོས་སུ་བསྡུས་པའི་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་བསྐྱེད་ནས། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཨ་བི་ལྔ་ལ་སོགས་པ་གསལ་བར་བསྟན་ཏེ། འདིས་ཀྱང་བྲིས་པའི་དཀྱིལ་འཁོར་གཉིས་པའི་ལན་བསྟན་པ་ཡིན་ནོ། །ད་ནི་མི་མཐུན་པའི་ཕྱོགས་དང་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། བརྟག་པ་དང་པོའི་རབ་ཏུ་བྱེད་པ་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་ལེའུ་གཉིས་པའི་དོན་གསལ་བར་བྱ་བའི་ཕྱིར་གསུངས་ལ། དེ་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་དམིགས་པ་བྱ་བའི་ཡུལ་ལ་སོགས་པ་ལྔར་བླ་མའི་ཞལ་ལས་ཤེས་པར་བསྟན་པ་དེ་གསལ་བར་གསུངས་པ་དང༌། དྲན་པ་ཉེ་བར་གཞག་པའི་འབྲས་བུ། བདེན་པ་བཞི་ལ་འཇུག་པར་བྱ་བའི་འབྲས་བུ་གསལ་བར་བྱ་བའི་ཕྱིར་དང༌། ཡང་དག་པར་སྤོང་བའི་དོན་ཡང༌། སྤང་བྱ་དང་གཉེན་པོ་གཉིས་སུ་ཕྱེ་སྟེ་གསལ་བར་བཤད་པ་དང༌། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་དབང་དུ་བྱས་ནས་ཉེས་པ་ལྔ་སྤང་བ་དང༌། གཉེན་པོ་འདུ་བྱེད་བརྒྱད་བསྟེན་པའི་དོན་ལ་རྣམ་པར་ཕྱེ་སྟེ་གསལ་བར་བཤད་དོ། །འདིའི་ཆོ་གའི་རིམ་པ་རྣམ་པར་གཞག་པ་ནི་གོང་དུ་བཀོད་པས་འདིར་མ་བྲིས་སོ། །དྲི་བ་དང་སྦྱར་ན་བྲིས་པའི་དཀྱིལ་འཁོར་ཇི་ལྟར་ལགས་ཀྱི་དོན་བསྟན་པ་ཡིན་ནོ། །ཁྲོ་བོ་ཁྲོ་མོ་གདུག་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། བརྟག་གཉིས་པའི་གསུམ་པ་དང༌། གསུམ་པའི་དང་པོ་དང༌། གསུམ་པ་དངོས་ཀྱི་དྲག་པོའི་གདན་ཅན་དང༌། ཁྲོ་བོའི་སྐུར་རོ་གཅིག་པས་ཕྱོགས་གཅིག་ཏུ་བསྡེབས་ནས་ཁྲོ་བོ་བསྒོམ་པའི་དགོས་པ་བསྟན་པ་ཡིན་ཏེ། དེ་ཡང་གདུལ་བྱ་ནི་མི་དགེ་བ་བཅུ་པོ་ལ་སོགས་པ་སྤྱོད་པ་དང༌། རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་དམ་ཚིག་ཉམས་པ་ཡིན་ལ། དེ་ལྟ་བུའི་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། འདུལ་བྱེད་ཁྲོ་བོའི་སྐུར་བསྟན་པ་ཡིན་ལ། དེ་ཡང་ཕྱག་གཉིས་པ་ནི་མཚན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡིན་པ་དང༌། དྲག་པོའི་གདན་ཅན་ལ། དགའ་བ་དང་པོ་ངོ་བོ་གཅིག་པའི་དབང་དུ་བྱས་ནས་གསལ་བར་བཤད་དོ། །ཕྱག་བཞི་པའི་ཞལ་གསལ་བར་བཤད་དོ། །ཕྱག་དྲུག་པའི་ཞལ་གྱི་རྣམ་དག་གསལ་བར་བཤད། ཕྱག་བཅུ་དྲུག་པ་ཁྲོ་བོའི་སྐུ་ཙམ་དུ་མདོར་བསྡུས་ཏེ་གསལ་བར་བཤད། དྲག་པོའི་གདོན་ཅན་གྱི་མཉམ་སྦྱོར་གྱི་རྟོག་པ་བདུན་པའི་དོན་གསལ་བར་བྱ་བའི་ཚུལ་གྱིས། ཕྱག་མཚན་དང་བཞུགས་ཐབས་དང༌། ཡུམ་གྱིས་འཁྱུད་པའི་ཕྱག་རྒྱ་དང་ཕྲིན་ལས་རྣམས་གསལ་བར་བཤད་དོ། །འཁོར་གྱི་ལྷ་མོ་བརྒྱད་ཀྱི་ཕྲིན་ལས་ནི། མཉམ་སྦྱོར་གྱི་རྟོག་པ་བརྒྱད་པ་དྲག་པོའི་གདོན་ཅན་ལ་དགའ་བའི་འཁོར་གྱི་ལྷ་མོའི་ཕྲིན་ལས་སུ་བསྟན་ལ། མདོ་འདིར་ནི་དོན་གྱིས་ནི། ཕྱག་བཅུ་དྲུག་པའི་དང་ཐུན་མོང་གི་དབང་དུ་བྱས་ནས། མཉམ་པར་སྦྱོར་བ་རྟོག་པ་བརྒྱད་པའི་མི་གསལ་བ་གསར་བར་བྱེད་པ་ཡིན་ནོ། །དེ་ལ་མདོ་འདིའི་སྐབས། ཚོམ་བུར་བཅད་ན་རྣམ་པ་ལྔར་གནས་ཏེ། དང་པོ་དཀར་མོ་ཞི་བའི་གདོང༌། །ཞེས་བྱ་བ་ལ་སོགས་པས་ལྷ་མོ་བརྒྱད་ཀྱི་བཞིན་གྱི་འགྱུར་ཚུལ་ལམ་ཕྱག་རྒྱ་བསྟན། དཀར་མོ་ནི་ཞི་བའི་ལྟ་སྟངས། ཞེས་བྱ་བ་ལ་སོགས་པས་ལྟ་སྟངས་ཁོ་ནའི་བསྒྲུབ་པ་བསྟན། མེ་ཏོག་ལ་དཀར་མོ་ཞེས་བྱ་བ་ལ་སོགས་པས། བདག་ཉིད་ལྷ་མོ་དེ་དང་བསྒོམ་པ་དང༌། རྫས་ལ་ཡང་ལྷ་མོ་དེ་དག་བསྒོམས་ཏེ། བསྒྲུབ་བྱ་ལ་བསྣུན་པས་ཀྱང་རྒྱས་འདེབས་པ་ལ་སོགས་པའི་ལས་བསྒྲུབ་པར་བསྟན། དེ་ནས་དཀར་མོ་དེ་ཡི་བསམ་གཏན་གྱིས། །ཞེས་པ་ལ་སོགས་པས་རྫས་དང་སྔགས་ལ་མ་ལྟོས་པར་བསམ་གཏན་འབའ་ཞིག་གིས་ལས་སྦྱོར་འགྲུབ་པར་བསྟན། དཀར་མོ་ལ་ནི་གསོད་པའི་ལྟ་སྟངས་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ལྟ་སྟངས་སམ། དངོས་སུ་བྱ་བའི་ལྟ་སྟངས་ཀྱི་ཁྱད་པར་གྱིས་ལས་བསྒྲུབ་པ་བསྟན་ཏོ། །ཧེ་རུ་ཀ་ཡབ་ཡུམ་དང་མཚུངས་པ་ཞེས་བྱ་བས་གཡུང་མོའི་ཕྲིན་ལས་ནི་མ་གསུངས་ཏེ། གྷསྨ་རཱི་དང་ཕྲིན་ལས་གཅིག་པའི་ཕྱིར་རམ། ཡང་དུས་ཐམས་ཅད་དུ་གཡུང་མོའི་ཕྲིན་ལས་བདེ་བ་འབའ་ཞིག་བསྐྱེད་པ་ཡིན་པའི་ཕྱིར་རོ། །ལྷ་མོ་བརྒྱད་ཀྱི་ཕྲིན་ལས་འདི་ཡང༌། ཧེ་རུ་ཀ་ཚུལ་གཉིས་ཀྱི་དཀྱིལ་འཁོར་ཙཀྲའི་བསྐྱེད་པའི་རིམ་པ་བསྟན་པའི་དབང་དུ་བྱས་ནས་ཡིན་གྱི། ལས་དང་པོ་པ་ལ་སོགས་པའི་ནི་མ་ཡིན་ཏེ། རྗེས་སུ་མཐུན་པ་ཙམ་འགྲུབ་པ་ལ་བཀག་པ་མེད་དོ། །མདོ་འདི་ལ་ཤིན་ཏུ་ངེས་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །མཉམ་སྦྱོར་གྱི་བརྟག་པ་བརྒྱད་པར་ཡང་ཞིབ་ཏུ་བལྟ་བར་བྱའོ། །དྲི་བ་དང་སྦྱར་ན། ཁྲོ་བོའི་གཟུགས་ནི་ཇི་ལྟར་འགྱུར། །ཞེས་བྱ་བའི་ལན་གཙོ་བོར་བསྟན་ཏོ། །རྡོ་རྗེ་ཧཱུྃ་མཛད་ལ། ཞེས་བྱ་བ་ལ་སོགས་པས། བརྟག་པ་བདུན་པ་དངོས་ཀྱི་སྦྱིན་སྲེག་གིས་ཡོངས་སུ་གཟུང་བའི་དུས་ཀྱི་ལྷའི་ང་རྒྱལ་གསལ་བར་བཤད་དེ། འདི་ཡང་སྒྱུ་འཕྲུལ་དྲྭ་བའི་ལེའུ་གཉིས་པ་དང༌། དགུ་པའི་སྦྱིན་སྲེག་གི་སྐབས་དང་ཅུང་ཟད་ཆ་མཐུན་པར་བསྡུས་ཏེ། གསལ་བར་སྟོན་པ་ཡིན་ཏེ། མདོ་དེར་ནི་ཧཱུྃ་མཛད་ལ་སོགས་པ་ཁྲོ་བོ་ཐམས་ཅད་དང་གནས་སྐབས་ལ་ལོངས་སྤྱོད་པ་དང༌། དགོས་པ་ལ་སོགས་པའི་དབང་གིས་མིང་དུ་མ་འཇུག་པར་བསྟན་ཏེ། ངག་ཏུ་ཧཱུྃ་ལ་སོགས་པའི་སྟོབས་ཀྱིས་ཧཱུྃ་མཛད་དང༌། ཁྱབ་འཇུག་ལ་སོགས་པའི་འཇིག་རྟེན་པའི་གདུག་པ་ཅན་འདུལ་བས་ཁམས་གསུམ་རྣམ་པར་རྒྱལ་བ་དང༌། སྤྲུལ་རྒྱན་དང་བྲལ་ཞིང་རཏྣས་མཛེས་པར་བྱས་པའི་ཁྲོ་བོ་དང༌། ཤ་ཚུགས་སྐེམས་ཤིང་མཁྲང་བར་གྱུར་པའི་ཆ་ལུགས་ཡ་མའི་གཟུགས་ཞེས་མིང་གི་རྣམ་གྲངས་དུ་མ་གསུངས་སོ། །དེ་ལ་ཁྲོ་བོའམ་གཤིན་རྗེ་ཞེས་བྱ་བ་ལ་སོགས་པས་བཞག་པའི་ཡན་ལག་གི་དོན་ལ་གཉིས་ཏེ། ངེས་པའི་དོན་དུ་བཤད་ན། ཟག་པ་མེད་པའམ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་འཇོམས་པའི་ཕྱིར་ཁྲོ་བོའོ། །དྲང་བའི་དོན་དུ་བཤད་ན། ཁྲོ་བོའི་སྐུའི་རྣམ་པས་ཁྱབ་འཇུག་ལ་སོགས་པ་ཁམས་གསུམ་གྱི་དྲེགས་པ་ཅན་རྣམས་འཇོམས་པར་བྱེད་པའི་ཕྱིར་གཤིན་རྗེ་ལ་སོགས་པར་གསུངས་པའོ། །དེ་བས་ན་རྒྱུད་ཕྱི་མ་འདིས་ནི་ཁྲོ་བོ་དེ་ཙམ་གྱིས་རྣམ་པར་གཞག་པ་གསལ་བར་བཤད་པས་རྗེས་སུ་འཇུག་པའི་སྒྲུབ་པ་པོ་རྣམས་ཀྱང༌། ཁྲོ་བོའི་དོན་ལ་ངེས་པ་བསྐྱེད་ཅིང་སྒྲོ་འདོགས་ཆོད་དོ། །ཁྲོ་བོས་འདུལ་བ་ལ་ཁྲོ་བོའི་སྐུར་བསྟན་པ་འདི་ལས་འཕྲོས་ནས། འདོད་ཆགས་ཀྱིས་འདུལ་བ་ལ་ཆགས་པའི་སྐུར་བསྟན་པ་ནི་འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་མཆོག་དང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར། རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཅུ་དྲུག་གི་འཁོར་གྱིས་བསྐོར་བས། གཞན་འཕྲུལ་དབང་བྱེད་ཀྱི་འདོད་ཆགས་ཅན་གྱི་ལྷ་རྣམས་འདུལ་བར་གསུངས་པ་དང༌། སྒྱུ་མ་བདེ་མཆོག་གི་རྟོག་པ་ལྔ་པར། པདྨ་གར་གྱི་དབང་ཕྱུག་དབུགས་དབྱུང་བར། འདོད་ཆགས་ཅན་འདུལ་བར་གསུངས་པའི་དོན་འདིར་མདོར་བསྡུས་ཏེ། གདུལ་བྱ་ཆགས་ཅན་གཞན་འཕྲུལ་དབང་བྱེད་འདོད་པའི་མདའ་དང་བཅས་པའི་མེ་ཏོག་གི་གཞུ་ཅན་འདུལ་བར་བྱ་བ་དང༌། དེའི་བཙུན་མོ་ལ་སོགས་པའི་འཁོར་ཆགས་པས་འདུལ་བར་བྱ་བའི་ཕྱིར་དང་ཆགས་པའི་ཚུལ་དེ་ལྟ་བུ་བསྟན་པར་བྱའོ། །ཞེས་གསུངས་སོ། །འདོད་པས་ཞུ་བ་ཞེས་བྱ་བ། །དང་པོ་ཞུ་བ་ཞེས་བྱ་བའི་ཚིག་གི་དོན་ནི། ཕྱི་དོན་དུ་ཚིག་གི་གླེང་གཞིའི་ཚིག་དོན་ལ་ཞུ་བ་སྐབས་ཕྱེ་བ་ཡིན་ལ། ནང་དོན་དུ་འདོད་ཆགས་ཀྱིས་འདུལ་བར་འགྱུར་བའི་སྐྱེས་པ་དང་བུད་མེད་རྣམས་ལ་མཐར། རྡོ་རྗེ་པདྨ་སྙོམས་འཇུག་གི་ཁམས་ཐིག་ལེ་ཞུ་བ་དེ་ཆགས་པས་ཚིམ་པས་དབང་དུ་བྱའོ། །ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཁྲོ་ཆགས་གཉིས་ཀྱིས་བསྒོམ་པའི་ཚུལ་ལྔ་ཤིན་ཏུ་ཕྱེ་སྟེ་གསལ་བར་བསྟན་པ་དང༌། སྦྱོར་བའི་ལམ་གྱིས་བསྡུས་པའི་དབང་པོ་ལྔ། སྦྱོར་བའི་ཐབས་ལམ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མཐོང་ལམ་ཟག་མེད་ཀྱི་ཉེ་བའི་རྒྱུའི་དབང་དུ་བྱས་ནས། གང་ལ་དབང་བྱེད་པ་དབང་པོ་ལྔ་ཡིན་པའི་དོན་གསལ་བར་བཤད་པའི་ཚུལ་གྱིས། ཅི་རིགས་པར་མི་གསལ་བ་གསལ་བར་བྱེད་པའི་རྒྱུད་ཕྱི་མ་འདིས་བཤད་ཅིང༌། བྱང་ཆུབ་ཀྱི་ཕྱོགས་ལྷག་མ་རྣམས་ནི། རྩ་བའི་མདོ་གཉིས་ཀྱིས་གོ་བར་ནུས་པའི་ཕྱིར་རོ། །ཕྱི་མ་འདིས་གསལ་བར་བཀྲོལ་ལོ། །དྲི་བ་དང་སྦྱར་ན་བྱང་ཆུབ་ཀྱི་ཕྱོགས་རྣམས་ནང་གིའང་ཞེས་པའི་ཤུགས་ལ། ཕྱིའི་ཇི་ལྟར་ལ་སོགས་ཞེས་པའི་ལན་བསྟན་ཏོ། །དེ་ནས་ཟ་བ་པོ་དང་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སྟོང་པ་བཅུ་དྲུག་རྣམ་པར་བཤད་པ་ཡང་རྩ་བའི་མདོའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོར། གཟུགས་ཀྱི་ཁམས་ནི་སྟོང་པ་ཡི། །ཞེས་བྱ་བ་ལ་སོགས་པས་གདན་བཞི་པ་དང༌། སྤྱི་དང་ཐུན་མོང་གི་རྒྱུའི་དབང་དུ་བྱས་ཏེ། ཆོས་ཅན་ཁམས་བཅོ་བརྒྱད་ལ་ཡོད་པའི་ཆོས་ཉིད་སྟོང་པ་ཉིད་གསུངས་པ་དང༌། ཕྱི་མའི་མདོ་འདིར་ཤིན་ཏུ་གསལ་བར་ཕྱེ་སྟེ་གསུངས་པ་ནི། སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་དང༌། བསྒྲུབ་པ་གཉིས་ཀྱི་དབྱེ་བ་ཚོམས་སུ་བཅད་ནས། རྒྱས་པར་ནང་སྟོང་པ་ཉིད་ལ་སོགས་པ་བཅུ་བཞི། བསྡུ་ན་བདག་མེད་གཉིས་ཀྱི་དབང་དུ་བྱས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་རྐང་པ་གཉིས་ཏེ། དེ་ལྟར་བཅུ་དྲུག་ཏུ་ཕྱེ་སྟེ་གསལ་བར་བཤད་དོ། །དེ་ལྟ་བུའི་རྣམ་པར་དབྱེ་བ་ཡང་ཆོས་ཅན་བཅུ་དྲུག་ཡིན་པའི་ཕྱིར་དང༌། དགག་བྱ་བཅུ་དྲུག་དགག་པའི་ཕྱིར་བཅུ་དྲུག་གི་རྣམ་པར་གཞག་གི རང་གི་ངོ་བོ་ནི་སྐྱེ་བ་མེད་པའི་སྟོང་པ་ཉིད་དེ་ཁོ་ན་ཡིན་ནོ། །མདོར་ན་དོན་ནི་འདི་ཡིན་ཏེ། ཆོས་ཅན་གྱི་རྣམ་པར་དབྱེ་བ་ཐ་དད་པ་རྣམས་ཀྱང༌། རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་ཉིད་གཅིག་ཡིན་ལ། དེ་ཡང་གློ་བུར་དུ་རྣམ་པར་མ་དག་པའི་ཕྱིར། སྒྲུབ་པའི་ཐབས་ལ་མཁས་པ་ནི་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་དུ་བཤད་ནས་ཉོན་མོངས་པ་སྤངས་པས་ལམ་དུ་བྱེད་པ་དང༌། རྡོ་རྗེ་ཐེག་པའི་ལམ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ཏེ། བསྟེན་པས་ལམ་དུ་བྱེད་པ་དཔེ་དུ་མས་བསྔགས་ཏེ་བསྟན་པའོ། །དེ་ལ་དྲི་བ་དང་སྦྱར་ན། སྟོང་པ་ཉིད་གཟུགས་ཁམས་ལ་སོགས་པ་ཅི་ཞིག་བཤད། ཅེས་པ་ལ་སོགས་པས་ལན་བསྟན་པ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་དབྱེ་བ་ཅི་རིགས་པ་རྣམས་ཀྱང་བརྗོད་བྱའི་གཙོ་བོ་དང་པོའི་གསུམ་པའི་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག གསང་བ་ལ་སོགས་དགོངས་པ་བྱེ་བྲག་ཏུ་ཕྱེ་སྟེ་གསལ་བར་བཤད་པ། གཙོ་བོར་དྲིས་ལན་ཉི་ཤུ་རྩ་བཞི་བསྟན་ཅིང༌། ལྷག་མ་དེ་ལས་འཕྲོས་པའི་ཚུལ་གྱིས་ཞར་བྱུང་དུ་བསྟན་པས་དེ་ཡན་ཆད་དུ་དྲི་བའི་ཚིག་དྲུག་ཅུ་རྩ་བཞི་ལས། བཞི་བཅུ་རྩ་ལྔའི་ལན་གྱི་སྐབས་སུ་འཕྲོས་དང་བཅས་པར་བསྟན་ཅིང༌། བརྟག་པ་དང་པོའི་རབ་ཏུ་བྱེད་པ་གསུམ་པ་ནས་འབྱུང་བའི་ཚུལ་གྱིས་ཉི་ཤུ་རྩ་དྲུག་གིས་དྲི་བའི་ལན་གཉིས་སུ་ཕྱེ་སྟེ་བསྟན་པ་ཡིན་ནོ། །ལྷག་མ་དྲི་བའི་ཚིག་བཅུ་དགུ་ལན་རྒྱས་བསྡུས་ཅི་རིགས་པ་དང་བཅས་པ་ནི། མདོ་ཡོངས་སུ་མ་རྫོགས་པ་གཉིས་བླ་མའི་ཞལ་ནས་གསུངས་པ་ཡིན་ནོ། །བདག་ནི་རང་བློ་དམན་གྱུར་ཅིང༌། །གསང་རྒྱུད་རྟོགས་པར་དཀའ་གྱུར་ཀྱང༌། །རྗེ་བཙུན་དམ་པའི་ཞལ་གྱི་ལུང༌། །བདུད་རྩི་འདྲ་ལ་བརྟེན་ནས་བྲིས། །སྒྲ་དོན་རྣམ་པར་ཕྱེ་བ་ལས། །ཅུང་ཟད་འགལ་བར་གྱུར་ན་ཡང༌། །དཀོན་མཆོག་བླ་མ་མཁའ་འགྲོའི་ཚོགས། །བཀའ་ཆད་མི་སྩལ་བཟོད་པར་གསོལ། །རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*