ཁ་སྦྱོར་ཕྱི་མའི་བརྟག་པ་བཅུའི་དོན་བཤད་པ།

༼ཀ༽༄༅། །ཁ་སྦྱོར་ཕྱི་མའི་བརྟག་པ་བཅུའི་དོན་བཤད་པ་བཞུགས།། ༄༅། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དེ་ལ་ཡང་དག་པར་སྦྱོར་བའི་རྒྱུད་ཕྱི་མས་བརྟག་པ་བཅུ་པའི་དོན་ཅི་རིགས་པར་གསལ་བར་སྟོན་པ་ལས། དང་པོར་དེ་ནས་ཞེས་བྱ་བ་ལ་སོགས་པས་བརྟག་པ་དྲུག་པའི་དཔྱིད་ཀྱི་ཐིག་ལེའི་དོན་གསལ་བར་སྟོན་ཏོ། །དེ་ཡང་དྲུག་པའི་གཉིས་པར་རྒྱུད་ཀྱི་རིམ་པ་འཁོར་ལོ་བཞི། ཇི་ལྟར་གཏན་ལ་དབབ་པ་བསྟན་པས་དེ་ཁོང་དུ་ཆུད་པར་བྱ་བ་དང༌། དྲུག་པ་དངོས་སུ། རང་བྱུང་ངོ་བོ་ཉིད་འདི་ནི། །ཆོས་ཀྱི་སྐུ་རུ་རབ་ཏུ་གྲགས། །ཞེས་གསང་བའི་རིམ་པའི་ཡེ་ཤེས་ལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ལ། དེ་ལ་ཅི་སྟེ་རང་བྱུང་དུ་བཞག་པ་གསལ་བར་མ་བཤད་པས་དེ་གསལ་བར་སྟོན་ཏོ། །དེ་ལ་ཡང་ཞུས་པ་དང༌། ལན་གཉིས་ཀྱི་སྒོ་ནས་བསྟན་ཏེ་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་གཏན་ལ་དབབ་ན་ཐིག་ལེར་ཞེས་པ་སཾ་པུ་ཊའི་དེ་ཐིག་ལེར་དེ་བརྟག་པ་དྲུག་པའི་གཉིས་པར་རོ། །ཐིག་ལེའི་དོན་གཏན་ལ་དབབ་ཅེས་པ་ནི། དཔྱིད་ཀྱི་ཐིག་ལེའི་དོན་གྱི་རིམ་པ་ཁོང་དུ་ཆུད་དང་ཞེས་པའོ། །ཤུགས་ཀྱིས་ནི་གསང་བའི་རིམ་པའི་ཡེ་ཤེས་སམ། ཡང་དཔྱིད་ཀྱི་ཐིག་ལེའི་ཡེ་ཤེས་དེ་ལ་ཅི་སྟེ་རང་བྱུང་ཞེས་བྱ་ཞེ་ན། དེ་ལ་ལན་ནི། བདག་གི་དབུས་སུ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ལ། བདག་གི་དབུས་སུ་རང་བྱུང་བ་ནི་སྒྲུབ་པ་པོའི་ལུས་ཀྱི་དབུས་ལྟེ་བར་ཕྱིའི་ལས་ཀྱི་ཕྱག་རྒྱ་ལ་མ་བརྟེན་པར་རང་བྱུང་བས་གཏུམ་མོའི་ཡེ་ཤེས་དེ་ལ་རང་གི་ཡེ་ཤེས་ཞེས་བྱའོ། །འབྱུང་ཆེན་ཞེས་བྱ་བ་ལ་སོགས་པ་ནི། དེའི་དོན་རྒྱས་པར་འཆད་པ་ལས། དེ་ཡང་ཡེ་ཤེས་དེ་སྐྱེ་བའི་གནས་མཐའ་དག་གི་དབང་དུ་བྱས་ནས། འཁོར་ལོ་བཞི་ཆར་དུ་སྐྱེ་བས་འབྱུང་ཆེན་གྱི་དོན་ཞེས་པ་འཁོར་ལོ་བཞིའི་དོན་འབྲས་བུ་རང་བྱུང་གི་ཡེ་ཤེས་སོ། །རྗེས་སུ་དཔག་པའི་ནི་དེའི་མཚོན་པའམ་རྟོགས་པར་བྱ་བའི་ཕྱིར་ཏེ། དེ་བས་ན་དེ་རྒྱུད་གཞན་དུ་ཡང་གསུངས་ཞེས་སྦྱར་རོ། །གང་ལས་ཇི་སྐད་གསུངས་ན། རྡོ་རྗེ་གུར་གྱི་ལེའུ་དང་པོ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རང་བྱུང་ནི་ཕྱིའི་ལས་ཀྱི་མུ་ཏྲཱ་ལ་མ་བརྟེན་པས་སོ། །བཅོམ་ལྡན་ནི་རྟོག་པ་བཅོམ་ཞིང་གཏུམ་མོའི་ཡེ་ཤེས་ཀྱི་བདེ་བ་དང་ལྡན་པའོ། །གཅིག་པུ་ནི་མཚན་མ་དང་རྣམ་པར་རྟོག་པ་དང་མ་འགྲོགས་པ་སྟེ། དེ་ལ་དང་པོ་དངོས་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །གཅིག་ནི་ལྷན་ཅིག་མེད་པ་ཉིད། །ཅེས་འབྱུང་བས་སོ། །ལྷག་པ་ནི་ཁྱད་པར་དུ་འཕགས་པ་སྟེ། བདེ་བ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟ་བུའི་གུར་གྱི་ཚིག་དེ་ཉིད་བཤད་པ་ནི། ལྷག་པའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་ལྷག་པ་བཤད་པ་ནི་གོང་དུ་གསུངས་པའི་ཁམས་རྣམས་སོ་ཞེས་བྱ་བས་བསྟན་ཏེ། དེ་ཡང་དྲུག་པའི་དང་པོར། ར་ཡི་རྣམ་པས་ཁྲག་གི་ཁམས། །ཧ་ནི་དེ་བཞིན་རེག་བྱ་ཉིད། །སྱེ་ནི་བད་ཀན་ཞེས་བྱར་གསུངས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མདོར་ན་ཁམས་ཀྱི་དྭངས་མ་བཅུ་དྲུག་གི་བྱང་ཆུབ་ཀྱི་སེམས་ནི་ལྷག་པའོ། །དེ་རྣམས་དབུས་སུ་ཕུལ་བྱུང་ཞེས་པ་ནི་ལྷ་བསྟན་ཏེ་ཁམས་ཀྱི་དྭངས་མ་བཅུ་དྲུག་ཡེ་ཤེས་སྐྱེ་བའི་གནས་གཙོ་བོ་ལྟེ་བ་སྤྲུལ་པར་མངོན་དུ་བྱས་ཙམ་ན། ཉམས་སུ་མྱོང་བའི་ཡེ་ཤེས་ནི་ལུས་ལ་གནས་ཤིང་བདེ་བ་ལ་རོལ་པས་ལྷའོ། །གཙོ་བོའི་གཟུགས་ཀྱིས་ནི། གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟ་བུའི་བརྗོད་བྱ་རང་བྱུང་གི་ཡེ་ཤེས་དེ་ཉིད་རྗོད་བྱེད་གང་གིས་བསྟན་ན། སྦས་པའི་ཡི་གེ་བཅུ་དྲུག་གི་ཚིག་གིས་བསྟན་ཅེས་འབྲེལ་ལོ། །ཡང་ན་སྔར་གསང་བའི་རིམ་པ་སྟེ་རྩ་དབུ་མར་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་ཡེ་ཤེས་བསྟན་ལ། གསང་བ་ལ་སོགས་པས་ནི་རྩ་དབུ་མའི་ཉམས་མྱོང་དེ་ཉིད་རླུང་ལྔ་དང་སྐུ་ལྔ་དང་ཡེ་ཤེས་ལྔ་ཡང་འདུས་པར་བསྟན་ཏོ། །ཇི་ལྟ་བུར་ན་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་སྟོན་པ་ལས། དེ་ཡང་རྣམ་པ་འདིས་ཞེས་བྱ་བ་ཡན་ཆད་ཀྱིས་དྲི་བ་སྟེ། སྡོམ་པ་མཆོག་ཏུ་ཕན་པ་ཞེས་བྱ་བ་ལ་སོགས་པས་ལན་བསྟན་ཏོ། །དེ་ལ་དྲི་བའི་དོན་ནི་རང་བྱུང་གི་ཡེ་ཤེས་དེ་ལ་ཅི་སྟེ་རང་བྱུང་ཞེས་བྱ་ཞེས་དྲི་བའི་དོན་དག་གཏན་ལ་ཕབ་ན། གཞན་ཡང་ཡེ་ཤེས་དེ་ལ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་ཞེས་དྲིས་པའོ། །དེ་ལ་ཇི་ལྟ་བུར་ན་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ཡང་རང་བྱུང་གི་ཡེ་ཤེས་དེ་ལ་ཚིག་གཞན་གྱི་སྒོ་ནས་བསྟན་པའོ། །གཞན་དུ་ཇི་ལྟར་རྣམ་པ་དེས། །ཞེས་པ་ནི་གོང་དུ་རང་བྱུང་དུ་བཤད་པ་ལས་གཞན་གསང་བ་ལ་སོགས་པས་ཇི་ལྟར་བཞག་ཅེས་དྲི་བའོ། །ལན་ལ། སྡོམ་པ་མཆོག་ཏུ་ཕན་པ་ལས། །ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པ་ལ་སོགས་གསང་བའི་སྒྲས་ནི་ཡོན་ཏན་ཅན། །ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་དང་ཡོན་ཏན་ཅན་གཉིས་ཏེ། ཡོན་ཏན་ནི་གཏུམ་མོའི་ཡེ་ཤེས་སོ། །ཡོན་ཏན་ཅན་ནི་དེའི་རྟེན་ཁམས་ཀྱི་དྭངས་མ་བཅུ་དྲུག་གོ །དེ་ལ་འདིར་རང་བྱུང་ཡེ་ཤེས་ལས་གཞན་དུ་དེའི་རྟེན་ཡང་གསང་བ་ཞེས་བྱ་ཞེས་པའི་དོན་ཏོ། །རྡོ་རྗེ་ཅན་ཡང་རང་བྱུང་གི་ཡེ་ཤེས་ཀྱི་མི་རྟོག་པའོ། །མཆོག་ཅེས་ཀྱང་བྱ་སྟེ་རང་བྱུང་གི་ཡེ་ཤེས་དེ་ཉིད་འཇིག་རྟེན་པའི་དབང་པོ་གཉིས་ཀྱི་སྦྱོར་བའི་བདེ་བ་ལས་མཆོག་ཏུ་གྱུར་པས་སོ། །དེ་ཉིད་ལ་དགེས་པ་ཞེས་ཀྱང་བྱ་སྟེ་བདེ་བའི་ཡེ་ཤེས་ལ་མི་དགེས་པའམ། དུཿཁ་སྤངས་བའོ། །གསང་བའི་སྒྲས་ནི་ཀླ་ཀློའི་སྐད། །ཅེས་པ་ནི་རང་བྱུང་གི་ཡེ་ཤེས་ལ་གསང་བ་མཆོག་གི་དགྱེས་པ་ཞེས་བསྟན་པ་དེ་བརྡའི་སྐད་དང་འདྲ་ཞེས་པའི་དོན་ཏོ། །ཕྱི་རོལ་ཞེས་པ་ལ་སོགས་པ་ནི། དོན་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་པའི་ཐབས་གཏུམ་མོ་སྦར་བ་ལ་སོགས་པ་ལ་བྱའོ། །མངོན་སུམ་ཤེས་པར་བྱ་བ་ནི། ཐབས་གཏུམ་མོ་སྦར་བ་ལ་སོགས་པ་ལ་བརྟེན་ནས་རང་རིག་པའི་མངོན་སུམ་གྱི་ཚུལ་གྱིས་རྟོགས་པར་བྱ་ཞེས་པའོ། །རྗེས་དཔག་ཅེས་པ་ནི་རྟོགས་པར་བྱེད་པའི་ཐབས་གཏུམ་མོ་སྦར་བ་ལ་སོགས་པས་མཚོན་པར་བྱེད་པ་ཡིན་པས་སོ། །ཡོན་ཏན་ཅན་ནི་རང་བྱུང་གི་ཡེ་ཤེས་རྟེན་ཞུ་བ་དང་བཅས་པའོ། །སྒྲས་ཞེས་པ་ནི་གསང་བ་མཆོག་གི་དགྱེས་པ་ལ་སོགས་པའོ། །གང་ཚེ་སེམས་མི་མཐོང་བ་ནི་རང་བྱུང་གི་ཡེ་ཤེས་དེ་ཡང་རྟོག་པས་མི་མཐོང་ཞིང་མི་རྟོག་པའི་ཉམས་སུ་སྐྱེ། ཞེས་པའོ། །སེམས་ཞེས་བྱ་བ་འདི་ཡང་མི་རྟོག་པའི་ཡེ་ཤེས་སོ། །ཡོན་ཏན་དང་ཡོན་ཏན་ཅན་དུ་གསུངས། །ཞེས་པ་ནི་རྟེན་དང་བརྟེན་པ་དེ་ཁམས་བཅུ་དྲུག་གི་ཞུ་བ་དང་ཡེ་ཤེས་སུ་བརྟག་པའོ། །གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པ་ནི་ཞར་བྱུང་སྟེ། དེ་དག་ནི་སྔར་བརྗོད་ཟིན་ལ། འདིར་ནི། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་རང་བྱུང་གི་ཡེ་ཤེས་དང་སྦྱར་ཏེ་འཆད་པས་གསང་བ་མཆོག་ལ་སོགས་པ་ནི་ཞར་བྱུང་དུ་རྟོགས་པར་བྱའོ། །དེ་ནི་ཐམས་ཅད་རྣམ་པར་གནས། །ཞེས་པ་ནི། སྣོད་བཅུད་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོར་གནས་པ་ལ་བྱའོ། །དེ་གང་སྟོང་པའི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་བདག་ཉིད་ཅེས་པའི་དོན་བསྟན་ཏེ། རང་བྱུང་གི་ཡེ་ཤེས་དེ་ཉིད་རྟོག་པས་སྟོང་ཞིང་མི་ཕྱེད་པའམ། རྟེན་དང་བརྟེན་པ་མི་ཕྱེད་པས་སྟོང་པའི་རྡོ་རྗེ་ཅན་ནོ། །སྡུག་དང་ཞེས་པ་ལ་སོགས་པས་ནི། བཞུགས་ཞེས་པའི་དོན་བསྟན་ཏེ། རང་བྱུང་གི་ཡེ་ཤེས་དེ་ཉིད་སྒྲུབ་པ་པོ་བདག་ཉིད་ཀྱིས་མངོན་དུ་བྱས་པའི་ཚུལ་གྱིས་བཞུགས་ཞེས་བྱ་བའི་དོན་ཏེ། ཕྱི་རོལ་གྱི་རྟེན་ལ་རག་ལས་པ་ནི་བཞུགས་པ་མ་ཡིན་ནོ། །དེས་ན་རྟག་ཏུ་བཞུགས་ཞེས་བྱའོ། །དེ་དག་གིས་ནི་རང་བྱུང་གི་ཡེ་ཤེས་ལ་རྗོད་བྱེད་གསང་བ་ལ་སོགས་པས་ཇི་ལྟར་གཏན་ལ་ཕབ་པར་བསྟན་ཏེ། དེ་ལྟར་ན་ཐམས་ཅད་ཀྱིས་ཀྱང་དངོས་དང་དེ་ལས་འཕྲོས་པའི་ཚུལ་གྱིས་བརྟག་པ་དྲུག་པ་དངོས་ཀྱིས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་རུ་རབ་ཏུ་གྲགས་ཀྱི་དོན་གཏན་ལ་ཕབ་བོ། །ཡང་འདི་ལྟར་བསམས་ཏེ་གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པས་བརྟག་པ་དང་པོའི་གསུམ་པར། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་དེའི་དོན་ཡི་གེར་ནི་སྦས་པའི་དོན་གྱི་མཐར་ཐུག་ཏུ་བཤད་ལ། འདིར་ནི་སྦས་དོན་དུ་བཤད་པ་ལས་རང་བྱིན་གྱིས་བརླབ་པ་གཏུམ་མོའི་རྣལ་འབྱོར་དུ་བཤད་པ་ཡང་རྟོགས་པར་བྱའོ། །ད་ནི་བཞུགས་པའི་དོན་ལ་ཀླན་ཀ་སྤང་བ་བསྟན་པ་ལས། དེ་ཡང་གང་ཚེ་ཞེས་བྱ་བ་ལ་སོགས་པས་དྲི་བ་བསྟན་ཏོ། །དེ་ཡང་གཙོར་ནི་ཐམས་ཅད་བདག་ཉིད་ལ་བཞུགས་ཀྱི་དོན་དེ་ནི། ཐམས་ཅད་རྣམ་པར་གནས་ཞེས་པ་ལས་འཕྲོས་ནས་རྒོལ་ཏེ། རང་བྱུང་གི་ཡེ་ཤེས་དེ་སྣོད་བཅུད་ལ་བཞུགས་ན། ཡུལ་དྲུག་ལ་ཡང་བཞུགས་པས་རྣམ་པར་ཤེས་པ་དྲུག་གིས་ཡུལ་དྲུག་མྱོང་བ་ན། དེ་ལ་བཞུགས་པའི་རང་བྱུང་གི་ཡེ་ཤེས་ཀྱང་ཅི་སྟེ་མི་མྱོང༌། དེ་མྱོང་དགོས་སོ་ཞེས་རྒོལ་བའོ། །ལན་ནི། གསང་བ་འདི་ནི་ཇི་ལྟ་བུར། །ལ་སོགས་པས་བསྟན་ཏེ། དེ་ལས་རང་བྱུང་ཐམས་ཅད་ལ་བཞུགས་པ་དེ་རྣམ་པར་ཤེས་པ་དྲུག་གིས་ཡུལ་དྲུག་ལ་དམིགས་པའི་དུས་སུ་རང་བྱུང་མི་རྟོགས་ཏེ། རང་བྱུང་གི་ཡེ་ཤེས་ནི་ཕར་ཡང་གང་ཡང་ཡུལ་དུ་མི་བྱེད། ཚུར་ཡང་ཡུལ་དྲུག་ལ་སོགས་པ་ལ་བཞུགས་ཀྱང་རྟོགས་པར་མི་ནུས་པས་སོ། །དེ་ལྟར་ཡང་བརྟག་པ་དང་པོའི་རབ་བྱེད་དང་པོ་ལས། རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་བཤད་པ། རྟོག་གེ་མེད་ཅིང་རྣམ་རྟོག་མེད། །དེ་བཞིན་རྟོག་གེ་པས་མི་རྟོགས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ནམ་མཁའ་ལྟ་བུར་མཉམ་པ་ཉིད། །ཅེས་པས་བསྟན་པས་སོ། །འོ་ན་ཇི་ལྟར་ཐམས་ཅད་ལ་གནས་པར་བརྗོད་ཅེ་ན། སྣང་ལུགས་ལ་དགོངས་པ་སྟེ། རང་བྱུང་དེ་ཡིན་ལུགས་ཀྱི་དབང་དུ་བྱས་ནས་གང་གིའང་ངོ་བ་མ་ཡིན་པས་སྣང་ལུགས་ཀྱི་དབང་དུ་བྱས་ནས་ཡུལ་དྲུག་ལ་སོགས་པར་སྣང་བས་ཐམས་ཅད་ལ་བཞུགས་པར་ཡང་འགལ་བ་མེད་དོ། །ཡང་ན་ལམ་དུ་བྱས་པའི་དབང་དུ་བྱས་ཏེ་ཐབས་གཏུམ་མོ་སྦར་བ་ལ་སོགས་པས་རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་ཏེ་གོམས་པ་ལས་ཕྱིའི་ཡུལ་ཐམས་ཅད་ཀྱང་རང་བྱུང་གི་ངོ་བོར་རྟོགས་པར་བྱས་ཏེ། དེས་ན་ཐམས་ཅད་རང་བྱུང་གི་ངོ་བོར་རྟོགས་པའི་ཚུལ་གྱིས་བཞུགས་པ་ལ་འགལ་བ་མེད་དོ། །དེ་ཡང་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང༌། །སྒྲ་རྣམས་ཉིད་ཀྱང་ཉན་པ་དང༌། །སྨྲ་བ་དང་ནི་དགོད་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །ལས་རྣམས་ཐམས་ཅད་བྱེད་པ་ན། །གཞན་དུ་སེམས་ནི་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ལས། གང་གི་ཚེ་ནི་དམིགས་ཡུལ་ལ་དམིགས་པ་གང་གི་ཚེའོ། །སྔོ་སོགས་ཁ་དོག་མི་དམིགས་པ་ནི་ཁ་དོག་དང་དབྱིབས་དམིགས་ཀྱང་དེའི་རང་བྱུང་གི་ཡེ་ཤེས་མི་དམིགས་ཞེས་པའོ། །སྒྲ་སོགས་ཐོས་པར་མི་འགྱུར་བ་ནི་སྒྲ་ཐོས་ཙ་ན་དེའི་རང་བྱུང་གི་དམིགས་པར་མི་འགྱུར་བའོ། །དེ་ཚེ་སེམས་ཞེས་པ་རང་བྱུང་གི་ཡེ་ཤེས་སོ། །རྗེས་དཔག་ཇི་ལྟར་ལ་སོགས་པ་ནི་ཐམས་ཅད་ལ་བཞུགས་པ་ཇི་ལྟར་མཚོན་ཞིང་རྟོགས་ཞེས་པའོ། །སྣ་ཡིས་མི་དམིགས་པ་ཡང་སྣས་དྲི་ཚོར་བའི་དུས་སུ་རང་བྱུང་མི་དམིགས་ཞེས་པའོ། །སེམས་ནི་ཕྱི་རོལ་མི་དམིགས་ཞེས་པ་ནི་ཡིད་ཀྱིས་ཆོས་ཐམས་ཅད་ལ་དམིགས་ཙམ་ན་རང་བྱུང་གི་ཡེ་ཤེས་མི་དམིགས་ཞེས་པའོ། །དེ་བཞིན་དུ་ལྕེས་རོ་མྱང་བ་ན་ཡང་རང་བྱུང་མ་རྟོགས་ཞེས་བྱའོ། །ལན་ལ་གསང་བ་ཞེས་པ་ནི་རང་བྱུང་ཡེ་ཤེས་སོ། །རྗེས་སུ་དཔག་པ་བསམ་པར་བྱ། །ཞེས་པ་ནི་མཚོན་པའམ་དཔྱད་པས་ཡུལ་དྲུག་ལ་བཞུགས་པར་བསམས་པར་མི་ནུས་ཞེས་བྱ་བ་སྟེ། རང་བྱུང་དེ་གང་གིས་ཀྱང་ཡུལ་དུ་མི་བྱེད་པ་དང༌། ཕར་ཡང་གང་ཡང་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །ཡི་གེའི་དབྱིབས་སུ་ཕྱིན་པའི་ཡེ་ཤེས་ཞེས་པ་ནི། རང་བྱུང་གི་མཚན་ཉིད་དེ་རང་བྱུང་གི་ཡེ་ཤེས། དེའི་མཚན་མ་དང་རྟོག་པར་མ་འགྱུར་བའམ། ཡང་ན་རང་གི་ངོ་བོ་དུས་ཐམས་ཅད་དུ་མི་འགྱུར་བར་གནས་པས་སོ། །ཡང་ན། རྗེས་སུ་དཔག་པ་བསམ་པར་བྱ། །ཞེས་པ་ནི་ཐབས་གཏུམ་མོ་ལ་སོགས་པས་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱ། ཞེས་པའོ། །ཡི་གེའི་དབྱིབས་སུ་ཕྱིན་པའི་ཡེ་ཤེས་ཞེས་པ་ནི། མི་འགྱུར་བ་སྟེ་གཏུམ་མོ་ལ་སོགས་པའི་ཐབས་ཀྱིས་མཚོན་པའི་ཡེ་ཤེས་དེ་མཉམ་རྗེས་མེད་པར་སྤྱོད་ལམ་ཐམས་ཅད་དུ་རྟོགས་པར་བྱ་བའི་དོན་ཏོ། །ད་ནི་གཞན་དུ་ཞེས་བྱ་བ་ལ་སོགས་པས་བརྟག་པ་དང་པོའི་རབ་ཏུ་བྱེད་པ་གསུམ་པ་ལས། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག་གིས་འབྲས་བུའི་རྒྱུད་ཀྱི་དེ་ཁོ་ན་གཙོར་བསྟན་ལ། ཐབས་ཀྱི་རྒྱུད་ཞར་ལས་བསྟན་པའི་དོན་གསལ་བ་སྟོན་ལ། བརྟག་པ་བྱིན་པོ་རྣམས་ལ་འབྱུང་བའི་དོན་ཡང་བསྟན་པ་ལས། དེ་ལ་ཞུས་པ་དང་ལན་གཉིས་ལས། ཐམས་ཅད་ཡང་དག་པར་རྣམ་པར་ཤོད་ཀྱི་བར་གྱིས་ནི་དྲི་བའི་ཚིག་དྲུག་ཅུ་རྩ་བཞི་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནས། རྫོགས་པའི་བར་གྱིས་དྲིས་པ་དེ་རྣམས་ཀྱི་ལན་ཉི་ཤུ་རྩ་དྲུག་བསྟན་ཏོ། །བསྡུས་པའི་དོན་ཏོ།།  །།ཡན་ལག་གི་དོན་བསྟན་པ་ལས་གཞན་དུ་བཅོམ་ལྡན་སྒྲ་ཅི། ཞེས་པ་ནི་བརྟག་པ་དང་པོའི་གསུམ་པར། གནས་གསང་བ་མཆོག་ལ་བཞུགས་པའི་སངས་རྒྱས་ས་བཅུ་གསུམ་པ་མཛད་པ་ཕྲིན་ལས་དང་བཅས་པ་བསྟན་པའི་སྐབས་ན། འདི་ནི་བཅོམ་ལྡན་རྣལ་འབྱོར་ཏེ། །ཞེས་པའི་བཅོམ་ལྡན་འདས་ཞེས་པའི་སྒྲ་ཅི་ལ་བྱ་དྲིས་པའོ། །ལྷ་ཇི་ལྟར་ལགས། ཞེས་པ་ནི་གུར་ལས། ལྷ་ཡི་བདག་པོ་གཅིག་པུ་ཉིད། །ཅེས་པའི་ལྷ་དྲིས་པ་སྟེ། རྒྱུད་ཕྱི་མ་འདིས་ནི་བརྟག་པ་བཅུ་པོ་ལས་གཞན་རྒྱུད་སྡེ་རྣམས་ཀྱིའང་དོན་ཐོར་བུ་གཏན་ལ་འབེབས་སོ། །ཡང་ན་ལན་ཕྱི་མ་འདི་ཉིད་ཀྱི་གོང་དུ་བསྟན་པའི། གཅིག་པུ་ཉིད་ནི་ལྷག་པའི་ལྷ། །ཞེས་པའི་ལྷ་དྲིས་པར་ཡང་བསམ་མོ། །སངས་རྒྱས་ཀུན་གྱི་ངེས་དོན་ཅི་ནི། དང་པོའི་གསུམ་པ་དེ་ཉིད་དུ་བཞུགས་པ་པོའི་ངོ་བོ་ཉིད་བཤད་པའི་སྐབས་སུ་སངས་རྒྱས་ཀུན་ཞེས་པའི་སངས་རྒྱས་ཅི་ལ་བྱ་དྲིས་པའོ། །མཉམ་པར་སྦྱོར་བ་ཅི། ཞེས་པ་ཡང་དེ་ཉིད་ནས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཉམ་པར་སྦྱོར་བ་ཅི་ལ་བྱ། །དྲིས་པའོ། །མཁའ་འགྲོ་མ་དང་དྲྭ་བའི་དྲི་བ་དང་སྡོམ་པའི་དྲི་བ་ཡང་དེ་ཉིད་ལས་རྒྱས་པར་བཤད་པས་དེའི་དོན་དྲི་བའོ། །དེ་བཞིན་དཔྱད་པར་དཀའ་ཞེས་པ་ནི་དགུ་པའི་དང་པོ་ལས། སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཆེ། །རྣམ་པར་མཛད་ཅིང་རབ་ཏུ་རྒྱུ། །ཞེས་བྱ་བ་ལ་སོགས་པས་མཛད་པ་བཅུ་གཉིས་གསུངས་པ་དེ་ཇི་ལྟར་ཡིན་དྲི་བའོ། །ཁྱོད་ཀྱིས་འདོད་ཆགས་མེད་གསུངས་ལ་སོགས་པ་གསུམ་ནི་བརྟག་པ་དང་པོ་དངོས་སུ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །ལ་སོགས་པ་གསུངས་པའི་དོན་གང་ལ་བྱ་དྲི་བའོ། །བུད་མེད་སྒྱུ་མའི་དྲི་བ་ནི། དང་པོའི་གསུམ་པའི་མཛད་པ་རྒྱས་བཤད་ཀྱི་སྐབས་ན། བུད་མེད་སྒྱུ་མ་ཐམས་ཅད་འགྲུབ། །ཅེས་པ་དེའི་དོན་ཅི་ལ་བྱ་དྲི་བའོ། །སྟོང་ཉིད་གཟུགས་ཁམས་ལ་སོགས་པའི་དྲི་བ་ནི། བརྟག་པ་དང་པོའི་དང་པོ་ལས། དེ་བཞིན་ཉིད་ཀྱི་དག་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་པ་ལས། གཟུགས་ཀྱི་ཁམས་ཀྱི་སྟོང་པ་ཡི། །སྒྲ་ལ་དེ་ཉིད་ཀྱིས་ནི་བྱ། །ཞེས་བྱ་བ་ལ་སོགས་པས་ཆོས་ཅན་ཁམས་བཅོ་བརྒྱད་སྟོང་པར་བཤད་པ་ལ། དེའི་དོན་ཅི་ཡིན་ཞིང་དེ་ཅི་ལ་དགོངས་དྲི་བའོ། །དང་པོའི་རྣམ་པ་དྲུག་འགྱུར་ཞེས་པ་ནི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གསུམ་པ་ལས། སྟོང་ཉིད་གཅིག་ལ་རྡོ་རྗེ་ཅན། །རིགས་ནི་རྣམ་པ་ལྔ་རུ་གསུངས་པའི་དོན་ཅི་ལ་བྱ་དྲི་བའོ། །སྣ་ཚོགས་པདྨར་བྲིས་སྐུ་ཞེས་པ་ནི། དགུ་པའི་གསུམ་པ་ནས་བྲིས་སྐུ་བྲི་བར་བཤད་པ་ལ། དེ་ལ་གདན་ཇི་ལྟ་བུ་ལ་བྲི་བ་དང༌། ཚུལ་ཇི་ལྟར་བྲི་ཞེས་པའོ། །ཨཱ་ལི་ཀཱ་ལི་ཕྱག་རྒྱ་ཆེ་ནི་གཉིས་པའི་གསུམ་པ་ནས། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་པའི་དོན་དེ་མངོན་བྱང་ལྔས་ལྷའི་སྐུ་བསྐྱེད་པ་བཤད་པ་དེ་ཇི་ལྟར་བསྐྱེད་ཅིང་དེ་དག་གང་གིས་ངོ་བོ་ཡིན་ཞེས་པའོ། །དེ་ཉིད་མེད་ཅེས་པ་ལ་སོགས་པ་རྐང་པ་གཉིས་ནི་བརྟག་པ་བརྒྱད་པ་རྡོ་རྗེ་དྲིལ་བུའི་དེ་ཁོ་ན་ཉིད་ལ་སོགས་པ་བཤད་པ་ལ། དེ་ཁོ་ན་ཉིད་བཟང་པོ་ནི་གང་ཡིན། དེ་ཁོ་ན་ཉིད་མེད་པ་ངན་པ་ནི་གང་ཡིན་ཞེས་པའོ། །རྣལ་འབྱོར་ཉིད་ཀྱང་ཞེས་པ་རྐང་པ་གཉིས་ནི་བརྟག་པ་དང་པོའི་གསུམ་པར། དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་འགྱུར། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །ཅེས་པའི་མཉམ་གཞག་དང་མཉམ་ལངས་གང་ལ་བྱ་ཞེས་པའོ། །ཟླ་བ་ཉི་མ་རྫོགས་སངས་རྒྱས། །རྐང་པ་གཉིས་ཀྱིས་དྲི་བ་ནི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པར། དྲོད་ཐོབ་པའི་ཐབས་རང་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་བསྟན་པ་ལ། དེའི་རྟེན་དུ་ཡེ་ཤེས་མཁའ་འགྲོ་མ་བསྐྱེད་པའི་སྐབས་ན། རྫོགས་པའི་བྱང་ཆུབ་རིམ་པ་སྦྱང༌། །ཞེས་མངོན་བྱང་ལྔ་ལས་བསྐྱེད་པར་བཤད་པ་ལ། མངོན་བྱང་ལྔ་གང་ལ་བྱ་ཞིང༌། དེ་དག་གི་ངོ་བོ་གང་ལ་བྱ་བ་ཡང་དྲི། དེ་ལས་བསྐྱེད་པ་ཇི་ལྟར་བསྐྱེད་དྲི་བའོ། །བྲིས་བའམ་ནི་ཞེས་པ་རྐང་པ་གཉིས་ནི་བརྟག་པ་བདུན་པ་དངོས་ཀྱི་སྦྱིན་སྲེག་གི་སྐབས་ནས། གང་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་དང་ཕྱི་རོལ་གྱི་དཀྱིལ་འཁོར་ལ་ཡང་ཆོ་ག་འདིས་ཐིག་གདབ་པར་བྱའོ། །ཞེས་པ་ཕྱིའི་དཀྱིལ་འཁོར་དེ་བྲིས་པ་ཇི་ལྟར་ལགས་པ་དང༌། གསང་བ་ཆོས་དེ་མ་བྲིས་པ་ཇི་ལྟར་ལགས་ཞེས་པའོ། །དེ་བཞིན་སྔགས་དང་རྒྱུད་ཅེས་པ་ནི་བརྟག་པ་དང་པོ་དངོས་ནས། སྔགས་རྣམས་ཉིད་དང་རྒྱུད་རྣམས་དང༌། །ཕྱི་རོལ་ཚུལ་གྱི་བསྟན་བཅོས་ཀྱི། །ཞེས་པ་སྔགས་གང་ལ་བྱ། །རྒྱུད་གང་ལ་བྱ་ཞེས་པའོ། །གསང་བའི་གནས་མི་ཚལ་ཞེས་པ་ནི་ལྔ་པའི་གཉིས་པ་ནས། སྒྲ་མཐའ་དེ་བཞིན་གསང་པདྨར། །ཞེས་པའི་གསང་བའི་པདྨ་ཅི་ལ་བྱ་ཞེས་པའོ། །པདྨ་བཞི་ནི་ཁྱད་པར་དུ། །ཞེས་པ་ནི་བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་གཉིས་པའི་དཔྱིད་ཀྱི་ཐིག་ལེའི་དོན་བསྟན་པའི་སྐབས་ནས། དེའི་ནང་ཀྱང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྩའི་འཁོར་ལོ་བསྟན་པའི་སྐབས་ན། པདྨ་བཞི་ལས་བྱུང་བ་དང༌། །དགའ་བ་བཞི་ཡི་ངོ་བོ་ཡིས། །ཞེས་པའི་པདྨ་བཞི་གང་ལ་བྱ་ཞེས་པའོ། །བདག་དང་བདག་གི་ཇི་ལྟར་ལགས། །ཞེས་པ་ལ་སོགས་པའི་ཤློ་ཀ་གཉིས་དང༌། རྐང་པ་གཉིས་ཀྱིས་ནི་བརྟག་པ་དང་པོའི་གསུམ་པར་ཐབས་རྒྱུད་རང་བྱིན་གྱིས་བརླབ་པའི་རིམ་པ་དམིགས་པ་མེད་པ་བསྟན་པ་ལས། དེའི་དོན་ལ་དྲི་ཚིག་དགུས་དྲི་བ་བསྟན་ཏོ། །རྣམ་ཤེས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའི་དྲི་བ་ནི། བརྟག་པ་བདུན་པའི་དང་པོ་ནས་ཚར་གཅད་དང་རྗེས་གཟུང་གི་ལས་ཚོགས་གསུངས་པ་ལ། དེ་དག་གི་དོན་ཇི་ལྟར་ཉམས་སུ་བླང་ཞིང་རྫས་ལ་སོགས་པ་གང་ལ་གང་བྱ་དྲི་བའོ། །བཅུད་ལེན་གྱི་དོན་ཡང་བདུན་པའི་དང་པོ་དེ་ཉིད་ནས་འབྱུང་བའི་དོན་དྲི་བའོ། །གཡོན་བརྐྱང་ལ་སོགས་པ་ནི་ཅི། །ཞེས་པ་ནི་བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གཉིས་པའི་སྦྱིན་སྲེག་གི་སྐབས་སུ་ས་སྲུང་བ་བྱེད་ཙམ་ན་རྐང་སྟབས་ཀྱི་བཀོད་པ་ཇི་ལྟར་བྱ་བ་བཤད་དེ། གཡས་བརྐྱང་བ་དང་གཡོན་བརྐྱང་ཉིད། །མཉམ་སྟབས་བི་ཤ་ཁྱེར་ལ་ནི། །ཞེས་པས་བསྟན་པ་ལ། དེའི་གཡོན་བརྐྱང་ལ་སོགས་པ་གང་ལ་བྱ་ཞེས་པའོ། །གཞུ་ཡི་ཞེས་པ་ལ་སོགས་པ་ནི། དུས་དེར་རྐང་སྟབས་ཀྱི་བཀོད་པ་དང་འབྲེལ་པའི་ལག་སྟབས་ཀྱི་བཀོད་པ་ཇི་ལྟར་བྱ་ཞེས་དྲི་བ་སྟེ། བདུན་པའི་གཉིས་པ་ལས་ལག་སྟབས་ཉིད་བཤད་པ་མེད་ཀྱང༌། རྐང་སྟབས་བཤད་པ་དེ་དང་འབྲེལ་བའི་ཕྱིར་ལག་སྟབས་དྲིས་པའོ། །ལག་སྟབས་ཉིད་ནི་རྡོ་རྗེ་མཁའ་འགྲོ་ལས་འབྱུང་ངོ༌། །གཙོ་དང་གཙོ་མིན་སྒྲ་ཅི་ལགས། །ཞེས་པ་ནི་བརྟག་པ་བདུན་པ་དངོས་ནས་གང་གིས་གང་ཡང་ལྷའི་འཁོར་ལོའི་དབུས་སུ་ཞེས་པ་ལ་སོགས་པ་བསྟན་པ་ལ། དཀྱིལ་འཁོར་གཙོ་བོ་ནི་གང་ཡིན། ཕལ་བ་ནི་གང་ཡིན་དྲི་བའོ། །བརྟག་པ་ཡང་ནི་ཅི་ཞིག་གསུངས། །ཞེས་པ་ནི་སྤྱིར་བརྟག་པ་ཞེས་པའི་གོང་གང་ལ་བྱ་ཞེས་པའོ། །བྱང་ཆུབ་ཆེན་པོའི་ཕྱོགས་རྣམས་ཞེས་པ་ནི། བརྟག་པ་དང་པོའི་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བཤད་པ་དེ། ནང་སྦས་དོན་དུ་ཇི་ལྟར་ལགས་ཞེས་པའོ། །སྐུ་ལ་སོགས་པའི་དེ་བཞིན་གཞན། །ཞེས་པ་ནི། བརྟག་པ་དྲུག་པའི་གསུམ་པར། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞི་ཇི་སྐད་གསུངས་པའོ། །ཞེས་བྱ་བ་ལ་སོགས་པས་ལུས་ཀྱི་དཀྱིལ་འཁོར་གསུངས་པ་དང༌། གཞན་ཡང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གསུངས་པ་དེ་དག་གི་དགོངས་པའི་དོན་གང་ཡིན་ཞེས་པའོ། །ཡང་ན་དེ་དག་ལ་དགོངས་པ་ཅི་ཡོད་ཅེས་པའོ། །ཉན་ཐོས་རྣམས་ཞེས་བྱ་བ་ལ་སོགས་པས་ནི་བརྟག་པ་དང་པོའི་དང་པོར་དེ་བཞིན་ཉིད་ཀྱི་དག་པ་སྟོང་པ་ཉིད་དང༌། དེ་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པ་ལ། དེ་ཐམས་ཅད་ཀྱིས་རྟོགས་སམ་བྱས་པ་ལ། མ་ཡིན་ཏེ། ཉན་ཐོས་སོགས་ཀྱིས་མི་ཤེས་ཏེ། །མི་ཤེས་པ་ཡི་མུན་པས་བསྒྲིབས། །ཞེས་གསུངས་པ་དེ་དག་གི་དགོངས་པའི་དོན་ཅི་ཡིན་ཞེས་པའོ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེའི་དྲི་བ་ནི། བརྟག་པ་དང་པོའི་གསུམ་པར་ཐབས་ཀྱི་རྒྱུད་ཞར་ལས་བྱུང་བའི་དོན། དབང་པོ་གང་དང་གང་ལམ་ཉིད། །ཅེས་བྱ་བ་ལ་སོགས་པ་བསྟན་པའི་དགོངས་པའི་དོན་ཅི་ཞེས་པའོ། །ཚངས་དང་ཞེས་པ་ལ་སོགས་པའི་དྲི་བ་ནི་བརྟག་པ་གསུམ་པ་དངོས་ནས་དྲག་པོའི་གདན་ཅན་བསྒོམ་པའི་སྐབས་ནས། དྲག་བཅས་དབང་བཅས་ཉིད་དབང་བཅས། །ཟླ་བཅས་ཉི་མ་གཤིན་རྗེར་བཅས། །ཞེས་པ་ལ་སོགས་པའི་དགོངས་པའི་དོན་ཅི་ཡིན་དྲི་བའོ། །གཉིས་གཉིས་ཞེས་པ་ལ་སོགས་པ་རྐང་པ་གཉིས་ཀྱི་དོན་ནི། བརྟག་པ་བཅུ་པ་དངོས་ནས་བགྲོད་པའི་དམ་ཚིག་དབང་པོ་གཉིས་ནི་མཉམ་སྦྱོར་བས། སྐུ་གསུང་ཐུགས་ནི་འདུས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པའི་དགོངས་པའི་དོན་ཅི་ལ་བྱ་ཞེས་པའོ། །གསང་བ་ཇི་ལྟ་བུ་ནི། བརྟག་པ་དང་པོའི་གསུམ་པར། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་དོན་ཅི་ཡིན་ཞེས་པའོ། །བརྫུན་པའི་ཚིག་ཅེས་པ་ནི། སཾ་གྲ་ཧར་བརྫུན་ཚིག་ལ་སོགས་པ་སྤང་བར་བཤད་པའོ། །ཕྱིས་སྨྲས་ཞེས་པ་ཀྱེའི་རྡོ་རྗེ་ལས་བརྫུན་ལ་སོགས་པ་སྨྲ་བར་གསུངས་པས་རྒྱུད་གཉིས་པོ་འདིའི་དགོངས་པའི་དོན་ཅི་ཡིན་ཞེས་སྤྱིར་དྲི་བ་སྟེ། འདི་ཉིད་ཀྱི་བརྟག་པ་བཅུ་པོ་ལས་ནི་མི་སྣང་ངོ༌། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པ་རྐང་པ་གསུམ་གྱིས་ནི་བརྟག་པ་བཅུ་པའི་གཉིས་པ་ལས་མཆོག་གི་དངོས་གྲུབ་བསྒྲུབ་པའི་དུས་ཀྱི་མཐུའི་ཆེ་བ་བསྟན་ཏེ། ཚངས་པ་དང་ཁྱབ་འཇུག་དང་ཆུ་བདག་དང་ཞེས་བྱ་བ་ལ་སོགས་པའི་དོན་ཅི་ཡིན་ཞེས་པའོ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་པ་ནི། དང་པོའི་གསུམ་པའི་དོན་ཏེ། གོང་གི་དེ་ལ་གསང་བ་ཇི་ལྟ་བུའི་འཕྲོའོ། །ཇི་ལྟར་རྡོ་རྗེ་ཅན་ཞི་བ་ཞེས་པ་རྐང་པ་གཉིས་ཀྱིས་བརྟག་པ་བདུན་པ་དངོས་ནས། རི་ཁྲོད་མ་ཤིང་ལོ་ཅན་ལ་སོགས་པས་ནད་ཞི་བ་ལ་སོགས་པ་བསྟན་པ་དང༌། རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཁྲོ་བོས་མངོན་སྤྱོད་ཀྱི་ལས་བསྒྲུབ་པར་བསྟན་པ་ལ། དེ་དག་གི་དགོངས་པའི་དོན་ཅི་ཡིན་ཞེས་པའོ། །ཆོས་ཀྱི་སྐུ་ཞེས་པ་ནི། དང་པོའི་གསུམ་པ་ནས། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མ་དམིགས་པར་མི་འགྱུར་རོ། །ཞེས་པས་འབྲས་བུའི་རྒྱུད་བསྟན་པའི་དོན་ཅི་ལ་བྱ་བ་དྲི་བར་ཡང་འགྱུར་ལ། བརྟག་པ་བཅུ་པའི་གསུམ་པ་ནས། ཆོས་སྐུའི་མཚན་ཉིད་རིག་མའི་སྐྱེས་བུ་གྲུབ་པ་ནི་གང་དུ་ཡང་མི་འགྲོ། གང་དུ་ཡང་མི་གནས། ཐོག་མ་ཐ་མ་དབུས་དང་བྲལ་བ། ཞེས་བྱ་བ་ལ་སོགས་པས་བསྟན་པས། དེའི་དོན་དྲི་བའོ། །ལོངས་སྤྱོད་ཅེས་བྱ་བ་དང༌། སྤྲུལ་པ་ཞེས་བྱ་བའི་དྲི་བ་ནི། དེ་ཉིད་གཅིག་པུས་སེམས་ཅན་གྱི་དོན་བྱེད་པས་ཞེས་བྱ་བ་ལ་སོགས་པས་བཅུ་པའི་གསུམ་པ་དེ་ཉིད་ནས་གཟུགས་སྐུས་དོན་བྱེད་པ་བཤད་པའི་དེའི་དོན་ཇི་ལྟར་ལགས་པ་དྲིས་པའོ། །ཡང་ན་དྲི་བ་འདི་ཡང་དང་པོའི་གསུམ་པ་དེ་ཉིད་ནས། རྣམ་རྟོག་མེད་པའི་ཆོས་རྣམས་ལས། །སེམས་ཅན་དོན་ནི་ཡོངས་སུ་བརྟག །ཅེས་བྱ་བ་ལ་སོགས་པས་ཆོས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་གཟུགས་སྐུས་དོན་བྱེད་པ་བཤད་པས། དེའི་དོན་ལོངས་སྤྱོད་དང་སྤྲུལ་པ་གང་ལ་བྱ་དྲི་བའོ། །རྡོ་རྗེ་ཉི་འབྱུང་ཞེས་པ་དང༌། པདྨ་གར་དབང་ཞེས་པ་དང༌། དེ་བཞིན་རྟ་མཆོག་ཅེས་པ་ནི། བརྟག་པ་གཉིས་པ་དངོས་ཀྱི་རིགས་བཞིའི་དཀྱིལ་འཁོར་དྲི་བ་ཡིན་ལ། ལྷ་མོ་དེ་བཞིན་ཞེས་བྱ་བས་ནི་ཡུམ་བཞིའི་དཀྱིལ་འཁོར་བསྟན་པའི་དགོས་པ་ཇི་ལྟར་ལགས་དྲི་བའོ། །ཧེ་རུ་ཀ་ཇི་ལྟར་གསུངས་ཞེས་པ་ནི། གཉིས་པའི་གསུམ་པའི་ཧེ་རུ་ཀ་གསུངས་པ་དང༌། གསུམ་པའི་དང་པོར་དཔལ་ཧེ་རུ་ཀ་གསུངས་པའི་དགོངས་པའི་དོན་ཅི་ཡིན་པའོ། །གཤིན་རྗེའི་གཟུགས་ནི་བརྟག་པ་བདུན་པ་དངོས་ནས་འབྱུང་བའི་དོན་དྲི་བའོ། །ཆོ་ག་ཅི་གསུངས་པ་ནི། བདུན་པ་དངོས་ནས་ལྷའི་རྣལ་འབྱོར་གྱིས་ཞི་བའི་ལས་འགྲུབ་པར་གསུངས་པ་དང༌། ཡང་སྦྱིན་སྲེག་གིས་ཞི་བའི་ལས་འགྲུབ་པར་གསུངས་པའི་དགོངས་པའི་དོན་ཅི་ལ་བྱ་དྲི་བའོ། །ཀླ་ཀློའི་སྐད་ནི་བཞི་པའི་དང་པོ་ལས། ཡི་གེ་དང་ངག་གི་བརྡ་བསྟན་པ་དེ་ཅི་ལ་དགོངས་ཤིང་དེའི་དགོངས་པའི་དོན་ཅི་ཡིན་དྲི་བའོ། །སྔགས་བཏུ་བ་དང་སྔགས་ཇི་ལྟར་བཟླ་བའི་དྲི་བ་ནི་བརྟག་པ་བདུན་པའི་གསུམ་པ་ནས། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །གསང་བའི་པདྨར་མཱ་མ་ཀཱི། །ཞེས་བྱ་བ་ལ་སོགས་པས་སྔགས་བཏུ་བ་གསུངས་པ་ལ། དེ་ཅི་ལ་དགོངས་ཤིང་ཇི་ལྟར་བཟླ་ཞེས་དྲི་བའོ། །དེ་ལྟར་ན་དྲི་བའི་ཚིག་དྲུག་ཅུ་རྩ་བཞི། བརྟག་པ་བཅུ་པོ་རྣམས་དང་རྒྱུད་སྡེ་གཞན་གྱི་དོན་འཐོར་བུ་ཡང་ཅི་རིགས་པར་དྲི་བ་བསྟན་ཏོ།།  །།ད་ནི་ལན་བསྟན་པ་ལས་ལན་ཉི་ཤུ་རྩ་དྲུག་གི་དང་པོར། དང་པོའི་གསུམ་པ་ལས་འབྱུང་བའི་དོན་སྟོན་ཏོ། །དེ་ལ་དྲི་བའི་དབང་དུ་བྱས་ན་དེ་ལ་གསང་བ་ཇི་ལྟ་བུ་དང༌། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་དྲི་བའི་ལན་བསྟན་པ་ལས། དེ་ལས་དང་པོ་བརྩམ་པར་བྱས་ནས། ཞེས་པ་ནི། བརྟག་པ་དང་པོའི་དང་པོར་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་ཉིད་གསུངས་པ་ལ། དེའི་དོན་བཤད་པ་ནི་དང་པོ་དངོས་སུ་བཤད་དོ། །འདིར་ཡང་རྗེས་སུ་ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག་ཉིད་ནི་དང་པོའི་གསུམ་པ་ནས་བསྟན་ལ། དེའི་བཤད་པ་འདིར་བརྗོད་ཅེས་པའོ། །ད་ནི་གསང་བའི་བཤད་པ་ལ་འཇུག་པ་ལས། བདུན་གྱི་རྣམ་པ་སྟེ། བདུན་པ་ཞེས་པ་ནི་སྦས་པའི་དོན་དུ་བཤད་པ་ལས། དེ་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་ལྟར་བཤད་ན། དྷར་ཙཀ་གི་ལྟེ་བའི་ཧཱུཾ་ལ་རེ་ཁའམ་རི་མོ་བདུན་གྱིས་བསྐོར་བའོ། །གཉིས་པ་བརྗོད་དུ་མེད་པ་ནི། དེ་ལྟ་བུའི་དྷར་ཙཀ་གི་ཧཱུྃ་གིས་མཚོན་ནས་ཙཀྲ་བཞི་ཀ་དང༌། དེ་དག་ལ་བརྟེན་ནས་གཏུམ་མོ་སྦར་བས་རང་བྱུང་གི་ཡེ་ཤེས་སྐྱེས་པ་ནི་མྱོང་བཞིན་དུ་བརྗོད་དུ་མེད་བྱས་བརྒྱད་པ་བརྗོད་དུ་མེད་པའོ། །དབང་ལྟར་བཤད་ན་བདུན་པ་ནི་བུམ་དབང་དྲུག་དང་གསང་དབང་དང་བདུན་ནོ། །བརྒྱད་པ་བརྗོད་དུ་མེད་པ་ནི། ཤེས་རབ་ཡེ་ཤེས་ཏེ་ལྷན་ཅིག་སྐྱེས་པའི་དགའ་བ་དེ་མྱོང་བཞིན་དུ་བརྗོད་པར་མི་ནུས་པས་སོ། །གསང་བ་སེམས་དང་སེམས་ལས་བྱུང༌། །ཞེས་བྱ་བ་ལ་སོགས་པས་དེ་ཉིད་མཐར་ཐུག་ཏུ་བཤད་པ་སྟེ། སེམས་ནི་དམིགས་པ་མེད་པའི་སྙིང་རྗེའོ། །སེམས་ལས་བྱུང་བ་ནི་དམིགས་པ་མེད་པའི་ཤེས་རབ་བོ། །དེ་ལྟ་བུའི་སྙིང་རྗེ་དང་ཤེས་རབ་དབྱེར་མི་ཕྱེད་པ་ནི་དེ་བཞིན་གཤེགས་པ་ཡིན་ལ། དེ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་གསང་བའོ། །ངོ་བོ་གཅིག་པས་ཞེས་བྱ་བ་ནི་གསང་བ་ཞེས་བྱ་བ་དེ་ཉིད་ཀྱང་མཐར་ཐུག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་བཞུགས་གནས་ལ་བཤད་དེ། ངོ་བོ་གཅིག་པས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །དེ་ལ་གསང་བ་འབྱུང་བ་ནི་སྣོད་མ་ཡིན་པ་ལའོ། །ཆོས་ཀྱི་དབྱིངས་དེར་བཞུགས་པ་པོ་བསྟན་པ་ནི་ནམ་མཁའ་ཐམས་ཅད་དུ་ལ་སོགས་པས་བསྟན་ཏེ། མཛད་པ་ཅི་མཛད་ཅིང་བཞུགས་ན། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདོད་ཆགས་ཀྱིས་འདུལ་བའི་སེམས་ཅན་རྣམས་མི་སྤང་བའི་ཕྱིར་ལྷན་ཅིག་སྤྱོད་མ་སྤྱན་ལ་སོགས་པ་དང༌། རྗེས་སུ་འབྲང་མ་གཽ་རཱི་ལ་སོགས་པ་དང༌། རོལ་པའི་ཚུལ་གྱིས་ཆགས་ཅན་རྣམས་འདུལ་བར་མཛད་ཅིང་བཞུགས་པའོ། །ཀྱེ་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པས་ནི་མཆོག་གི་བཤད་པ་སྟེ། གསང་བའི་དོན་བཞུགས་པའི་གནས་དེ་ཉིད་ལ། མཆོག་ཅེས་ཀྱང་སྟོན་པ་སྟེ། མཆོག་གི་གཏན་ཚིགས་ཏེ། ཡེ་ཤེས་དམ་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་ཅེས་པའོ། །དགྱེས་པ་ནི་ཉམས་དགའ་བ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ་ཉིད་ལ་དགྱེས་པ་འབྱུང་བའི་གཞི་ཡིན་པས་དགྱེས་པ་ཞེས་བྱའོ། །ཅི་སྟེ་དགྱེས་པ་འབྱུང་བའི་གཞི་ཡིན་ན་སྤྱན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་ཆོས་ཀྱི་དབྱིངས་དེར་བཞུགས་ནས་སྤྱན་ལ་སོགས་པ་དང་སྦྱོར་བ་ལས་ཟག་པ་མེད་པའི་བདེ་བ་ཉམས་སུ་བསྟར་བའོ། །དེ་བས་ན་དགྱེས་པ་ནི་ཟག་མེད་བདེ་བ་ཡིན་ལ། དེ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་པས་དེ་ལ་ཡང་དགྱེས་པ་ཞེས་པའི་དོན་ཏོ། །དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང༌། ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་ཀྱི་དོན་རྒྱས་པར་བཤད་པའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་དྲི་བ་གཉིས་པའི་ལན་བསྟན་ཏེ། དེ་ཡང་མདོར་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དེ་ཉིད་རྣམ་པར་སྣང་མཛད་ཀྱི་ཡང་ངོ་བོ་ཡིན། མི་བསྐྱོད་པའི་ངོ་བོ་ཡང་དེ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བས་ན་ཐམས་ཅད་རྒྱལ་བ་ལྔ་ཡིན་ལ། །བདག་ཉིད་ཀྱིས་ནི་རྒྱལ་བ་ལྔ་པོ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གཅིག་པས་སོ། །དེ་ལྟར་ན་གསང་བ་མཆོག་གི་དགྱེས་པ་རྐང་པ་གསུམ་གྱིས་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་ནི། སངས་རྒྱས་ཀུན་གྱི་ངེས་དོན་ཅི། །ཞེས་པའི་ལན་བསྟན་ཏེ། གནས་དེར་བཞུགས་པ་པོ་སྟེ། རིགས་ལྔས་བསྡུས་པའི་ངོ་བོ་དྲུག་པ་ནི་སངས་རྒྱས་ཀུན་གྱི་དངོས་པོའོ། །ནུས་པའི་ཕྱིར་ཞེས་པ་ནི་སེམས་ཅན་གྱི་དོན་ལ་སེམས་མ་ཞུམ་ཞིང་དཔའ་བའོ། །རྡོ་རྗེ་ནི་ཐབས་ཤེས་རབ་སྟེ་དམིགས་པ་མེད་པའི་ཨུ་པ་ཡའོ། །སེམས་དཔའ་དང་བདེ་བ་མཆོག་གི་དོན་བཤད་པ་ནི་གོ་སླའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནས། མར་ནི་མཉམ་པར་སྦྱོར་བ་ཅི། །ཞེས་པའི་ལན་བསྟན་ཏེ། འདིས་ཀྱང་བཞུགས་པ་པོའི་ངོ་བོ་རྒྱས་པར་བཤད་པ་བསྟན་ཏོ། །མི་འདོད་པའི་ཕྱིར་རོ། །ཞེས་བྱ་བ་ནི་དྲི་བ་སྟོན་པའི་སྐབས་ན་དྲི་གཞི་འདི་ནི་བཅོམ་ལྡན་རྣལ་འབྱོར་ཏེ། ཞེས་པ་དང༌། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞེས་པ་དོན་གཅིག་པ་མ་ཡིན་ཏེ། དོན་ཐ་དད་པ་ཡིན་ནོ་ཞེས་པའོ། །འོན་ཀྱང་གཞན་ཉིད་དུ་བརྗོད་པར་བྱ་བའི་ཕྱིར་ཞེས་པ་ནི་དོན་གཅིག་པར་མི་འདོད་པ་ལས་གཞན་གཅིག་པ་ཉིད་དུ་བརྗོད་པར་བྱ་ཞེས་པའོ། །དོགས་པས་བསུ་ནས་ཞེས་པ་ནི་དོན་གཅིག་པ་མ་ཡིན་ཏེ། ཐ་དད་པ་ཡིན་ནམ་སྙམ་པའི་དོགས་པས་བསུ་བའོ། །བཀའ་སྩལ་པ་ནི། འདི་ནི་བཅོམ་ལྡན་རྣལ་འབྱོར་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཞེས་པ་ཐ་དད་པ་མ་ཡིན་ཏེ། གཅིག་པར་བཀའ་སྩལ་བའོ། །དེ་ལ་སངས་རྒྱས་ཀུན་ནི་རྒྱལ་བ་ལྔ་དང༌། དྲུག་པ་རྡོ་རྗེ་འཆང་ངོ༌། །དེ་དག་ནི་སྦྱོར་བྱེད་དོ། །སྦྱོར་བ་ནི་མཁའ་འགྲོ་མའི་དྲྭ་བ་སྟེ་ལྷན་ཅིག་སྤྱོད་མ་དང་རྗེས་སུ་འབྲང་བའི་ཚོགས་སོ། །བརྟན་པ་རྟག་པ་ཞེས་པ་ལ་སོགས་པས་ནི། བཞུགས་པ་པོ་དེའི་མཛད་པའི་ཕྲིན་ལས་བསྟན་ཏེ། རྣམ་པར་རྟོག་པའི་རླུང་གིས་མི་གཡོ་ཞེས་པའི་སྒྲུབ་པ་པོས་སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་དེ་སེམས་ཅན་གྱི་དོན་བྱེད་པས་ན་དོན་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་སོ། །མཐའི་མཐའ་ཇི་སྲིད་པར་གནས་པར་བརྟག་པ་ནི། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་དོན་མཛད་པའི་འགག་པ་མེད་པའི་ཡན་ལག་ནི་རྟག་པའོ། །མཆོག་ཏུ་ཡིད་སྲུབས་པ་ནི་ཡེ་ཤེས་ཀྱི་སྣང་བའི་བཙུན་མོ་རྣམས་དང་སྙོམས་པར་ཞུགས་པ་ལས་ཡིད་ཚིམ་པ་ནི་ཡིད་སྲུབས་པའོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཀྱི་དགོངས་པས་རྒྱུད་ཕྱི་མ་ལྟར་ན་བརྟན་པ་རྟག་པ་མཆོག་ཏུ་ཡིད་སྲུབས། སོ་སོར་སྐྱེས་པའི་སངས་རྒྱས་ཀུན་ཞེས་བྱ་བ་ཡོད་པས། སངས་རྒྱས་ནི་འདིར་ཡེ་ཤེས་ཀྱི་སྣང་བའི་གཟུགས་རྡོ་རྗེ་ལ་སོགས་པ་འདོད་ཡོན་གྱི་ལྷ་མོ་རྣམས་སོ། །དེ་ཡང་རང་གི་བསོད་ནམས་ཀྱི་རྒྱུ་མཐུན་པས་ཞེས་པ་དང༌། སེམས་ཅན་གྱི་དུས་ན་ཡང་རང་གི་སེམས་ཉིད་ཀྱི་སྣང་བའི་ཡུལ་ལྔ་ལྷ་མོ་ལྔར་ཤེས་པར་བྱས་ནས་སྤྱད་པའོ། །འདིར་ནི་རང་གི་ལོངས་སྤྱོད་ཅེས་བྱ་བ་ནི་འབྲས་བུའི་གནས་སྐབས་ན་ཡང་ཡེ་ཤེས་ཉིད་གཟུགས་རྡོ་རྗེ་མ་ལ་སོགས་པར་སྣང་བས་ལོངས་སྤྱོད་ཅེས་བྱའོ། །གཞན་དུ་ན་ནི་ཞེས་བྱ་བ་ནི་རང་གི་སེམས་ཀྱི་སྣང་བ་མ་ཡིན་ནའོ། །ལོངས་མི་སྤྱོད་པ་ནི་རྒྱལ་བ་རྣམས་རང་གི་སེམས་ཀྱི་སྣང་བ་མ་ཡིན་ན། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་པ་ལོངས་མི་སྤྱོད་ཅེས་པའོ། །རྒྱལ་བ་རྣམས་ཀྱིས་ཀྱང་མི་སྤོང་བ་ནི། རྩ་རྒྱུད་ཀྱི་རྟག་ཏུ་རང་བཞིན་མནན་དཀའ་བའི་དོན་ཏོ། །རང་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བའི་དོན་ཡིན་པས་གཟུགས་རྡོ་རྗེ་མ་ལ་སོགས་པ་མི་སྤང་ཞེས་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟ་བུའི་བཞུགས་པའི་ཕྲིན་ལས་བསྟན་ཏེ། གང་འདོད་ཆགས་ཀྱིས་འདུལ་བ་ལ་དེའི་ཆ་ལུགས་དང༌། སྤྱོད་པ་བསྟན་པས་འདུལ་ཏེ། འདོད་ཆགས་རྣམ་པར་དག་པའི་དངོས་གྲུབ་ལ་བཀོད་པ་དང༌། དེ་བཞིན་དུ་གཏི་མུག་ལ་སོགས་པ་རྣམས་ལའང་གོ་བར་བྱ་སྟེ། གང་ལ་གང་གིས་འདུལ་བ་ལ་དེ་དང་དེའི་སྤྱོད་པ་དང༌། དེའི་ཆོས་བསྟན་པས་བཏུལ་ནས་དངོས་གྲུབ་ལ་དགོད་པ་ནི་སྣ་ཚོགས་པའི་ལས་སོ། །གཏམ་བརྗོད་པ་ཞེས་པ་ནི་གདུལ་བྱ་རྣམས་ལ་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་གྱིས་དེ་དག་གི་དངོས་གྲུབ་སྒྲུབས་ཤིག་པའི་ཆོས་ཀྱི་གཏམ་བརྗོད་པའོ། །ཀུན་རྫོབ་ཀྱི་བདེན་པའི། ཞེས་པ་ནི། དོན་དམ་པར་གདམས་ངག་བསྟན་དུ་མེད་ཀྱང་ཞེས་པའི་ཐ་ཚིག་གོ །རང་བཞིན་བརྗོད་པར་བྱ་སྟེ་ཞེས་པ་ནི་གདུལ་བྱ་རྡོ་རྗེ་སེམས་དཔའ་ལ་སོགས་པར་བྱས་པ་དེ་དག་གི་རང་བཞིན་ནོ། །ཡང་ན་སྔར་བཞུགས་པ་པོ་མདོར་བསྟན་ནས་དེའི་རང་བཞིན་རྒྱས་པར་བཤད་ཅེས་པའོ། །བརྟན་པ་ཞེས་བྱ་བ་ལ་སོགས་པས་གདུལ་བྱ་རྡོ་རྗེ་སེམས་དཔའ་ལ་སོགས་པར་གྱུར་པའམ། ཡང་ན་བཞུགས་པ་པོ་རྡོ་རྗེ་འཛིན་པ་དེ། སྤང་བྱ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པས་བསྐྱོད་པར་མི་ནུས་ལ། རྒྱུ་དེ་སྤངས་པས་རྒོལ་བ་ངན་པས་ཀྱང་ཐུབ་པར་དཀའོ། །གཉིས་པ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་བཞུགས་པའོ། །གསུམ་པ་བརྟན་པ་ནི་སྣོད་དོ། །གཡོ་བ་ནི་བཅུད་དོ། །དེ་ལ་བརྟེན་པ་དང་གཡོ་བ་མཛད་པའི་སྐབས་འདིར་མ་འབྲེལ་ཞེ་ན། དེ་རྣམས་ནི་བཅོམ་ལྡན་འདས་ཀྱིས་ཤེས་པར་བྱའོ། །ཞེས་པ་སྟེ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དུའང་རྡོ་རྗེ་སེམས་དཔའ་ཉིད་སྣང་ཞེས་པའོ། །དེ་བས་ན་མ་འབྲེལ་བ་མེད་དོ། །ཇི་ལྟར་ན་བཞུགས་པ་པོའི་བར་གྱིས་དེ་བཞིན་གཤེགས་པ་སྣོད་བཅུད་དུ་སྣང་བས་དེ་བཞིན་གཤེགས་པ་དང་སྣོད་བཅུད་ཅེས་བྱ་བར་བསྟན་ཏོ། །སེམས་ཅན་ཉིད་ཅེས་བྱ་བ་ནས། གསུངས་པའི་བར་གྱིས་སེམས་ཅན་ཉིད། །དེ་བཞིན་ཉིད་ཀྱི་རང་བཞིན་དུ་གནས་པས་ཀྱང་གཅིག་ཅེས་བྱ་བར་བསྟན་ཏོ། །གཡོ་བ་ནི་སྤྲེའུ་ཞེས་པ་ནི། ཡང་བརྟན་གཡོའི་བཤད་པ་རྣམ་པ་གཞན་སྟོན་པ་སྟེ། གཡོ་བ་ནི་སེམས་ཅན་གྱི་སེམས་གློ་བུར་དུ་སྣ་ཚོགས་སུ་གཡོ་བའོ། །བརྟན་པ་ནི་རང་བཞིན་གཉིས་མེད་ལ་མི་འགྱུར་བས་སོ། །སེམས་དཔའ་དང་འཛིན་པའི་ཕྱིར་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཀྱི། སངས་རྒྱས་རྡོ་རྗེ་འཛིན་སོགས་ཞེས་པའི་དོན་ལ་འདིར་སེམས་དཔའ་རྡོ་རྗེ་འཛིན་སོགས་སུ་བཤད་པ་སྟེ། སེམས་དཔའ་ནི་སེམས་ཅན་གྱི་དོན་ལ་སེམས་མ་ཞུམ་པར་སྔར་བསྟན་ཟིན་ཏོ། །འཛིན་པ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་དམིགས་པ་ལ་རྩེ་གཅིག་པའོ། །ངེས་པར་འབྱེད་པས་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེས་ནི་ཤེས་རབ་བསྟན་ལ། དེས་ཆོས་ཉིད་དང་ཆོས་ཅན་སོ་སོ་བ་ཐམས་ཅད་སོ་སོར་འབྱེད་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་སེམས་ཉིད་ལ་བརྟན་པ་དང་གཡོ་བ་གཉིས་སུ་གོང་དུ་བཤད་པ་དེ་ཉིད་ཀྱི་ཕྱིར་རོ། །སེམས་གཡོ་བར་གསུངས་པ་ནི་གློ་བུར་དུ་སེམས་ལ་གཡོ་བར་བཞག་པའོ། །འོ་ན་ཕྱི་རོལ་སྣོད་ལ་སོགས་པ་དེ་གཡོ་བ་ཡིན་ནམ་ཞེ་ན། ཕྱི་རོལ་ལ་སོགས་པ་དེ་ཀུན་རྫོབ་ཏུ་གཡོ་བར་མི་བཞག་སྟེ། གཅིག་དང་དུ་མས་དངོས་པོ་མེད། །ཅེས་པ་སྣོད་ལ་སོགས་པ་ཕྱི་རོལ་ལྟ་བུར་སྣང་བ། རྣམ་པ་གཅིག་དང་དུ་མས་བརྟགས་ན་ཀུན་རྫོབ་ཏུའང་སེམས་ཉིད་རང་ཕྱི་རོལ་དུ་སྣང་གི ལོགས་སུ་གྱུར་པའི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་སེམས་ཉིད་གཅིག་པུ་ལ་གློ་བུར་དང་རང་བཞིན་གྱི་ཆས་བརྟན་གཡོ་བཞག་ཅེས་བྱའོ། །ཐམས་ཅད་དང་དངོས་པོའི་སྲིད་པ་བརྗོད་པ་ནི་བརྟན་གཡོ་སྣོད་བཅུད་ལ་བཞག་པའི་ཕྱོགས་ཀྱི་རྒྱས་བཤད་དུ་འགྱུར་རོ། །རྩ་བའི་རྒྱུད་ཀྱིས། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །ཞེས་པའི་དོན་གྱིས་ནི་མཉམ་པར་སྦྱོར་བ་ཅི་ཞེས་བགྱི་བའི་དྲི་བའི་ལན་བསྟན་པ་སྟེ། སངས་རྒྱས་ཀུན་ནི་རྒྱལ་བ་ལྔའོ། །མཉམ་པར་སྦྱོར་བ་ནི་ཆོས་ཀྱི་འབྱུང་གནས་ཞེས་པ་དེ་བཞིན་ཉིད་ཀྱི་ཕོ་བྲང་དུ་རྒྱལ་བ་དང༌། ལྷ་མོ་ཐམས་ཅད་མཉམ་པར་སྦྱོར་བ་སྟེ་དེའི་ངོ་བོར་གནས་ཞེས་པའོ། །ཡང་སྦས་པའི་དོན་དུ་བཤད་ན་ཆོས་ཀྱི་འབྱུང་གནས་སུ་སྦྱོར་ཞེས་པ་རྒྱལ་བ་རྣམས་དང་ལྷ་མོ་རྣམས་ཀཀྐོ་ལར། བོལླ་སྦྱོར་བའི་ཚུལ་གྱིས་མཉམ་པར་སྦྱོར་ཞེས་བྱའོ། །གང་དང་ལྷན་ཅིག་སྐྱེས་པ་ནི་སྦྱོར་བྱེད་དྲིས་པའོ། །བཅོམ་ལྡན་འདས་ནི་དྲུག་པ་རྡོ་རྗེ་འཆང་སྦྱོར་བྱེད་དོ། །དེ་འབའ་ཞིག་དང་སྦྱོར་རམ་ཞེ་ན་མ་ཡིན་ཏེ། རང་གི་ངོ་བོས་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་རིགས་ལྔ་དང་ཡུམ་བཞི་སྤྲུལ་ནས་སྦྱོར་ཞེས་བྱའོ། །དེ་ནས་ཡན་ལག་དགུ་ཡིས་སོ་ཞེས་འབྱུང་ངོ༌། །འོ་ན་གཅིག་ཡིན་ན་དགུར་སྤྲུལ་པ་མི་འཐད་ལ། དགུར་སྤྲུལ་ན་གཅིག་ཡིན་པ་མི་འཐད་དོ། །ཞེ་ན་དེ་ལ་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལན་ཏེ། གཅིག་གིས་ཐམས་ཅད་ནས། ལོངས་སྐུ་རྡོ་རྗེ་སེམས་དཔའ་གཅིག་གིས་ཀྱང་རིགས་ལྔ་དང༌། ཡུམ་བཞིར་སྤྲུལ་ཞེས་པའོ། །བདག་ཉིད་ཀྱིས་ཆུ་དང་འོ་མ་ལྟར་ཞེས་པས་ལོངས་སྐུ་དང་དེའི་རྣམ་འཕྲུལ་གཉིས་ཀྱང༌། ཆོས་སྐུའི་ངོ་བོ་ཉིད་དུ་རོ་གཅིག་པས་ཐ་དད་པ་མ་ཡིན་ཞེས་བྱའོ། །དེ་ནས་ཞེས་བྱ་བ་དེའི་དབང་གིས་ཆོས་སྐུ་དང་གཟུགས་སྐུ་ཐ་དད་པ་མ་ཡིན་ལ། ལོངས་སྐུ་རྒྱལ་བ་ལྔ་ལ་སོགས་པར་སྤྲུལ་ནུས་པ་དེའི་དབང་གིས་ཞེས་བྱ་སྟེ། འདི་དག་གིས་ནི་སྔ་མའི་དོན་རྒྱས་པར་བསྟན་ཏོ། །དེ་ལས་གཞན་པ་ལྷན་ཅིག་ཡང་དག་པར་སྦྱོར་བས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་ཞེས་པ་ནི་མི་འདྲ་བ་གཞན་སྟོན་ཏེ། སྔར་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མཉམ་པར་སྦྱོར་བ་ལ་བྱ་ལ། འདིར་ནི་སངས་རྒྱས་དང་མཉམ་པར་སྦྱོར་བ་ཞེས་པ་རྒྱལ་བ་ལྔ་ལ་སོགས་པ་སྤྲུལ་ནས་འགྲོ་བའི་དོན་བྱེད་པ་ནི་དོན་བྱེད་མཁན་རྒྱལ་བ་རྣམ་སྣང་ལ་སོགས་པ་རྣམས་དང༌། དོན་བྱས་པའི་སེམས་ཅན་རྒྱལ་བ་རྣམས་ཀྱང་ལྷ་མོ་རྣམས་ཀྱི་གོ་འཕང་ལ་བཀོད་པ་དེ་དག་དང༌། བུདྡྷ་རྣམས་མཛད་པ་མཉམ་པར་སྦྱོར་བ་སྟེ། སེམས་ཅན་གྱི་དོན་དེ་དག་གིས་ཀྱང་བྱེད་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་གང་གིས་མིང་གི་ལན་ཏེ། འདིར་མཁའ་འགྲོ་མ་ཞེས་པ་ཡང་གཞན་དུ་མི་བརྟག་སྟེ། བཞུགས་པ་པོ་རྡོ་རྗེ་འཛིན་པ་དེ་ཉིད། མཛད་པ་ཕྲིན་ལས་སེམས་ཅན་རྣམས་གང་ལ་ཅིས་འདུལ་བ་དེ་ལ་དེར་བསྟན་ནས་དོན་མཛད་པའི་དུས་སུ། སྤྲུལ་པ་སྣ་ཚོགས་པ་ཕྱོགས་བཅུར་འགྲོ་བས་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བ་ཉིད་ལ་མཁའ་འགྲོ་མ་ཞེས་བྱའོ། །དྲྭ་བ་ཇི་ལྟ་བུའི་ལན་ནི་དྲྭ་བའི་སྒྲས་ཞེས་པ་ལ་སོགས་པ་སྟེ། འདིར་དྲྭ་བའི་དོན་ནི་སྤྲུལ་པའི་ཚོགས་དཔག་ཏུ་མེད་པའི་ཞེས་པ་ལ་སོགས་པའི་དོན་ཏོ། །སྡོམ་པ་ཞེས་བྱ་ཅི་ཞེས་པའི་ལན་ནི་སྡོམ་པའི་སྒྲས་ཞེས་པ་ལ་སོགས་པ་སྟེ། འདིས་སམྦ་རའི་སྒྲས་ཁྱད་པར་དུ་འཕགས་པའི་བདེ་བ་ནི་མཛད་པ་སྟེ། དེ་ཡང་བུད་མེད་ཀྱིས་འདུལ་བ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པར་སྤྲུལ་ནས་དོན་བྱེད་པ་ན། དེ་དག་རྒྱལ་བ་རྣམས་དང་སྙོམས་པར་ཞུགས་པའི་བདེ་བའམ། ཡང་ན་གདུལ་བྱ་རྒྱལ་བ་རྣམས་དང་གཟུགས་རྡོ་རྗེ་ལ་སོགས་པར་གྱུར་པ་དེ་དག་སྙོམས་པར་ཞུགས་པའི་བདེ་བ་ལ་བྱའོ། །བུད་མེད་ཀུན་གྱི་སྒྱུ་མ་ཅིའི་ལན་ནི། བུད་མེད་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་སྐད་དུ་ཡང་སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་རྣམས་བསྟན་ནས། སྡོམ་པ་བཤད་པའི་ཕྱིར་ཞེས་བྱ་བས་ནི་རྒྱུད་ཕྱི་མ་འདི་ཉིད་ཀྱིས་སྔ་མའི་དོན་རྒྱས་པར་སྟོན་པ་སྟེ། གོང་དུ་སྡོམ་པའི་སྒྲས་བརྗོད་པར་བྱ་སྟེ་ཞེས་པ་ལ་སོགས་པའི་དོན་རྒྱས་པར་སྟོན་ཏོ། །སྟོང་མིན་ཞེས་པ་ལ་སོགས་པས་ནི་ཆོས་ཀྱི་སྐུ་ནི་ཇི་ལྟར་ལགས། ཞེས་པའི་དོན་སྟོན་ཏེ། དེ་ཡང་དང་པོའི་གསུམ་པ་དེ་ཉིད་དུ་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་མཚན་ཉིད་ཐུན་མོང་མ་ཡིན་པའི་འབྲས་བུའི་རྒྱུད་བཤད་པས་དེའི་དོན་འདིར་འཆད་དོ། །དེ་ལ་སྟོང་པ་མ་ཡིན་པ་ནི་ཁམས་གསུམ་པོའི་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི། རྟོག་མཁན་དེ་དག་གི་བསམ་ངོར་མེད་པ་མ་ཡིན་པས་སྟོང་པ་མ་ཡིན་པའོ། །སྟོང་པ་མིན་པའང་མིན་ཏེ། སྟོང་པ་ཞེས་པ་ནི་ས་བཅུ་གསུམ་པ་མངོན་དུ་བྱས་པའི་རྣལ་འབྱོར་པའི་ཡེ་ཤེས་ཀྱི་ཁམས་གསུམ་པས་བརྟག་པའི་གཟུང་འཛིན་མེད་པར་རྟོགས་པས་སྟོང་པའོ། །དབུ་མར་དམིགས་པར་མི་འགྱུར་ཞེས་པ་ནི། རྩ་བའི་རྒྱུད་ཀྱི་དབུ་མར་དམིགས་པར་མི་འགྱུར་ཞེས་པ་དེ་རྒྱུད་ཕྱི་མ་འདིས་དབུ་མར་དམིགས་པར་འགྱུར་བར་འཆད་དེ། གཟུང་འཛིན་དང་བྲལ་བའི་དམིགས་པ་མེད་པའི་ཤེས་རབ་དང༌། སྙིང་རྗེ་དབྱེར་མེད་དུ་དམིགས་ཞེས་པའོ། །དེའང་ཞེས་བྱ་བ་ལ་སོགས་པས་ནི་དབུ་མ་དེ་ཉིད་ཀྱི་དོན་རྒྱས་པར་སྟོན་པའོ། །ཅིར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི། འབྲས་བུ་དེ་འགྲུབ་པའི་རྒྱུ་ལམ་གྱི་གནས་སྐབས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ལས་བདག་མེད་པར་བསྒོམ་པ་བསྟན་ཏོ། །སེམས་ཅན་དོན་ནི་ཡོངས་སུ་རྟོགས། །ཞེས་བྱ་བ་ལ་སོགས་པས་ནི་གཟུགས་སྐུ་གཉིས་ཀྱང་བསྟན་པར་སེམས་ཏེ། འདིས་ལོངས་སྤྱོད་རྫོགས་པ་ཅི་ཞེས་པ་དང༌། སྤྲུལ་པ་ཡང་ཅི་ཞེས་པའི་ལན་དུ་ཡང་འགྲོ་བར་སེམས་སོ། །འདིས་ནི་བརྟག་པ་བཅུ་པའི་གསུམ་པའི་ཆོས་སྐུའི་མཚན་ཉིད་ཀྱང་བསྟན་ཏེ། དེ་གསལ་བའམ་རྒྱས་པར་བྱ་བ་མ་ཡིན་ཡང༌། མཚན་ཉིད་གཅིག་ཏུ་གཏན་ལ་ཕབ་པས་བརྟན་ཞིང་ངེས་པར་འགྱུར་རོ། །སྐུ་གཉིས་པའི་དོན་ཡང་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །ཐེག་པ་དང་ཆེན་པོ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། དང་པོའི་གསུམ་པར་ཐབས་ཀྱི་རྒྱུད་ཞར་ལ་བསྟན་ནས། དེ་ནས་ཐེག་པ་ཆེན་པོ་ལས་བྱུང་བའི་བསྒོམ་པས་ཡོན་ཏན་རྒྱས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པའི་དོན་གསལ་བར་རྒྱས་པར་འཆད་པར་འགྱུར་རོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི། བསྟོད་པའི་དོན་འགྲེལ་པའི་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པས་ནི། བདག་དང་བདག་གི་ཇི་ལྟར་ལགས། །ཞེས་པའི་ལན་ནོ། །སེམས་དང་སེམས་བྱུང་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་སེམས་དང་སེམས་བྱུང་ཉིད་ཀྱི་ལན་བསྟན་ཏོ། །ཡེ་ཤེས་ཞེས་བྱ་བའི་བདག་ཉིད་ཅེས་པ་ལ་སོགས་པས་ནི་སེམས་ཀྱི་ངོ་བོའི་ཡེ་ཤེས་གསུངས་ཞེས་པ་དང༌། དེ་བཞིན་རྣམ་པར་ཤེས་པ་ཉིད། །ཅེས་བྱ་བའི་ལན་ཏེ། སེམས་ཅན་རྣམས་ཀྱི་སེམས་ནི་སེམས་ཡིན་ལ། དེ་ལ་ཕྱི་རོལ་པས་ཕྱིན་ཅི་ལོག་དུ་མར་བརྟགས་པ་ནི་ཡེ་ཤེས་སོ། །ཆོས་ཅན་དངོས་པོ་ཉིད་ཅེས་བྱ་བ་ལ་སོགས་པས་ནི། དེ་བཞིན་ཆོས་དང་ཆོས་ཅན་གྱི་ལན་བསྟན་ཏེ། མདོར་ན་ཆོས་ཅན་གྱི་གྲུབ་མཐའ་དུ་མའི་ཆོས་ནི་གནས་ལུགས་གཅིག་ཡིན་པ་དང༌། ཐར་པ་གཅིག་ཡིན་པའོ། །དེ་ལ་ཡན་ལག་གི་དོན་བརྗོད་ན་རྗེས་སུ་འགྲོ་ཞེས་པ་ནི་གྲུབ་མཐའ་དུ་མར་རོ། །ལྡོག་པར་གསུངས་པ་ནི་གྲུབ་མཐའ་དུ་མ་ཡོད་ཀྱང་དངོས་པོ་དུ་མ་ལས་ལོག་སྟེ། གཅིག་ཡིན་ཞིང་ཐར་པ་ཡང་གཅིག་ཡིན་པའོ། །གཅིག་དང་དུ་མ་ཞེས་པ་ནི་ཆོས་དངོས་པོའི་གནས་ལུགས་འབྲས་བུ་གཅིག་ཀྱང་ཆོས་ཅན་གྲུབ་མཐའ་དུ་མའོ། །བསྒྲུབ་བྱ་ཞེས་པ་ནི་དངོས་པོའི་གནས་ལུགས་དང་ཐར་པ་གཅིག་ཏུ་བསྒྲུབ་པའོ། །ཆོས་ཅན་དེ་དག་ཅེས་པ་ནི་གྲུབ་མཐའ་དུ་མའོ། །གཏན་ཚིགས་ནི་དངོས་པོའི་གནས་ལུགས་གཅིག་ཡིན་པ་དང་ཐར་པ་གཅིག་ཡིན་པའི་ཕྱིར་རོ། །དཔེ་ནི་དུ་མའི་དཔེ་ཆུ་བོ་དང༌། གཅིག་པའི་དཔེ་རྒྱ་མཚོ་སྟེ། འདིས་ནི་ཆུ་བོ་ཅི་ལ་བྱ་བ་དང༌། རྒྱ་མཚོ་གང་ལ་བྱ་དྲིས་པའི་ལན་ཡང་བསྟན་ཏོ། །གང་གི་ཕྱིར་གཅིག་པུ་དང་མང་བ་ཉིད་དོ། །ཞེས་བྱ་བ་ལ་སོགས་པས་ནི། སྣ་ཚོགས་ཉིད་ནི་ཁྱོད་གསུངས་ན། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་པའི་ལན་བསྟན་ཏེ། དཔེ་དོན་གཉིས་ཀས་དེའི་ལན་དུ་འགྱུར་རོ། །ཇི་ལྟར་ནང་དུ་རྣམ་གནས་པའི་དོན་ནི། རྩ་བའི་རྒྱུད་ཉིད་དུ་རང་བཞིན་ལྷན་ཅིག་སྐྱེས་པར་གསལ་བས་དེར་འཆད་ལ། འདིར་ནི་ལྷན་ཅིག་སྐྱེས་པ་ལྷན་ཅིག་སྐྱེས་པར་བཤད་དོ། །ད་ནི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ་ལས་འབྱུང་བའི། སྒྲ་མཐའ་དེ་བཞིན་གསང་པདྨ། །ཞེས་བྱ་བ་ལ་སོགས་པའི་དོན་གསལ་བར་སྟོན་ཏོ། །དེ་ལ་དྲི་བའི་དབང་དུ་བྱས་ན་གསང་བའི་གནས་ནི་མི་འཚལ་བས། ཞེས་པའི་ལན་སྟོན་ཏོ། །དེ་ལ་གསང་བ་དང་པདྨ་གཉིས་ལས། གསང་བ་ཞེས་པ་ནས་བཀའ་སྩལ་ཏོའི་བར་གྱིས་པདྨ་བཤད་དོ། །གསང་བ་ཞེས་པ་མན་ཆད་གསང་བའི་བཤད་པའོ། །བསྡུས་པའི་དོན་ཏོ། །དེ་ལ་པདྨ་བཤད་ན་རང་བྱིན་གྱིས་བརླབ་པའམ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་དབང་དུ་བྱས་ཏེ་ལྟེ་བའམ་གསང་བའི་རྡོ་རྗེ་དང་པདྨའི་གནས་དག་གི་ཨ་བ་དྷཱུ་ཏཱིའི་ཆ་ཤས་ལ་བྱའོ། །ཐ་མལ་པ་ལ་ཡང་རྡོ་རྗེ་དང་པདྨའི་ཁ་ཁྭ་མུ་ཁ་ལ་གནས་སོ། །དེ་ལྟ་བུའི་རྩ་དེ་ལ་མཛེས་པའི་སྤྱི་བོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། རྩ་དེའི་གནས་སུ་བདུད་རྩི་ལྔ་མཛེས་པར་བྱས་པ་ན་ཡང་མཛེས་པའི་སྤྱི་བོ་སྟེ། ཤ་ཆེན་དང་དྲི་ཆེན་གཉིས་གཞུང་ན་མི་གསལ་ན་ཡང་རཀྟས་ནི་ཤ་ཆེན་མཚོན་ལ། དྲི་ཆུས་དྲི་ཆེན་མཚོན་ཏེ་གོ་བར་བྱའོ། །ཡང་ན་གནས་དེ་དག་བྱང་ཆུབ་ཀྱི་སེམས་འབྱུང་བ་ལྔའི་རང་བཞིན་གྱིས་མཛེས་པས་མཛེས་པའི་སྤྱི་བོ་ཞེས་བཤད་དོ། །དེ་བས་ན་གསུམ་པའི་གསུམ་པ་ནས་འབྱུང་བའི་དོན། ཇི་ལྟར་ནང་དུ་རྣམ་གནས་པ། །ཞེས་པ་དང༌། ལྔ་པའི་གཉིས་པའི་དོན། སྒྲ་མཐའ་དེ་བཞིན་གསང་བ་པདྨའི་དོན་བཤད་པ་གཉིས་སྦྲེལ་ཏེ་གཅིག་ཏུ་བཤད་དོ། །གསང་བ་ཞེས་བྱ་བ་ནི་རྣམ་པ་བདུན་ཏེ། ཞེས་བྱ་བ་ནི་གོང་དུ་པདྨ་བཤད་ནས། གསང་བ་བཤད་པར་འདོད་པ་སྟེ། རྣམ་པ་བདུན་ཏེ་ཞེས་པ་ནི། རང་བྱིན་གྱིས་བརླབ་པ་ལྟར་ན། དྷར་ཙཀ་གི་ཧཱུྃ་ལ་རི་མོ་བདུན་གྱིས་བསྐོར་བའོ། །དབང་ལྟར་ན་བདུན་ནི་བུམ་དབང་དྲུག་དང་གསང་དབང་དང་བདུན་ནོ། །བརྒྱད་པ་བརྗོད་དུ་མེད་པ་ནི་དང་པོ་ལྟར་ན་རང་བྱུང་གི་ཡེ་ཤེས་དངོས་པོ་མེད་པའོ། །གཉིས་པ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པ་མྱོང་བཞིན་དུ་བརྗོད་པར་མི་ནུས་པའོ། །དེ་ལ་གསང་བ་མི་གསལ་བ་ནི་སྣོད་མ་ཡིན་པ་གབ་ཅིང་གསང་བ་སྟེ། གསལ་བར་མ་བྱས་པའོ། །དེར་གསང་བའི་དེ་ཁོ་ན་བཞི་མདོར་བསྟན་པ་ཞེས་བྱ་བ་ལ་སོགས་པས་ནི། གསང་བ་ཞེས་པའི་ཚིག་དེའི་དོན་གོང་གི་དེ་ལས་གཞན་དུ་འཆད་དོ། །དེ་ཡང་གསང་བ་དེ་ཉིད་བཅུ་ཞེས་པ་ནི་གསང་བ་ཞེས་པའི་ཚིག་དེས་རྒྱུད་ཀྱི་དོན་མཐའ་དག་གི་ལུས་རྣམ་པར་གཞག་པར་འགྲོ་ཞེས་པ་སྟེ། དེ་ལ་ཁོ་ན་ཉིད་བཅུས་ནི་རྒྱུད་ཀྱི་དོན་བསྟན་ལ། དེ་ལ་ཡང་ཡན་ལག་ལྔས་བཅིངས་ནས་རྒྱུད་ཀྱི་ལུས་རྣམ་པར་གཞག་པར་ཡང་འགྱུར་ཏེ། དབང་གི་ཡན་ལག་དང་བསྒོམ་པའི་དེ་ཁོ་ན་ཉིད་རིམ་པ་གཉིས་དང་སྔགས་ཀྱི་ཡན་ལག་དང་སྤྱོད་པའི་ཡན་ལག་སྟེ་ལྔའོ། །གསང་བའི་ས་བོན་ལྔའོ། །ཞེས་པ་ནི་བསྒོམ་པའི་དེ་ཁོ་ནའི་མཚོན་བྱེད་རིགས་ལྔའི་ས་བོན་བསྟན་ཏོ། །དེ་དག་ནི་མདོར་བསྟན་པའོ། །གསང་བ་ནི་དམ་པའི་དངོས་པོ་ཞེས་པ་མན་ཆད་རྒྱས་པར་བཤད་པའོ། །དེ་ལ་ཡན་ལག་ལྔ་ལས་བསྒོམ་པའི་དེ་ཁོ་ན། དེའི་ནང་ནས་ཀྱང་རྫོགས་པའི་རིམ་པ་བསྟན་ཏོ། །དེ་ལ་གསང་བ་དམ་པའི་དངོས་པོ་སྦས་པ་ཞེས་པ་ནས། རྒྱུད་ཀྱི་གཞུང་གིས་བཤད་དོའི་བར་གྱིས་དཀྱིལ་འཁོར་འཁོར་ལོའི་དོན་དབང་ལྟར་བཤད་ལ། གསང་བ་ཡང་ནི་ཞེས་པ་ནས་ཀུན་དུ་བཞུགས་ཞེས་པའི་བར་གྱིས་རང་བྱིན་གྱིས་བརླབ་པ་གཏུམ་མོའི་རྣལ་འབྱོར་དུ་བཤད་དོ། །བྱང་ཆུབ་སེམས་ནི་ཞེས་པ་ནས་སངས་རྒྱས་ཀུན་གྱིས་འཆད་པར་བྱེད་ཀྱི་བར་གྱིས་ཐབས་གཉིས་པོ་དེ་དག་གི་མཚོན་བྱ་དང༌། རྟེན་རྩའི་འཁོར་ལོ་སྤྱིར་བསྟན་ཏོ། །བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གསང་བ་དམ་པའི་དངོས་པོ་ཞེས་པ་ནི་དམ་པ་ནི་ལས་ཀྱི་མུ་དྲཱ་ལ་བརྟེན་པའི་དགའ་བ་བཞིའོ། །དངོས་པོ་ནི་བཞི་པོ་དེའི་རང་རིག་པའོ། །གསང་བ་ནི་གསང་བའི་པདྨ་ཞེས་པ་ནི་དགའ་བ་བཞི་འབྱུང་བ་ནི་ཆོས་འབྱུང་ངོ༌། །གསང་བ་ནི་ལྟེ་བ་ཞེས་པ་ཐབས་ཀྱི་རིགས་ཀྱི་བདག་པའི་ཁའོ། །དགའ་བ་ནི་གཉིས་པོ་དེ་བསྐྱོད་པ་ལས་དགའ་བ་གསུམ་ཉམས་སུ་མྱོང་བའོ། །ཐམས་ཅད་དུ་འགྲོ་བ་ཞེས་པ་ནི་རྩ་ཐམས་ཅད་ནས་བྱང་སེམས་སོང་བ་ལས་རྩ་དང་རླུང་དང་བྱང་སེམས་འཛོམ་པ་གསུམ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བའོ། །བདེ་བ་ཐམས་ཅད་མཐའ་ཡས་པ་ནི་བདེ་བ་ནི་ལྷན་སྐྱེས་ཀྱི་བདེ་བའོ། །ཐམས་ཅད་ནི་རྟེན་བདུད་རྩི་ལྔའི་དྭངས་མའོ། །མཐའ་ཡས་པ་ནི་མི་རྟོག་པ་ལུས་མཐའ་དག་གམ་བརྟན་གཡོ་ཐམས་ཅད་ལ་ཡང་རྒྱས་པའོ། །ཡང་ན་ཚིག་རྐང་དང་པོས་ནི་མཚོན་བྱེད་བསྟན་ལ། ཕྱི་མས་ནི་མཚོན་བྱ་བསྟན་པར་ཡང་སེམས་སོ། །ད་ནི་རང་བྱིན་གྱིས་བརླབ་པ་ལྟར་བཤད་པ་ལས་བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སྤྲུལ་པའི་འཁོར་ལོ་མངོན་དུ་བྱས་པའི་ཞུ་བདེ་ཐ་མི་དད་པ་ལ་བྱའོ། །ཐབས་དང་ཤེས་རབ་ཅེས་པ་ལ་ཐབས་ནི་གཏུམ་མོ་སྦར་བ་ལས་ཡས་བབས་པའི་བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ནི་ལྟེ་བ་ན་གཞིར་གནས་པའོ། །སྙིང་རྗེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་མཚན་མ་དང་རྣམ་པར་རྟོག་པའི་དུཿཁ་དང་བྲལ་བའོ། །སྙིང་པོ་དམ་པ་ཞེས་པ་ནི། རང་བྱུང་གི་ཞུ་བདེ་ལུས་མཐའ་དག་གི་སྙིང་པོ་ཡིན་པས་སོ། །མཉམ་པ་ཉིད་ནི་གཞིར་གནས་པ་དང་ཡས་བབས་པ་འདྲེས་པའོ། །བྱམས་པ་ནི་རང་བྱུང་གི་བདེ་བའོ། །ཆོས་ཉིད་ནི་མི་རྟོག་པའོ། །འདི་རྣམས་ཞེས་པ་ནི་གཞིར་གནས་པ་དང༌། ཡས་བབས་པ་དེ་དག་གི་བདེ་བ་དང་མི་རྟོག་པའོ། །གནས་ཞེས་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའོ། །དེ་དག་གིས་ཐབས་རྣམ་པ་གཉིས་བསྟན་ཏོ། །ད་ནི་དེ་དག་གི་ཐུན་མོང་གི་ཆོས་བསྟན་པ་ལས་བྱང་ཆུབ་ཀྱི་སེམས་ནི་མཚོན་བྱ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །མ་སྐྱེས་པ་ནི་ཕྱི་རོལ་གྱི་རྩོལ་བ་ལས་མ་བྱུང་བས་སོ། །ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་པ་ནི་ཐབས་གཏུམ་མོ་སྦར་བ་ལ་སོགས་པའོ། །མཆོག་ཅེས་པ་ནི་ཐབས་དེ་དག་གི་གནས་གང་ཡིན་ཞེ་ན་རྩ་ཀུན་འདར་རོ། །མཛེས་སྤྱི་ནི་གནས་དེའི་མིང་ངོ༌། །རྡོ་རྗེ་སེམས་དཔའི་དགའ་བ་ཞེས་པ་ཡུམ་སྟེ། སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་ཡང་དྷཱུ་ཏཱིར་བཤད་དོ། །མང་པོའི་གནས་ནི་རྩའི་མདུད་པ་མང་པོར་རོ། །གཅིག་པུ་ནི་དེ་ཐམས་ཅད་ན་ཡང་དྷཱུ་ཏཱིའི་ཆ་ཤས་གནས་པའོ། །ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་ཡིན་པས་རྩ་དབུ་མ་དེ་ལ་ཡང་དེ་སྐད་བྱའོ། །དེ་ལ་བརྟེན་པའི་ཡེ་ཤེས་གཉིས་ཀྱི་མཚན་ཉིད་ནི། ཀུན་མཁྱེན་ཏེ་མི་རྟོག་པ་དང་ལྡན། ཀུན་འགྲོ་སྟེ་རྩ་ཐམས་ཅད་དུ་ཞུ་བ་དང་ལྡན། ཐམས་ཅད་པ་སྟེ་ཁྱབ་པ་རང་རིག་པ་དང་ལྡན། ཕྲ་སྙིང་ཞེས་པ་ལ་སོགས་པས་ནི་རྟེན་རྩ་དེ་འཁོར་ལོ་བཞི་ཆར་ན་གནས་པ་སྟེ། ཕྲ་བའི་པདྨའི་སྐུད་པ་ཙམ་མོ། །སྙིང་ཞེས་པ་ནི་དྷར་ཙཀ་གསང་བ་ལོངས་སྤྱོད། མཁའ་ནི་ནིར་ཙཀ་གོ །སུ་ཙཀ་གི་དོན་གྱིས་གོ་བར་བྱའོ། །སྒྱུ་མའི་གཟུགས་བརྒྱ་རིག་པ་ཞེས་པ་ནི་མཚོན་བྱ་རང་རིག་པའི་ཡེ་ཤེས་དེ་ཉིད་དངོས་པོ་སྣ་ཚོགས་སུ་སྣང་བའོ། །ཡང་ན་རྗེས་ཀྱི་སྤྱོད་པ་སྟེ། རྗེས་ལ་དངོས་པོ་སྣ་ཚོགས་པ་ཐམས་ཅད་ཀྱང་ཡེ་ཤེས་གཉིས་པོ་གང་ཡང་རུང་བའི་ཉམས་མྱོང་དང་མཐུན་པར་སྤྱད་པ་ལ་བྱའོ། །སངས་རྒྱས་ཀུན་གྱི་འཆད་པ་ནི་སྐྱེད་པར་བྱེད་པའམ་ཡུལ་དུ་འཆད་པ་སྟེ། ཡེ་ཤེས་རྣམ་པ་གཉིས་པོ་དེ་ཉིད་གོམས་པ་ལས་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ། དྲུག་གི་བདག་ཉིད་མངོན་དུ་བྱས་ཏེ་སྤྱི་དང་སྦས་པའི་མཐར་ཐུག་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་བའོ། །མེ་ལོང་ལ་སོགས་ཞེས་པ་ལ་སོགས་པས་ཟླ་བ་ཉི་མ་རྫོགས་སངས་རྒྱས་ཀྱི་ལན་བསྟན་ཏེ། ལྔ་པའི་གཉིས་པར་རྫོགས་པའི་བྱང་ཆུབ་རིམ་པར་སྦྱང༌། ཞེས་པ་ལ་མངོན་བྱང་ལྔ་གང་ལ་བྱ་བ་དང༌། དེའི་རང་བཞིན་ནམ་ངོ་བོ་དྲི་བ་སྟེ་དེ་ལ་ལན་ནི། མེ་ལོང་ལ་སོགས་དངོས་པོ་ཡིས། །ཞེས་པ་མངོན་བྱང་ལྔ་ནི་ཟླ་བ་ལ་སོགས་པ་ཡིན་ལ། དེ་དག་གི་ངོ་བོ་ནི་མེ་ལོང་ལ་སོགས་པ་ལྔའོ། །སྔགས་ལྔ་ཞེས་པ་ནི་ཡེ་ཤེས་ལྔའི་མཚོན་བྱེད་ཡི་གེ་ལྔ་སྟེ། ར་ཧ་ས་ཡ་ཨེ་ལྔའམ། ཡང་ན་བྷྲཱུྃ་ཨཱྃ་ཛྲཱིྃ་ཁྃ་ཧཱུྃ་ངོ༌། །ཤེས་རབ་ཕ་རོལ་ཕྱིན་ཞེས་པ་ལ་སོགས་པ་ནི་དང་པོ་དྲུག་འགྱུར་གྱི་ལན་བསྟན་ཏེ། བརྟག་པ་གཉིས་པའི་གསུམ་པ་ནས། སྟོང་ཉིད་གཅིག་ལས་རྡོ་རྗེ་ཅན། །རིགས་ནི་རྣམ་པ་ལྔ་རུ་གསུངས། །ཞེས་པའི་དོན་བསྟན་ཅིང༌། ཅི་ལ་བྱ་དྲིས་པའི་ལན་ཏེ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །དེ་ཉིད་བསྟན་པ་ནི་དང་པོའི་ཡི་གེ་གཅིག་ཅེས། ཨཱ། ཨཱ་དྱ་ནུཏྤནྣ་ཏྭཏ་ཀྱིས་མཚོན་པའོ། །མེ་ལོང་ལ་སོགས་པ་ནི་ཡེ་ཤེས་རྣམ་པ་ལྔའི་དོན་ནམ་རྒྱལ་བ་ལྔའོ། །འོ་ན་རྒྱལ་བ་དྲུག་མ་འདུས་སོ་སྙམ་ན། དྲུག་པ་དཔལ་ལྡན་ལ་སོགས་པས་ལན་བསྟན་པ་ལས། ཡེ་ཤེས་གཞན་ཞེས་པ་ནི་དྲུག་པ་དེ་ཡང་ཡེ་ཤེས་ལྔ་ལས་གཞན་གཅིག་པུའོ། །དྲུག་པ་སྟེང་དུ་གྲགས་པ་མེད་པ་ནི་དེ་བས་ནི་རྒྱལ་བ་དྲུག་པ་ནི་ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་གཞག་གོ །དེ་བས་ན་རྒྱུད་ནི་འབུམ་ཕྲག་ཚད་ཅེས་པ་ཡེ་ཤེས་ལྔའི་ངོ་བོ་རྒྱལ་བ་ལྔའི་མཚོན་བྱེད་རྒྱུད་སྡེ་འབུམ་ཕྲག་ལྔ་ལས། རྒྱུད་སྡེ་འབུམ་ཕྲག་དྲུག་པ་མེད་ཅེས་པའོ། །དེ་ལྟ་བུའི་རྣམ་པ་ལྔ་པ་འབྱུང་བའི་གཞིའི་སྟོང་པ་ཉིད་དེ་གང་ལས་རྟོགས་པར་བྱ་སྙམ་པ་ལ། རྡོ་རྗེ་སེམས་དཔའ་ལྟ་བུ་ཉིད། །ཅེས་པ་རྡོ་རྗེ་སེམས་དཔའ་དང་ཁྱད་པར་མེད་པའི་བླ་མ་ལས་རྟོགས་པར་བྱ་ཞེས་པའོ། །མིའི་ལོ་ཀ་ན་ཡོད་པའི་མ་ཡིན་པ་ནི་བླ་མ་དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་གྱི། དེ་ལས་མ་གཏོགས་པའི་རྡོ་རྗེ་སེམས་དཔའ་ལྟ་བུ་ཡོད་པ་མ་ཡིན་པའོ། །ང་ཡིས་བཤད་པ་ཡང་རྡོ་རྗེ་སེམས་དཔའ་ལྟ་བུར་བཤད་པའོ། །འདི་ཉིད་ཅེས་པ་ལ་སོགས་པས་ཀྱང་དང་པོ་སྟོང་པ་ཉིད་ཀྱི་དོན་བསྟན་ཏོ། །འདི་ལ་སློབ་དཔོན་གྱིས་ཞེས་པ་ནི་སློབ་དཔོན་གྱིས་བསྟན་བྱའོ། །ཐམས་ཅད་ཀྱང་འགྲོ་བའི་ཡེ་ཤེས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དེ། བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས་སོ། །ཡེ་ཤེས་ཇི་ལྟ་བུ་ལ་སོགས་པ་ནི་ཐབས་གང་གིས་སྟོང་པ་ཉིད་ལ་དམིགས་པའམ། དེ་རྟོགས་པའི་ཡེ་ཤེས་དེ་གང་ལ་བརྟེན་ནས་འབྱུང་ཞེས་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ལན་བསྟན་ཏེ། འདི་དང་གསང་བའི་གནས་ནི་མ་ངེས་པའི་ལན་བསྟན་ཏེ། གནས་ཞེས་པ་ནི་ལྔ་པའི་གཉིས་པ་ནས་གནས་བཞི་མཉམ་པར་གནས་ཞེས་པའི་དོན་བཤད་དེ། གནས་བཞི་ནི་འཁོར་ལོ་བཞིའོ། །བཞི་ནི་ཆ་དང་ཞེས་པ་འཁོར་ལོ་བཞིའི་ཐིག་ལེ་བཞིའོ། །པདྨ་བཞི་ཞེས་པ་ཡང་འཁོར་ལོ་བཞིའོ། །འདིས་ནི་དྲུག་པའི་གཉིས་པ་ལས་པདྨ་བཞི་ལས་བྱུང་བ་དང༌། ཞེས་པ་དྲིས་པ་པདྨ་བཞི་ནི་ཁྱད་པར་དུ་ཞེས་པའི་ལན་ཡང་འདི་ཉིད་ཀྱིས་བསྟན་ཏོ། །བརྟག་པ་ལྔ་པ་དང་དྲུག་པའི་གཉིས་པའི་དོན་སྦྲེལ་ཏེ་གཅིག་ཏུ་བཤད་དོ། །ཕྱིའི་ནི་མ་ཧཱ་སུ་ཁ་ཙཀྲའོ། །སྙིང་པད་དྷརྨ་ཙཀྲའོ། །ཁ་ཞེས་པ་སཾ་བྷོ་ཙཀྲའོ། །ལྟེ་བར་གནས་པའི་སྒྲ་ཨ་སྟེ་དྷཱུ་ཏཱིའི་ཆ་ཤས་སོ། །མཐའ་ནི་དྷཱུ་ཏཱིའི་སྣའོ། །དེ་དག་གིས་ནི་རྟེན་རྩ་བསྟན་ཏེ། གཡས་གཡོན་གྱི་རྩ་རོ་མ་དང་རྐྱང་མ་གཉིས་ནི་དོན་གྱིས་རྟོགས་པར་བྱའོ། །དེ་དག་ལ་རྒྱུ་བའི་རླུང་བསྟན་པ་ནི་འགྲོ་དང་འོང་བ་ཞེས་པ་ནི་འགྲོ་བ་ནི་ཕྱིར་རོ། །འོང་བ་ནི་ནང་དུའོ། །ཐིག་ལེའི་སྦྱོར་བས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བརྟན་པའི་ཐབས་སུ་རླུང་འཛིན་པ་སྟེ་ལམ་དུ་བྱས་པའི་དབང་དུ་བྱས་པའོ། །གཟུང་བྱ་རླུང་བསྟན་པ་ནི་གནག་པ་རླུང་གི་རླུང་ངོ༌། །དམར་བ་མེའི་རླུང་ངོ༌། །དཀར་བ་ཆུའི་རླུང་ངོ༌། །སེར་བ་སའི་རླུང་ངོ༌། །མདོར་ན་དེ་དག་གིས་ནི་འཁོར་ལོ་རྣམ་པ་བཞིར་རྩ་ནས་རླུང་ཇི་ལྟར་རྒྱུ་བ་བསྟན་པའོ། །ད་ནི་རྩ་དེ་དག་ཏུ་བྱང་ཆུབ་ཀྱི་སེམས་ཞུ་བདེའི་ཁྱད་པར་ཇི་ལྟར་གནས་པ་བསྟན་པ་ནི། ཆ་ནི་བཅོམ་ལྡན་ཞེས་པ་སྟེ་ཨཱ་ལིའི་ངོ་བོར་རྩ་དེར་མངོན་དུ་བྱས་པའི་ཡེ་ཤེས་སོ། །ཆ་མིན་ནི་ཐབས་རྟེན་རྩའོ། །ཆ་ནི་ཤེས་རབ་ཅེས་པ་ནི་ཨཱ་ལིའི་བདག་ཉིད་མི་རྟོག་པའོ། །ཆ་མིན་ནི་བརྟན་པའི་ཐིག་ལེ་ཐབས་སོ། །སྒྲ་རྣམས་ངེས་བསྟན་ཞེས་པ་ནི་རྟེན་རྩ་ཨ་ཤད་ལྟ་བུའོ། །དེ་ཉིད་ནང་ལྟར་བཤད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་པས་རིག་མ་སྒྱུ་མ་ཆེ་ཞེས་པའོ། །སྣ་ཚོགས་གཟུགས་ཅན་མ་ནི་ཨྃ་དེ་ཉིད་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་བསྐྱེད་པའོ། །འབྱིན་པ་ནི་ལམ་དུ་བྱས་ཙམ་ན་རྟོག་པ་གུད་དུ་འབྱིན་པའོ། །སྡུད་པ་ནི་རྟོག་པ་དབང་དུ་སྡུད་པའོ། །འཇིག་པ་ནི་རྟོག་པའོ། །ཆགས་པ་ནི་དེའི་དབང་གིས་བདེ་བ་དང་མི་རྟོགས་པ་ཆགས་པའོ། །ཐིག་ལེ་སྒྲ་ཞེས་པ་ནི་རྟེན་ཨྃ་བསྟན་ལ། རབ་ཏུ་བསྐོར་བ་ནི་སྤྲུལ་པའི་ནང་སྐོར་ན་སྡེ་ཚན་བརྒྱད་ཀྱིས་བསྐོར་བའོ། །དེ་དག་གིས་ནི་རྟེན་དང་བརྟེན་པའི་ཚུལ་གྱིས་སྟོང་པ་ཉིད་རྟོགས་པར་བྱེད་པའི་ཐབས་རང་བྱིན་གྱིས་བརླབ་པའི་རིམ་པ་གཏུམ་མོའི་རྣལ་འབྱོར་བསྟན་ཏོ། །འོ་ན་རང་བྱུང་ཡེ་ཤེས་དེ་མ་རྟོགས་ན་སྐྱོན་ཅི་ཡོད་ཅེ་ན། ཆོས་ཀྱི་ཕུང་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། ལུས་ཀྱི་དེ་ཉིད་རང་བྱུང་གི་ཡེ་ཤེས་མ་རྟོགས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཐབས་ཀྱང་དོན་མེད་ཅེས་པའོ། །ཡིག་འབྲུ་དང་པོ་ནི་ལྟེ་བའི་ཨྃ་ངོ༌། །བརྟན་གཡོ་ལ་གནས་པ་ནི་ལམ་དུ་བྱེད་པའི་དུས་སུ་བཤང་སྒོར་ཡུྃ་དང་སུམ་མདོར་མེ་བསྒོམས་པས་སོ། །སྙིང་རྗེ་ཆེན་པོ་ནི་གཏུམ་མོའི་ཞུ་བདེའོ། །རེ་ཁ་ནི་མར་བབས་པའི་ལམ་རྐྱང་མའོ། །ཁ་འོག་ཏུ་བལྟས་པ་ནི་རྩ་དེའི་གནས་ལུགས་སོ། །ནམ་མཁའ་འབྱེད་པ་ནི་འབར་བ་དང་འཛག་པའི་ཐབས་ཀྱིས་དྷཱུ་ཏཱི་ཁ་འབྱེད་པའོ། །ཐོག་མཐའ་མེད་པའི་ལྷ་ནི་དེར་མྱོང་བའི་རང་རིག་པའི་ཡེ་ཤེས་དེ་དུས་ཐམས་ཅད་དུ་གནས་པས་སོ། །དེའི་སྤྱི་བོ་ནི་ལྟེ་བར་རོ། །དེ་ལྟ་བུའི་ཡེ་ཤེས་དེ་མཚོན་བྱེད་དམ། བརྡ་གང་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ནི་བྷྲཱུྃ་དུ་བརྗོད། །ཅེས་པ་སྟེ། རང་བྱུང་གི་ཡེ་ཤེས་ཀྱིས་ཀྱང་ཐམས་ཅད་བསྐྱེད་པ་བཞིན། བྷྲཱུྃ་གྱིས་ཀྱང་གཞལ་ཡས་ཁང་བསྐྱེད་པས་བྷྲཱུྃ་ནི་བརྡར་བསྟན་པའོ། །ཡང་ན་དེ་དག་གི་མཚོན་བྱ་རང་བཞིན་ལྷན་ཅིག་སྐྱེས་པ་བསྟན་ཏོ། །སྐྱེ་གནས་ལ་སོགས་པ་རྐང་པ་གསུམ་གྱིས་ཀྱང་ཡེ་ཤེས་དེ་རྟོགས་པར་བྱེད་པའི་ཐབས་གོང་མ་ཉིད་ཀྱི་འཕྲོ་བསྟན་ཏེ། མཐར་སྭཱ་ཧཱ་ཞེས་པ་ནི་སྭཱ་ཧཱ་སྔགས་ཀྱི་མཇུག་སྡུད་ཡིན་པ་ལྟར་བསྡུས་ནས་བརྗོད་ཅེས་པ་སྤྲུལ་པའི་ལྟེ་བར་ཡང་ཐབས་ཤེས་རབ་ཀྱི་ཞུ་བདེ་སྡུད་པས་སོ། །དེ་དག་གི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ་ལས་འབྱུང་བའི་དོན་གསལ་བར་བཤད་དོ།།  །།ད་ནི་རུས་པ་རྐང་དང་ཁུ་བ་ཉིད། །ཅེས་བྱ་བ་ལ་སོགས་པས་བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོ་ལས་འབྱུང་བའི་དོན་གསལ་བར་སྟོན་ཏོ། །དེ་ཡང་སྔ་མ་དང་སྦྱར་ན་སྤྲུལ་པར་བྱང་ཆུབ་ཀྱི་སེམས་སྡུད་པར་བྱེད་པ་ལ་བསྡུ་རྒྱུ་བྱང་ཆུབ་ཀྱི་སེམས་རུས་པ་ཞེས་བྱ་བ་ལ་སོགས་པ་བཤད་པར་འབྲེལ་ལོ། །འདི་དག་གིས་ནི། བྲིས་པ་དང་ནི་མ་བྲིས་པའི། །དཀྱིལ་འཁོར་ཇི་ལྟར་གཞག ཅེས་པའི་མ་བྲིས་པའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་བཤད་པར་ཡང་འགྱུར་རོ། །དེ་ལྟར་ན་ནི་དྲུག་པའི་དང་པོའི་དོན་དང༌། བདུན་པ་དངོས་ཀྱི་གང་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་ཞེས་པའི་དོན་སྦྲེལ་ཏེ་བཤད་དོ། །ཡིད་ནི་ནམ་མཁའི་ཁམས་ཞེས་པ་ལ་སོགས་པས་ནི། མ་བྲིས་པའི་དཀྱིལ་འཁོར་བྲི་བ་བདུན་པ་དངོས་ནས་གང་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་ཞེས་པའི་དོན་གསལ་བར་བཤད་དོ། །གང་ལ་གཙོ་བོ་ཀུན་སྤྱོད་ལ་སོགས་པས་ནི་བརྟག་པའང་ནི་ཅི་གསུངས་ཀྱི་ལན་ཏེ། འདིར་བརྟག་པའི་དོན་ནི་དཀྱིལ་འཁོར་རྣམ་གསུམ་གྱི་དབང་དུ་བྱས་ནས་གསུམ་དུ་འགྱུར་ཏེ། དེ་ལ་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ལ་བྱའོ། །བརྟག་པ་དུ་མ་བྱས་པ་ནི་ལུས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་སྣོད་དགུ་དང་འབྲེལ་བའི་རྩ་བཅུར་བརྟག་པའོ། །བྷ་གའི་དཀྱིལ་འཁོར་ལྟར་བྱས་ན་རྡོ་རྗེ་དང་པདྨར་བརྟག་པའོ། །བྱང་ཆུབ་ཀྱི་སེམས་ལྟར་བྱས་ན་ལུས་ཀྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལས་འབྱུང་བས་དུ་མར་བརྟག་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ན་ཕུང་པོ་ནི་གཉིས་ཏེ་ཞུ་བདེའོ། །འབྱུང་བ་ནི་དེ་ཉིད་ཀྱི་འབྱུང་བ་བཞིའོ། །རིག་པ་ནི་དེའི་དུས་ཀྱི་རང་རིག་པའོ། །དེ་ལྟར་ན་བརྟག་པ་ཞེས་པ་ནི། དཀྱིལ་འཁོར་གསུམ་ལ་བརྟག་པར་འགྱུར་ཞེས་བྱའོ། །ད་ནི་མྱོས་བྱེད་ཅེས་པ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དེ་ཉིད་ཀྱི་དབང་དུ་བྱས་ནས་བརྟག་པ་བཞི་པའི་དང་པོའི་དོན་ལ་དྲིས་ཏེ། ཀླ་ཀློའི་ཁྱོད་ཀྱིས་བཤད་པ་ནི། །དེས་ཀྱང་དགོངས་པ་ཅི་ཞིག་མཆིས། །ཞེས་པའི་ལན་སྟོན་པ་ལས། བརྟག་པ་བཞི་པར་ཡི་གེ་དང་ངག་གི་བརྡ་བསྟན་པ་ལས། འདིར་དེའི་དོན་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ལ་སྦྱར་ཏེ་བརྡ་གཞན་བསྟན་ཏེ། དེས་བཞི་པའི་དང་པོར་བསྟན་པའི་བརྡར་མ་ཟད། འདི་ལྟ་བུའི་བརྡས་ཀྱང་བསྟན་ཏོ་ཞེས་རྟོགས་པར་བྱ་བའི་ཕྱིར་ཏེ། རྩ་བའི་རྒྱུད་ཀྱི་དོན་མི་གསལ་བའམ། མ་ཚང་བ་ཁ་བསྐང་བའོ། །དེ་ལ་མྱོས་བྱེད་ནི་ཞུ་བའི་བརྡའོ། །ལྕགས་ཀྱུ་ནི་ལམ་དུ་བྱས་པའི་དབང་དུ་བྱས་ཏེ་བྱང་ཆུབ་ཀྱི་སེམས་རིགས་ཀྱི་བདག་པོའི་ཁ་དང༌། རྩ་མཛེས་སྤྱིའམ། སྤྲུལ་འཁོར་དུ་འགུགས་པའི་བརྡའོ། །ཞགས་པ་དང་པདྨ་ནི་གནས་དེར་བྱང་སེམས་བཅུག་ཅིང་ཕབ་པའི་བརྡའོ། །འཆིང་བྱེད་ལྕགས་སྒྲོག་ནི་གནས་མཛེས་སྤྱི་དང་རིགས་བདག་གི་ཁ་ལས་མི་འཆོར་བར་འཛིན་པའི་བརྡའོ། །དྲིལ་བུས་མཉེས་པར་བྱེད་པའི་བརྡ་ནི་བྱང་ཆུབ་ཀྱི་སེམས་རྩ་ནས་རྒྱུ་ཞིང་གཡོ་བའི་དུས་སུ། དལ་བར་རྒྱུ་བའི་རླུང་དང་འདྲེས་ཏེ་ཧ་སིའི་རྣམ་པར་གྲགས་པ་ལ་བརྗོད་དོ། །བཤང་བ་ཞེས་བྱ་བ་ལ་སོགས་པས་ཀྱང་སྐབས་འཕྲོས་ཀྱི་ཚུལ་གྱིས་དྲི་བ་སྔ་མ་ཉིད་ཀྱི་ལན་བསྟན་ཏེ། གཞུང་ཐད་སོ་ཉིད་ཀྱིས་རྟོགས་པར་སླའོ། །ད་ནི་བརྟག་པ་བདུན་པའི་དང་པོ་ནས་འབྱུང་བའི་དོན་ལ་ཞུས་པ། རྣམ་ཤེས་ཡེ་ཤེས་ཁྱོད་གསུངས་ན། །ཞེས་པའི་ལན་སྟོན་པ་ནི། ཤི་བའི་རོ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཚར་གཅད་པ་དང་རྗེས་སུ་གཟུང་བའི་ཕྱོགས་གཉིས་ཀའི་ཡང༌། རྫས་ལ་སོགས་པའི་མིང་དང་སྦྱོར་ཐབས་ལ་སོགས་པ་ཇི་ལྟར་ཡིན་པ་རྩ་བའི་རྒྱུད་དུ་མི་གསལ་བ་གསལ་བར་བཤད་ཅིང༌། སྒྲ་གཅིག་ལ་དོན་དུ་མར་འགྱུར་བ་དེ་དག་སོ་སོར་མ་འདོམ་པར་རྟོགས་པར་བྱ་བའི་ཕྱིར་གསུངས་ཏེ་གཞུང་ཉིད་ཀྱིས་རྟོགས་པར་སླའོ། །དཀྱིལ་འཁོར་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི། གཞུ་ཡི་རྣམ་རྒྱལ་དེ་བཞིན་ཅི། །ཞེས་པའི་ལན་བསྟན་ཏོ། །འདིས་ནི་བདུན་པའི་གཉིས་པའི་སྦྱིན་སྲེག་གི་སྐབས་སུ། ས་བཟུང་བར་བྱེད་ཙམ་ན་རྐང་སྟབས་ཀྱི་དགོད་པ་དང་འབྲེལ་བའི་ལག་སྟབས་གསལ་བར་བཤད་པའོ། །གཡས་བརྐྱང་ལ་སོགས་ཅི་གསུངས་དང༌། །ཞེས་པའི་ལན་ནི། ས་ལ་མཉམ་སྟབས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བདུན་པའི་གཉིས་པའི་རྐང་སྟབས་ཀྱི་དགོད་པའི་དོན་གསལ་བར་སྟོན་ཏོ། །ལྷོད་མིན་ཞེས་པ་ལ་སོགས་པས་ཀྱང་རྐང་སྟབས་དང་འབྲེལ་བའི་ལག་སྟབས་བསྟན་ཏེ་སྔ་མའི་འཕྲོས་སོ། །རང་སྙིང་འགུགས་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་སྔར་གྱི་མདའ་གཞུའི་རིག་བྱེད་དང་སྦྲེལ་ཏེ། གསལ་བ་རུ་ནི་སྟོང་པ་སྟེ། །ཞེས་པ་དང་སྦྱར་རོ། །དེ་ལ་རང་སྙིང་འགུགས་པ་ནི་གཡོན་པས་གཞུ་བཟུང༌། གཡས་པས་རྒྱུད་འཐེན་པས་ཏེ། སྙིང་གའི་བར་དུ་དྲངས་ནས། དེ་ནས་ཡར་ལྟོང་ནས་འཐེན་པ་སྟེ། མཁའ་འགྲོ་ལས་ཀྱང༌། རང་གི་སྙིང་གར་སྟོང་སྦྱར་རོ། །ཞེས་བཤད་དོ། །གཡས་སུ་བསྐོར་བ་ནི་འཕེན་པའི་དུས་སུ་གཡས་ཕྱོགས་ནས་བསྐོར་ནས་འཕེན་པའོ། །བཅུག་པ་ནི་སྦྱོར་བ་དེ་ལྟ་བུས་འཕངས་པའོ། །གྲུབ་པ་ནི་ས་ཡོངས་སུ་གཟུང་བའི་དུས་སུ་གདོན་ལས་བསྲུང་བའོ། །ཡང་ན་འདི་ནི་ཚོགས་ཀྱི་འཁོར་ལོའི་དུས་སུ་ཡང་བྱེད་པས་དེའི་དུས་སུ་བགེགས་ལས་བསྲུང་བའོ། །མདའ་གཞུའི་རིགས་བྱེད་ཀྱི་ཚིག་དོན་ལྷག་མ་རྣམས་ནི་རྟོགས་པར་སླ་བས་མ་བརྗོད་དོ། །སངས་རྒྱས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་རྡོ་རྗེ་ཅན་ཞི་བ། ཞེས་པའི་ལན་ཏེ། བརྟག་པ་བདུན་པ་དངོས་ཀྱི་ཞི་བ་ལ་སོགས་པའི་ལས་ཀྱི་དོན་ཡང་བཤད་པ་ཡིན་ལ། ཡང་གཙོ་བོར་ནི་བདུན་པའི་གསུམ་པ་ལས་སྤྱན་མའི་རྣལ་འབྱོར་ལ་གནས་ཏེ། ཞི་བའི་ལས་བྱ་བའི་དོན་གཙོ་བོར་བསྟན་ལ། དེ་བཞིན་དུ་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱི་དོན་ཡང་ཇི་ལྟར་བསྒྲུབ་པ་གསལ་བར་བཤད་དེ། འདྲི་བའི་སྐབས་ན་ཞི་བའི་ལས་ནི་ཇི་ལྟར་བསྒྲུབ་པ་ལས་མེད་ཀྱང༌། ལན་གྱི་སྐབས་སུ་འཕྲོས་ཀྱི་ཚུལ་གྱིས་ལས་བྱིན་པོ་ཇི་ལྟར་བསྒྲུབ་པ་ཡང་གསལ་བར་བསྟན་ཏོ། །ཡེ་ཤེས་སྣ་ཚོགས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། བརྟག་པ་བདུན་པ་དངོས་ཀྱི་དོན་ལ་ཞུས་པ་ཁྲོ་བོའི་གཟུགས་སུ་ཇི་ལྟར་འགྲུབ། ཅེས་པ་དང༌། གཤིན་རྗེའི་གཟུགས་སུ་ཇི་ལྟར་འགྱུར་གྱིས་ལན་བསྟན་ཏོ། །མཛེས་པ་ནི་ཡན་ལག་དང་ཉིང་ལག་དམན་པ་མ་ཡིན་པའོ། །ཞེས་པ་ལ་སོགས་པས་ནི། གུར་གྱི་ལེའུ་བཞི་པའི། མི་མོའི་པདྨོ་གས་ཆག་མེད། །སྲུབས་གཅིག་པ་དང་སྲུབས་གཉིས་པ། །ཞེས་པའི་དོན་བཤད་དེ། འདིར་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་བསྐྲད་པའི་ལས་བསྟན་པ་དང༌། གུར་གྱིས་དབང་གི་ལས་བྱ་བ་གཉིས་སྦྲེལ་ཏེ་བཤད་དོ། །གང་གི་ཚེ་རླུང་གི་བར་ཆད་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པས་ཀྱང་ཁྲོ་བོའི་གཟུགས་ནི་ཇི་ལྟར་ཞེས་པའི་ལན་བསྟན་ཏོ། །ཆར་དབབ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པས་ནི། གུར་ལས། ཆར་མེད་སྟོབས་པོ་ཆེ་ལས་ནི། །ཆུ་ཡི་ཚོགས་ནི་དབབ་པར་བྱ། །ཞེས་པ་དང༌། འདིའི་ཆར་དབབ་པའི་དོན་བསྡེབས་ཏེ་བཤད་དོ། །འདིའང་ཁྲོ་བོའི་གཟུགས་ཇི་ལྟར་ལགས་པའི་ལན་ཏོ། །ལས་ཚོགས་ལྷག་མ་རྣམས་ཀྱིས་ཀྱང༌། །དེ་ཉིད་ཀྱི་ལན་བསྟན་ཏོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པས་ཞེས་པ་ནི། དེ་བཞིན་སྔགས་དང་རྒྱུད་ཉིད་དང༌། །ཞེས་པའི་ལན་ཏེ། འདིར་རྒྱུད་ཀྱི་ལན་ནི་མ་བསྟན་ལ། །སྔགས་ཀྱི་ཡང་ལས་བཞིའི་དུས་སུ། ཤཱནྟིཾ་པུཥྚིཾ་ལ་སོགས་པའི་སྔགས་ཟློས་པ་དང༌། ཧཱུྃ་དང་ཕཊ་ལ་སོགས་པ་ཟློས་པ་ནི་སྔགས་སོ། །དེ་བས་ན་དྲིས་པ་ནི་དང་པོ་དངོས་ནས། དེ་བཞིན་སྔགས་དང་རྒྱུད་ཉིད་དང༌། །ཞེས་པ་དྲིས་ལ། ལན་ནི་བདུན་པ་དངོས་ཀྱི་སྦྱིན་སྲེག་དང་འབྲེལ་པས་དང་པོ་དང་བདུན་པ་དངོས་སུ་སྦྲེལ་ཏེ་བཤད་དོ། །བརྟག་པ་བཅུ་པ་དངོས་ཀྱི་དོན་གསལ་བར་བསྟན་པ་ནི། བཤང་གཅི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ནི་བདུན་པ་དངོས་ཀྱི་སྦྱིན་སྲེག་ལ་བརྩད་པའི་སྐྱོན་སྤང་བའི་སྒོ་ནས། ཞར་ལས་སྒྲུབ་པ་པོའི་དམ་ཚིག་དང་སྡོམ་པ་བསྟན་ཏེ། བརྟག་པ་བདུན་པ་དངོས་དང༌། བཅུ་པ་དངོས་ནས་འབྱུང་བའི་དོན་བསྡེབས་ཏེ་བཤད་དོ། །འདི་ལ་དྲི་བའི་སྐབས་ན་དྲི་ཚིག་ལ་སོགས་པ་དག་མི་སྣང་ངོ༌། །དེ་ནས། མཆོག་ཏུ་རབ་བཤད་བྱ། །ཞེས་པ་ལ་སོགས་པས་ནི། བརྟག་པ་གཉིས་པའི་གསུམ་པ་ལས་འབྱུང་བའི་དོན་སྟོན་ཏོ། །འདིས་ནི་བརྟག་པ་བདུན་པ་དངོས་ཀྱི། གང་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པའི་དོན་ལ་དྲིས་པ་ནི་བྲིས་པའི་དཀྱིལ་འཁོར་ཇི་ལྟར་ལགས་པའི་ལན་བསྟན་ཏེ། དེའི་ཕྱིར་ན་བདུན་པ་དངོས་ཀྱི་བྲིས་པའི་དཀྱིལ་འཁོར་གྱི་དོན་བརྟག་པ་གཉིས་པའི་གསུམ་པར་བཤད་པར་འབྲེལ་ལོ། །ཚོགས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་བརྟག་པ་བདུན་པའི་གསུམ་པ་ལས་འབྱུང་བའི་དོན་གྱིས་ཀྱང་དྲི་བ་སྔ་མའི་ལན་བསྟན་ཏོ། །ད་ནི་ནང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ཀྱང༌། ཕྱིའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ནང་གི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་ཏེ། འདིས་ཀྱང་བྲིས་པའི་དཀྱིལ་འཁོར་གྱི་ལན་དུ་རྟོགས་པར་བྱའོ། །འདིས་ནི་བརྟག་པ་གཉིས་པའི་གསུམ་པའི་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་དོན་མི་གསལ་བ་གསལ་བར་བྱེད་པའོ། །ཤར་ལ་སོགས་པའི་རེའུ་མིག་རྣམས་སུ། ཞེས་བྱ་བ་ལ་སོགས་པས་བརྟག་པ་གསུམ་པ་དངོས་ཀྱི་བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཀྱི་དོན་བསྟན་ཏོ། །འདིས་ཀྱང་དྲི་བ་སྔ་མའི་ལན་དུ་རྟོགས་པར་བྱའོ། །དེ་ལ་འདིར་ནི་བྱང་ཆུབ་སེམས་དཔའ་བརྒྱད་ནི་རྩ་བའི་རྒྱུད་དུ་མ་ཚང་བ་ཁ་བསྐང་བ་ཡིན་ཡང༌། བསྡུས་པའི་དཀྱིལ་འཁོར་དེ་ཡང་དབང་དང་འབྲེལ་པར་བསྟན་པ་ནི། བརྟག་པ་གསུམ་པ་དངོས་སུ་མི་གསལ་བ་གསལ་བར་བྱེད་པར་རྟོགས་པར་བྱའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*