བསྡུས་པའི་དཀྱིལ་འཁོར་སློབ་མ་ལ་དབང་བསྐུར་བ།

༼ཀ༽

༄༅། །བསྡུས་པའི་དཀྱིལ་འཁོར་སློབ་མ་ལ་དབང་བསྐུར་བ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བསྡུས་པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་མངོན་པར་རྟོགས་པ་དང་སྦྱར་ན། དཀྱིལ་འཁོར་བསྒྲུབ་པའི་སྐབས་ལས་གསུངས་པའི་ལྷའི་རྣལ་འབྱོར་གྱིས། བསྙེན་པ་ལ་སོགས་པ་ཐམས་ཅད་ཀྱི་ལྷའི་རྣལ་འབྱོར་བྱ་སྟེ། བསྙེན་པ་དང༌། ས་ཆོག་དང༌། སྟ་གོན་དང༌། བསྒྲུབ་པ་བཞི་ཀའོ། །དེ་ལ་སྔོན་དུ་བསྙེན་པའི་མན་ངག་བཞིས་ལྷའི་རྣལ་འབྱོར་རྫོགས་ནས། བརྟག་པ་བརྒྱད་པ་ལས་འབྱུང་བའི་སྔགས་ཀྱིས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བ་ལ་བཀོད་དེ། གཙོ་བོ་ལ་འབུམ་དང༌། འཁོར་ལ་ཁྲི་ཕྲག་རེ་རེ་གྲངས་ཀྱི་བསྙེན་པ་ཚུལ་བཞིན་དུ་བྱའོ། །དེ་ནས་སའི་ཆོ་གའང༌། བརྟག་པ་བདུན་པའི་གཉིས་པའི་སྦྱིན་སྲེག་གི་སྐབས་བཞིན་དུ། ས་སྦྱང་བ་དང༌། ཡོངས་སུ་གཟུང་བའི་ཆོ་ག་གཉིས་ཀྱིས་སའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །དེ་ནས་སྟ་གོན་ཡང་གསུམ་སྟེ། ལྷ་དང་བུམ་པ་དང་སློབ་མའོ། །ལྷ་སྟ་གོན་དུ་གནས་པ་ལ་ཚུལ་གཉིས་ཏེ། ཐོག་མར་སའི་ལྷ་མོ་སྟ་གོན་དུ་གནས་པ་དང༌། ལྷ་སུམ་ཅུ་རྩ་བདུན་སྟ་གོན་དུ་གནས་པའོ། །དེ་ལ་སའི་ལྷ་མོ་སྟ་གོན་དུ་གནས་པའི་ཚུལ་ཡང༌། བརྟག་པ་བདུན་པའི་གཉིས་པ་ལས་ཇི་ལྟར་འབྱུང་བ་བཞིན་བྱའོ། །དེ་ནས་ལྷ་སུམ་ཅུ་རྩ་བདུན་སྟ་གོན་དུ་གནས་པ་ནི། དང་པོར་དཀྱིལ་འཁོར་གྱི་ཉེ་འཁོར་བའི་རྣམ་པ་ལྔས་བྱུགས་ལ། སེང་ལྡེང་གི་ཕུར་པ་སོར་ལྔ་པ་ལྔ་ལ་མཐའ་ཡས་དང༌། རྣམ་པར་རྒྱལ་བ་དང༌། སྤྲིན་སྒྲ་དང༌། གསུས་པོ་ཆེ་དང༌། བདུད་རྩི་འཁྱིལ་པ་སྟེ་ལྔ་བསྐྱེད་ལ། དང་པོ་ལྟེ་བར་ནི་བདུད་རྩི་འཁྱིལ་པ་ཉིད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ལ་གདབ། མཚམས་ཀྱི་ཕུར་པ་བཞི་ནི། ཕྱི་རྩིག་པའི་རི་མོའི་མཚམས་སུ་དྲག་མོ་ལ་སོགས་པ་རྣལ་འབྱོར་མ་བརྒྱད་ཀྱི་སྔགས་བཟླ་ཞིང༌། རྡོ་རྗེ་ཐལ་མོའི་ནང་དུ་བྱིན་གྱིས་བརླབས་ལ། གྷ་གྷཱ་ཏ་ཡ་ལ་སོགས་པའི་སྔགས་དང་མུཏྐ་ར་ལ་སོགས་པའི་སྔགས་ཀྱིས་གདབ་བོ། །ཕུར་བུ་དབུས་མ་གདབ་པའི་སྔགས་ཀྱང་དེ་ཉིད་དོ། །དེ་ནས་ཕུར་པའི་ནང་ཁོངས་རྐྱང་དྲི་ཞིམ་པོས་བྱུགས་ལ། ལྷ་རྣམས་ཀྱི་གནས་སུ་རང་རང་གི་སྔགས་ཀྱི་མཐར་ཡི་གེ་ཧཱུྃ་རིང་པོ་བརྗོད་ཅིང༌། དྲིའི་ཐིག་ལེ་རེ་རེ་མེ་ཏོག་གི་ཚོམ་བུ་རེ་རེ་དགོད་དོ། །དེ་ནས་སྟ་གོན་གྱི་ལྷ་རྣམས་སྙིང་པོ་ཚིག་ཙམ་གྱིས་ཚུལ་ཇི་ལྟ་བར་བསྐྱེད་ལ་གསལ་གདབ་པའམ། ཡང་ན་འབྱིན་པའི་དཀྱིལ་འཁོར་གྱི་ཚུལ་དུའང་ཕྱུང་ལ། སྟང་སྟབས་ཀྱི་སྐབས་སུ་ནམ་མཁའ་ལ་བཏེག་པ་ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བྱ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དགུག་གཞུག་བྱ། དེ་ནས་རང་རང་གི་སྔགས་བཟླ་ཞིང་གསལ་གདབ་པའམ། ཕྱག་རྒྱ་བསྟན་ཏེ་སྔགས་བཟླས་ཤིང་གསལ་གདབ་པར་འདོད་ན་ནི། ཕྱག་རྒྱ་ནི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས་འབྱུང་བ་བཞིན་སྐབས་འདིར་ཡང་ཤེས་པར་བྱའོ། །དེ་ནས་སྟ་གོན་གྱི་ལྷ་དབང་བསྐུར་ལ་རྒྱས་གདབ། ཕྱི་ནང་གི་མཆོད་པས་མཆོད། རིགས་ལྔའི་བསྟོད་པའམ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད། དེ་ནས་སློབ་དཔོན་དང་སློབ་མའི་སྡིག་པ་ཞི་བར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱ། བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར། ཕྱོགས་སྐྱོང་བཅུ་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན། དེ་ནས་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། ཞེས་པ་ལ་སོགས་པས་སྐབས་འདིར་སྙན་གསན་དབབ་པའམ། སྟ་གོན་རྣམ་པ་གསུམ་ཀ་རྫོགས་ནས་ཀྱང་སྙན་གསན་དབབ་པ་གང་རུང་དུ་བཞེད། དེ་ནས་བུམ་པ་ནི་སྐྱོན་མེད་བཅུ། །རྣམ་རྒྱལ་དང་རྩ་བའི་བུམ་པ་ཞེས་བྱ་བ་མདུན་དུ་བྱས་པ་ནི་གཙོ་བོའོ། །སྤྱན་ལ་སོགས་པ་ཡུམ་བཞི་ལ་བཞི། ལྷག་མ་ཤར་ཕྱོགས་ལ་སོགས་པ་དེ་བཞིན་གཤེགས་པ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་བཞི་ལ་བུམ་པ་བཞི་རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་མཚན་མ། ལྷག་མ་བུམ་པ་བརྒྱད་ལ་འཁོར་ལོ་ལ་སོགས་པ་བཞི། ལས་ཐམས་ཅད་པ་ནི་སྣ་ཚོགས་རྡོ་རྗེ་མཚན་པའོ། །དེ་ནས་དྲག་མོ་ལ་སོགས་པའི་སྔགས་སམ། བདུད་རྩི་འཁྱིལ་པའི་སྔགས་གང་རུང་གིས་ཡུངས་ཀར་བརྡེག་ཅིང༌། བགེགས་བསལ་ལ་གུ་གུལ་གྱིས་བདུག །རིན་པོ་ཆེ་ལྔ་ལ་སོགས་པའི་བཅུད་གཞུག དེ་ནས་བུམ་པ་རྣམས་གོ་རིམས་མ་ནོར་བར་བཀོད་ལ། བུམ་པའི་ནང་དུ་སྙིང་པོ་ཚིག་ཙམ་ལས་ལྷ་རྣམས་ཚང་བར་བསྐྱེད་པའམ། འབྱིན་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ལྷ་རྣམས་བསྐྱེད་པར་གསུངས་ཏེ། རྩ་བའི་བུམ་པར་ནི་བདག་པོ། །བུམ་པ་བཞིར་ནི་ཡུམ་བཞི། ཤར་ཕྱོགས་སུ་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་རྣམས། ལྷག་མ་གསུམ་དེས་འགྲེ། ལས་ཐམས་ཅད་པར་ནི་བདུད་རྩི་འཁྱིལ་པ། དེ་ནས་བུམ་པའི་ལྷ་ལ་ཡེ་ཤེས་པ་གཞུག མཆོད་བསྟོད་བྱ། མཆོད་ཡོན་རྩ་བའི་བུམ་པར་བཞག་ལ། རང་རང་གི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ཏེ་བུམ་པར་བླུགས། ལྷ་རྣམས་ཀྱང་འོད་དུ་ཞུ་བར་བྱའོ། །བུམ་པ་སྟ་གོན་ནོ། །གསུམ་པ་སློབ་མ་ནི། འདིར་ཆོ་ག་ཤིན་ཏུ་བསྡུས་པའི་ལུགས་ཀྱིས་སྟ་གོན་དུ་གནས་པ་སྟེ། ཁྲུས་བྱས་ནས་བཀོད་པའི་རིམ་པ་བཞིན་དུ་གནས་ཏེ། དྲི་ཞིམ་པོའི་ཆུ་ལ་ལས་ཐམས་ཅད་པའི་ཡི་གེ་ཧཱུྃ་བཟླས་ཏེ། སློབ་མ་བསྲུང་བའི་དོན་དུ་སྙིང་གར་གཏོར། ཡང་རྡོ་རྗེ་དང་བཅས་པས་སྙིང་གར་དྲིའི་ཐིག་ལེ་བྱ་ཞིང་སྙིང་གར་རྡོ་རྗེ་བསྒོམ། སྤྱི་བོར་རྡོ་རྗེ་བཞག་ཅིང་སྣ་ཚོགས་རྡོ་རྗེ་བསྒོམ་པ་སྟེ། དེ་ཙམ་གྱིས་སློབ་མ་བསྲུངས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པ་བྱས་ཤིང༌། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་བསྲུང་བའི་དོན་དུ། ཧཱུྃ་བཟླས་པའི་སྐུད་པ་དམར་པོ་དཔུང་པ་ལ་བཅིངས་ཏེ། བུད་མེད་ཀྱི་གཡས། སྐྱེས་པའི་གཡོན་ལའོ། །ཕྲན་ཚེགས་ཀྱི་དངོས་གྲུབ་ཀྱི་ལྟས་དང༌། མཆོག་གི་བར་དུ་སོ་ཤིང་ཉེ་རེག་བརྟག དག་བྱེད་ཀུ་ཤ་སྦྱིན། ཁྱོར་མོའི་ཆུ་བླུད། ཁ་དག་པར་བྱེད་པའོ། །སྐབས་འདིར་མཆོད་པ་རྣམ་པ་བཞིས་མཆོད་པར་བྱ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་པ་ལ་སོགས་པས་ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད། དེ་ཙམ་གྱིས་སློབ་མ་སྟ་གོན་དུ་གནས་པ་ཡིན་ཏེ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །ཞེས་བྱ་བ་ལ་སོགས་པ་མྱ་ངན་ལས་འདས་པའི་སེམས་བརྟན་པོར་བསྐྱེད་དུ་གཞུག་པ་ནི་སྐབས་འདིར་མི་བཞེད་དོ། །དེ་ལྟ་བུའི་སྟ་གོན་ལ་གནས་པ་གསུམ་ཀའང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྗེས་སུ་འབྲངས་ནས་དེ་དང་ཐུན་མོང་དུ་བྱ་སྟེ། དེ་ཉིད་འདུས་པ་དང༌། རྡོ་རྗེ་མཁའ་འགྲོ་གསུམ་དུ་ཆོ་གའི་རིམ་པ་མི་གསལ་བ་གསལ་བར་བཤད་དོ། །དེ་ནས་ཐིག་གི་ཆོ་ག་ནི་ཐོ་རངས་ཀྱི་དུས་སུ་སྟ་གོན་གྱི་ལྷ་ནམ་མཁའ་ལ་གཤེགས་སུ་གསོལ་ལ། དེ་ལའང་ཚུལ་གཉིས་ཏེ། རྫོགས་པར་གཤེགས་སུ་གསོལ་བ་དང༌། དམ་ཚིག་པ་བདག་ལ་བསྡུ་བ་དང་གཉིས་སོ། །དེ་ནས་ཐིག་དངོས་ནི། ཚོན་སྣ་ལྔའི་སྐུད་པ་རིགས་ལྔར་བྱིན་གྱིས་བརླབ། དེ་ནས་ཧཱུྃ་བརྒྱ་རྩ་བརྒྱད་བཟླས་ཏེ་བྱིན་གྱིས་བརླབ། དེ་ནས་ཡེ་ཤེས་ཀྱི་ཐིག་བཏབ་ལ་ལས་ཀྱི་ཐིག་གིས་ཆ་རྣམ་པར་བགོ །དེ་ནས་མཚོན་གྱི་ཆོ་ག་ནི་ཐིག་སྐུད་བཞིན་བྱིན་གྱིས་བརླབ། བླ་མས་དབང་ལྡན་གྱི་མཚམས་ནས། འདི་ནི་ཆོས་དབྱིངས་དག་པ། ཞེས་པའི་ཚིགས་སུ་བཅད་པ་བརྗོད་དེ། གཡོན་པའི་ཁུ་ཚུར་གྱིས་བཀྱེ། ལྷ་རྣམས་དགོད་པ་ནི། གདན་ནམ་ཕྱག་མཚན་ནམ། བྲིས་པའམ་འབུར་དུ་བཏོད་པའི་ཚུལ་གྱིས་ཀྱང་བཀོད་ལ། སྔར་གྱི་བུམ་པ་རྣམས་ལས་ཆུ་བསྡུས་ཏེ། བུམ་པ་རྣམས་དབུལ། མཆོད་ཡོན་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་རྣམས་བཀྲམ་སྟེ། མེ་ཏོག་གི་སིལ་མ་གཏོར་ལ་བླ་རེ་ལ་སོགས་པ་བྲེ་བ་སྟེ། ཚོན་གྱི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་ནི། བསྡུས་པའི་དཀྱིལ་འཁོར་སྐབས་འདི་ཉིད་ལས་ཤིན་ཏུ་གསལ་བར་འབྱུང་སྟེ། དམ་ཚིག་གི་དཀྱིལ་འཁོར་གྱི་ཙཀྲ་འབྱིན་པའི་ཚུལ་གྱིས་བསྒྲུབ་པ། དེ་ལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་ཙཀྲ་དགུག་གཞུག་བྱ་བའི་ཚུལ་གྱིས་བསྒྲུབ། དེ་རྣམས་ལ་དབང་བསྐུར་བ་ཡང་ལྷ་སྟ་གོན་གྱི་སྐབས་ལས་ཤེས་པར་བྱ་སྟེ། ཆོ་ག་རྫོགས་པར་བྱས་ཏེ་བསྒྲུབ་བོ། །དེ་ནས་མཆོད་པ་དང་བསྟོད་པ་རྒྱས་པ་སྟ་གོན་གྱི་སྐབས་བཞིན་དུ་བྱའོ། །ཡང་དབང་བསྐུར་བ་དང༌། མཆོད་པ་རྒྱས་བསྡུས་ཕྱི་མ་ལས་གསུངས་པ་དེའི་དོན་ཡང་ཡར་ལ་དྲངས་ཏེ་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོར་མཆོད་པའི་སྦྱིན་སྲེག་འདི་ནི་རྒྱས་པའི་སྦྱིན་སྲེག་ཡིན་ཏེ། ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་རོ། །དེ་ནས་དམ་ཚིག་གསུམ་གྱི་གླུས་མདོར་བསྡུས་ཏེ། གང་རུང་གི་ཚིག་གིས་བདེན་པའི་ཚིག་བརྗོད་དོ། །དེ་ནས་སློབ་དཔོན་བདག་འཇུག་པ་ནི། སློབ་མའི་ཚུལ་གྱིས་ཤེས་པ་ཡིན་པས་སློབ་མའི་ཚུལ་གྱིས་བདག་ཉིད་འཇུག་གོ །དེ་ནས་སློབ་མ་འཇུག་པའི་ཆོ་ག་བྱ་བ་ཡང༌། ཁྲུས་བྱས་ཏེ། འཇུག་པའི་ཡོན་བླ་མ་ལ་ཕུལ་ལ། ཨོཾ་ལ་སོགས་པས་གནས་གསུམ་བྱིན་གྱིས་བརླབ། སྒྱུ་འཕྲུལ་དྲྭ་བ་ནས་འབྱུང་བའི་ཕྱག་རྒྱ་དང་བཅས་པས་ཧཱུྃ་བརྗོད་ཅིང༌། ཡང་གནས་ལྔར་བྱིན་གྱིས་བརླབ། དཔའ་བོ་འབྲུ་ལྔ་ནི་ཨ་ཁཾ་བཱི་ར་ཧཱུྃ་ཞེས་པས་གདོང་གཡོགས་བཅིང༌། སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་མེ་ཏོག་བཟུང་ལ། ཡོལ་བའི་ཕྱི་རོལ་དུ་བྱ་བའི་ཆོ་ག་སྒྱུ་འཕྲུལ་དྲྭ་བའི་གཞུང་བཞིན་དུ་བྱ། ཧཱུྃ་གིས་ཡོལ་བའི་ནང་དུ་བཅུག་སྟེ་ཡེ་ཤེས་དབབ་ཅིང་བརྟན་པ་ལ་སོགས་པའི་ཆོ་ག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁ་དོག་བརྟག་ཅིང་མེ་ཏོག་ཕྲེང་བ་དོར། མགོ་ལ་བཅིང༌། གདོང་གཡོགས་དགྲོལ། དཀྱིལ་འཁོར་བསྟན་ཏེ། ལྕགས་ཀྱུ་ནས་གཙོ་བོའི་བར་དུ་བསྟན་ནོ། །འཇུག་པའོ། །དེ་ནས་དབང་བསྐུར་བའི་ཆོ་ག་ནི། བླ་མ་ལ་དབང་བསྐུར་བའི་ཡོན་ཕུལ་ལ། གསོལ་བ་གདབ་སྟེ། བླ་མས་ཀྱང་སློབ་མ་དེ་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ་དབང་སྟེགས་སུ་གཞག་གོ །དེ་ནས་མེ་ཆུའི་ཤིས་པ་ཙམ་གྱིས་བྱུར་དང་སྐལ་བ་ངན་པ་དང༌། བར་ཆད་ཀྱི་བགེགས་བསལ་ལ། དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་ཆོ་ག་རྒྱས་པས་ཤིས་པའི་ཆོ་ག་བྱའོ། །དེ་ནས་དབང་རྣམས་ནི་རྣལ་འབྱོར་གྱི་རྒྱུད་དང་ཐུན་མོང་དུ། ཆུའི་དབང་ནས། དབུགས་དབྱུང་གཟེངས་བསྟོད་ཀྱི་བར་ཡིན་ལ། རྣལ་འབྱོར་བླ་ན་མེད་པའི་དབང་དུ་བྱས་ན་ནི། མཆོག་དབང་རིན་པོ་ཆེ་གསུམ་ཡང་དོན་གྱིས་ཤེས་པར་བྱ་སྟེ། དེ་ཡང་གསང་བ་ནི་མཉམ་སྦྱོར་ལའོ། །དབང་གོང་མ་གཉིས་དང་མཉམ་སྦྱོར་དང༌། བརྟག་པ་གཉིས་པ་དང༌། འདུས་པ་གསུམ་ཐུན་མོང་དུ་བྱས་ཏེ་དོན་གྱིས་ཤེས་པར་བྱའོ།།  །།བུམ་པའི་དབང་གི་རྣམ་པར་དབྱེ་བ་རྣམས་ནི་རྒྱུད་ཕྱི་མ་ལས་ཆོ་གའི་གྲངས་ཙམ་བཀོད་པས་འདིར་མ་བྲིས་སོ། །དབང་ངོ༌། །དེ་ལྟར་ན་དངོས་གཞིའི་ཆོ་ག་རྒྱས་པར་གསུངས་སོ། །དེ་ནས་མཇུག་གི་ཆོ་ག་ནི། དང་པོ་བླ་མའི་ཞབས་ལ་ཕྱག་འཚལ་ཏེ་ཡོན་དབུལ། བླ་མས་ལས་ཀྱི་ལྷག་ཆད་ཁ་བསྐང་བའི་ཕྱིར་སྦྱིན་སྲེག་བྱ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད། ཆོ་ག་ལྷག་པ་དང་མ་ཚང་བ་བཟོད་པར་གསོལ། ཧཱུྃ་ཞེས་བྱ་བས་བདག་ཉིད་བར་ཆད་ཞི་བར་བྱ་བའི་དོན་དུ་ལྷའི་ང་རྒྱལ་བརྟན་པར་བྱ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར་མུཿབརྗོད་དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཙཀྲ་གཤེགས་སུ་གསོལ། ཕུར་བུ་རྣམས་བཏོན་ནས་དྲི་ཞིམ་པོའི་ཆུས་བཀྲུས་ཏེ། དམ་ཚིག་གི་དཀྱིལ་འཁོར་གྱི་ཙཀྲ་སེ་གོལ་བརྡབ་ཅིང༌། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ཅིང་བདག་ཉིད་ཀྱི་སྙིང་གའི་ཧཱུྃ་ལ་བསྡུ། དེ་ནས་ཧཱུྃ་ཞེས་བརྗོད་དེ། རྡུལ་ཚོན་དང་མཆོད་རྫས་ལྷག་མ་རྣམས་རིན་པོ་ཆེའི་བུམ་པར་བསྡུས་ཏེ། དྲི་ཞིམ་པོའི་ཆུས་ཀྱང་བཀང་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གླུ་དང་བཅས་པས། དུང་ལ་སོགས་པའི་སྒྲས་རྒྱ་མཚོ་ཆེན་པོར་དོར་བར་བྱའོ།།  །།དེ་ལྟར་ན་སྔོན་དུ་བསྙེན་པ་ནས་བརྩམས་ཏེ། རྡུལ་ཚོན་ཆུ་བོ་ཆེན་པོར་དོར་བའི་བར་དང༌། དཀྱིལ་འཁོར་གྱི་ཆོ་ག་དངོས་ལ་ནུབ་གསུམ་དང༌། རྣམ་གཅད་དང་པོ་ས་གཞི་གཟུང༌། །གཉིས་པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུངས་པ་དང༌། སྦྱིན་སྲེག་གསུམ་པའི་ལུགས་ཀྱང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས་གསུངས་པས། མདོའི་ཆོ་ག་སྤྱིའི་ཆོ་ག་ཞེས་བྱ་བར་ཐམས་ཅད་མཁྱེན་པར་དགོངས་ནས་འདིར་རྒྱུད་རྣམས་ཐུན་མོང་གི་ཆོ་ག་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །དངོས་སུ་ཕན་འདོགས་པ་ནི། རྡོ་རྗེ་མཁའ་འགྲོ་དང་དེ་ཉིད་འདུས་པར་རོ། །དཀྱིལ་འཁོར་སྒྲུབ་པ་ལ་བརྟེན་ནས། ལྷའི་རྣལ་འབྱོར་རྒྱས་པར་གསུངས་པ་ཡང་དབང་གི་མངོན་རྟོགས་དང་འབྲེལ་བར་མ་ཟད། །མཆོག་གི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱང་འདི་ཉིད་ཀྱིས་ཤེས་པར་བྱ་བ་ཁོ་ན་ཡིན་ནོ། །ས་ཆེན་གྱི་མཛད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*