༧ དཔལ་ལྡན་ས་སྐྱ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཞོ་སྟོན་ཐེངས་༢༢ ཐོག་ཆིབས་བསྒྱུར།

བོད་ཀྱི་ཞོ་སྟོན་ཐེངས་༢༢ པ་རྡེ་ར་རྡུན་དུ་འགོ་འཛུགས།


རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཁུལ་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་དུ་ཞོ་སྟོན་ཐེངས་༢༢ པ་དེ་འགོ་འཛུགས་བྱས་འདུག་པ་དང་། དེ་གར་སྐུ་མགྲོན་གཙོ་བོ་༧དཔལ་ས་སྐྱའི་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་ཕེབས་ཡོད་པ་རེད།

ཞོ་སྟོན་ཐེངས་༢༢ པ་དེ་ཟླ་༤ པའི་ཚེས་༡༩ ནས་༢༣ བར་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་གཙོས། ར་ཇེ་པུར་དང་སྤོན་ཌ། མ་སུ་རི། དོན་གྲུབ་གླིང་བཅས་སུ་འཚོགས་རྒྱུ་ཡིན་འདུག དེར་མཉམ་ཞུགས་བྱེད་མཁན་བོད་ཀྱི་ཟློས་གར་ཚོགས་པ་དང་བྷན་དྷ་ར། མ་སུ་རི། ཀོ་ལེ་གྷལ། བལ་ཡུལ། མོན་གྷོ། མན་སྤར། ཨོ་རི་ས། ཀ་སྦུག སྦེལ་ཀོབ་བཅས་ཀྱི་ལྷ་མོ་ཚོགས་པ་ཁག་ཡིན་འདུག འཁྲབ་གཞུང་ཆོས་རྒྱལ་ནོར་བཟང་དང་འགྲོ་བ་བཟང་མོ། པདྨ་འོད་འབར། རྒྱལ་པོ་འཇིག་རྟེན་དབང་ཕྱུག སྣང་ས་འོད་འབུམ། གཟུགས་ཀྱི་ཉི་མ། མཁན་སློབ་ཆོས་གསུམ། དྲི་མེད་ཀུན་ལྡན་བཅས་ཡིན་པ་དང་། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་ནས་ཡུལ་གྲུ་ཁག་གི་གཞས་སྣ་དང་ཨ་ཀ་མ་རོལ་ཚོགས་ནས་དེང་དུས་གཞས་སྣ་གཟིགས་འབུལ་བྱེད་རྒྱུ་ཡིན་འདུག

བོད་ཀྱི་ཞོ་སྟོན་དུས་སྟོན་ནི་སྔོན་མ་སེར་འབྲས་སོགས་སུ་དབྱར་གནས་ཚུགས་སྐབས། ཚོགས་གཞུང་དུ་ཞོ་གཏོང་གི་ཡོད་པས་ཞོའི་སྟོན་མོ་ཞེས་འབོད་ཀྱི་ཡོད་པ་རེད། ༧གོང་ས་སྐུ་ཕྲེང་ལྔ་པའི་སྐབས་ཞོ་སྟོན་ཉིན་བཀྲ་ཤིས་ཞོལ་པ་དང་། བྲོ་བ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་འཁྲབ་ཀྱི་ཡོད་པ་རེད། རྗེས་སུ་བཙན་བྱོལ་དུ་ བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཕྱི་ལོ་༡༩༩༣ ལོར་བོད་ཀྱི་ཞོ་སྟོན་བྱེས་སུ་སླར་གསོ་བྱས་པ་ཡིན་འདུག །

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*