༼ཁ༽
༄༅། །སྦྱིན་སྲེག་གི་ཊཱིཀ་བཞུགས།།
༄༅། །ཤྲཱི་ཝན་གུ་རུ་བྷ་དྲྭ་ཡ་ན་མཿ དངོས་གྲུབ་མ་གྲུབ་པ་གྲུབ་པར་བྱེད་པ་ནི་བསྙེན་པ་ཡིན་ལ། གྲུབ་པ་འབྲས་བུ་མྱུར་དུ་འབྱིན་པར་བྱེད་པ་ནི་སྦྱིན་སྲེག་གོ །དེའི་ཕྱིར་སློབ་དཔོན་གྱི་སྦྱིན་སྲེག་གི་ཆོ་ག་གསུངས་སོ། །དེ་ཡང་ཀླད་ཀྱི་དོན་ཤིས་པར་བརྗོད་ཅིང་བཤད་པར་དམ་བཅའ་བའི་དགོས་དོན་དང༌། བསྡུས་དོན་ནི་སྤྱི་དང་འདྲའོ། །ཡན་ལག་གི་དོན་ནི་ཚིག་དོན་ཏེ། དེའང་བསྟོད་པའམ་ཤིས་པ་བརྗོད་པ་ནི། བཅོམ་ལྡན་འདས་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ལ། དེ་ནི་ལྐུགས་པ་ལུས་ཀྱི་བརྡ་བྱེད་པ་དང་འདྲ་བར། བཅོམ་ལྡན་འདས་ལ་ཞལ་བཞི་ལ་སོགས་པའི་བརྡས་ཆེ་བའི་ཡོན་ཏན་བརྗོད་པ་སྟེ། དེས་བསྟོད་ཅིང༌། དེའི་བྱིན་རླབས་ཀྱིས་སྒྲུབ་པ་པོ་ལ་ཤིས་པར་མཛོད་ཅིག་པའོ། །དེའང་ཞལ་བཞིའི་དག་པ་ནི་ཐ་མལ་པའི་དུས་ན་འབྱུང་བ་བཞི་དག་པའོ། །ཀུན་རྫོབ་ཀྱི་དག་པ་ཚད་མེད་པ་བཞི་དང༌། ཕྲིན་ལས་བཞི་དག་པའོ། །དོན་དམ་པའི་དག་པ་རྣམ་པར་ཐར་པའི་སྒོ་བཞིའོ། །སྤྱན་གསུམ་ནི་དུས་གསུམ་གྱི་དངོས་པོ་མཁྱེན་པའོ། །དབང་ཆེན་ཞེས་བྱ་བ་ལ་སོགས་པས་ཀྱང་ཐ་མལ་གྱི་དག་པ་བསྟན་ཏོ། །ཕྱག་གཉིས་བགེགས་ཀྱི་པགས་པ་འཛིན་ཞེས་བྱ་བ་ནི། སྔོན་བཅོམ་ལྡན་འདས་ཀྱིས་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་ཞེས་བྱ་བ། ཕ་སྲིན་པོ་མ་ཀླུ་ཡིན་པས་གདུག་པ་ཆེ་བས་སེམས་ཅན་ལ་ཤིན་ཏུ་གནོད་པ་ལ། སངས་རྒྱས་ཀྱིས་མི་གཡོ་བར་སྤྲུལ་ཏེ་མགོ་བཅད་པས། མས་ས་འོག་རིམ་པ་བདུན་དུ་ཁྲིད་དེ་ཞང་པོ་ཀླུ་ལས་མགོ་བླངས་པས། ཀླུ་གླང་པོའི་མགོ་ཅན་ཤི་བ་དང་ཕྲད་དེ། དེའི་མགོ་བོ་འབྱར་རྩིས་བཏགས་པས་ཡང་མི་འགུལ་བར་གྱུར་ཏོ། །ཡང་དེ་གདུལ་བའི་ཕྱིར་ལྷ་མོ་འོད་ཟེར་ཅན། འཁོར་བཅུ་གསུམ་དང་བཅས་པས་ཁབ་སྐུད་ཐོགས་པ་སྤྲུལ་ཏེ། ཁ་དང་མིག་བཙེམས་སོ། །དེ་ལྟར་གནོད་པའི་བགེགས་བཅོམ་པའི་རྟགས་སུ། ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པའོ། །ནང་དུ་གླང་པོ་ཆེའི་པགས་པས་རྨོངས་པའི་གླང་པོ་དྲལ་བར་མཚོན་པའོ། །ཕྱག་མཚན་གཞན་བརྒྱད་ནི་ལོ་ཧི་པ་དང་མཐུན། བསྲུང་ཞེས་པ་ནི། ཕྱིའི་བར་ཆད་བགེགས་བདག་བི་ནཱ་ཡ་ཀ་ལ་སོགས་པ་དང༌། ནང་གི་འབྱུང་བ་དང༌། གསང་བའི་བགེགས་རྟོགས་པ་ངང་ལས་སྲུངས་ཤིག་པའོ་གསུང༌། དེ་ཡང་བདེ་མཆོག་གི་བསྲུང་ཞེས་པ་དང་སྦྱར་ཏེ། དེའི་ཁྱད་པར་གྱི་ཆོས་ནི་སྔོ་དང་ཞེས་པ་ལ་སོགས་པའོ། །བཤད་པར་དམ་བཅའ་བ་ནི་བཤད་ཅེས་སྦྱར། གང་གིས་ན་ནག་པོ་པ་བདག་གིས། གང་བཤད་ན་སྦྱིན་སྲེག་གི་རིམ་པ། གང་གི་ཕྱིར་ན་སེམས་ཅན་ལ་ཕན་ཕྱིར། གང་ལ་བརྟེན་ནས་བཤད་ན། ཐོག་མར་བདེ་མཆོག་ཅེས་སོ། །གཞུང་གི་དོན་ལ་གསུམ་སྟེ། སྦྱིན་སྲེག་གི་དུས་དང༌། དགོས་པ་འཐད་པ་དང་བཅས་པ་བསྟན་པ་དང༌། སྦྱིན་སྲེག་གི་ལུས་རྣམ་པར་གཞག་པའི་ཚུལ་གྱིས་གཞན་གཞུང་ལ་ཟུར་ཟ་བར་བསྟན་པ། ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་དུས་ནི་གཞན་དོན་དུ་བྱེད་ན་དབང་དང་རབ་གནས་ལ་སོགས་པའི་དུས་སུ་དཀྱིལ་འཁོར་གྱི་ལྷ་མཉེས་པའི་ཕྱིར་དང༌། རང་དོན་དུ་དངོས་གྲུབ་སྒྲུབ་པའི་དོན་དུ་བྱེད་པ་སྟེ། འབྲས་བུ་མྱུར་དུ་འབྱིན་པའི་ཐབས་སོ། །གཉིས་པ་ནི་བླ་མེད་ནང་ཕྱིའི་སྟེ་ཞེས་པ་ལ་སོགས་པ་སྟེ། བླ་ན་མེད་པའི། ནང་གི ཕྱིའི་སྦྱིན་སྲེག་སྟེ། སློབ་དཔོན་ནི་རྣམ་པར་དབྱེ་ན་གསུམ་དུ་འདོད་ལ། གཞན་ནི་ཞི་བའི་སྦྱིན་སྲེག་ལ་སོགས་པ་བཞི་རུ་འདོད་དེ། ནང་དང་བླ་མེད་མ་གཏགས་པའོ། །དེ་ལ་བླ་མེད་ཅེས་པ་ལ་སོགས་པས་ཡན་ལག་རྒྱས་པར་དབྱེ་བ་སྟོན་པ་ལས། དང་པོར་བླ་ན་མེད་པའི་སྦྱིན་སྲེག་སྟོན་ཏེ། དེ་ཡང་རབ་གྲགས་ཡིན། ཞེས་བྱ་བའི་བར་གྱིས་ནི་བླ་ན་མེད་པའི་སྦྱིན་སྲེག་དངོས་སྟོན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་སེམས་ལ་གློ་བུར་གྱི་དྲི་མ་རྣམས་ཐིམ་ཞིང༌། དྭངས་པའམ་ཟད་པར་གྱུར་པ་སྟེ། སེམས་གཉུག་མའི་ཡེ་ཤེས་རྟོགས་པའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་དང་རྗེས་སུ་མཐུན་པའི་མཚོན་བྱེད་ལ་ཡང་བླ་ན་མེད་པའི་སྦྱིན་སྲེག་ཏུ་བསྟན་ཏེ། དེ་ལ་གསུམ། རང་ལུས་ཐབས་ལྡན་ལྟར་བཤད་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལྟར་བཤད་པ་དང༌། ཐ་མལ་ལས་ཀྱི་ཕྱག་རྒྱ་ལྟར་བཤད་པའོ། །དང་པོ་ནི། དབང་པོ་རབ་ཀྱིས་རང་ལུས་ཐབས་ལྡན་བསྒོམ་པའི་དབང་དུ་བྱས་ནས། པདྨ་ཞེས་པ་སྤྲུལ་པའི་འཁོར་ལོ། རྡོ་རྗེ་ཞེས་པ་དེར་གཏུམ་མོའི་མེ་སྦར་བ་ལས། སྤྱི་བོའི་ཧྃ་ལས་བྱང་སེམས་གཤེར་བ་དང༌། དྲོ་བའི་རང་བཞིན་མགྲིན་པར་ཕབ། དེ་ནས་ཀྱང་སྙིང་གའི་ཆུ་ཤིང་གི་མེ་ཏོག་ལྟ་བུར་ཕབ་པ་ནི་རྡོ་རྗེ་ཞེས་སོ། །ས་བོན་བསྲེགས་པས་དེ་ལས་ཀྱང་ལྟེ་བར་ཨྃ་དུ་ཕབ་པའོ། །བླ་མེད་གནས་ཞེས་པ་ཚོར་བ་བདེ་བ་སྐྱེ་བ། དེས་ཕུང་པོ་སོགས་ཀྱི་རྟོག་པ་འཇོམས་པའོ། །ཡེ་ཤེས་མེ་ནི་སྐྱེས་གྱུར་པས། །ཞེས་པ་སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པ་སྐྱེ་བས་བླ་ན་མེད་པའི་སྦྱིན་སྲེག་དངོས་སྐྱེའོ། །འདིའི་བཤད་པ་འོག་མ་གཉིས་ལའང་འདྲ་བར་ཤེས་པར་བྱའོ། །གཉིས་པ་དབང་པོ་འབྲིང་གིས་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པའི་དབང་དུ་བྱས་ན། པདྨ་ཞེས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཕག་མོར་བསམས་པའི་པདྨ་ཨ་ལས་པདྨ་འདབ་མ་བརྒྱད་པར་བསྐྱེད་དེ། ཟེ་འབྲུ་ལ་ཨྃ་དགོད་པའོ། །རྡོ་རྗེ་ཞེས་པས་ཡབ་ཧེ་རུ་ཀར་བསམས་པའི་གསང་གནས་ཧཱུྃ་ལས་རྡོ་རྗེར་བསྐྱེད་པའོ། །དེ་ནས་རླུང་ཕྱིར་འགྲོ་བ་ཐ་མལ་པར་བཏང་ལ། ནང་དུ་འཇུག་ན་སྙིང་གའི་ཧཱུྃ་མར་ཕུལ་ཏེ། རྡོ་རྗེའི་རྩེ་མོར་བསམ། དེ་ནས་ཡུམ་གྱི་པདྨའི་ཨྃ་གི་ཐིག་ལེ་དམར་པོ་དང༌། ཡབ་ཀྱི་ཧཱུྃ་གི་ཐིག་ལེ་དཀར་པོ་ཕྲད་པར་བསམས་ལ། རྡོ་རྗེ་དང་པདྨ་བསྲུབས་པར་བསམ་མོ། །དེས་བདེ་བ་སྐྱེས་ཏེ་བོགས་དབྱུང་དགོས་པའི་བདེ་བ་ཁོལ་བུར་སྐྱེ་བའམ་རྩོལ་བ་མི་དགོས་པར་ལུས་མཐའ་དག་ལ་སྐྱེ་བ་སྟེ། བོགས་དབྱུང་དགོས་ན་ཡང་འཇམ་རླུང་དང༌། རྩུབ་རླུང་གཉིས་ཡོད་གསུང་ངོ༌། །དེ་ལྟར་བྱས་པས་དང་པོར་ཚོར་བ་བདེ་བ་སྐྱེ། དེ་ནས་མི་རྟོག་པའི་བདེ་བ་སྐྱེ་གསུང༌། དེ་ནི་བླ་མེད་གནས་ཐོབ་ཅེས་པའོ། །ལྷག་མའི་ཚིག་དོན་སྔ་མ་དང་འདྲའོ། །གསུམ་པ་ལྟར་ན། པདྨ་ཞེས་པ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་ཕག་མོ་ལ་སོགས་པར་བསྐྱེད་པའི་པདྨ་བྱིན་གྱིས་བརླབ་པའོ། །རྡོ་རྗེ་ལ་སོགས་པ་ནི་ཡབ་ཀྱི་རྡོ་རྗེ་བྱིན་གྱིས་བརླབ་པའོ། །ས་བོན་བསྲེག་པ་ནི། ས་བོན་ཕབ་ལ་བཟློག་པ་སྟེ། དེ་ཡང་ཞག་གསུམ་ཕྲག་ལྔ་སྟེ་བཅོ་ལྔར་རླུང་སྦྱངས་ན། ཐིག་ལེ་དབབ་བཟློག་ཅི་དགར་འབྱུང༌། དེས་ཡང་ཚོར་བ་བདེ་བ་དང༌། མི་རྟོག་པའི་བདེ་བ་འབྱུང་སྟེ། དེ་ནི་བླ་མེད་གནས་ཐོབ་ཅེས་པའོ། །བླ་ན་མེད་པའི་སྦྱིན་སྲེག་ནི། ཕུང་པོ་ཞེས་པ་རྐང་པ་གཉིས་དང༌། ཡེ་ཤེས་ཞེས་པ་འོག་གི་རྐང་པ་གཉིས་ཏེ། ཤླཽ་ཀ་གཅིག་གིས་བསྟན་ཏོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་ནང་གི་སྦྱིན་སྲེག་རང་གི་འདོད་པ་དང༌། སློབ་དཔོན་གཞན་གྱི་བཞེད་པ་མཐུན་པར་ཐུན་མོང་དུ་བསྟན་པ་ལས། དེ་ཡང༌། རང་གི་ལྷ་ཞེས་པ་རྐང་པ་གཉིས་སྦྱར་ཏེ། ཁ་ཟས་སྦྱང་བ་བདུད་རྩི་མྱང་བ་ལྟར་བྱས་ལ། དེ་ནས་རང་ཉིད་ཕྱིའི་ཧེ་རུ་ཀ་ཡབ་ཡུམ་དུ་བསམས་ཏེ། ལྟེ་བའི་ཨྃ་ལས་སྦར་བའི་མེ་སྙིང་ག་ན་ཡང་འབར་བའི་ཁྲོད་དུ་དཀྱིལ་འཁོར་གྱི་ལྷ་རྣམས་གསལ་བར་བསམས་ལ། ལག་པ་གཉིས་བླུགས་གཟར་དང་དགང་གཟར་དུ་བྱས་ཏེ་སྙིང་གའི་དཀྱིལ་འཁོར་མཆོད་པའོ། །དེ་ལ་དགོས་པ་ཅི་ཡོད་ཅེ་ན། ཚིག་གོང་མ་དང་སྦྱར་ཏེ། ཉོན་མོངས་པའི་གདུང་བ་བཞི་དང༌། འོག་གི་སྐྱེ་བའི་ལས་ཞེས་པ་ལས་ལས་ཀྱང་གྲོལ་བའི་དགོས་པ་ཡོད་གསུང་སྟེ། རེས་ནི་སྔོན་ལ་ལས་བླངས་ནས་དེ་གང་ལས་བྱུང་ན། ཉོན་མོངས་པ་ལས་བྱུང་བས་ཞེས། ཉོན་མོངས་པ་ཕྱིས་སྦྱང་བ་ལ་ཡང་མཛད་དོ། །དེར་མ་ཟད་ཏིང་ངེ་འཛིན་རྒྱས་ཞེས་པ་དང༌། ཚེ་འཕེལ་ཞེས་སྦྱར་ནས། ཏིང་ངེ་འཛིན་སྐྱེ་བ་དང༌། ཡོན་ཏན་གོང་ནས་གོང་དུ་རྒྱས་པར་འགྱུར་བའོ། །དེ་བས་ན་ནང་གི་སྦྱིན་སྲེག་བྱ་ཞེས་པའོ། །དེ་ལྟར་ན་དོན་གསུམ་གྱིས་ནང་གི་སྦྱིན་སྲེག་བསྟན་ཏོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཕྱི་ནང་གི་སྦྱིན་སྲེག་ཐམས་ཅད་ཀྱི་དུས་དང༌། ངེས་པའི་ཚིག་ཐུན་མོང་དུ་མཚམས་སྦྱར་བའི་སྒོ་ནས་བསྟན་གསུང༌། ནང་གཅིག་པུར་གསལ་བ་འདྲའོ། །ད་ནི་ཕྱིའི་སྦྱིན་སྲེག་ལ། རིགས་ལྔ་ཞེས་པ་ཐ་མལ་པའི་བྲམ་ཟེ་ལ་སོགས་པའི་རིགས་ལྔའམ། རྡོ་རྗེའི་རིགས་ལ་སོགས་པའི་དབང་དུ་བྱས་ནས་ཐབ་ལྔའོ། །ཁྲུ་གང་ཞེས་པ་ལ་སོགས་པ་ནི་ལས་བཞི་ཀ་ལ་མཐུན་གསུངས་པའོ། །སོར་བཞིའི་ཁ་ཁྱེར་ནི། ཐབ་ཁྲུ་གང་བ་ལ་ཡིན་ཏེ། དེ་བཞིན་དུ་ཐབ་ཀུན་ལ་རང་གི་ལྔ་ཆས་ཅུང་ཟད་དམན་པ་རེ་གོ་བར་བྱའོ། །རང་གི་ཁ་ཁྱེར་ཞེས་པ་ཐབ་ཁྲུ་གང་ལ་མུ་རན་གྱི་ནང་དུ། སོར་བཞི་དོར་བ་སྟེ། ལས་ཀྱི་བྱེ་བྲག་གིས་ཟླུམ་པོ་དང་གྲུ་གསུམ་ལ་སོགས་པ་ལ་རང་གི་དབྱིབས་བཞིན་ནོ། །མདོར་ན་ལས་གང་གིས་ཐབ་ཡིན་ཀྱང༌། དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པའི་ལྟེ་བ་ལ་བཅོམ་ལྡན་འདས་ཡབ་ཡུམ་གྱི་མཚན་མ་རྡོ་རྗེ་དང་གྲི་གུག་བྲི། ཕྱོགས་བཞིའི་འདབ་མ་ལ་འཁོར་ལོ་དང༌། རིན་ཆེན་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་བཞི་ཤར་ནས་གཡས་སྐོར་དུ་བྲི། མཚམས་གྱི་འདབ་མ་བཞི་ལ་བུམ་པའི་སྟེང་དུ་ཐོད་པ་བདུད་རྩིས་གང་བ་བཞི་བྲི་བར་དོན་གྱི་ཤེས་སམ་གསུང༌། ཕར་འགྱེད་པའི་ཁ་ཁྱེར་ལ་པདྨའི་འདབ་མ། ཕར་སོར་བཞི་རྩིག་པའི་མུ་རན་ལ་གྲི་གུག་གི་རྭ་བ་བྲི། དེའི་ནང་ལོགས་ལ་ཡང་པདྨའི་ཕྲེང་བ་བྲི་བར་བྱ་སྟེ། བདེ་ཆེན་གྱི་འཁོར་ལོའོ། །དེའི་ཕྱི་རོལ་དུ་ལས་དང་མཐུན་པའི་ཁ་ཁྱེར་རྒྱར་སོར་བཞི་པ་དཔངས་སུ་སོར་གཉིས་པའོ། །འདི་ནས་ལས་སོ་སོའི་ཁ་དོག་དང་མཚན་མ་དབྱེ་སྟེ། ཁ་དོག་ནི་ཞི་བ་ལ་དཀར་པོ་ལ་སོགས་པའོ། །མཚན་མ་ནི་ཞི་བ་ལ་རྡོ་རྗེ་ཁ་ཟུམ་པ། རྒྱས་པ་ལ་རིན་པོ་ཆེ། དབང་ལ་པདྨ། དྲག་པོ་ལ་རྡོ་རྗེ་གདེངས་པའི་ཕྲེང་བའོ། །དེའི་ཕྱི་རོལ་དུ་འཁོར་ལོ་གསུམ་ལ་ལྷའི་མཚན་མ་ཁ་ཊྭཱཾ་ག་དང་གྲི་གུག་རེའམ། རྡོ་རྗེ་པདྨ་འཁོར་ལོ་གྲི་གུག་གང་རུང་བ་བྲིའོ། །སྒོ་མ་བཞི་ལ་ལྕགས་ཀྱུ་སོགས། མཚམས་མ་བཞི་ལ་གྲི་གུག་རེ་རེ་བྲི། དེ་ནས་སྒོ་ཚོགས་རྟ་བབས་དང་བཅས་པའི་ཕྱི་རོལ་དུ་དུར་ཁྲོད་དང༌། ཁོར་ཡུག་ལ་ཚངས་པ་ལ་སོགས་པའི་པདྨ་ལ་སོགས་པའི་ཕྱག་རྒྱ་ཉི་ཤུ་དགོད་དོ། །དེའི་མཐར་རྡོ་རྗེའི་རྭ་བ་མེ་འབར་བ་དང་བཅས་པའི་མཚམས་བཞིར་ཟླ་བ་ཚེས་པ་ལ་གནས་པའི་རྡོ་རྗེ་ཕྱེད་པ་བྲིའོ། །དེ་ཡང་ཐབ་དང་ཁ་ཁྱེར་དང༌། མུ་རན་དང༌། ལས་ཀྱི་ཁ་ཁྱེར་རྣམས་ཀྱི་ལས་དང་མཐུན་པའི་མདོག་ཡིན་ལ། དཀྱིལ་འཁོར་དང་ལྷའི་མཚན་མ་རྣམས་ནི་དཀྱིལ་འཁོར་གྱི་ཆོ་གའི་བྲི་བའི་ཚུལ་ལྟར་ཡིན་ཞིང༌། འབྱུང་པོའི་ཁོར་ཡུག་ནི་ཕྱོགས་ཀྱི་མདོག་གམ་ཇི་ལྟར་མཛེས་པའང་བྱ་གསུང་ངོ༌། །ཐབ་ཀྱི་དབང་དུ་བྱས་པའོ། །ཡམ་ཤིང་ཞེས་པ་ལ་སོགས་པས། ཡམ་ཤིང་དང༌། བུད་ཤིང་དང༌། བསྲེག་རྫས་རྣམས་རྒྱས་པར་འདིར་མི་བརྗོད་པར་བསྟན། མན་ངག་རིམ་པ་དག་ཅེས་པ་ལ་སོགས་པའི་དོན་གྱིས། ཐབ་འདུས་བྱས་པའི་རྗེས་ལ་རྫས་རྣམས་བསོགས་ཏེ་དགྲམ་པར་ཤེས་པར་བྱའོ། །དེ་ནས་སློབ་དཔོན་ཞེས་པ་ལ་སོགས་པས་སྒྲུབ་པ་པོ་བདག་ཉིད་ཆས་སུ་འཇུག་པ་ལ་སོགས་པ་བསྟན་ནོ། །དེ་ནས་རང་གྱི་ལྷ་ཞེས་བྱ་བ་ལ་སོགས་པ་ནས་བདག་ཉིད་དབུ་རྒྱན་གྱི་ལྷ་དྲན་པའི་བར་དུ་བྱ་ཞིང༌། མཐར་ལྷ་བསྡུས་ཏེ་དཔའ་བོ་གཅིག་པའི་ང་རྒྱལ་གྱིས། སྲུང་འཁོར་བྱ་བ་ལ་སོགས་པ་དཀྱིལ་འཁོར་ཆོ་ག་དང་འདྲ་གསུང་ངོ༌། །དེ་ནས་བར་འདིར་མཆོད་རྫས་དང༌། བསྲེག་རྫས་རྣམས་བསང་བ་དང༌། སྔགས་ཀྱི་བྱིན་གྱིས་བརླབས་ཏེ་སོ་སོར་དགོད་པ་ལ་སོགས་པ་འབྱུང༌། ཤིང་བརྩེགས་ཏེ་མེ་སྦར་བ་ལ་སོགས་པའང་འབྱུང་སྟེ། དེ་གཞུང་གིས་ནི། འོག་ནས་མཆོད་ཡོན་ཞེས་པ་ལ་སོགས་པས་སྟོན་ཏེ། འོག་མའི་དོན་ཡར་ལེན། ཚིག་བླང་མི་གསུང༌། ཡི་གེ་ཧཱུྃ་ཞེས་པ་ལ་སོགས་པས་དེ་ནས་ཐབ་བསྐྱེད་པ་དང༌། མེ་ལྷའི་དམ་ཚིག་སེམས་དཔའ་བསྐྱེད་པ་ལ་སོགས་པ་བསྟན་ཏེ། དེ་དག་གི་ལག་ཏུ་བླང་བའི་མངོན་རྟོགས་ནི་བླ་མའི་ཞལ་ལས་ཤེས་ལ། ཚིག་དོན་ནི་ཉིད་དུ་གསལ་ལོ། །དེ་ནས་མཆོད་ཡོན་ཞེས་པ་ལ་སོགས་པས་སྲུང་བའི་འཁོར་ལོའི་རྗེས་ལ་འབྲངས་ཏེ་སྔར་བརྗོད་ཟིན་ཏོ། །དེའི་དབུས་ཞེས་བྱ་བས་སྔར་གྱི་དམ་ཚིག་པའི་མེ་ལྷ་བསྐྱེད་པའི་རྗེས་ལ་ཡེ་ཤེས་པ་དགུག་གཞུག་བྱ་བར་འབྲེལ་ཏོ། །དེ་ནས་མཆོད་ཡོན་གྱི་སྣོད་བླང་ཞེས་སྤྱན་དྲངས་ཏེ་བཞུགས་པ་ལ་མཆོད་པ་བྱ་བར་འབྲེལ་ཏོ། །ཡང་དགུག་གཞུག་བྱས་ཏེ་མཆོད་པ་དབུལ་གསུང༌། དེ་ནས་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་མེ་ལྷ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། གོ་ཆ་དགོད་པ་བསྟན། དེ་ནས་མཁའ་འགྲོ་མ་ལ་སོགས་པས་དབང་བསྐུར་ཏེ། ལས་དང་རྗེས་སུ་མཐུན་པ་ཅོད་པན་བསམ་པ་བསྟན། དེ་ལྟར་འབར་བར་ཤེས་ཞེས་པ་ལ་སོགས་པས་དགང་བླུགས་ཕུལ་ཏེ། མེ་པྲ་བལྟས་ནས་བགེགས་ཡོད་ན་མདའ་ལ་སོགས་པས་བསྲུང་བ་བསྟན། དེ་ནས་མེ་ལས་ཞེས་པ་ལ་སོགས་པས་མཆོད་པ་སྔོན་དུ་བྱས་ཏེ་བསྲེག་རྫས་དབུལ་བའི་རིམ་པ་ལ་སོགས་པ་བསྟན་ནོ། །མཐར་འཐོར་འཐུང་དང་མཆོད་ཡོན་བྱས་ལ། མེ་ལྷ་འབར་བར་བསྟིམ་པ་བྱས་ཏེ། དེ་ཡན་ཆད་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ན་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་མེ་ལྷ་སྟེ་བཅོམ་ལྡན་འདས་མཆོད་པའི་ཆོ་ག་སྟོན་པའམ། དང་པོར་ཐབ་ཏུ་དམ་ཚིག་པ་མངོན་པར་བྱང་ཆུབ་པ་ལྔ་སོགས་ཀྱིས་བསྐྱེད་པ་ལ། དེ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་ཡོན་དང་ཞབས་བསིལ་སྔོན་དུ་འགྲོ་བས་མཆོད་དེ་དགུག་གཞུག་བྱ་བ་བསྟན་ཏོ། །དེ་ནས་སྐུ་གསུང་ཐུགས་དང་གནས་ལྔ་བྱིན་གྱིས་བརླབ་པ་དང༌། གོ་ཆ་དགོད་པ་བླ་མའི་མན་ངག་གིས་ཤེས་པར་བྱའོ། །དེ་ལྟར་སྔ་མ་བཞིན་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བ་བསྟན། ཡེ་ཤེས་སེམས་དཔའ་ཞེས་པ་ལ་སོགས་པས། སེམས་དཔའ་སུམ་བརྩེགས་སུ་བསམ་པ་བསྟན་ཏོ། །ཡེ་ཤེས་པ་མཆོད་པའི་གོ་རིམ་དང༌། མཐར་གཤེགས་པའི་རིམ་པ་དང༌། ཡང་མེ་ལྷ་མཆོད་པའི་རིམ་པ་ནི། བླ་མའི་གདམས་པ་ལས་ཤེས་པར་འགྱུར་བས་འདིར་མ་སྤྲོས་སོ། །ཚིག་གི་དོན་རྣམས་ནི་གཞུང་ཉིད་ན་གསལ་ལོ། །སྦྱིན་སྲེག་ས་མཱཔྟ། ཨི་ཐི།། །། ༄༅། །སྦྱིན་སྲེག་ལག་ལེན་བཞུགས།། ༄༅། །ཀྲྀཥྞ་ཨཱ་ཙརྻས་མཛད་པའི་སྦྱིན་སྲེག་གི་ཆོ་ག་ལ་འདི་ལྟར་གོ་བར་བྱ་སྟེ། གང་ཟག་གི་བློའི་བྱེ་བྲག་གིས་ཆོ་ག་རྒྱས་འབྲིང་བསྡུས་པ་གསུམ་དུ་ཤེས་པར་བྱ། རྒྱས་པ་ལ་ཡང་ལས་བཞིའི་བྱེ་བྲག་གིས་ཐབ་ཁུང་བཞི་ཡིན་ཡང་ཞི་བ་ལྟ་བུ་གཅིག་གི་དབང་དུ་བྱས་ནས། འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་ཐབ་ཁྲུ་གང་ལ་ཟབས་སུ་ཁྲུ་ཕྱེད་བརྐོ། ཁ་ཁྱེར་སོར་བཞི་དོར་བའི་ཕྱི་རོལ་ཏུ་རྒྱ་དང་དཔངས་སུ་སོར་བཞི་པའི་མུ་རན་བརྩིག དེའི་ཕྱི་རུ་ལས་དང་མཐུན་པའི་ཁ་ཁྱེར་རྒྱར་སོར་བཞི་དང༌། དཔངས་སུ་སོར་གཉིས་པ་བྱ། དེའི་ཕྱི་རོལ་དུ་འཁོར་ལོ་གསུམ་སྒོ་ཚོགས་དུར་ཁྲོད་ཁོར་ཡུག་ཟླ་ཚེས་རྡོ་རྗེ་དང་བཅས་པ་བྲི་སྟེ་གཞན་དུ་རྒྱས་པར་བསྟན་ཡོད་པས་འདིར་མི་སྤྲོའོ། །རྒྱས་པ་ནི་ཐབ་ལ་བཞི་སྒོ་བཞི་རྟ་བབས་མེད་པ་གསུང་སྟེ། རྟ་བབས་དང་བཅས་པའི་ཐིག་གདབ། ཕྱོགས་དང་ཚོན་གྱི་གོ་རིམ་ནི་དཀྱིལ་འཁོར་གྱི་ཆོ་ག་བཞིན་ནོ། །བུད་ཤིང་ཡང་ལས་དང་རྗེས་སུ་མཐུན་པར་ཞི་བ་ལ་འོ་མ་ཅན་ལ་སོགས་པ་དང༌། ཡམ་ཤིང་ཡང་ཞི་བ་ལ་སོར་བཅུ་གཉིས་པ་ལ་སོགས་པའི་ཚད་དང་ལྡན་པར་བཤམ་མོ། །ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཐབ་ཁུང་བྱིན་གྱིས་བརླབ་ཅིང༌། འཇིག་རྟེན་པའི་མེ་ལྷ་ཆོ་ག་གསུམ་གྱིས་བསྐྱེད་ལ་དེའི་སྙིང་གར་པདྨ་འདབ་མ་བརྒྱད་པ་བསམ། དེའི་ལྟེ་བར་རྃ་ལས་མེ་གྲུ་གསུམ་གྱིས་མདུན་མར་ཧཱུྃ་ལས་རྡོ་རྗེ། གཡས་སུ་ཨོཾ་ལས་འཁོར་ལོ། གཡོན་དུ་ཨཱཿལས་པདྨ། དབུས་སུ་བྃ་ལས་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱི་རོལ་གྱི་མེ་ལྷ་ཅི་འདྲ་བ་ཅིག་བསྐྱེད་ལ། དེ་ལ་ཡེ་ཤེས་པ་བཀུག་སྟེ་སེམས་དཔའ་སུམ་བརྩེགས་སུ་བྱས་ལ་དགང་བླུགས་ལ་སོགས་པ་ཕུལ་ཏེ་མཆོད་པའི་བར་བྱས་ལ། མེ་འབར་བའི་རྣམ་པར་བལྟས་ལ་འདས་པའི་མེ་ལྷ་ཡང་སེམས་དཔའ་སུམ་བརྩེགས་སུ་བསྐྱེད་ལ་ཡེ་ཤེས་པ་བསྲེས་ཏེ། དབང་བསྐུར་ཞིང་རྒྱས་བཏབ་ལ། ཐུགས་ཀར་ཆོས་ཀྱི་ཡི་གེ་ལས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བསྒོམ་སྟེ། དེ་ལ་བསྲེག་རྫས་དབུལ་བ་ལ། ཆོ་ག་རྒྱས་པ་རང་ལ་ཡང་གསུམ་སྟེ། རྒྱས་པའི་རྒྱས་པ། རྒྱས་པའི་འབྲིང༌། རྒྱས་པའི་བསྡུས་པའོ། །དེ་ལ་དང་པོ་རྒྱས་པའི་རྒྱས་པས་ལྟར་བསྲེག་རྫས་དབུལ་བ་ནི། དང་པོར་གཙོ་བོ་ཡབ་ཡུམ་ལ་དམིགས་ཏེ། ཡམ་ཤིང་ལྟ་བུ་གཅིག་ལ་ཡང༌། དང་པོར་ལྷའི་སྔགས་དབྱངས་སྐྱོང་ངམ། ཡི་གེ་བདུན་པའམ། ཕག་མོའི་ཉེ་སྙིང་གང་ཡང་རུང་བ་གཅིག་དང༌། རྫས་ཀྱི་སྔགས། ཨོཾ་བཛྲ་ཛྭཱ་ལཱ་ཡ་སྭཱ་ཧཱ། ཞེས་པ་དང༌། ལས་བསྒྲུབ་པའི་སྔགས། ཆེ་གེ་མོའི་སྡིག་སྒྲིབ་དང༌། ནད་གདོན་ལ་སོགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པ་སུམ་སྤེལ་མ་ཞེས་བྱ་བས་དབུལ། ཡང་མཆོད་པ་དང་བསྟོད་པ་དང༌། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པའི་བར་དུ་ཚང་བར་བྱ། ཡང་གཙོ་བོ་ཡབ་ཡུམ་ལ་དམིགས་ལ་མར་གྱི་གདང་བླུགས་ལ། ལྷ་སྔགས། རྫས་སྔགས། ལས་སྔགས་གསུམ་ཚང་བས་ཕུལ་ལ། ཡང་མཆོད་པ་དང་བསྟོད་པ་དང་ཡི་གེ་བརྒྱ་པས་ལྷག་ཆད་སྦྱང་བ། རང་འདོད་པའི་དོན་ལ་གསོལ་བ་གདབ་པའི་བར་དུ་སྔར་བཞིན་བྱའོ། །དེ་བཞིན་དུ་ཏིལ་ལ་སོགས་པའི་རྫས་ཐམས་ཅད་ལ། སྔགས་སུམ་སྤེལ་དུ་བྱ་བ་དང༌། རྫས་རེ་རེ་ཞིང་ཕུལ་ཟིན་པ་ན། མཆོད་པ་དང་བསྟོད་པ་དང་ལྷག་ཆད་སྦྱང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་རྣམས་བྱ་སྟེ། གཙོ་བོ་ཡབ་ཡུམ་ལ་རྫས་ཐམས་ཅད་ཚང་བ་གཅིག་དབུལ་ལོ། །དེ་བཞིན་དུ་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་ལ། ལྷ་རེ་རེ་ཞིང་རྫས་དུ་ཡོད་པ་ལ་ལྷ་སྔགས། རྫས་སྔགས། ལས་སྔགས་གསུམ་ཚང་བར་བྱ་བ་དང༌། རྫས་རེ་རེ་ཞིང་རྫོགས་པ་ན། མཆོད་པ་དང༌། བསྟོད་པ་དང༌། ལྷག་ཆད་སྦྱང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པའི་བར་དུ་ཚང་བར་ཉམས་སུ་བླང་བ་ནི། རྒྱས་པའི་རྒྱས་པ་བསྲེག་རྫས་འབུལ་བའི་ལུགས་སོ། །རྒྱས་པའི་འབྲིང་ལྟར་ན། ལྷ་རེ་རེ་ལ། ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་སྤེལ་ལ་རྫས་རྣམས་རྫོགས་པར་དབུལ། དེ་ནས་མཆོད་པ་དང་བསྟོད་པ་དང༌། ཡི་གེ་བརྒྱ་པས་ལྷག་ཆད་སྦྱང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་ལ་སོགས་པ་ཐམས་ཅད་ཚང་བར་བྱ། མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་དུ་དེ་བཞིན་དུ་བྱ་སྟེ་རྒྱས་པའི་འབྲིང་དུ་བསྲེག་རྫས་འབུལ་བའི་ལུགས་སོ། །རྒྱས་པའི་བསྡུས་པ་ལྟར་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལ་དམིགས་ཏེ། བསྲེག་རྫས་དུ་ཡོད་པ་རྣམས་སོ་སོར་དབུལ། དེའི་འབུལ་ལུགས་ནི། དང་པོར་ལྷའི་སྔགས། བར་དུ་རྫས་ཀྱི་སྔགས། ཐ་མར་ལས་སྒྲུབ་པའི་སྔགས་དང་བཅས་པས་རྫས་རྣམས་ལྷ་ཐམས་ཅད་ལ་རྫོགས་པ་རེ་དབུལ། རྫས་རེ་རེ་རྫོགས་པ་དང་སྤྱི་རུ་མཆོད་པ་དང་བསྟོད་པ་དང་ལྷག་ཆད་སྦྱང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་རེ་རེ་བྱའོ། །མཐར་བཀྲ་ཤིས་དང༌། བསྔོ་བ་དང༌། སྨོན་ལམ་གདབ་པ་ནི་ཐམས་ཅད་རྫོགས་ན་གསུམ་ཀ་ལ་བྱའོ། །རྒྱས་པའི་བསྡུས་པར་བསྲེག་རྫས་འབུལ་བའི་ལུགས་སོ། །ཡང་འབྲིང་གི་ཐབ་ཁུང་ནི། ལས་དང་རྗེས་སུ་མཐུན་པའི་ཐབ་ཁུང་བྲི་བའམ། རྩིག་པ་ལ་སོགས་པ་གང་ཡང་རུང་བ་བྱ་སྟེ། དེ་ཡང་རེ་ཁས་བཅད་པ་ཙམ་ལས་ཞིབ་ཏུ་བྲི་བ་ནི་མེད་དོ། །བསྲེག་རྫས་འབུལ་བ་ཡང་ལུགས་གསུམ་དུ་འགྱུར་ཏེ། འབྲིང་གི་རྒྱས་པ་དང༌། འབྲིང་གི་བསྡུས་པའོ། །དང་པོ་ནི་བསྲེག་རྫས་འབུལ་བ་ན་ལྷ་རྣམས་ཚན་པ་ལྔར་བྱས་ཏེ། དང་པོར་བདེ་ཆེན་གྱི་འཁོར་ལོ་ལ་དམིགས་ཏེ། ལྷའི་སྔགས་དང༌། རྫས་ཀྱི་སྔགས་དང༌། ལས་སྒྲུབ་པའི་སྔགས་གསུམ་སྤེལ་ལ་ཡམ་ཤིང་ལྟ་བུའི་རྫས་གཅིག་དབུལ། རྫས་རེ་རྫོགས་པ་དང༌། མཆོད་པ་དང་བསྟོད་པ་དང༌། ལྷག་ཆད་བསྐང་བ་དང༌། གསོལ་བ་གདབ་པའི་བར་དུ་བྱའོ། །དེ་ནས་ཐུགས་ཀྱི་འཁོར་ལོ་ལ། དེ་ནས་གསུང་གི་འཁོར་ལོ་ལ། དེ་ནས་སྐུའི་འཁོར་ལོ་ལ། དེ་ནས་དམ་ཚིག་གི་འཁོར་ལོ་ལ་འབུལ་ཏེ། དེ་ཡང་ལྷ་ཚན་པ་ལྔར་བཅད་པའི་དབང་དུ་བྱས་ནས་འབྲིང་ཡིན་ལ། རྫས་རེ་རེའི་གཤམ་དུ་མཆོད་པ་དང་བསྟོད་པ་རེ་བྱེད་པ་ལ་དགོངས་ནས་རྒྱས་པའོ་གསུང༌། གཉིས་པ་འབྲིང་གི་འབྲིང་གི་དབང་དུ་བྱས་ནས་བསྲེག་རྫས་འབུལ་ན། འཁོར་ལོ་ལྔའི་ལྷ་རྣམས་ལ་འཁོར་ལོ་རེ་རེ་ལ་དམིགས་ནས་ལྷ་དང༌། རྫས་དང༌། ལས་ཀྱིས་སྔགས་གསུམ་སྤེལ་ལ་དབུལ་རྫས་ཐམས་ཅད་རྫོགས་པ་དང༌། མཆོད་པ་དང༌། བསྟོད་པ་དང༌། ལྷག་ཆད་སྦྱང་བ་དང༌། གསོལ་བ་གདབ་པའི་བར་དུ་རེ་རེ་བྱའོ། །འབྲིང་གི་བསྡུས་པ་ནི། ཐུགས་ཀའི་ཡི་གེ་ཧཱུྃ་ལ་དམིགས་ལ་ལྷ་དང་རྫས་དང་ལས་ཀྱི་སྔགས་གསུམ་སྤེལ་ལ་དབུལ། དེ་ནས་མཆོད་བསྟོད་ལ་སོགས་པ་བྱའོ། །ཡང་བསྡུས་པ་ནི། འཁོར་ལོ་ལྔའི་ལྷ་ཐམས་ཅད་ལ་བསྲེག་རྫས་དུས་གཅིག་ཏུ་འབུལ་བ་ཡིན་ཏེ། དེ་ལ་ཡང་གསུམ། ཏིལ་ལྟ་བུའི་བསྲེག་རྫས་གཅིག་ལ་དང་པོ་ལྷ་སྔགས། བར་དུ་རྫས་སྔགས། མཇུག་ཏུ་ལས་སྔགས་སྤེལ་ནས་ཕུལ་ལ་རྫས་རེ་རེ་རྫོགས་པ་དང་མཆོད་པ་དང་བསྟོད་པ་དང་ལྷག་ཆད་སྦྱང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པའི་བར་དུ་བྱ་བ་ནི་བསྡུས་པའི་རྒྱས་པའོ། །བསྲེག་རྫས་ཐམས་ཅད་སོ་སོར་རྫོགས་པར་ཕུལ་ལ། མཆོད་པ་དང་བསྟོད་པ་དང་ལྷག་ཆད་སྦྱང་བ་དང༌། གསོལ་བ་གདབ་པའི་བར་དུ་བྱ་བ་ནི་བསྡུས་པའི་འབྲིང་ངོ༌། །བསྡུས་པའི་བསྡུས་པ་ནི། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་རང་གི་ཆོས་ཀྱི་ཡི་གེ་ལ་ལྷ་རྣམས་ཚང་བར་དམིགས་ལ། སྔགས་ཀྱང་ཡི་གེ་བདུན་པ་ལ། སོ་སོའི་སྔགས་ཤམ་བུར་བཏགས་ལ་རྫས་ཐམས་ཅད་ཀྱང་བསྲེས་ཏེ་བརྒྱ་རྩ་བརྒྱད་ལ་སོགས་པར་དབུལ་བར་བྱའོ། །མཆོད་པ་དང་བསྟོད་པ་དང་ལྷག་ཆད་སྦྱང་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི་ལན་ཅིག་ཉིད་དེ་ཤིན་ཏུ་བསྡུས་པའོ། །འདི་ནི་ལམ་ཀ་ལ་སོགས་པའི་སྤྱོད་ཡུལ་ཡིན་གསུང་ངོ༌། །ཨི་ཐི།། །། ༄༅། །རོ་སྲེག་བཞུགས།། ༄༅། །བཅོམ་ལྡན་འདས་བདེ་མཆོག་ལ་ཕྱག་འཚལ་ལོ། །སློབ་དཔོན་ནག་པོ་པའི་སྦྱིན་སྲེག་གི་ཆོ་ག དེ་ལས་ཀྱང་ཞི་བའི་སྦྱིན་སྲེག་ལ་བརྟེན་ནས། བླ་མ་ནས་བཟུང་སྟེ་སེམས་ཅན་ཐ་མལ་པའི་བར་དུ་ཤི་བ་རྣམས་ཀྱི་རོ་སྦྱོང་བའི་ཆོ་ག ཉམས་སུ་བླང་བའི་རིམ་པ་མཛད་པའི་གོ་རིམ་ནི། སྔོན་དུ་བསྙེན་པ་ཇི་ཙམ་གྲུབ་པ་ཅིག་བྱ། དེ་ནས་དང་པོར་རྟེན་དེའི་དྲུང་དུ་སོང་སྟེ་དྲི་ཞིམ་པོའི་ཆུས་ལེགས་པར་ཁྲུས་བྱ་ཞིང༌། ཞལ་བཞི་པའི་སྔགས་བཟླས། དེ་ནས་གུ་གུལ་གྱི་དུད་པས་བདུག་ཅིང་ཡང་ཞལ་བཞི་པའི་སྔགས་བཟླས། དེ་ནས་རྟེན་དེ་མི་དམིགས་ཏེ་སྟོང་པ་ལས་མངོན་པར་བྱང་ཆུབ་པ་ལྔ་ལས་ཕྱག་བཅུ་གཉིས་པར་བསྐྱེད་ལ། དེ་ལ་ཡེ་ཤེས་པ་གཞུག་གོ་ཆ་བཅིང༌། གོ་ཆ་ཆེན་པོ་ལུས་ཀྱི་དཀྱིལ་འཁོར་ཀྱང་དགོད། དབང་བསྐུར་བའི་བར་དུ་བྱ། དེ་ནས་གནོད་མཛེས་ཀྱི་སྔགས་ཅུང་ཞིག་ཙམ་བཟླས་ཏེ། དེ་ལེགས་པར་དྲིལ་ལ་གནས་དབེན་པར་བཞག་གོ །དེ་ནས་བསྲེག་ཁང་བྱེད་པའི་ས་ཕྱོགས་གང་ཡིན་པར་སོང་སྟེ། ས་དེ་དག་ན་གནས་པའི་སའི་བདག་པོ་ལ་དཀར་གཏོར་རྒྱས་པར་བྱིན་ཏེ། དེ་ཡང་སྔགས་ནི་ན་མཿསརྦ་ཏ་ཐཱ་ག་ཏ་ལ་སོགས་པའམ། ཨ་ཀཱ་རོས་སྦྱིན་ནོ། །དེ་ནས་བདག་གནོད་མཛེས་ཀྱི་ང་རྒྱལ་བསྟན་པོ་དང་ལྡན་པས། རང་གི་མིང་ཕྱུང་སྟེ། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས་སའི་ཕྱོགས་འདིར་ཞི་བའི་སྦྱིན་སྲེག་གི་ལས་བརྩམ་གྱིས། གང་སའི་བདག་པོ་ཁྱོད་ཀྱིས་གནང་བའི་སྐབས་ལེགས་པར་བྱིན་ཅིག་ཅེས་པ་གསུམ་བརྗོད་དོ། །ས་ཕྱོགས་དེ་ཤིན་ཏུ་གཉན་པ་ཅིག་ཡིན་ན། ཡང་གཏོར་མ་ཅིག་བྱིན་ལ་དཀྱིལ་འཁོར་ཆོ་ག་ནས་འབྱུང་བ་བཞིན་དྲག་པོས་བསླང་བ་ཡང་བྱའོ། །དེ་ནས་གནོད་མཛེས་ཀྱི་གསང་སྔགས་བཟླས་པའི་བུམ་ཆོས་ས་ཕྱོགས་དེ་བསངས་ལ་བསྲེག་ཁང་བརྩིག་ཏུ་གཞུག་གོ །དེ་ནས་བདག་ཉིད་བསམ་གཏན་གྱི་ཁང་པ་དབེན་པར་སྒྲུབ་པའི་གྲོགས་མཆོག་ཐམས་ཅད་དང་བཅས་པ་ཞུགས་ཏེ། མཆོད་པ་རྣམས་དང་གཏོར་མ་དང་ཚོགས་བཤམ་པ་ལ་སོགས་པ་རྣམས་ཀྱང་ཇི་ལྟ་བ་བཞིན་བྱ། ཞི་བའི་སྦྱིན་སྲེག་གི་ཡོ་བྱད་རྣམས་ཀྱང་མར་ནས་བཟུང་ནས་ཀུ་ཤའི་བར་དུ་སྟ་གོན་ལེགས་པར་བྱས་ལ། དེ་ནས་བདག་ཉིད་སངས་རྒྱས་སུ་བསྐྱེད། མཆོད་པ་རྒྱས་པས་མཆོད། དམ་ཚིག་ཅན་ལ་གཏོར་མ་སྦྱིན། ལས་ཐམས་ཅད་པའི་བུམ་པ་ལ་སྔགས་བཟླས། ཚོགས་ལ་ལོངས་སྤྱད། དེ་ནས་བདག་ཉིད་བྲིས་སྐུའམ་ལུས་དཀྱིལ་ལ་བརྟེན་ཏེ། མཆོད་པ་སྔ་མ་ལ་ལྟོས་མི་དགོས་པའི་དབང་དུ་བྱས་ཏེ། སློབ་དཔོན་བདག་ཉིད་འཇུག་པར་བྱའོ། །དེ་ནས་ཡང་རྟེན་དེ་སྔ་མ་བཞིན་བྱིན་གྱིས་བརླབས་ལ་བསྲེག་ཁང་དུ་གཞུག་གོ །དེ་ནས་མེ་ཚང་དུ་གཞུག་པ་ལ་སོགས་པ་གཞན་ཐམས་ཅད་ནི་ཞི་བའི་སྦྱིན་སྲེག་གི་ཆོ་ག་རྒྱས་པའམ། འབྲིང་ངམ། བསྡུས་པ་གང་བྱེད་ཀྱང་རུང་སྟེ་ཚུལ་ཇི་བཞིན་དུ་བྱའོ། །དེ་དག་གི་སྐབས་སྐབས་སུ་མེའི་ལྟས་དང་བསྟུན་ནས་བུམ་པའི་ཆུས་བསང་བ་དང༌། སུམྦྷ་ནིའི་སྔགས་ཟློས་པ་གལ་ཆེའོ། །དེ་བཞིན་དུ་བདག་ལ་གོ་ཆ་གསུམ་གྱིས་བསྲུང་བ་ཡང་གལ་ཆེའོ། །མཐར་མེ་ལྷའི་བྱ་བ་ཚུན་ཆད་རྫོགས་པར་འབྱོར་པ་དང་སྦྱར་བ་ཚོགས་ལ་ལོངས་སྤྱད་དོ། །གསོན་པོ་རྣམས་ཀྱི་དོན་དུ་ཡི་གེ་བརྒྱ་པ་གདོན། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། མགོ་ལ་མེ་ཏོག་གི་ཕྲེང་བ་ཡང་སྦྱིན་ནོ། །ཆོ་ག་རྫོགས་པ་དང་ཡང་ཚོམ་ངམ་སྔགས་ཀྱི་བསྲུང་བ་དང་གོ་ཆ་རྣམ་གསུམ་བཅིང་ངོ༌། །འདི་ནི་རོ་ལྷག་པའི་ལྷར་བསྐྱེད་དེ་མཆོད་གནས་སུ་བྱ་བའི་ལུགས་ཡིན་ནོ། །གཞན་དག་གི་ནི་བསྲེག་རྫས་དང་ཡོན་བདག་ཏུ་བྱ་བའི་ལུགས་ཀྱང་བཞེད་དེ། བརྒྱུད་པ་འདིས་མི་བཞེད་དོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply