༼ཁ༽
༄༅། །གསང་བའི་དེ་ཁོ་ན་ཉིད་ཀྱི་ཊཱིཀ་བཞུགས།།
༄༅། །བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་ལ་གསུམ་སྟེ། དགོས་པའི་དོན་ནི་གཞན་དང་འདྲ་བར་གཉིས་སུ་ཤེས་པར་བྱའོ། །བསྡུས་པའི་དོན་ལ་ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བ་གཉིས་སོ། །དེ་ཡང་བཤད་པར་བྱ་ཞེས་སྦྲེལ། དགོས་པ་གང་གི་དོན་དུ་ན། གསལ་བར་ལེགས་པར་རྟོགས་ཕྱིར་རོ། །གང་བཤད་ན་གསང་བའི་དེ་ཉིད་རབ་གསལ་བ། །གང་གིས་ན་ནག་པོ་པས་སོ། །སྔོན་དུ་བྱ་བ་ཅི་བྱས་ནས་འཆད་ན། བཏུད་ནས་ཞེས་པ་ལ་ཡང་བཏུད་ཅེས་སྦྲེལ། གང་ལ་བཏུད་ན་སྐུ་དེ་གསུམ་ལའོ། །གང་གིས་ན་ནག་པོ་པས་སོ། །དུས་བསྟན་བཅོས་རྩོམ་པའི་སྔོན་དུ། དེ་ལྟ་བུའི་སྐུ་གསུམ་པོ་དེའི་རང་བཞིན་ནམ་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། ཐོག་མ་ཐ་མ་མེད། ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཚིག་གི་དོན་ནི། ཐོག་མ་ཞེས་པ་རྐང་པ་དང་པོས་ཆོས་སྐུ་བསྟན་པ་ལས། དེ་ཡང་གཉིས་ཏེ། རང་བཞིན་ཆོས་སྐུ་དང་རྟོགས་པ་ཆོས་སྐུའོ། །དེ་གཉིས་ཀ་དངོས་པོར་མ་གྲུབ་པས་དཔེའི་སྒོ་ནས་བསྟན་དུ་མེད་པའོ། །ནམ་མཁའི་རང་བཞིན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་རྒྱུད་ལ་ཡོད་པའི་སེམས་ཀྱི་རང་བཞིན་ཏེ། རང་བཞིན་ཆོས་སྐུ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུ་མཐུན་ལས་བྱུང་བ་རྟོགས་པ་ཆོས་སྐུ་སྟེ། རྒྱུ་མཐུན་གྱི་འབྲས་བུའོ། །བསོད་ནམས་ཡེ་ཤེས་ཞེས་པ་རྐང་པ་གཅིག་གིས་གཞན་དོན་ལོངས་སྐུ་བསྟན་ཏེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དབྱེར་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བའི་རྣམ་པར་སྨིན་པའི་སྐུར་འབྱུང་བའོ། །རྒྱལ་བ་མཆོག་གི་སྤྲུལ་སྐུ་བསྟན་ཏེ། དེ་ཡང་རྒྱལ་བའི་སྐུ་གསུམ་གྱི་ནང་ནས། སྤྲུལ་སྐུ་མཆོག་ཡིན་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཕྱིར་རོ། །དེས་ན་རྒྱལ་བ་ཁྱུ་མཆོག་ཅེས་སྤྲུལ་པའི་སྐུ་ལ་བྱའོ། །གསང་བའི་དེ་ཉིད་ནི། གསང་བ་ཞེས་པ་བརྗོད་བྱ་སྟེ། སྐུ་གསུང་ཐུགས་ཀྱི་གསང་བའི་རིམ་པ་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞི་ཨེ་བཾ་ལ་སོགས་པར་ཡང་གསང་སྟེ་མི་གསལ་ལ། ཡང་མ་རྒྱུད་ཀྱི་གླེང་གཞིར་ཧ་སྱེ་ལ་སོགས་པར་གསང་སྟེ་མི་གསལ་བས་གསང་བའོ། །ཡང་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་རྡོ་རྗེ་བཙུན་མོའི་བྷ་ག་སྟེ། ཆོས་འབྱུང་དུ་བཞུགས་པས་ན་སྦས་པས་གསང་བའོ་གསུང༌། དེ་ལྟ་བུ་དེ་སུས་བཤད་ཅེས་ཟེར་ན། སྤྱོད་པའི་རྡོ་རྗེས་སོ། །དེ་ལ་འོ་ན་བསྟན་བཅོས་རྩོམ་པའི་རྒྱུ་ཡོད་དམ་སྙམ་ན་ཡོད། རྟོགས་ནས་ཞེས་པ་འཇུག་པའི་བླ་མ་ཤྲཱི་ཛཱ་ལནྡྷ་ར་པ་དང༌། རྟོགས་པའི་བླ་མ་དཔལ་ཧེ་རུ་ཀའི་དྲིན་གྱིས་རྟོགས་ནས་བརྩམས་པའོ། །རྒྱུ་གཉིས་པ་སེམས་ཅན་ལ་སྙིང་རྗེ་བའི་དབང་གིས། དེ་དག་གིས་རྟོགས་པར་བྱ་བའི་ཕྱིར་བརྩམས་ཞེས་པའོ། །གཞུང་དོན་ལའང་གཉིས་ལས། ལེའུ་དང་པོས་གསང་བའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་འཆད་པ་ལ། རྒྱུད་རྣམས་ཀུན་ཏུ་གང༌། ཞེས་པ་ལ་སོགས་པས་རང་བཟོ་སྤངས་ཤིང༌། ཟློས་སྐྱོན་མེད་པར་རྗོད་བྱེད་མ་ལུས་པ་བསྟན་ཏོ། །བཟླས་དང་བསམ་གཏན་དེ་བཞིན་དུ། །ཞེས་པ་ལ་སོགས་པས་བརྗོད་བྱ་ཐུན་མོང་པ་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དུ་འཆད་པ་བསྟན་ཏོ། །གང་ཞིག་ཤེས་པ་ཡུལ་ཅན་རྣམས། །ཞེས་པ་ལ་སོགས་པས་བརྗོད་བྱ་ཐུན་མོང་མ་ཡིན་པ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱིས་མཚན་ཉིད་བསྟན་ཏོ། །དེ་ལ་དང་པོའི་དབང་དུ་བྱས་ནས། སྤྱོད་པ་པོ་ཁྱོད་ཀྱི་བཤད་པའི་ཚུལ་འདི། རྗོད་བྱེད་ཀྱི་གཞུང་གཞན་ལ་བརྟེན་ནམ། མ་བརྟེན། མ་བརྟེན་ན་རང་བཟོར་འགྲོའོ་ཞེ་ན། རྒྱུད་རྣམས་ཀུན་ཏུ་གང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུད་དང་མདོ་སྡེ་ལ་སོགས་པའི་རྗོད་བྱེད་ཀྱི་ཚིག་ཐམས་ཅད་ཀྱང་བརྗོད་བྱ་དེ་ཁོ་ན་ཉིད་གསུངས་པས་དེ་དག་ལ། ལ་ལས་དེ་ཁོ་ན་ཉིད་དངོས་བསྟན། ལ་ལས་དེ་ཁོ་ན་ཉིད་མ་རྟོགས་པ་དང༌། ལོག་པར་རྟོག་པ་ལ་སོགས་པའི་དབང་གིས་ཚུལ་དུ་མར་བསྟན་ཀྱང༌། བདག་གིས་དེ་ཁོ་ན་ཉིད་དངོས་སུ་སྟོན་པའི་གཞུང་ལ་སོགས་པ་ལ་བརྟེན་པས་རང་བཟོ་མིན་ཞེས་བྱ་བའམ། ཡང་དེ་དག་ལས་བསྟན་ཀྱང་དེ་ཁོ་ན་ཉིད་དངོས་ཀྱི་མཚན་ཉིད་གསལ་བར་མ་བཤད་པས། འདིར་གསལ་བར་བཤད་པས་ཟློས་པའི་སྐྱོན་མེད་པར་ཡང་ཤེས་པར་བྱའོ། །རྒྱུད་སྡེ་དང་མདོ་སྡེ་དེ་དག་ལས་བསྟན་པའི་བརྗོད་བྱ་ཐུན་མོང་པ་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། བཟླས་དང་བསམ་གཏན་དེ་བཞིན་དུ། །ཞེས་པ་ལ་སོགས་པས། ཐུན་མོང་བ་དེ་དག་ཀྱང་སེམས་ཅན་གྱི་མོས་པ་དང་བསྟུན་ནས་གསུངས་པར་བསྟན་ཏོ། །དེས་ན་དེ་དག་གི་དྲང་དོན་གྱི་འབྲས་བུ་སྟེ། མཐར་ཐུག་པ་མ་ཐོབ་ཅེས་པའོ། །འོ་ན་འབྲས་བུ་མཐར་ཐུག་གང་གིས་ཐོབ་ན། གང་ཞིག་ཤེས་པ་ཡུལ་ཅན་རྣམས། །ཞེས་པ་ལ་སོགས་པ་སྟེ་བརྗོད་བྱ་ཐུན་མོང་མ་ཡིན་པ་སྟེ། དོན་དམ་པའི་དེ་ཁོ་ན་ཉིད་གསང་བའི་རིམ་པ་རྟོགས་པས་ཐོབ་ཅེས་སྟོན་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་སྤྲུལ། །ཞེས་པ་ཤླཽ་ཀ་གཅིག་གིས་གསང་བའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་མདོར་བསྟན་ཏེ། རྒྱུ་མཐུན་པའི་འབྲས་བུ་ཆོས་སྐུ་དང་རྣམ་པར་སྨིན་པའི་འབྲས་བུ་གཟུགས་སྐུ་གཉིས་ཆོས་སྐུར་རོ་གཅིག་པ་ནི་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་པའོ། །དཔལ་ལྡན་འདུས་པའི་ལམ་ལ་སོགས་པས་དེ་ཁོ་ན་ཉིད་རྒྱས་པར་འཆད་པ་ལས། དེ་ཡང་མདོར་ན་འདུ་རྒྱུ་ཐབས་ཤེས་རབ་གཉིས་མེད་དུ་འདུ་བ་ནི་བརྗོད་བྱ་དེ་ཁོ་ནའོ། །དེ་རྗོད་བྱེད་གང་གིས་བརྗོད་ན། དཔལ་ལྡན་འདུས་པ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱིས་བསྟན་ལ། ཡང་དུས་ནི་རྣམ་བཞིའི་དབྱེ་བ་ཡིས། །ཞེས་པ་ལ་སོགས་པས་རྒྱུད་སྡེ་བཞི་ཆར་གྱི་རྗོད་བྱེད་ཀྱིས་ཀྱང་བརྗོད་པར་བསྟན་ཏོ། །དགོད་པ་དང་ནི་ལྟ་བ་དང༌། །ཞེས་བྱ་བ་ལ་སོགས་པས་འདོད་ཁམས་ཀྱི་ལྷའི་དཔེ་དང་སྦྱར་ནས། དགོད་པ་ནི་བདེ་བ་མཐར་ཐུག་པ་སྟེ། རབ་ཡིན་པས་དེ་དང་བླ་མེད་སྦྱར་བ་ནས། གཉིས་སྤྲོད་དམན་པས་བྱ་བའི་རྒྱུད་དང་སྦྱར་རོ། །མིང་དང་སྦྱར་ན་ལྟ་བ་ནི་བདེ་བ་དམན་པ་ཡིན་ལ། གཉིས་སྤྲོད་མཐར་ཐུག་པ་ཡིན་པས། དེ་བླ་ན་མེད་པ་དང་སྦྱར། དེ་ཁོ་ན་མྱོང་བ་ཆུང་ངུ་ཙམ་ལས་མེད་པས་ལྟ་བ་དང་བྱ་བའི་རྒྱུད་དང་སྦྱར་རོ། །འདུས་པའང་རྣམ་པ་གཉིས་སུ་གསུངས། །ཞེས་པ་ལ་སོགས་པས། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟོན་ཏེ། དེའང་གང་འདུ་ན་ཐབས་ཤེས་རབ་གཉིས་སུ་འདུ་ལ། དེ་ཉིད་ལ་རྣམ་གྲངས་ཀྱི་ཚུལ་གྱིས་བསྐྱེད་རྫོགས་གཉིས་དང༌། དབང་པོ་གཉིས་དང༌། སངས་རྒྱས་ལ་སོགས་པས་བསྟན་པའི་ཐབས་དང༌། མཁའ་འགྲོ་མ་ལ་སོགས་པས་བསྟན་པའི་ཤེས་རབ་དང༌། ཨཱ་ལི་དང་ཀཱི་ལི་གཉིས་དང༌། བདེན་པ་གཉིས་དང༌། དབུགས་དབྱུང་གཉིས་ཏེ་དེ་རྣམས་འདུའོ། །དེ་ཉིད་དུ་ནི་ཡེ་ཤེས་ཀྱི། །རིན་ཆེན་ཞེས་བྱ་བ་ལ་སོགས་པས། དེ་ཁོ་ན་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དེ་རྟོགས་ཤིང་ངོ་ཤེས་ན་ཕན་ཡོན་དུ་མ་འབྱུང་ཞེས་གསུངས། བསྲེག་དང་བཅད་དང་བརྡར་བ། །ཞེས་བྱ་བ་ལ་སོགས་པ་གསེར་གྱི་དཔེའི་སྒོ་ནས། ཡིད་ཆེས་བཞིས་ལྷན་སྐྱེས་བརྟགས་ལ་ངོས་བཟུང་བར་བསྟན་ཏེ། དེ་ཡང་ལུང་ནི་དྲི་མ་མེད་པ་སྒྲོ་སྐུར་དང་བྲལ་བའི་ལུང་ངོ༌། །གཞན་ནི་རྣལ་འབྱོར་པ་ཉམས་མྱོང་ཅན་གཞན་ནོ། །བདག་ལས་ཡིད་ཆེས་པ་བདག་ཉིད་ཀྱི་ཉམས་སུ་མྱོང་བའོ། །བླ་མ་ནི་བླ་མའི་མན་ངག་ལས་སོ། །དེ་ལ་ཡང་རྒྱུའི་སློབ་དཔོན་ནི་ལུས་ངག་གི་སྒོ་ནས་གདམས་ངག་སྟོན་པའོ། །འབྲས་བུའི་སློབ་དཔོན་ནི་རང་གི་སེམས་ཉིད་དོ། །འདི་ནི་སེམས་ཅན་ཞེས་པ་ལ་སོགས་པས་དེ་ལྟ་བུའི་བླ་མ་དེ་ཅི་འབྱོར་པས་མཆོད་པར་བསྟན། དེ་ནི་ཡི་གེའི་ནང་ན་ཨོཾ། །ཞེས་པ་ལ་སོགས་པས་དཔེ་བཞིའི་སྒོ་ནས་མཆོག་ཏུ་གྱུར་པའི་ཕྱིར་དེ་བསྟེན་པར་བསྟན་ཏོ། །གསང་བའི་དེ་ཁོ་ན་ཉིད་རབ་ཏུ། །ཞེས་པ་ལ་སོགས་པས་གཞུང་བསྡུ་བ་བསྟན་པ་ལས། དེ་ཡང་བདག་གཞན་གྱི་ཚོགས་ཞེས་པ་བརྗོད་བྱ་ཐུན་མོང་བ་བསྟན། ཆོས་ཀྱི་ཚུལ་རྣམ་པ་གནོན། ཞེས་སོགས་ཀྱི་བརྗོད་བྱ་ཐུན་མོང་མ་ཡིན་པ་གསང་བའི་དེ་ཁོ་ན་ཉིད་བསྟན་ལ། དེས་ཐུན་མོང་བ་ཟིལ་གྱིས་གནོན། ཞེས་པའོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་རིམ་པ་བཞིར་གནས་པས་རྒྱུ་དང་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཆེས་གསང་བཤད་པར་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་དེ་ཚུལ་ཇི་ལྟར་བསྒོམ་པ་བསྟན་པ་ལས་དེ་ལ་དང་པོར་ཤླཽ་ཀ་གཉིས་ཀྱིས་བསྒོམ་བྱའི་སེམས་ཉིད་མཐའ་བཞི་དང་བྲལ་བ་དེ་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བྱེད་དུ་བསྟན། དེ་ཡང་དབང་པོ་དྲུག་ལ་སོགས་པའི་རྟོག་པ་ལས་གྲོལ་བ་ནི། རང་བཞིན་དེ་ཁོ་ན་བསྒོམ་བྱའི་མཚན་ཉིད་ཡིན་ལ། རྟོག་པ་མེད་པ་ལ་སོགས་པས་རྟོགས་པའི་དེ་ཁོ་ན། ཉམས་སུ་མྱོང་བའི་མཚན་ཉིད་ཀྱང་བསྟན་ཏེ། ཧེ་བཛྲ་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཡང་ནི་བསྒོམ་པ་མིན། །གསུངས་པ་ལྟ་བུའོ་གསུང༌། འདུས་པ་ཚོགས་པར་ཞེས་པ་ལ་སོགས་པས། བསྐྱེད་རྫོགས་ལ་སོགས་པའི་ཆོས་གཉིས་པོ་དེ་རྣམས། དེ་ཁོ་ན་ཉིད་གཉིས་སུ་མེད་པར་འདུ་བར་བསྟན་ཏོ། །དེ་དག་གིས་བརྗོད་བྱ་མདོར་བསྟན་ནས། འདི་སྐད་བདག་གིས་ལ་སོགས་པས་རྗོད་བྱེད་གླེང་གཞི་གཉིས་ཀྱི་མདོར་སྟོན་ཏེ། དེའང་མདོར་ཇི་ལྟར་སྟོན་པ་རྗོད་བྱེད་རྣལ་འབྱོར་དང༌། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞི་རྣམས་ཀྱི་རིམ་པ་བཞི། ལམ་འབྲས་བུ་དང་བཅས་པས་མ་ལུས་པ་ཅིག་སྟོན་པས་མདོར་སྟོན་པའོ། །དེའང་རྣལ་འབྱོར་རྒྱུད་ཀྱི་གླེང་གཞིའི་ཚིག་བཅུ་དང༌། མ་རྒྱུད་ཀྱི་གླེང་གཞི་ཚིག་བཅུ་སྟེ་ཉི་ཤུ་པོ་ཐམས་ཅད་ཀྱིས་ཐབས་ཤེས་རབ་ཟུང་འཇུག་ཏུ་བསྟན་ཏེ། ཚིག་གཉིས་གཉིས་ཀྱིས་སྟོན་ཏེ་དེའང་རྣལ་འབྱོར་རྒྱུད་ཀྱི་གླེང་གཞི་ལ། འདི་སྐད་གཅིག་ཏུ་བྱས་པ་ནས། བཞུགས་སོ་གཅིག་ཏུ་བྱས་པའི་བར་བཅུའོ། །མའི་གླེང་གཞི་ལ་གསང་བ་གཅིག་ཏུ་བྱས་པ་ནས། མེ་སྟེ་སོག་མ་གཅིག་ཏུ་བྱས་པའི་བར་བཅུའོ། །གསུང་ངོ༌། །རྫོགས་པའི་རིམ་པའི་རང་བཞིན་ཞེས་པ་ལ་སོགས་པས་གསང་བའི་དེ་ཁོ་ན་ཉིད་སེམས་ཉིད་མཐའ་བཞི་ལས་གྲོལ་བ་དེ་ཉིད་རྗོད་བྱེད་གཉིས་ཀྱི་རིམ་པ་བཞིར་བཤད་པར་བྱ་བ་སྟོན་ཏེ། དེ་ལ་དང་པོར། ཨེ་ནི་ས་རུ་ཤེས་པར་བྱ། །ཞེས་པ་ལ་སོགས་པ་དྲུག་གིས་རྒྱུད་ཀྱི་རིམ་པ་སྟོན་པ་ལས། དེ་ཡང་ཨེ་བྃ་གཉིས་ནི་རྒྱུད་ཀྱི་རིམ་པའི་དུས་སུ་རྫས་ཀྱི་ཡི་གེ་སྟེ། ཨེ་བྃ་གཉིས་ཀྱིས་ཐབས་ཤེས་རབ་ཀྱི་རང་བཞིན་འཁོར་ལོ་བཞི་མཚོན་ནུས་པས་སོ། །སྐབས་འདིར་གྲོགས་སམ་བཏགས་པའི་ཡི་གེ་མ་ཡ་གཉིས་བསྣན་པའི་ཡི་གེ་བཞིས་འཁོར་ལོ་བཞི་བཤད་དེ། ཡི་གེའི་དབང་དུ་བྱས་ནས་ཨེ་ཞེས་པ་ལ་སོགས་པ་འཁོར་ལོ་རེ་རེ་ལ་ཆོས་བཅུ་བཅུ་དང་ལྡན་པར་ཤེས་པར་བྱའོ། །དེ་ཡང་རིགས་ཀྱི་དབང་དུ་བྱས་ན། ཐ་མལ་པའི་རིགས་བྲམ་ཟེ་ལ་སོགས་པ་དང༌། ལྷའི་རིགས་ལ་ཏ་ཐཱའི་རིགས་གཉིས་སུ་བྱས་ལ་བགྲང་ངོ༌། །ཨེ་བྃ་གཉིས་ལྡབས་པས་ནི་འཁོར་ལོ་བཞིའང་ཐབས་ཤེས་རབ་ཏུ་མཚོན་པར་བྱེད་པའོ། །དེའང་འོག་ཅེས་པ་ལྟེ་བ་དང་ལོངས་སྤྱོད་ཡིན་ལ། སྟེང་ནི་སྙིང་ག་དང་སྤྱི་བོའོ། །དེའང་སྤྱིར་སྟེང་དུ་གནས་པ་ཐབས། འོག་ཏུ་གནས་པ་ཤེས་རབ་ཡིན་པར་འོག་ཏུ་ཡེ་ཤེས་ཀྱི་རིམ་པའི་སྐབས་ལས་ཀྱང་སྟོན་ཀྱང༌། རྒྱུད་ཀྱི་རིམ་པའི་འཁོར་ལོའི་སྟེང་འོག་ནི་ཐབས་ཤེས་རབ་ཐུན་མོང་བ་སྟེ། མགྲིན་པ་ནི་འོག་ན་འདུག་ཀྱང་ཐབས་ཡིན་ལ། སྤྱི་བོ་ནི་སྟེང་ན་འདུག་ཀྱང་ཤེས་རབ་ཡིན་ནོ། །ཕྱི་རོལ་ནང་ན་ཡང་དག་གནས། །ཞེས་པ་དབྱིབས་འདྲ་བའོ། །རྒྱུད་རིམ་ཚུལ་གཞན་གྱིས་བསྟན་པ། གཞན་ཡང་ཨེ་བྃ་གཉིས་ཀྱིས་ལུས་ལ་གནས་པའི་ཕུང་པོ་ལྔ་དང༌། འབྱུང་བ་ལྔ་ཐབས་ཤེས་རབ་ཏུ་བསྟན་པའི་ཕྱིར། སངས་རྒྱས་ལྔ་ཡི་བདག་ཉིད་སྐུ། །ཞེས་པ་དང༌། ལྷ་མོ་ལྷ་ཡི་བདག་ཉིད་དངོས། །ཞེས་པའོ། །རྡོ་རྗེ་དང་པདྨ་ནི་ཐབས་དང་ཤེས་རབ་ཀྱི་བརྡའོ། །ཨེ་ཡི་ཆ་བྱད་བཟང་པོ་ནི། ལྟེ་བ་དང་སྤྱི་བོའོ། །བྃ་གྱིས་བརྒྱན་པ་ནི་སྙིང་ག་དང་མགྲིན་པའོ། །བདེ་བ་ཐམས་ཅད་ཅེས་བྱ་བ་འབྲས་བུ་གསང་བའི་རིམ་པ་སྟེ། རྒྱུད་ཀྱི་རིམ་པ་ཉིད་འབྲས་བུའི་ཡོན་ཏན་དུ་གྱུར་པ་སྟེ་དེ་ཕྱིར་བཞི་ཞེས་བྱའོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་གི་དོན་ཡང་དེ་ཉིད་དོ། །ཁམས་གསུམ་ལ་གནས་པའི་སེམས་ཅན་གཟུགས་མེད་པ་ལ་ཡང་སེམས་ཀྱི་སྣང་བ་ཙམ་དུ་ཨེ་བྃ་རྒྱུད་ཀྱི་རིམ་པར་གནས་གསུང༌། དེ་དག་གིས་ནི་རྒྱུད་ཀྱི་རིམ་པ་རྫས་དང་བཏགས་པའི་ཡི་གེ་བཞིས་བསྟན་ཏོ། །སྔགས་ཀྱི་རིམ་པ་ནི་མ་ཡར་སྟོན་ཏེ། འདིར་རང་རྫས་ལས་བཏགས་པའམ་གྲོགས་མེད། དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །ཞེས་པ་ལ་སོགས་པ་དཔྱིད་ཀྱི་ཐིག་ལེར་གསུངས་ཏེ། དེ་ལ་ལྟོས་ནས་འདིར་མ་གསུངས་སོ། །འདིར་བདག་གི་སྨོས་པས་ནི་ཤྲུ་ཏཾ་གིས་གྲོགས་བྱས་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་རིམ་པའི་སྐབས་སུ་ཤྲུ་ཏཾ་གི་ཡི་གེ་ཡིན་ལ། མ་ཡ་ནི་གྲོགས་སམ་བཏགས་པའི་ཡི་གེའོ། །མ་ཡའི་དོན་གྱིས་ཅི་བསྟན་ན། ཡེ་ཤེས་ཀྱི་རིམ་པའི་དགའ་བ་དང་མཆོག་དགའ་བསྟན་ཏེ། སྤྱི་བོ་ནས་ཐིག་ལེ་མགྲིན་པར་མངོན་དུ་བྱས་པ་དགའ་བ་དང༌། སྙིང་གར་མངོན་དུ་བྱས་པ་མཆོག་དགའ་སྟེ། དེ་གཉིས་ལ་ལོངས་སྐུ་ཞེས་བྱ་བ་དང༌། བསིལ་བ་དང་དཀར་བས་ཟླ་བ་ཞེས་བྱ་བ་དང༌། བདེ་བ་དང༌། འདོད་ཆགས་ཞེས་བྱ་བ་དང༌། དེ་ལ་སོགས་པས་བརྡའམ་རྣམ་གྲངས་དུ་མས་ཤེས་རབ་ཏུ་བསྟན་ལ་སྟོན་བྱེད་ཀྱི་ཡི་གེ་མ་ཡ་གཉིས་སོ། །གཞན་ཡང་ཐོས་པ་ཞེས་བྱ་བ་ལ་སོགས་པས་ནི། ཡས་ཕབ་པའི་ཐིག་ལེ་དེ་ལྟེ་བར་ཕྱིན་པ་ལས་དགའ་བ་དང༌། རིགས་པའི་སྣ་རྩེ་དང༌། པདྨ་བཞི་ཞེས་པས་གསང་བའི་གནས་ན། པདྨ་འདབ་མ་བཞི་ཡོད་པར་ཕབ་པའི་དུས་སུ་སྤྲུལ་སྐུ་ཞེས་པ་དང༌། ཁྲག་དང་དྲོ་བས་ཉི་མ་ཞེས་བྱ་བ་དང༌། སྡུག་བསྔལ་ལ་སོགས་པའི་བརྡའམ་རྣམ་གྲངས་དུ་མས་ཐབས་སུ་བསྟན་ལ། སྟོན་བྱེད་གྱི་ཡི་གེ་ནི་ཤྲུ་ཏཾ་གི་ཡི་གེ་གཉིས་སོ། །མདོར་བསྡུ་ན་ཡི་གེ་རྫས་ཀྱི་གཉིས་དང༌། བཏགས་པའི་གཉིས་ཏེ་བཞིའོ། །ཚིག་གཉིས་ཀྱིས་ཡེ་ཤེས་ཀྱི་རིམ་པའི་དགའ་བ་བཞི་ཐབས་ཤེས་གཉིས་སུ་མིང་གི་རྣམ་གྲངས་དུ་མས་བསྟན་ཏོ། །ཡེ་ཤེས་ཀྱི་རིམ་པའོ། །གཞན་ཡང་དུས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས། གསང་བའི་རིམ་པ་བསྟན་པ་ལས། དེ་ཡང་དུས་གཅིག་ཅེས་པས་གསང་བའི་རིམ་པ་འབྲས་བུའི་མཚན་ཉིད་བཞིར་བསྟན་ལ། བཅོམ་ལྡན་ནས་ལ་སོགས་པའི་མཚན་ཉིད་བསྟན་ཏེ། མདོར་ན་དུས་བཟང་པོ་ལ་སོགས་པ་སྤངས་པ་བསམ་གྱིས་མི་ཁྱབ་པའི་དུས་ནི། དུས་གཅིག་ཡིན་ལ། གཅིག་ཅེས་པ་དེ་ཉིད་སྲོག་རྩོལ་ལ་སོགས་པའི་ཟླ་དང་བྲལ་བའོ། །དུས་གཅིག་པོའང་དེ་ཉིད་དུ་ཞེས་པ་ནི་མཚན་གཞིར་གཞག་པའོ། །བཅོམ་ནས་ལ་སོགས་པ་ནི་མཚན་ཉིད་བསྟན་པ་སྟེ། དུས་དེ་ཉིད་ལ་བཅོམ་ནས་ཞེས་བྱ། དེ་ཉིད་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ། དེ་ཉིད་བྷ་ག་ལ་བཞུགས་སོ་ཞེས་བྱ་བས་བསྟན་པའོ། །བཅོམ་ལྡན་འདས་ཀྱི་དོན་ནི་བསམ་གྱིས་མི་ཁྱབ་པའི་དུས་དེ་ཉིད་ཉོན་མོངས་པ་དང༌། བདུད་བཅོམ་པས་སྤངས་པ་དང་ལྡན་པར་བསྟན། མཁའ་དབྱིངས་ལ་སོགས་པའི་ཡེ་ཤེས་དང་ལྡན་པའི་སྒོ་ནས་རྟོགས་པ་དང་ལྡན་པ་ལ་བཅོམ་ལྡན་འདས་སུ་བསྟན་ཏེ། མཁའ་དབྱིངས་ཞེས་པ་ནི་བྷ་གའི་དོན་ཏེ་ཆོས་ཀྱི་དབྱིངས་ལ་བཤད་ལ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་པས་དབྱིངས་རྟོགས་པ་ལ་ཡང་ཡེ་ཤེས་འབྱུང་བས། ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་གསུང༌། གནས་ཞེས་པ་ལ་སོགས་པས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་རྣམ་གྲངས་ཀྱི་ཚུལ་གྱི་ཡོན་ཏན་བསྟན་པ་སྟེ། འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་ན་གནས་ཞེས་བྱ། རྟོག་པ་ཐམས་ཅད་བཅོམ་པས་བྷ་ག་ཞེས་བྱ། དེ་ཉིད་ལ་བརྟག་པ་ཞེས་བྱ། དེ་ནི་བསྐྱེད་དང་ལ་སོགས་པས་ཕྱག་རྒྱ་ཞེས་བྱ་བར་སྟོན་ཏེ་ཐམས་ཅད་དེའི་ངོ་བོར་རྒྱས་འདེབས་པས་སོ། །བྱང་སེམས་རིན་པོ་ཆེ་གང་ཡིན། ཞེས་པ་ལ་སོགས་པས་ཀྱང་བརྟེན་པ་ཡེ་ཤེས་དང༌། རྟེན་ཆོས་ཀྱི་དབྱིངས་གཉིས་སུ་མེད་པར་བསྟན་ལ། དེ་ལ་བཅོམ་ལྡན་འདས་སུ་བཤད་དེ། སྐུ་གསུང་ཐུགས་ནི་རྟེན་བསྐྱེད་པའི་རིམ་པ་ཡིན་ལ། སྤྲོས་པས་མ་སྤྲོས་པ་རྫོགས་པ་སྟེ་མདོར་ན་དེ་གཉིས་ལས་བྱུང་བའམ། དེ་གཉིས་རོ་གཅིག་པའི་ངོ་བོར་སངས་རྒྱས་ཐམས་ཅད་བསྐྱེད་པ་སྟེ། དེ་ཡང་བསམ་གྱིས་མི་ཁྱབ་པའི་དུས་ཉིད་མིན་ཞེས་བྱའོ། །བཅོམ་ལྡན་འདས་ཀྱང་དེ་ཉིད་ལ་བཤད་དེ། ཐ་དད་མེད་ཅེས་པའོ། །བཅོམ་ལྡན་འདས་ཀྱི་ཚིག་དོན་གྱིས་སྤངས་པ་དང་རྟོགས་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་བསྟན་ཏོ། །བཞུགས་པའི་ཚིག་དོན་ལ། དེ་ཡང་བཞུགས་པ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་འཕེལ་འགྲིབ་དང་བྲལ་བ། རོ་གཅིག་པར་རྟོགས་པས་བཞུགས་སོ་ཞེས་བསྟན། སེམས་ཅན་ཞེས་པ་ཤླཽ་ཀ་ཕྱེད་དང་གསུམ་གྱིས་སྣོད་བཅུད་ལ་སོགས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རོ་གཅིག་པར་རྟོགས་པའི་ཚུལ་གྱིས་བཞུགས་པར་བསྟན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་མན་ཆད་ཀྱི་རྒྱུ་ཡོན་ཏན་དུ་གྱུར་པའི་ཚུལ་གྱིས་བཞུགས་པར་བསྟན་ཏོ། །ཡན་ལག་གི་དོན་ལ། སེམས་ཅན་སྣོད་ཀྱི་ཚུལ་ཞེས་ཕྱི་སྣོད་དང་ནང་སེམས་ཅན་རང་ལ་གསུང༌། སྐལ་བཟང་སྐལ་ངན་ཞེས་པ་རང་གི་ལུས་ཉིད་ལ་བྱ་སྟེ། སྣོད་ནི་ལུས་དང་རྩ་ཡིན་ལ། བཅུད་ནི་བྱང་སེམས་རླུང་ངོ༌། །དེ་ལ་སྣོད་ཀྱི་སྐལ་བཟང་རྩ། སྐལ་ངན་ཕྱིའི་ལུས་དང་དབང་པོ་རགས་པའོ། །བཅུད་ཀྱི་སྐལ་བཟང་རླུང་དང་བྱང་སེམས་བརྟེན་པ། སྐལ་ངན་དེ་དག་ཉམས་པའོ། །བཞི་པོ་དེ་རེ་རེ་ལ་ཡང་འབྱུང་བ་བཞི་བཞི་དང་ལྡན་པས། ས་དང༌། ཆུ་དང་ཞེས་བྱ་བ་ལ་སོགས་པ་སྟེ་བཅུ་དྲུག་ཏུ་འགྱུར་རོ། །ཆོས་ཅན་དེ་དག་གིས་ཆོས་ཉིད་རོ་གཅིག་པར་ཐུགས་སུ་ཆུད་པ་ནི་རྡོ་རྗེ་སེམས་དཔའི་ཚུལ་ལོ། །རེ་བ་སྐོང་བ་ཡང་དེ་རྣམས་ཀྱི་ཆོས་ཉིད་རྟོགས་པ་གཉིས་སོ། །རྡོ་རྗེའི་སེམས་སུ་བསྟན་པ་ཆོས་ཉིད་རྟོགས་པའོ། །དེ་ལས་ཕན་ཡོན་ཅི་འབྱུང་ཞེ་ན། རྡོ་རྗེ་སེམས་དཔའ་དགའ་ཆེན་པོ་སྟེ། བདེ་བ་ཆེན་པོ་ཆོས་སྐུའོ། །སྐད་ཅིག་བཞི་ལས་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཉིད་ལ། རྟོགས་པའི་བྱེ་བྲག་གིས་དགའ་བ་བཞིར་གཞག་པའོ། །ཡང་ན་ཡོན་ཏན་དུ་གྱུར་པའི་སྒོ་ནས་བསྟན་པ་སྟེ། ཡེ་ཤེས་ཀྱི་རིམ་པའི་དགའ་བ་བཞི་ཉིད་གྱུར་པའི་འབྲས་བུ་ཡིན་ལ་འབྲས་བུའི་སྐབས་སུ་ཡང་སྐད་ཅིག་མ་བཞི་དང་འབྲས་བུ་བཞི་བསྟན་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དོན་བསྟན་པ་ལས་དེ་ཡང་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་འགྲོ་རྒྱུ་དང་འབྱུང་རྒྱུ་བསྟན་ལ། དེ་བཞིན་ཉིད་ཀྱི་ཆོས་ཅན་སྣང་བ་དག་དེ་བཞིན་ཉིད་ལས་འཕྲུལ་ཏེ་འབྱུང་བ་དང༌། དེའི་ངོ་བོར་འགྲོ་བ་བསྟན་ཏེ། མདོར་ན་སྣང་སྟོང་དབྱེར་མེད་དུ་བསྟན་ཏོ། །དེ་ལ་དྲུག་པོ་འདིར་འཇུག་ཅེས་པ་ཆོས་ཅན་དྲུག་ཏུ་བསྟན་ཏེ། དབང་པོ་དྲུག་ཡུལ་དྲུག་པོ་འདིར་འཇུག་ཅེས་གསུང༌། ཡང་དྲུག་པོ་དེ་རྣམས་ཞེས་པ་འགྲོ་བ་དྲུག་ལ་བྱས་ནས། དེ་དག་དེ་བཞིན་ཉིད་ཀྱི་ངོ་བོར་རོ་གཅིག་པས་འཇུག་པ་ལ་གསུང༌། དབང་པོ་རྣམས་དང་འབྱུང་ཞེས་པ་ནས་རྐང་པ་གསུམ་ལས་དེ་བཞིན་ཉིད་ལས་དབང་པོ་ལ་སོགས་པ་འབྱུང་སྟེ་འཕྲུལ་བར་བསྟན། དེ་ལྟར་ཞེས་པས་དེ་དཔེར་བྱས་པའོ། །འགྲོ་བ་ཞེས་པ། རྐང་པ་གསུམ་གྱིས་དེ་བཞིན་ཉིད་དུ་གཤེགས་པས་དེར་རོ་གཅིག་པར་བསྟན་ཏོ། །ཡུལ་རྣམས་ཞེས་པ་ཤླཽ་ཀ་གཅིག་ནི། དེ་བཞིན་གཤེགས་པའི་རྒྱུ་མཚན་གཞན་སྟོན་པ་སྟེ། དབང་པོ་དྲུག་གིས་ཡུལ་དུ་དྲུག་མྱོང་ཙ་ན། དེ་དག་ལ་ཡོད་པའི་ཆོས་ཉིད་ཀྱང་སྣང་བས་དབང་པོ་རྣམས་ཆོས་ཉིད་རྟོགས་པའི་ཕྱིར་ཏ་ཐཱ་ག་ཏའོ། །འོ་ན་སེམས་ཅན་རྣམས་འཚང་མི་རྒྱ་བ་ཅི་སྟེ་ཟེར་ན། སྣང་ཡང་ངེས་པར་མ་བྱས་པས་དངོས་སུ་འཚང་མི་རྒྱའོ། །དབང་པོ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་གཉིས་ཀྱི་ཡུལ་རྣམས་དང༌། དེ་བཞིན་ཉིད་ལ་འཁྲུལ་པ་དང༌། དེ་བཞིན་ཉིད་ཀྱི་ངོ་བོར་སླར་འགྲོ་བས་ཏ་ཐཱ་ཡིན་པ་བཞིན། ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཡིན་ཞེས་མཇུག་བསྡུས་ཏེ་བསྟན་པའོ། །སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ལ། སྐུ་གསུང་ཐུགས་ཀྱིས་ནི་ཆོས་ཅན་ཐ་མལ་པའི་ལུས་ངག་ཡིད་གསུམ་བསྟན། རྡུལ་མུན་པ་སྙིང་སྟོབས་གསུམ་གྱིས་ལུས་ངག་ཡིད་གསུམ་གྱི་བརྡ་བསྟན། བདེ་སྡུག་གིས་འབྲས་བུའི་ངོས་ནས་བསྟན། རྨོངས་པས་རྒྱུ་ཡི་ངོས་ནས་བསྟན། དེ་རྣམས་རྡོ་རྗེ་དེ་ཉིད་དེ་ཞེས་པ་ལ་སོགས་པས་ལུས་ངག་ཡིད་གསུམ་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་གསང་བའི་རིམ་པ་དངོས་བསྟན་ཏེ། སྐྱེ་བ་དང་འགག་པ་མེད་པའི་མཚན་ཉིད་དང་ལྡན་པར་བསྟན་ཏེ། ཉོན་མོངས་དྲྭ་བས་འཆིང་བ་ཡི། །ལ་སོགས་པས་ཟག་བཅས་ལ་སྐྱེ་འཇིགས་ཡོད་པར་བསྟན་ཏོ། །རྡོ་རྗེ་བཙུན་མོ་ནི་རྣམ་པ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམ་པ་གཉིས་སོ། །ཐུན་མོང་བ་ནི་ལྷ་ལ་སོགས་པའམ་མིའི་རིགས་ཐམས་ཅད་ལ་བཙུན་མོ་ཞེས་བྱ་སྟེ། འགྲོ་བ་རྣམས་ཀྱི་ལུས་བསྐྱེད་ཅིང་གསོས་འདེབས་པས་སོ། །འདི་ནི་སྐབས་འདིར་ཞར་བྱུང་གི་ཚུལ་དུའོ། །ཐུན་མོང་མ་ཡིན་པ་ནི་བརྟན་གཡོ་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་སོ། །དེ་ཡང་ལྡོག་པས་ཕྱེ་ན། རྣམ་པར་ཐར་པའི་སྒོ་བཞི་དང་ལྡན་པས་དེའི་བརྡར་སྤྱན་ལ་སོགས་པ་བཞི་སྨོས་སོ། །དེ་ལ་ཅི་སྟེ་བཙུན་མོ་ཞེས་བྱ་ཞེ་ན། འཛིན་ཞིང་འཕེལ་ཞེས་པས་ཡེ་ཤེས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱེད་པའོ། །འཛིན་ཞིང་འཕེལ་བར་བྱེད་པ་གཉིས་ལས་གོང་མ་བཙུན་མོ་དང་སྦྱར། འོག་མ་རྡོ་རྗེ་དང་སྦྱར་རོ། །རྡོ་རྗེ་འདོད་པ་རྐང་པ་གཉིས་མཇུག་བསྡུ་བའོ། །བྷ་ག་བཤད་པ་ལ་བྷ་ག་དང་ཨེ་ནི་རྣམ་གྲངས་སོ། །དོན་གྱིས་ན་བཙུན་མོ་དང་བྷ་ག་ནི་ཆོས་ཀྱི་དབྱིངས་ལ་བྱ་བ་ཅིག་དང༌། རྣམ་ཐར་གྱི་ངོས་ནས་བྷ་ག་ཞེས་བྱའོ། །རིག་ལྔ་ནི་ཡེ་ཤེས་ལྔ་སྟེ་བྷ་ག་ལ་བཞུགས་པའོ། །སངས་རྒྱས་བཞི་སྤྱན་ལ་སོགས་པ་བཞི་སྟེ། དེའི་བརྡས་རྣམ་ཐར་བཞི་ལ་གསུང༌། དོན་གྱིས་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་སྐུ་བསྟན་ཏོ། །དེ་ལས་བྱུང་བ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་ཞེས་པ་ལ་སོགས་པས་བསྟན་ཏོ། །སྤྲུལ་སྐུ་ནི་འཁོར་བའི་ཕ་རོལ་མཐར་གནས་ཞེས་པ་ལ་སོགས་པས་བསྟན་ཏོ། །རྣལ་འབྱོར་པ་རང་གི་རང་བཞིན་སྐྱེས། ཞེས་པས་གཟུགས་སྐུ་གཉིས་ཀྱང་ཆོས་སྐུ་ལས་བྱུང་བར་བསྟན་ཏོ། །སྤྱོད་ཅིང་ལྟ་བའི་དྲྭ་ཞེས་བྱ་བ་ལ་སོགས་པས་བྷ་གའི་རྣམ་གྲངས་ཀྱི་ཚུལ་གྱིས་ཡེ་ཤེས་བཞུགས་པའི་གནས་བསྟན་ཏོ། །དེ་ནས་བྷ་གའི་བཤད་པ་རང་ནི་སྔར་བསྟན་ལ། འདིར་བྷ་ག་སྨོས་པ་ནི་རྣམ་གྲངས་བསྟན་པའོ། །བཞུགས་པ་ལ་ཡང་བཅོམ་ལྡན་འདས་ཀྱི་སྐབས་སུ་བསྟན་པ་ནི། བཅོམ་ལྡན་འདས་བཞུགས་སོ་ཞེས་ཐོག་མ་དང་ཐ་མ་སྦྱར་ཏེ་བསྡུས་ནས་བསྟན་ལ། འདིར་ནི་མཇུག་བསྡུ་བའི་ཚུལ་གྱིས། དབྱིངས་ལ་ཡེ་ཤེས་བཞུགས་པར་བསྟན། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་བཞུགས་པ་དེ། རྒྱུད་ཀྱི་རིམ་པ་ཙམ་ན་དཀྱིལ་འཁོར་གསུམ་དུ་གནས་ལ། འབྲས་བུ་ཙམ་ན་དབྱེར་མེད་པ་ལུས་ཟག་མེད་དང༌། སེམས་རྟོག་མེད་དུ་གནས་ཞེས་བསྟན་ཏོ། །འདི་སྐད་ལ་སོགས་པ་གཞུང་བསྡུས་པ་ལས། སྔར་ནི་འདི་སྐད་ལ་སོགས་པ་བཤད་པ་རྒྱས་པའི་ཚུལ་གྱིས་རྒྱུད་ཀྱི་རིམ་པ་བསྟན་ཏོ། །འདིར་ཡང་འདི་སྐད་ཅེས་པ་ལན་གསུམ་ཟློས་པ་ནི། དང་པོས་ནི་རྒྱུད་ཀྱི་རིམ་པ་འཁོར་ཙམ་ན་ཐམས་ཅད་ལ་ཁྱབ་པར་དཀྱིལ་འཁོར་གསུམ་དུ་གནས་ཞེས་རྒྱུད་ཀྱི་རིམ་པས་མགོ་དྲངས་ཏེ་རྒྱུད་ཡོན་ཏན་དུ་གྱུར་པའི་ཚུལ་གྱིས་བསྡུས་ཏེ་བསྟན། འདི་སྐད་གཉིས་པ་ནི་འབྲས་བུ་གསང་བའི་རིམ་པ་རང་གི་མགོ་དྲངས་ནས་བསྡུས་ཏེ་བསྟན། འདི་སྐད་གསུམ་པས་གསང་བའི་རིམ་པ་རྟོགས་ན་འཁོར་བ་ལས་ལྡོག་པས་ཕན་ཡོན་གྱི་སྒོ་ནས་བསྡུས་ཏེ་བསྟན། གསང་བའི་དེ་ཁོ་ན་ཞེས་པ་ལ་སོགས་པས་ཀྱང་སྔར་གྱི་གཞུང་བསྡུ་བར་བསྟན་ཏེ། སྐུ་གསུང་ཐུགས་ནི་སྐུའི་སྒོ་དགུལ་སོགས་པའི་དབང་དུ་བྱས་ནས་རྒྱུད་ཀྱི་རིམ་པའི་གཞུང་བསྡུ་བར་གསུངས། སྤྲུལ་པ་དང་ཞེས་སོགས་སྔགས་ཀྱི་རིམ་པ་གཞན་ལ་ལྟོས་ཀྱང་དོན་གྱིས་དེའི་མཇུག་བསྡུ་བར་གསུངས། ལོངས་སྤྱོད་ཀྱི་ཡེ་ཤེས་ཀྱི་རིམ་པ་གསུངས། ཆོས་ཀྱིས་གསང་བའི་རིམ་པ་བསྟན་ལ། རྟག་ཅེས་སོགས་ཀྱི་སྐུ་གསུམ་རོ་གཅིག་པར་བསྟན་ནོ་གསུང༌། དེ་ལྟར་ལེའུ་གཉིས་པས་རྗོད་བྱེད་ཨེ་བྃ་ལ་སོགས་པས་བརྗོད་བྱའི་དོན་རིམ་པ་བཞི་དངོས་དང་གཞན་ལ་ལྟོས་པ་གཉིས་ཀྱིས་བཤད་ནས། ད་ནི་ལེའུ་གསུམ་པས་དེ་མཚོན་པར་བྱེད་པའི་དཔེ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ཡེ་ཤེས་བསྟན་པ་ལས། དེ་ནས་གཞན་ཡང་སོགས་རྐང་པ་གཉིས་ཀྱིས་ནི། དོན་བསྟན་པར་མ་ཟད་དཔེ་ཡང་བསྟན་ཞེས་མཚམས་སྦྱར་བའོ། །ཨེས་ནི་རྟེན་ཐིག་ལེ་བསྟན་པའོ། །བྃ་གྱིས་ཐིག་ལེ་ལ་བརྟེན་པའི་བདེ་བ་བསྟན། བདག་གིས་ཆགས་པའི་སེམས་ཞེས་ཞུ་བ་དེའི་རྒྱུ་དྲོད་དང་ཆགས་པ་ཡིན་པས་ཆགས་སེམས་བསྟན། ཐོས་པས་བདེ་བ་ཉམས་སུ་མྱོང་བ་བསྟན་གསུང༌། ཡང་ན་ཆགས་པའི་རྒྱུ་ཕྱག་རྒྱ་བསྟན་ཡང་གསུང༌། དུས་གཅིག་གིས་ནི་ཞུ་བདེ་དང༌། ཆགས་པའི་རྒྱུ་རྐྱང་མ་དང་ཐབས་སྒྲུབ་པ་པོ་བསྟན་གསུང་ངོ༌། །མདོར་བསྟན་པ་དང་ཞེས་པ་ལ་སོགས་པ་བཤད་པ་གཉིས་པས་ནི། དུས་ཀྱི་དོན་གྱིས་རྡོ་རྗེ་དང་པདྨ་བསྲུབ་པ་བསྟན་པ་ལས། གཅིག་གིས་རྩ་གཉིས་འཛོམ་པར་བསྟན་ཏོ། །བཅོམ་ལྡན་སེམས་ཀྱི་རྡོ་རྗེ་ཞེས་པ་རྩ་གཉིས་འཛོམ་པའི་གནས་སུ་ཞུ་བདེ་རོ་གཅིག་པར་མངོན་དུ་བྱས་པའོ། །བཞུགས་པ་ནི་རྩ་གཉིས་སོ། །དེ་ཀུན་འབྱུང་བའི་ངོ་བོ་སྟེ། ཞེས་པ་ཞུ་བདེ་གཉིས་སོ། །འབྱུང་བཞི་ནི་དེ་ལྟ་བུའི་ཞུ་བདེ་དེ། རེག་པས་སྲ་བ་ལ་སོགས་པ་རིམ་གྱིས་འབྱུང་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་སངས་རྒྱས་བཅས་ཞེས་པ་སྒྲུབ་པ་པོའི་ཕུང་པོ་ལྔ་དང་དབང་པོ་དྲུག་ལ་བྱ་གསུང༌། སྐུ་གསུང་ཟླ་བ་ཉི་མ་སྟེ་ཞེས་སོགས་ནི། སྐུ་ནི་ཉི་མ། གསུང་ཟླ་བ་སྟེ་ཞུ་བདེ་འབབ་པའི་ལམ་རྩ་གཡས་གཡོན་གཉིས་ལ་གསུང་ངོ༌། །དབྱེར་མེད་པ་ཞུ་བདེའམ་ཁུ་བ་དང་ཁྲག་གོ །དེ་དག་ནི་བརྟེན་པའོ། །རྟེན་ནི་ཕྱག་རྒྱའི་པདྨའོ། །ཚིག་ནི་གཉིས་གཉིས་ཞེས་སོགས་འདི་སྐད་ལ་སོགས་པ་ལ་གསུང་ན་ཡང་བརྟེན་པ་བཅོམ་ལྡན་འདས་དང༌། རྟེན་བྷ་ག་གཉིས་སོ། །འབྲེལ་པ་ནི་རྟེན་དང་བརྟེན་པར་རོ། །རྒྱུད་ནས་རྟོགས་པ་ནི་ཨེ་བྃ་ལ་སོགས་པའི་རྗོད་བྱེད་རྣམས་ཀྱིས་སོ། །རང་བྱུང་ནི་རང་འབྱུང་དང་འདྲ་བ་སྟེ། མཚོན་བྱ་རང་རིག་པའི་ངོ་བོར་འབྱུང་བ་བཞིན་མཚོན་བྱེད་ཀྱང་འདྲ་བས་སོ། །ཤེས་དང་ཤེས་བྱ་ཞེས་པ་ལ་སོགས་པས་ནི་དཔེས་མཚོན་པར་བྱ་བའི་དོན་བདག་ལས་སྐྱེ་བ་ལ་སོགས་པ་བཞི་དང་བྲལ་བས་སྐྱེ་བ་མེད་པ་དང༌། དངོས་པོ་ལ་སོགས་པའི་མཐའ་བཞི་དང་བྲལ་བར་བསྟན་ཏོ། །ཨེ་ཡིག་དང་ནི་བྃ་ཡིག་དང༌། །ཞེས་སོགས་ཀྱི་རྣལ་འབྱོར་རྒྱུད་ཀྱིས་གླེང་གཞི་སྒྲོ་བཏགས་ནས་བརྗོད་ཀྱང༌། དོན་ལ་བརྗོད་བྱ་ཐམས་ཅད་བྲལ་བར་བསྟན་ཏོ། །བྱིས་པ་ལྐུགས་པ་སོགས་ཀྱིས་མྱང་ཡང་བརྗོད་པར་མི་ནུས་པའི་དཔེ་དང༌། སྣང་ཡང་རང་བཞིན་མེད་པའི་དཔེ་དུ་མས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ན་ལ་སོགས་པས་མཚོན་བྱ་སྐྱེ་མེད་བརྗོད་པ་དང་བྲལ་བ་སྟེ། དེ་ཡང་བརྒྱུད་པའི་དཔེའི་ཡེ་ཤེས་ཀྱིས་མཚོན་ནུས་པར་བསྟན་ཏེ། དེའང་དེ་ཉིད་ཀྱི་ཕྱིར་ཞེས་སོགས་ཀྱིས་ནི། སྒྲ་དང་སྒྲ་ཉམས་ལ་སོགས་པས་བརྗོད་པར་མི་ནུས་པ་དེ་ཉིད་ཀྱི་ཕྱིར། འདི་སྐད་བདག་གིས་ཐོས་ཞེས་ངེས་པའི་རྗོད་བྱེད་ཀྱིས་བརྗོད་མི་ནུས་སོ། །ཅི་སྟེ་ཞེ་ན། རང་རིག་པ་ཡི་ངོ་བོ་ཡིས། །སངས་རྒྱས་ཀྱིས་ཀྱང་མཁྱེན་པ་མིན། །ཞེས་སོགས་ཏེ། སོ་སོ་རང་གི་རིག་བྱ་ཡིན་གྱི་ཡུལ་དུ་བྱས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཀྱང་མི་མཁྱེན་པའི་ཕྱིར་རོ། །འོ་ན་ཇི་ལྟར་རྟོགས་ཤིང་ཉམས་སུ་མྱོང་བར་བྱ་ཞེ་ན། འདུས་པ་སེམས་དང་ཕྲད་པ་ནི། །ཞེས་སོགས་ཏེ་བརྗོད་པར་མི་ནུས་ཀྱང་ཉམས་སུ་མྱོང་བ་ཕྱག་རྒྱ་ལ་བརྟེན་པའི་དཔེའི་ཡེ་ཤེས་ལས་མྱོང་བ་བསྐྱེད་ཅེས་པ་སྟེ། དེ་ཡང་དང་པོ་བླ་མའི་ངག་སྒྲ་རང་གི་མཚན་ཉིད་པ་དེ་ལས་སྒྲ་སྤྱི་སྐྱེ་ལ་དེ་ལས་དོན་སྤྱི་སྒོམ་པ་སྐྱེའོ། །དེའང་ཞག་སུམ་ཕྲག་ལྔར་རླུང་སྦྱང་བ་དང༌། དེའི་སྒྲ་ཐོས་པ་ཙམ་དུ་བསླབ་པ་ལ་སོགས་པ་བྱ་སྟེ། མཐར་རེག་པ་ལས་བསླབ་པ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ནི་དཔེའོ། །བྷ་གར་ལིངྒ་རབ་བཞག་ལ་སོགས་པ་ནི། དབང་པོ་གཉིས་སྦྱར་བ་ལས་ཉམས་སུ་མྱོང་བ་སྐྱེ་བའི་ཚུལ་དེ་ཉིད་སྟོན་པ་ལས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ། ཞེས་པས་སྲ་བ་ལ་སོགས་པ་འབྱུང་བ་ལྔ་རིམ་གྱིས་བརྒྱུད་པའོ། །དེ་ལ། ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་སོགས་དགའ་བ་བཞི་སྐྱེའོ། །མཁའ་དབྱིངས་ལ་སོགས་པས་ནི། དབང་པོ་གཉིས་སྦྱར་བ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་ནི་གསང་བ་འདུས་པས་ཀྱང་བསྟན་པར་སྟོན་པའོ། །མཁའ་དབྱིངས་ཆོས་འབྱུང་ངོ༌། །ཟླ་བ་བྱང་སེམས་སོ། །རྗེས་དྲན་བཅུ་དྲུག་ནི་བྱང་ཆུབ་ཀྱི་སེམས་ཏེ། འཁོར་ལོ་བཞི་ལ་ཐིག་ལེ་བཞིར་གནས་ལ། དེ་རེ་རེ་ལ་ཡང་འབྱུང་བ་བཞི་བཞིའི་བདག་ཉིད་དུ་གནས་པས་བཅུ་དྲུག་གོ །ཕུང་པོ་དང་ནི་ལ་སོགས་པས་ནི་དཔེས་མཚོན་པའི་དོན་རང་བཞིན་ལྷན་སྐྱེས་ཏེ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་སྤྲུལ་བྱེད་དུ་བསྟན་ནོ། །འདིར་དེ་རྣལ་འབྱོར་རྒྱུད་དུ་ནི། །ཞེས་སོགས་ནི་མཇུག་བསྡུས་ཏེ། སངས་རྒྱས་གྲངས་མེད་པ་རྣམས་ཀྱི་དགོངས་པ་དེ་ཡང་བདེན་པ་གཉིས་སུ་གཅིག་པར་བསྟན་ཏོ། །དཔེར་ན་ཡུངས་མར་ཞེས་པ་ལ་སོགས་པས་དོན་དམ་པར་བརྟགས་ན་གང་ལྟར་ཡང་མ་གྲུབ་པ་སྟོང་པ་ཉིད་དུ་དཔེའི་སྒོ་ནས་བསྟན་ཏོ། །འདི་སྐད་བདག་གིས་སོགས་ཀྱིས་འདི་སྐད་ལ་སོགས་པའི་བརྗོད་བྱར་ཡང་བསམ་གྱིས་མི་ཁྱབ་པ་དེ་གནས་པར་བསྟན་ཏོ། །དེ་ནས་རྣལ་འབྱོར་མ་རྒྱུད་དུ། །ཞེས་པ་ལ་སོགས་པ་ལ། མེ་སྟེ་གཞན་དག་སོག་མ་འདྲ། །ཞེས་པ་མ་རྒྱུད་ཀྱི་རྗོད་བྱེད་ཀྱི་རིམ་པ་བཞི། ཐུན་མོང་གི་རྗོད་བྱེད་ཀྱིས་བརྗོད་བྱ་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པར་གསུངས་སོ། །ཧེ་ནི་རྒྱུ་དང་བྲལ་བ་ལ་སོགས་པ་ལ་གསང་བའི་རིམ་པ་འབྲས་བུ་སྐུ་བཞི་ཐབས་ཤེས་རབ་གཉིས་སུ་མེད་པའི་ཚུལ་གྱིས་བསྟན་ཏོ། །རྒྱུ་མེད་པ་ནི་ཡེ་ཤེས་ཞེས་པ་ལ་སོགས་པ་རྒྱུད་ཀྱི་རིམ་པ་འདིར་བསྟན་པ། ལུས་ཀྱི་དཀྱིལ་འཁོར་དང༌། བྷ་གའི་རྩ་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྩ་ལ་གནས་པའི་ཐིག་ལེ་རྣམས་བསྟན་ཏོ། །སྡེ་ཚན་ཐ་མའི་མིང་སྤངས་ཞེས་པ་ནི། སྤྱི་བོའི་ཧཾ་དེ་གཏུམ་མོའི་མེས་གཞོམ་དུ་མེད་པའམ། ཧཾ་གི་བདེ་བ་ཆེན་པོ་དེ་བརྗོད་དུ་མེད་པ་ལ་བྱའོ། །དེ་དག་གང་གིས་བརྗོད་ན། མེ་ཞེས་བྱ་བར་མངོན་པར་བརྗོད། །ཅེས་པ་ཐུན་མོང་གི་རྗོད་བྱེད་ཀྱིས་བརྗོད་པའོ། །དེ་ལ་ཅི་སྟེ་མེ་ཞེས་བྱ་ཞེ་ན། ཆགས་སོགས་ཞེས་པ་སྟེ་རྒྱུད་ཀྱི་རིམ་པ་ལ་སྔགས་ཀྱི་རིམ་པས་བསྐུལ་བས་ཉོན་མོངས་པའི་རྟོག་པ་རྣམས་བསྲེགས་པས་མེ་ཞེས་གསུང༌། ཡང་ན་དེས་རྩ་རྣམས་ལ་ཟ་ཞིང་རྩའི་རྟོག་པ་བསྲེགས་པས་མེ་ཞེས་བྱ་སྟེ། རྗོད་བྱེད་ལ་མེའི་རྒྱུ་མཚན་ཡོད་པས་བརྗོད་བྱ་ལ་མེ་ཞེས་སྦྱར་བའོ། །འཁོར་ལོ་གསུམ་ནི་རྣལ་འབྱོར་མ། །དེ་ཡང་མེ་ཞེས་བྱ་བར་བརྗོད། །ཅེས་པ་ལ་སོགས་པ་ནི། མེ་ཞེས་བྱ་བའི་བརྗོད་བྱ་དེས་རྩའི་འཁོར་ལོ་རྣམས་གསུངས་པར་ལྟའོ། །ཀུན་ཞེས་རྣམ་པར་བཤད་སོགས་ཀྱིས་ནི་ཐུན་མོང་མ་ཡིན་པ་གསང་བའི་རིམ་པ་ཁོ་ནའི་རྗོད་བྱེད་དང༌། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ་དེས་འབྲས་བུ་སྐུ་གསུམ་བསྟན་ཏོ། །དེ་ཡང༌། སངས་རྒྱས་ཕུང་སོགས་དེ་བཞིན་དུ། །ཞེས་པ་ལ་སོགས་པས་རྒྱུད་ཡོན་ཏན་དུ་གྱུར་པའི་དབང་དུ་བྱས་ནས་རྒྱུད་ཀྱི་རིམ་པ་ཡང་བསྟན་ཏོ། །མཁའ་འགྲོ་ཀུན་དངོས་ཀྱིས་སྤྲུལ་པའི་སྐུ་མ་དག་པ་ཕུང་པོ་ལ་སོགས་པ་ཐམས་ཅད་དུ་ཡང་སྣང་ཞིང་འགྲོ་བར་བསྟན་ཏོ། །སེམས་དཔས་ལོངས་སྐུ་བསྟན། རྡོ་རྗེ་སེམས་དཔས་ཆོས་སྐུ་བསྟན། བདེ་མཆོག་གིས་རྟོགས་པ་ཆོས་སྐུ་དེ་རང་བཞིན་ཆོས་སྐུ་ལས་འབྱུང་བར་བསྟན། གསང་བ་ས་ཡི་ཁམས་ཡིན་ཏེ། །ལ་སོགས་པས་རིམ་པ་བཞིན་ཐུན་མོང་གི་རྗོད་བྱེད་རྣམ་གྲངས་དང་བཅས་ཏེ་བསྟན་ཏོ། །རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །ལ་སོགས་པས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་རྗོད་བྱེད་གཉིས་ཀ་ཡང༌། བརྗོད་བྱ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་བསྟན་ལ། དེ་ཡང་རིམ་པ་བཞི་ཚོགས་གཉིས་སུ་འགྱུར་ཏེ། དང་པོ་གསུམ་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ལ། གསང་བའི་རིམ་པ་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བའོ། །ཞེས་བསྟན་ཏོ། །མཇུག་གི་དོན་ནི་རྟོགས་པར་སླའོ། །གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་གསལ་བྱེད་རྫོགས་སོ།། །། ༄༅། །དེའི་ཚིག་དོན་བསྡུས་པའི་གོ་འབྱེད་བཞུགས།། ༄༅། །བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པ་འདི་ལ། ལེའུ་བཞིའི་བདག་ཉིད་དུ་གནས་པ་ལས། དེ་རྣམས་ཀྱི་དོན་ཉུང་འདུས་སུ་བསྡུས་ཏེ་རྟོགས་པར་བྱ་བ་ནི། རྗོད་པར་བྱེད་པའི་ཚིག་གང་ཡིན་པ། བརྗོད་པར་བྱ་བའི་དོན་གང་ཞིག་སྟོན་པ། དེ་དག་ཤེས་པར་བྱེད་པའི་ཐབས་ཡིད་ཆེས་ཁྱད་པར་ཅན་བསྟན་པའོ། །དང་པོ་ལ་གཉིས་སུ་གནས་ཏེ། ཐུན་མོང་གི་རྗོད་བྱེད་དང༌། ཐུན་མོང་མ་ཡིན་པའི་རྗོད་བྱེད་དོ། །དེ་ལས་དང་པོ་ནི་ཕྱི་རོལ་པའི་རིག་བྱེད་བཞི་ལ་སོགས་པ་ནས་བཟུང་སྟེ། རྡོ་རྗེ་ཐེག་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བར་རྣམས་ཏེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌། དེ་ལས་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་ལས་ཀྱང་བསྡུ་ན་སྡེ་སྣོད་རིན་པོ་ཆེ་གསུམ་ཞེས་ཡོངས་སུ་གྲགས་པ་ཉིད་དོ། །ཐུན་མོང་མ་ཡིན་པ་ནི་ཐུན་མོང་བ་ཉིད་ལས་ཁྱད་པར་དུ་བྱུང་བ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞི། དེ་ལས་ཀྱང་རྣལ་འབྱོར་ཆེན་པོའི་རྒྱུད་ཐབས་གཙོ་བོར་གྱུར་པ་གསང་བ་འདུས་པ་དང༌། ཤེས་རབ་གཙོ་བོར་གྱུར་པ་བདེ་མཆོག་ཉུང་ངུ་སྟེ། དེ་དག་ཀྱང་ཐུན་མོང་བ་ཉིད་ཀྱི་ཁོངས་སུ་བསྡུས་ལ་རྗོད་བྱེད་ཐུན་མོང་མ་ཡིན་པ་དངོས་ནི་རྒྱུད་ཉིད་ཀྱི་གླེང་གཞིའི་ཚིག་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་ཡི་གེ་སུམ་ཅུ་རྩ་བདུན་ཚིག་བཅུར་བསྡུས་པ། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག་ཡི་གེ་བཅུ་དྲུག་ཡན་ལག་དང་བཅས་པ་ཚིག་བཅུར་བསྡུས་པ་སྟེ། ཚིག་ཉི་ཤུར་རྗོད་བྱེད་ཐུན་མོང་མ་ཡིན་པ་བསྡུའོ། །བརྗོད་བྱའི་དོན་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་དང་པོ་ནི་བདག་དང་སྒྲ་རྟག་པ་ལ་སོགས་པ་ནས་རྡོ་རྗེ་ཐེག་པའི་ཕྱག་རྒྱ་འཆའ་བ་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་ལ་སོགས་པ་ལམ་གྱི་དེ་ཁོ་ན་ཉིད་དུ་མ་མཐར་ཐུག་ཏུ་འདོད་པ་སྟེ། འདི་ལ་སོ་སོའི་དེ་ཁོ་ན་ཉིད་ཅེས་བྱ་བ་གདུལ་བྱ་སོ་སོའི་བསམ་པ་དང་བསྟུན་ནས་གསུངས་པའི་ལམ་གྱི་དེ་ཁོ་ན་ཉིད་ཅེས་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ཏེ། དོན་གྱི་དེ་ཁོ་ན་ཉིད་དང༌། ཉམས་སུ་བླང་བའི་དེ་ཁོ་ན་ཉིད་དོ། །དེ་ལ་དོན་ནི་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། ཐོག་མ་དང་ཐ་མ་མེད་པ་བྱང་ཆུབ་ཀྱི་སེམས་རིག་པ་གསལ་ལ་མ་འགགས་པ་འདི་ཉིད་ལ་བྱ་སྟེ། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་ལེའུ་གཉིས་པའི་སྟོད་ནས་གསུངས་པ་བཞིན་ནོ། །ཉམས་སུ་བླང་བའི་དེ་ཁོ་ན་ཉིད་ལ་གཉིས། རང་ལུས་ཐབས་ལྡན་གྱི་དབང་དུ་བྱས་ནས་རིམ་པ་བཞིའི་དེ་ཁོ་ན་ཉིད་རྒྱུད་ལ་བསྐྱེད་པ་བསྟན་པ་དང༌། དེའི་སྔོན་དུ་མཚོན་པར་བྱེད་པ་དཔེའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དབང་གསུམ་པས་ཉམས་མྱོང་བསྐྱེད་པར་བསྟན་པའོ། །དེ་ལ་རིམ་པ་བཞི་ནི་རྒྱུད་ཀྱི་རིམ་པ་ཐོས་བསམ་གྱིས་གཏན་ལ་དབབ་པ། སྔགས་ཀྱི་རིམ་པ་ཙཎྜཱ་ལཱི་སྦར་བ། ཡེ་ཤེས་ཀྱི་རིམ་པ་ཡས་དབབ་པའི་དགའ་བ་བཞི། གསང་བའི་རིམ་པ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའོ། །དེ་ལ་དང་པོ་ནི་རྒྱུ། གཉིས་པ་ནི་ལམ། ཐ་མ་ནི་འབྲས་བུའོ། །དེ་ལ་ཅུང་ཟད་སོ་སོར་ཕྱེ་སྟེ་བརྗོད་ན། རྒྱུད་ཀྱི་རིམ་པ་ནི་རྗོད་བྱེད་ཨེ་བཾ་མ་ཡ་ཡི་གེ་འབྲུ་བཞི་རྫས་དང་བཏགས་པའི་དབང་དུ་བྱས་ནས་དྲུག་རྗོད་བྱེད་དེ། དངོས་སུ་བསྟན་པ་འཁོར་ལོ་བཞི་ཐབས་ཤེས་རབ་ཏུ་གནས་པ་དེ་ལ་ཡི་གེ་གང་ཡིན་ཞེས་བྱ་བ་ནས། འཁོར་ལོ་གང་ཡིན་ཞེས་བྱ་བའི་བར་དུ་འཁོར་ལོ་རེ་རེ་ལ་ཕྱི་རོལ་གྱི་དོན་བཅུ་བཅུ་ལྡན་པར་གཏན་ལ་ཕབ་པས་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་པ་ཐོས་བསམ་གྱི་ཡུལ་དུ་གྱུར་པའོ། །ཤུགས་ཀྱིས་རྩ་གསུམ་བསྟན་ཏེ་མདོར་ན་འཁོར་ལོ་བཞི་དང་རྩ་གསུམ་གཏན་ལ་འབེབས་པ་ལ་བྱའོ། །ཤུགས་ཀྱིས་བསྟན་པ་སྔགས་རིམ་ནི་སྔགས་ནི་ལྟེ་བའི་ཨྃ་ཡིན་ལ། རིམ་པ་ནི་རྩ་དབུ་མ་ནས་འཁོར་ལོ་གོང་མར་འགྲོ་བ་དང༌། རླུང་རེག་བྱ་དྲོད་ཀྱི་རང་བཞིན་ཅན་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པའོ། །ཡེ་ཤེས་ནི་ཐོས་པའི་ཚིག་གིས་བསྟན་ཏེ་ཡས་ཕབ་པའི་དགའ་བ་བཞི་ལ་སྐུ་གསུམ་དུ་བཞག་པའོ། །དེ་ཡང་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེ་དབུ་མར་འཇུག་པ་ལས་འབྱུང་བ་ཡིན་ཏེ། སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། ཐིག་ལེ་བཞི་དང་གསུམ་བྱིན་པའོ། །དེར་བདེ་བ་ལ་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའོ། །དེ་ལ་ཟླ་བ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་ཉི་ཤུར་མིང་བཏགས་ཏེ་རྣལ་འབྱོར་ཆེན་པོའི་རྒྱུད་སོ་སོ་ནས་མིང་སོ་སོར་བཏགས་པའི་མིང་དང་དོན་ལ་མ་རྨོངས་པར་བྱ་བའི་ཕྱིར་ཕྱོགས་གཅིག་ཏུ་བསྟན་ཏེ། སྙིང་ག་ནས་ལྟེ་བར་བྱོན་པ་ནི་དགའ་བྲལ་གྱི་ཡེ་ཤེས་ཏེ། གནས་ལས་མིང་ཐོབ་པ་སྤྲུལ་སྐུ། ཐིག་ལེ་གཉིས་ལ་གཅིག་ཐིམ། གཅིག་ལ་ཨོཾ་གྱི་ནཱ་ད་ལ་གནས་པ་ཉི་མ་ཞེས་བྱ་སྟེ། འདི་ཡང་རྣམ་གྲངས་ཉི་ཤུ་ཐིམ་པའི་ཚུལ་དུ་སྔ་མ་བཞིན་གནས་སོ། །དེ་དག་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། རེ་ཞིག་རྩ་གནས་ཐམས་ཅད་དུ་ཁྱབ་ནས་ལྟེ་བའི་གནས་སུ་འདུས་ཏེ་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་སྐྱེ་བ་སྟེ། འདི་ནི་ཆོས་སྐུ་ལམ་དུ་བྱེད་པའོ། །དེ་ནི་གཞུང་ལས་གསལ་བར་རྣམ་པར་མ་བཀོད་དེ། བླ་མའི་ཞལ་ལས་རྟོགས་པར་བྱའོ། །དུས་གཅིག་ན་ལ་སོགས་པས་འབྲས་བུ་གསང་བའི་རིམ་པ་བསྟན་ཏེ། དེ་ཡང་དུས་གཅིག་ན་ཞེས་བྱ་བས་དབུ་མར་རླུང་དང་བྱང་ཆུབ་ཀྱི་སེམས་ཐིམ་པ། དུས་གསུམ་ལས་བསམ་གྱིས་མི་ཁྱབ་པའི་དུས་སུ་འགྱུར་བར་བསྟན་ལ། དེ་ཉིད་ཀྱི་ཚེ་གྲུབ་སྟེ་གཅིག་ཏུ་ལུས་ཟག་མེད་དང༌། སེམས་རྟོག་མེད་དུ་གྱུར་པ་ནི་མཚན་གཞིའོ། །བཅོམ་ལྡན་འདས་ལ་སོགས་པ་ནི་དེའི་མཚན་ཉིད་ཅེས་བྱ་བ་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ལྡན་པར་བསྟན་ལ་དེ་ཡང་ཚིག་ལྔས་ཡོན་ཏན་གྱི་ཁྱད་པར་སོ་སོར་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་ནི་འབྲས་བུ་གསང་བའི་རིམ་པ་རྡོ་རྗེ་སེམས་དཔའ་དེ་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པར་བསྟན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནི་དེ་བཞིན་ཉིད་སྟོང་པ་ཉིད་དུ་ཐིམ་ཞིང་དེ་ལས་བྱུང་བས་དེ་བཞིན་གཤེགས་པར་སྟོན་ཏེ། དེ་ཡང་ཐམས་ཅད་ཀྱི་ཚིག་གིས་ནི། གཞི་ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྟན་ལ། དེ་བཞིན་གཤེགས་པ་ཞེས་བྱ་བས་ནི་ཆོས་ཅན་དེ་དག་ཀྱང་དེ་བཞིན་ཉིད་དུ་ཐིམ་ཞིང༌། དེ་བཞིན་ཉིད་ལས་གཤེགས་པས་ན། དེ་འབྲས་བུ་གསང་བའི་རིམ་པ་ལ་རོ་གཅིག་ཏུ་མངོན་དུ་གྱུར། ཞེས་བྱ་བའི་དོན་ཏོ། །སྐུ་གསུང་ཐུགས་རྡོ་རྗེའི་ཚིག་གིས་བསྟན་པའི་ཡོན་ཏན་ནི། སྦྱང་གཞི་ལ་བཞག་པ་དང༌། འབྲས་བུ་གནས་གྱུར་ལ་བཞག་པ་གཉིས་སོ། །དེ་ལ་རྒྱུད་ཀྱི་རིམ་པ་ལྟར་གནས་ཏེ། མ་དག་པ་ལུས་ངག་ཡིད་གསུམ། རྒྱུའི་དབང་དུ་བྱས་ན་ཉོན་མོངས་པ་དུག་གསུམ། འབྲས་བུའི་དབང་དུ་བྱས་ནས་བདེ་བ་སྡུག་བསྔལ་བཏང་སྙོམས་གསུམ། འོག་ནས་འབྱུང་བའི་དོན་ཡར་དྲང་བ་ལས་ངོ་བོ་ཉིད་ཀྱི་དབང་དུ་བྱས་ན་དཀྱིལ་འཁོར་གསུམ་མོ། །འབྲས་བུ་གནས་གྱུར་ནི་རྡོ་རྗེ་སེམས་དཔའ་ལ་ཇི་ལྟར་མངའ་བ་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེའི་ཡོན་ཏན་དང་ལྡན་པའོ། །འབྲས་བུ་དེ་ཉིད་ལས་བཙུན་མོའི་ཡོན་ཏན་ལྡན་པ་ནི་དཔེ་ཉེ་བར་མཚོན་པའི་དབང་དུ་བྱས་ནས་ཐུན་མོང་གི་བཙུན་མོ་བསྟན་པ་དང༌། ཡོན་ཏན་མ་ལུས་བསྐྱེད་པའི་དབང་དུ་བྱས་ནས་ཐུན་མོང་མ་ཡིན་པའི་བཙུན་མོ་བསྟན་པའོ། །དེ་ལ་སྤྱིར་བཙུན་མོ་ཞེས་བྱ་བའི་དོན་ནི་སྐྱེད་པར་བྱེད་པ། འཕེལ་བར་བྱེད་པ། གསོ་བར་བྱེད་པས་བཙུན་མོའོ། །དེ་ལ་ཐུན་མོང་གི་བཙུན་མོའི་དབང་དུ་བྱས་ན། ལྷ་ལ་སོགས་པའི་བུ་མོ་རྣམས་ཀྱིས་ཀྱང༌། རང་རང་གི་འགྲོ་བའི་རིགས་རྣམས་སྐྱེད་པར་བྱེད། འཕེལ་བར་བྱེད། གསོས་འདེབས་པར་བྱེད་པས་བཙུན་མོའོ། །དཔེ་དེ་བཞིན་དུ་ཤེས་རབ་ཐུན་མོང་མ་ཡིན་པའི་བཙུན་མོ་རྣམས་ནི་སྤྱན་ལ་སོགས་པའི་ལྷ་མོ་རྣམས། དོན་ནི་རླུང་སེམས་དབུ་མར་ཐིམ་པའི་དུས་ཀྱི་གསང་རིམ་ལ་གནས་གྱུར་གྱི་དབང་དུ་བྱས་ནས་ཟག་མེད་རྡོ་རྗེ་སེམས་དཔའ་ཡོན་ཏན་དུ་གྱུར་པའི་ཚུལ་གྱིས་བཞུགས་པར་བསྟན་ཏེ་ལམ་ཡོན་ཏན་དུ་གྱུར་པ་ཞེས་བྱའོ། །མདོར་ན་ཚིག་དུམ་བུ་ལྔས་བསྟན་པའི་ཡོན་ཏན་ཐམས་ཅད་ཀྱང༌། ལུས་ཟག་མེད་དང་སེམས་རྟོག་མེད་ཅེས་བྱ་བ་ཡིན་ལ། དབྱེ་ན་ནི་སྐུ་གསུམ་རྣམ་པར་གཞག་པ་རང་གཞན་གྱི་དོན་མ་ལུས་པར་འགྲུབ་པ་ཞེས་བྱ་བ་ཡིན་ནོ། །རིམ་པ་བཞི་པོ་འདི་དག་ལ་ཡང༌། རྒྱུད་ལ་སོགས་པ་གང་ཡིན་པ། རིམ་པ་གང་ཡིན་པ། མཐར་ཕྱིན་པ་གང་ཡིན་པ་ཞེས་བྱ་བ་གསུམ་དུ་རྫོགས་པའི་རིམ་པའི་གཞུང་གསུམ་ཅིག་ཆར་དུ་རྟོགས་པར་བྱ་བའི་ཕྱིར། དཔྱིད་ཀྱི་ཐིག་ལེ་ཁོང་དུ་ཆུད་པར་བྱའོ། །ཚིག་དོན་ནི་འདིར་ཞིབ་ཏུ་མ་བརྗོད་དོ། །རིམ་པ་བཞིའི་དོན་དེ་ཉིད་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག་བཅུ་ཁྱད་པར་གྱི་ཚིག་དང་བཅས་པས་བསྟན་པ་ལས། དེ་ལ་གཉིས་ཁྱད་པར་གྱི་ཚིག་དང༌། གླེང་གཞིའི་ཚིག་དངོས་སོ། །དེ་ལ་དང་པོ་ནི་ཧེ་རུ་ཀ་དཔལ་ཞེས་བྱ་བ་ནས། རང་བྱུང་བཅོམ་ལྡན་འདས་དང༌། མཁའ་འགྲོ་ཀུན་དངོས་སེམས་དཔའ་དང༌། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ་རྣམས་སོ། །དེ་ལས་ཁྱད་པར་གྱི་ཚིག་ཅེས་བྱ་བར་འཇོག་པ་ནི། སྟོན་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་དབང་དུ་བྱས་ནས་སྟོན་པའོ། །དངོས་ནི་གསང་བ་ལ་སོགས་པའི་རྐང་པ་གཉིས་དེ་དྲང་དོན། ངེས་དོན་གཉིས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང༌། ལམ་འབྲས་བུ་དང་བཅས་པ་སྟོན་པས་སོ། །དང་པོ་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚིག་ཅེས་བྱ་གཉིས་སོ། །དང་པོ་ནི་མེ་ཏོག་ཅེས་བྱ་བའི་ཚིག་ལ་བྱ་སྟེ། གླེང་གཞིའི་ཚིག་གསང་བ་ལ་སོགས་པ་མཐའ་དག་ལ་མེའི་ཚིག་གི་ཡོན་ཏན་འཇུག་པས་སོ། །ཐུན་མོང་མ་ཡིན་པ་ནི་ཧེ་རུ་ཀ་དཔལ་ཏེ། གསང་བའི་རིམ་པ་ལྟར་ན་སྐུ་བཞིའི་འབྲས་བུ་དེ་འབྱུང་བའི་རྒྱུ་རྒྱུད་ཀྱི་རིམ་པ་དང་སྦྱར་ན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། ལུས་དང་བྷ་ག་དང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་གྱུར་པའོ། །རང་བྱུང་བཅོམ་ལྡན་འདས་ནི་གསང་བའི་རིམ་པ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་སྤྱི་ལ་བྱས་ཏེ་མཚན་གཞིའོ། །མཁའ་འགྲོ་མ་ལ་སོགས་པ་ནི་དེའི་ཡོན་ཏན་གྱི་ཁྱད་པར་སྐུ་བཞི་བསྟན་ཏེ། མཁའ་འགྲོ་ཀུན་གྱིས་སྤྲུལ་སྐུ། སེམས་དཔའ་བདེ་ཆེན་གྱིས་ལོངས་སྐུ། རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པས་ཆོས་སྐུ། བདེ་བ་མཆོག་གི་རང་བཞིན་ནི་ཆོས་སྐུ། རྟོག་པ་ཆོས་སྐུར་འགྱུར་བས་ངོ་བོ་ཉིད་ཀྱི་སྐུ་བསྟན་ཏོ། །མདོར་ན་གླེང་གཞིའི་ཁྱད་པར་གྱི་ཚིག་རྣམས་ཀྱིས་འབྲས་བུའི་གསང་བའི་རིམ་པ་གཙོ་བོར་བསྟན་པར་ཤེས་པར་བྱའོ། །གསང་བ་ལ་སོགས་པའི་གླེང་གཞིའི་ཚིག་དངོས་ལ་རིམ་པ་བཞི་སོ་སོར་སྦྱར་བ་དང༌། ཐུན་མོང་དུ་སྦྱར་བ་གཉིས་སུ་གསུང་ངོ༌། །དང་པོ་ནི་གསང་བ་ལ་སོགས་པའི་ཚིག་བཞི་དང་རྒྱུད་ལ་སོགས་པ་བཞི་རིམ་པ་བཞིན་སྦྱར། རྟག་ཏུ་བཞུགས་པ་སྔགས་རིམ་གྱི་ཡོན་ཏན་གྱི་ཁྱད་པར་དུ་བཞེད་དོ། །ཚིག་དེ་དག་རིམ་པ་བཞིན་ཐུན་མོང་དུ་སྦྱར་ན། གསང་བ་ལ་སོགས་པ་བཞིས་རྟེན་འཁོར་ལོ་བཞི་རྟག་བཞུགས་ཀྱིས་རྩ་གསུམ་སྟེ། དེ་ལ་ལུས་ཀྱི་དཀྱིལ་འཁོར་གསང་བ་ལ་སོགས་པ་བདུད་རྩི་ལྔ་ལ་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་བསྟན་ཏོ། །སྔགས་རིམ་ལྟར་ན་གསང་བ་ལྟེ་བའི་ཨཾ་ལས་མེ་འབར་བ་བསྟན་ཅིང༌། ཚིག་གཞན་གྱིས་ཀྱང་འཁོར་ལོ་གོང་མ་རྣམས་ཀྱི་ཡིག་འབྲུ་འཇོམས་པ་དང༌། ཚིག་ཐ་མས་དེ་བཞིན་གཤེགས་པའི་རྒྱུད་ལ་ཙཎྜཱ་ལཱིའི་མེ་འགྲོ་འོང་བྱེད་པའི་བར་དུ་བསྟན། ཡེ་ཤེས་ཀྱི་རིམ་པ་ནི་གསང་བ་ལ་སོགས་པའི་ཚིག་བཞིས་དགའ་བ་གསུམ་བསྟན་ཅིང༌། རྟག་བཞུགས་ཀྱིས་ལྷན་སྐྱེས་བསྟན་ཏེ། སྐུ་གསུམ་ལམ་དུ་བྱེད་པའོ། །གསང་བའི་རིམ་པ་ལྟར་ན་སྐུའི་རྣམ་པ་དེ། དེ་བཞིན་གཤེགས་པ་ལྔ་དང་ཐུགས་ཡེ་ཤེས་ལྔ་སྦྱར་ཏེ་ཤེས་པར་བྱ་བ་ལས། འདི་ནི་དཔྱིད་ཀྱི་ཐིག་ལེའི་ལེའུ་བཅུ་པར་བསྟན་ཅིང་བཤད་པའི་རྒྱུད་ལས་འོངས་པ་ཡིན་ནོ། །དེ་ཐམས་ཅད་ཀྱིས་ནི་གླེང་གཞིའི་ཚིག་གཉིས་ཀྱིས་བསྒོམ་བྱ་གསང་བའི་དེ་ཁོ་ན་ཉིད་དངོས་རིམ་པ་བཞིན་བསྟན་ཏོ། །དེ་མཚོན་པར་བྱེད་པའི་ཐབས་གང་གིས་མཚོན་པ་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་གིས་བསྟན་པ་ལས། མའི་རྒྱུད་ཀྱི་གླེང་གཞིའི་ཚིག་གིས་བསྟན་པ་ནི་མེད་དེ། དེ་ཡང་ཚུལ་བཞིར་རྟོགས་པར་བྱ་སྟེ། ཨེ་བྃ་ཞེས་བྱ་བ་ལ་སོགས་པ་ཐབས་ཀྱི་རྒྱུད་ཀྱི་གླེང་གཞིའི་ཚིག་རྣམས་ཀྱིས་དབང་གསུམ་པའི་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས། དང་པོར་ཚོར་བ་བདེ་བ། དེ་ནས་མི་རྟོག་པ་བདེ་བ། དེ་ནས་དཔེའི་ཡེ་ཤེས་ཀྱི་བདེ་བ་སྐྱེ་བས་གསང་བའི་དེ་ཁོ་ན་ཉིད་དངོས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་མཚོན་མི་ནུས་ཀྱང༌། དབང་དུས་སུ་བརྡར་བཏགས་ནས་མཚོན་ནུས་པར་བསྟན་པ་དང༌། ཡང་གླེང་གཞིའི་ཚིག་དེ་རྣམས་ཉིད་ཀྱིས་དོན་གྱི་དེ་ཁོ་ན་ཉིད་དེ་སྒྲ་དང་རྣམ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་རྟོགས་པར་མི་ནུས་པར་བསྟན་པ་དང༌། དེ་ལྟར་ཡིན་ཡང་རྟེན་གྱི་གང་ཟག་གི་རྒྱུད་ལ་སྒྲོ་བཏགས་ཏེ་རྒྱུད་ནས་མཚོན་དུ་རུང་བར་བསྟན་པ་དང༌། དེས་མཚོན་པར་བྱ་བའི་གསང་བའི་དེ་ཁོ་ན་ཉིད་མཐའ་བཞི་ལས་གྲོལ་བ་སྟེ། འཁོར་འདས་ཐམས་ཅད་ཀྱི་འཕྲུལ་བྱེད་ཡིན་པར་ཆེ་བའི་ཡོན་ཏན་གྱི་སྒོ་ནས་གླེང་གཞིའི་ཚིག་རྣམས་ཀྱི་ཤུགས་ཀྱིས་བསྟན་པར་ཤེས་པར་བྱའོ། །དེ་དག་ཀྱང་དོན་གསུམ་དུ་གནས་ཏེ་མཚོན་པར་བྱ་བའི་དོན་གང་ཡིན་པ། མཚོན་པར་བྱེད་པའི་ཐབས་གང་ཡིན་པ། དེས་མཚོན་དགོས་ཤིང༌། དེས་མཚོན་དགོས་པར་བསྟན་པའོ། །དེ་དག་གིས་ནི་ཚིག་དང་དོན་གཉིས་བསྟན་ཏོ། །དེ་དག་ཤེས་པར་བྱེད་པའི་ཐབས་ནི་ཡིད་ཆེས་ཁྱད་པར་ཅན་བཞིས་ཤེས་པར་ནུས་པར་ལེའུ་དང་པོ་ཉིད་དུ་བསྟན་དེ་འདིར་མ་བཀོད་དོ། །དེ་ལྟར་ན་གསང་བའི་དོན་བྱང་ཆུབ་ཀྱི་སེམས་དེ་བསྒོམ་པའི་མན་ངག་གང་དུ་གསང་ན་རྗོད་བྱེད་ཐུན་མོང་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར། ཚུལ་ཇི་ལྟར་གསང་ན་ཐུན་མོང་གི་བརྗོད་བྱ་བདག་དང༌། དབང་ཕྱུག་དང༌། སྒྲ་རྟག་པ་དུ་མའི་ཚུལ་གྱིས་སོ། །དགོས་ཆེད་གང་གི་དོན་དུ་གསང་ན་མོས་པ་སྣ་ཚོགས་ཀྱིས་སེམས་ཅན་འདུལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ནི་སོ་སོའི་ཞི་བ་ལ་སོགས་པའི་འབྲས་བུ་འབྱིན་པ་ལ་མི་བསླུ་བས་སོ། །རབ་ཏུ་གསང་བ་ནི་གླེང་གཞིའི་ཚིག་གཉིས་བསྒོམ་པར་བྱ་བ་དང༌། སྒོམ་པར་བྱེད་པའི་ཐབས་གཉིས་གསལ་བར་ངོས་བཟུང་ནས་བླ་མ་དམ་པའི་མན་ངག་གི་ཚིག་དོན་གཉིས་གསལ་བར་བཤད་ཅེས་བྱ་བའི་དོན་ཏོ། །གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་ཚིག་དོན་གཉིས་བསྡུས་པའི་གོ་འབྱེད། ཅུང་ཟད་ཙམ་བསྟན་པའོ། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply