༼ཁ༽
༄༅། །གསང་བ་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཆ་བླ་མའི་གསུང་གནང་བ་བྲིས་པ་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་འདུས་པ་དང༌། །མ་རྒྱུད་འཁོར་ལོ་བདེ་མཆོག་གཉིས། །རྗོད་བྱེད་མདོར་བསྡུས་ཐ་དད་ཀྱང༌། །བརྗོད་བྱ་རྫོགས་རིམ་རིམ་པ་བཞིར། །ཐ་མི་དད་དུ་རྟོགས་བྱའི་ཕྱིར། །གསང་བའི་དེ་ཉིད་རབ་གསལ་བ། །ཛཱ་ལནྡྷ་རིའི་བཀའ་དྲིན་གྱིས། །བརྟུལ་ཞུགས་སྤྱོད་པ་ནག་པོས་བྱས། །དེ་དོན་ཤིན་ཏུ་རྟོགས་དཀའ་ཡང༌། །བླ་མའི་གསུང་ངག་ལ་བརྟེན་ནས། །བློ་ལ་དོན་སྤྱི་ཤར་བ་ཙམ། །བསྡུས་དོན་བྱ་ཕྱིར་ཅུང་ཟད་བྲི། །དེ་ལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མཚན་གྱི་དོན་ལ་གསང་བ་ནི། གཙོ་བོར་མཚོན་བྱ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སམ། སེམས་ཉིད་མཐའ་བཞི་ལས་རྣམ་པར་གྲོལ་བའམ། རང་བཞིན་ཆོས་སྐུ་ཞེས་བྱ་བ་ལ་སོགས་པའི་མིང་དུ་མས་བསྟན་པའི་སེམས་མྱོང་རིག་མ་འགགས་ལ་དཔྱད་ན་ངོས་བཟུང་མི་རྙེད་པ་ལ་བྱ་ལ། དེའི་མཚོན་བྱེད་རིམ་པ་བཞི་ལ་ཡང་དེ་སྐད་ཅེས་བྱ་སྟེ། སེམས་ཉིད་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་གནས་ཀྱང༌། བླ་མ་དམ་པའི་གདམས་ངག་དང་བྲལ་བ་རྣམས་ཀྱིས། རྟོགས་མ་མྱོང་བའི་ཕྱིར་གསང་བ་ཡིན་ལ། དེ་ཉིད་དངོས་པོ་ཐམས་ཅད་ཀྱི་བཅུད་དམ་སྙིང་པོ་ལྟ་བུར་གྱུར་པས་དེ་ཉིད་དོ། །མཚོན་བྱེད་ཀྱི་དབང་དུ་བྱས་ན་རྒྱུད་རིམ་མདོར་བསྡུས། འཁོར་ལོ་བཞི་དང་རྩ་གསུམ་ལ་སོགས་པ་ཐམས་ཅད་ཀྱི་ལུས་ལ་ངོ་བོ་ཉིད་ཀྱིས་གནས་ཀྱང༌། སུས་ཀྱང་མ་རྟོགས་པས་གསང་སྔགས་རིག་སྔགས་ཞེས་བྱ་བ་ནི་ལྟེ་བའི་ཨྃ་ལ་བྱ་བ་དེ་སྣ་ཚོགས་མདུད་པས་བསྒྲིབས་ཤིང་གཡོགས་ནས་ཡོད་པས་མི་གསལ་བའི་ཕྱིར། གསང་བའི་ཡེ་ཤེས་ཀྱི་རིམ་པ་ཡས་བབས་པའི་དགའ་བ་བཞིའི་ཉམས་སུ་མྱོང་བ་ཡང་ཙཎྜཱ་ལཱི་སྦར་བའི་ཐབས་མེད་ན་མི་རྟོགས་པས་གསང་བ། འབྲས་བུ་གསང་རིམ་གྱི་དབང་དུ་བྱས་ན་ཆོས་ཀྱི་སྐུ་གང་གི་ཡང་ཡུལ་མ་ཡིན་པས་གསང་བ། གཟུགས་སྐུ་རྟེན་གྱི་དཀྱིལ་འཁོར་གྱི་ཆོས་འབྱུང་གི་ནང་ན་ཡོད་པས་བསྒྲིབས་ནས་མི་གསལ་བའི་ཕྱིར། གསང་བ་ཞེས་བྱ་བ་དེ་རྣམས་དེ་ཁོ་ན་བཞིན་དུ་མི་བསླུ་བའི་ཕྱིར་དེ་ཁོ་ན་ཉིད་དོ། །དེ་རྣམས་ཀྱང་རྒྱུད་གཉིས་ཀྱི་གླེང་གཞིའི་བརྗོད་བྱར་གནས་ཀྱང་མི་གསལ་བའི་ཕྱིར་ན་ཡང་གསང་བ། དེ་འདིས་གསལ་བར་སྟོན་པས་ན། དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་གསུངས་སོ། །འདིའི་གཞུང་གི་དབང་དུ་བྱས་ན་ལེའུ་དང་པོས་དེ་ཁོ་ན་ཉིད་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་ལ། ལེའུ་གཉིས་པ་ལ་སོགས་པ་གསུམ་གྱིས་དེའི་བསྒོམ་པས་ཉམས་སུ་བླང་བའི་ཐབས་བསྟན་པར་བཞེད་དོ། །དེ་ལ་ལེའུ་དང་པོས་རྗོད་བྱེད་བསྟན་པས་བརྗོད་བྱ་ཁྱད་པར་ཅན་བསྟན་པའི་དོན་ནི། རྗོད་བྱེད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། བརྗོད་བྱ་ལའང་དེ་བཞིན་དུ་གཉིས་ལས་བརྗོད་བྱ་ཐུན་མོང་བ་ནི་ནང་པ་སངས་རྒྱས་པའི་གཞུང༌། རྒྱུད་སྡེ་དང༌། སྡེ་སྣོད་གསུམ། ཕྱི་རོལ་པའི་གཞུང་ཐམས་ཅད་ཀྱང་ཡིན་ཏེ། དེ་ཐམས་ཅད་ཀྱི་ཐུན་མོང་གི་བརྗོད་པར་བྱ་བ་ནི་རང་བཞིན་ཆོས་སྐུ་སྐྱེ་མེད་ཉིད། ཀུན་ཏུ་སྐྱེ་བའི་ཆོ་འཕྲུལ་དུ་བཟླས་པ་ལ་སོགས་པ་ཐབས་སྣ་ཚོགས་སུ་སྣང་བའི་ཕྱོགས་ནས་བརྗོད་བྱར་བྱས་པའི་ཕྱིར་རོ། །དེ་ཡང་གང་ལ་མོས་ཤིང་འདུལ་བའི་བསམ་པ་ལ་དགོངས་ནས་གསུངས་པས་དགོངས་པ་དང་བཅས་པའོ། །ཐུན་མོང་མ་ཡིན་པའི་རྗོད་བྱེད་ནི་གཙོར་འདུས་པ་དང་འཁོར་ལོ་བདེ་མཆོག་གི་རྒྱུད་གཉིས་ཡིན་ཏེ། དེ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་བརྗོད་བྱ་ཞེས་བྱ་བ། རང་བཞིན་ཆོས་སྐུ་སེམས་ཉིད་མཐའ་བཞི་ལས་གྲོལ་བ་དངོས་པོ་དོན་དམ་པ་ཡིན་ལུགས་བརྗོད་བྱར་བྱས་པའི་ཕྱིར་རོ། །དེ་རྟོགས་ན་གནས་དང༌། རིགས་དང༌། དུས་དང༌། ཉོན་མོངས་པ་སྤངས་པ་ལ་སོགས་པ་གང་ལ་ཡང་མ་ལྟོས་པར་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་ཏུ་འགྱུར་བའི་ཕན་ཡོན་ཡོད་དོ། །དེ་ནས་ཆོས་དང་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དངོས་བསྟན་པའི་དོན་ནི། རྗོད་བྱེད་དངོས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འདུས་པ་དང༌། སཾ་བ་ར་གཉིས་གཙོ་བོར་གྱུར་པ་ཡིན་ལ། བྱ་བ་ལ་སོགས་པས་གཞན་ནས་ཀྱང༌། ལ་ལ་ནས་ཐབས། ལ་ལ་ནས་ཤེས་རབ་གཙོ། ལ་ལ་ནས་ཟུང་འཇུག་ཅུང་ཟད་བསྟན་པའི་རྒྱུད་སྡེ་བཞི་པོ་ཀུན་གྱིས་ཀྱང་བསྐྱེད་རྫོགས་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མས་བསྟན་པའི་ཟུང་འཇུག་བརྗོད་བྱར་བྱས་སོ་ཞེས་བྱའོ། །རྟགས་ཀྱི་བྱེ་བྲག་ལ་སོགས་པ་གོ་སླའོ། །ལེའུ་དང་པོའི་དོན་ཏོ། །ལེའུ་གཉིས་པ་མན་ཆད་ཀྱིས། དེའི་བསྒོམ་པ་བསྟན་པ་ལས་དང་པོ་དེ་ཁོ་ན་ཉིད་བརྗོད་བྱའི་ལུས་རྣམ་པར་གཞག་པའི་དོན་ནི་བསྒོམ་པར་བྱ་བ་སེམས་ཉིད་མཐའ་བཞི་ལས་རྣམ་པར་གྲོལ་བ། དེ་ཉིད་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འཁོར་འདས་སྣ་ཚོགས་སུ་སྐྱེ་ཞིང་སྣང་བས་ཐམས་ཅད་ཀྱི་སྤྲོ་བྱེད་ཡིན་ལ། སྣ་ཚོགས་སུ་སྣང་བའི་དུས་ཉིད་ནས་རང་གི་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བས། ཐིམ་པའི་ཐིམ་པའམ་ཐམས་ཅད་ཀྱི་སྡུད་བྱེད་ཡིན་ཏེ། དེ་ཉིད་ལ་བསྐྱེད་རྫོགས་ཉིད་དང་འཁོར་འདས་ལ་སོགས་པ་ཐམས་ཅད་གཉིས་མེད་དུ་འདུས་པའི་ཟུང་འཇུག་ཡིན་ནོ། །ཞེས་བྱའོ། །དེ་ལྟ་བུ་དེ་དངོས་སུ་སྒྲས་བརྗོད་པ་དང་རྟོག་པས་དཔྱད་པས་ཐོག་ཏུ་མི་ཕེབས་པའི་ཕྱིར། མཚོན་བྱེད་ཀྱི་ཐབས་ལ་མཁས་པའི་རྐྱེན་ལ་ལྟོས་ནས་མངོན་དུ་བྱ་དགོས་པས། རྗོད་བྱེད་ལུས་རྣམ་པར་གཞག་པ་མན་ཆད་གསུངས་པ་ཡིན་ཏེ། དེ་ཡང་རྗོད་བྱེད་ལུས་རྣམ་གཞག་གིས། རྗོད་བྱེད་གླེང་གཞི་གཉིས་ཀྱི་སྒྲ་ཐ་དད་ཀྱང༌། བརྗོད་བྱ་རྫོགས་རིམ་རིམ་པ་བཞི་སྟོན་པར་ཐ་མི་དད་པ་ཙམ་དུ་སྤྱིར་བསྟན་ནས། དེའི་དོན་ཡན་ལག་རྒྱས་བཤད་ཀྱིས་ཕྱེ་སྟེ་སྟོན་པ་ལས། དང་པོར་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་གིས་བཤད་པ། དེ་ལ་ཡང་གཉིས་ལས་དོན་རིམ་པ་བཞི་ལ་སྦྱར་བའི་དབང་དུ་བྱས་ནས། རྗོད་བྱེད་ཀྱི་སྒྲ་ཨེ་བཾ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བདུན་གྱི་དོན་རིམ་པ་བཞི་འཆད་པ་ལས། རྫས་ཀྱི་ཡི་གེ་ཨེ་བཾ་གཉིས་དང༌། བཏགས་པའི་ཡི་གེ་མ་ཡ་གཉིས་ཏེ། བཞི་པ་རྒྱུད་རིམ་འཁོར་ལོ་བཞི་དང་རྩ་གསུམ་ལ་ཕྱི་རོལ་ན་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ནང་དུ་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་ནས་བསྟན། མ་ཡས་རང་གི་བརྗོད་བྱའི་ངོ་སྐལ་སྔགས་རིམ་བསྟན་ཏེ། དེའི་དོན་གཞུང་གཉིས་པོ་ལ་ལྟོས་པས་འདིར་མ་བཤད། བཏགས་པའི་ཡི་གེ་མ་ཡ་གཉིས་དང༌། རྫས་ཀྱི་ཡི་གེ་སྲུ་ཏ་མེས་ཡེ་ཤེས་ཀྱི་རིམ་པ་ཡས་བབས་པའི་གཞི་ལ་སྐུ་གསུམ་ཐབས་ཤེས་རབ་གཉིས། ཕྲ་རགས་གཉིས། ཉི་ཟླ་གཉིས། ཁུ་ཁྲག་གཉིས་ལ་སོགས་པ་དུ་མའི་ངོ་བོར་རྟོགས་པ་ཆ་ཕྱེ་ནས་བསྟན། དུས་གཅིག་ན་ཞེས་བྱ་བས་གསང་རིམ་གྱི་མཚན་གཞི་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་བསྟན་ལ། བཅོམ་ལྡན་འདས་ལ་སོགས་པ་མན་ཆད་ཀྱིས་དེའི་མཚན་ཉིད་བསྟན་ཏོ། །བཅོམ་ལྡན་འདས་ལ་སོགས་པས་ཡོན་ཏན་གྱི་ཁྱད་པར་དུ་མ་བསྟན་ཏོ། །དེ་ལ་དང་པོ་རྒྱུད་རིམ་ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བ་དང༌། སྔགས་རིམ་བསྒོམ་པའི་སྔོན་དུ་གསལ་གདབ་པའི་དབང་དུ་བྱས་ནས་ཨེས་སྤྲུལ་པའི་འཁོར་ལོ། བྃ་གྱིས་ཆོས་ཀྱི་འཁོར་ལོ་བསྟན་ཏོ། །འཁོར་ལོ་དེ་གཉིས་དང་ནང་གི་དབྱིབས་མཐུན་པ་ལ་དགོངས་སོ། །མ་ཡིས་ལོངས་སྤྱོད་ཀྱི་འཁོར་ལོ། ཡ་ཡིས་བདེ་བ་ཆེན་པོའི་འཁོར་ལོ་བསྟན་ཏོ། །དེ་གཉིས་ཡི་གེ་དེ་གཉིས་དང་ཕྱིའི་དབྱིབས་མཐུན་པ་ལ་དགོངས། དེ་བཞི་ན་རླུང་ལ་སོགས་པ་སོ་སོར་གནས་པས་ས་ལ་སོགས་པའི་འབྱུང་བ་ཚང༌། དེ་བཞི་རྣམ་པར་དག་པ་སྤྱན་ལ་སོགས་པ་ཡིན་པས་ལྷ་མོ་བཞི་ཚང༌། འབར་འཛག་ལ་སོགས་པ་ལས་ཀྱི་སྒོ་ནས་ཕྱག་རྒྱ་བཞི་ཚང༌། ཚད་མེད་པ་ལ་སོགས་པ་གཞན་རྣམས་དེའི་ངོ་བོ་ཡིན་པར་སྒྲོ་འདོགས་ཆོད་པས་ཆོག་གི་རྒྱུ་མཚན་གསུངས་པ་མེད་དོ། །ཡང་ཨེ་བྃ་གཉིས་ཀྱིས་འཁོར་ལོ་བཞི་པོ་འདི་ཉིད་ཐབས་དང་ཤེས་རབ་ཀྱིས་བསྡུས་པར་བསྟན་ཏེ། ལྟེ་བ་དང་སྤྱི་བོ་ཤེས་རབ། མགྲིན་པ་དང་སྙིང་ག་ཐབས་སོ། །ཡང་ཨེ་བྃ་གྱི་བཤད་པ་གསུམ་པས་དེའི་རྟེན་ཕུང་པོ་ལྔ་དང༌། འབྱུང་བ་བཞི་ཡང་ཐབས་ཤེས་རབ་ཀྱི་ངོ་བོར་རྡོ་རྗེ་པདྨས་བསྟན། ཡང་ཨེ་བྃ་གཉིས་ཀྱི་རྩ་གཉིས་ཀྱང་ཨོ་ལ་པ་ཏིར་འབྱུང་བ་ལྟར་བསྟན་པ་ཤེས་པར་བྱ་གསུང་ངོ༌། །རྒྱུད་ཀྱི་རིམ་པའི་དོན་ཏོ། །ཡེ་ཤེས་ཀྱི་རིམ་པའི་དབང་དུ་བྱས་ན། མ་ཡ་གཉིས་ཀྱིས་སྤྱི་བོ་དང་མགྲིན་པའི་བར་དུ་ཐིག་ལེ་བཞིར་བྱོན་པ་ལ་གཅིག་གཏུམ་མོའི་མེས་བསྐམས། མགྲིན་པར་གསུམ་མངོན་དུ་བྱས་པ་ལས་དགའ་བའི་ཡེ་ཤེས་ཉམས་སུ་མྱོང༌། དེ་ནས་སྙིང་གའི་བར་དུ་ཐིག་ལེ་གསུམ་དུ་བྱོན་པ་ལས། གཅིག་མེས་བསྐམས། གཉིས་དེར་མངོན་དུ་བྱས་པ་ལས་མཆོག་དགའི་ཡེ་ཤེས་ཉམས་སུ་མྱོང༌། དེ་གཉིས་བདེ་བ་ལ་ལོངས་སྤྱད་པས་ལོངས་སྤྱོད་རྫོགས་པའི་སྐུ། ཕྲ་བས་ཡུངས་ཀར། དཀར་དང་བསིལ་བས་ཟླ་བ། ཞེས་བྱ་བ་ལ་སོགས་པ་ཚུལ་དུ་མས་བསྟན། སྲུ་ཏས་སྙིང་ག་ནས་ལྟེ་བའི་བར་དུ་ཐིག་ལེ་གཉིས་སུ་བྱོན་པ་ལ་གཅིག་བསྐམས། གཅིག་ལྟེ་བར་མངོན་སུམ་བྱས་པ་ལས་དགའ་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང༌། གནས་ལས་མིང་ཐོབ་ནས་སྤྲུལ་པའི་སྐུ། དེ་ནས་གསང་གནས་ལ་སོགས་པ་ལུས་ཐམས་ཅད་ལ་ཁྱབ་ཙམ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང༌། མི་རྟོག་པའི་དོན་གྱིས་ན་ཆོས་ཀྱི་སྐུའོ། །དེ་གཉིས་ལ་ཉི་མ་དང་ཁྲག་ལ་སོགས་པ་དུ་མའི་མིང་གིས་བསྟན་ཏེ་ཡེ་ཤེས་ཀྱི་རིམ་པའོ། །དེ་ལ་གསང་རིམ་གྱི་མཚན་གཞི་དང་མཚན་ཉིད་གཉིས་ལས། མཚན་གཞི་ནི་མས་བརྟན་པའི་དགའ་བ་བཞིའི་མཐར། ཐ་མལ་པའི་རྩ་གནས་ཐ་དད་ནས་བྱང་སེམས་ཐ་དད་དུ་རྒྱུ་བས་སོ་དང་སེན་མོ་ལ་སོགས་པ་ལུས་ཟག་བཅས་སུ་སྐྱེད་པར་བྱེད་པའི་ཐིག་ལེ་ཐམས་ཅད་རིམ་གྱིས་དབུ་མ་ནས་སྨིན་མཚམས་སུ་ཐིམ་པ་ལས། ལུས་ཟག་མེད་འོད་ཀྱི་ལུས་དྭངས་ཤིང་ཐོགས་པ་མེད་པ་པྲ་སེ་ན་ལྟ་བུར་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། རྩ་ཐ་དད་ནས་རླུང་ཐ་དད་རྒྱུས་ནས་གཟུང་འཛིན་དང་བཅས་པའི་སེམས་རྟོག་བཅས་སུ་སྐྱེད་པར་བྱེད་པའི་རླུང་ཐམས་ཅད་དབུ་མ་ནས་རིམ་གྱིས་སེམས་རྟོག་མེད་རྣལ་མར་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེ་དག་ནི་རྗོད་བྱེད་དུས་གཅིག་ཅེས་བྱ་བས་བསྟན་ཏེ། དུས་བཟང་ཞེས་བྱ་བ་གཡོན་གྱི་ཆ་ལ་བརྟེན་ཏེ་རླུང་ནང་དུ་འཇུག་པ་དང༌། དུས་ངན་ཞེས་བྱ་བ་གཡས་ཀྱི་ཆ་ལ་བརྟེན་ཏེ་ཕྱིར་འགྲོ་བ་དང་གཉིས་དུས་གཅིག་ཅེས་བྱ་བ་ནི་དབུ་མར་ཐིམ་ནས་འགྲོ་འོང་གི་ཟླ་མེད་པས་བསམ་མི་ཁྱབ་ཀྱི་དུས་གཅིག་ཏུ་གྱུར་པ་དང༌། དེའི་ཚེ་སེམས་ལ་ཡང་གཟུང་འཛིན་གྱི་ཟླ་མེད་པར་རྟོག་མེད་རྣལ་མར་གྱུར་པས་དུས་གཅིག་ཅེས་བྱའོ། །དེའི་མཚན་ཉིད་ནི་ཡོན་ཏན་གྱི་ཁྱད་པར་ཏེ། དེའི་རྗོད་བྱེད་ནི་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བས་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པ་ལ་བཞག་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་ལ་བཞག་པ་གཉིས་ལས། སྤངས་པ་ནི་བྷ་ག་ཞེས་བྱ་བ་དགྲ་བཅོམ་པ་ལ་བྱ་ལ། དེས་ཉོན་མོངས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་པ་དང༌། བདུད་བཞི་བཅོམ་པ་དང་ལྡན་པས་བྷ་ག་ཝཱན་ནོ། །ཡེ་ཤེས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་རྟོགས་པ་ལ་བྱ་ལ། དེ་ཡང་བྷ་ག་ཞེས་བྱ་བའི་སྒྲ་ལས་བྷ་ག་ནི་ཆོས་སམ་ཨེ་ཡིན་ལ། དེས་ཆོས་ཀྱི་དབྱིངས་རྣམ་ཐར་སྒོ་གསུམ་བསྟན་ལ། གྲུ་གསུམ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་མངོན་དུ་གྱུར་པ་ནི་ཡེ་ཤེས་ཡིན་ལ། དེ་གཉིས་ཀྱང་དབྱེར་མེད་དུ་རྟོགས་པ་དང་ལྡན་པས་བཅོམ་ལྡན་འདས་སོ། །དེ་ཡང་བཅོམ་ལྡན་འདས་ནི་ཡེ་ཤེས་ཏེ། བྷ་ག་ཆོས་ཀྱི་དབྱིངས་ཏེ། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་སོ་ཞེས་བྱའོ། །དེ་ལ་ཡང་མཚན་གཞི་ཞེས་གསུང༌། དེ་ཉིད་ལ་དེ་བཞིན་གཤེགས་པའི་མཚན་ཉིད་དང་ཡོན་ཏན་དང་ལྡན་ཏེ། དེ་ལ་ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་གྱིས་བསྡུས་པའི་གཟུགས་ལ་སོགས་པ་ཡུལ་དང་ཡུལ་ཅན་མ་ལུས་པ་ལ་བྱ། དེ་རྣམས་དེ་བཞིན་གཤེགས་པ་ཡིན་ཏེ་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཚུར་གཤེགས་པའི་ཕྱིར། སྣ་ཚོགས་སུ་སྐྱེ་ཞིང་སྣང་བའི་དུས་ཉིད་ན་སྐྱེ་མེད་ལས་འདས་པས། དེ་བཞིན་ཉིད་དུ་ཕར་ཐིམ་ནས་གཤེགས་པའི་ཕྱིར་དང༌། དེ་ལྟར་འགྲོ་འོང་གཉི་ག་བྱེད་པའི་ཡང་ཕྱིར་རོ། །དེ་དག་གིས་ནི་རང་བཞིན་ཆོས་སྐུའི་དབང་དུ་བྱས་ནས་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཡིན་པར་བསྟན་ལ། དེ་རྟོགས་པའི་ཆོས་སྐུའི་དབང་དུ་བྱས་ནས་ཀྱང་དེ་ཐམས་ཅད་རང་གི་སེམས་ཟག་མེད་ལས་བྱུང་ཞིང༌། དེར་ཐིམ་པས་དེ་བཞིན་གཤེགས་པར་དོན་གྱིས་བསྟན་གསུང་ངོ༌། །སྐུ་གསུང་ཐུགས་རྡོ་རྗེའི་ཚིག་དོན་ལ་སྐུ་གསུང་ཐུགས་ནི་རྒྱུ་ཡོན་ཏན་དུ་གྱུར་པའི་དབང་དུ་བྱས་ནས་ཐ་མལ་པའི་ལུས་ངག་ཡིད་གསུམ་ལ་བྱས་ཏེ། དེ་ལ་རྡུལ་དང་མུན་པ་སྙིང་སྟོབས་གསུམ་གྱིས་བརྡ་བསྟན། རྡོ་རྗེ་ཞེས་བྱ་བ་ནི་དེ་དག་གང་གནས་གྱུར་ནས་སྐུ་དང་ཡེ་ཤེས་སམ། སྟོང་པ་དང་སྙིང་རྗེ་གཉིས་དབྱེར་མེད་དུ་གྱུར་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དུ་གྱུར་པ་ལ་བྱའོ། །རྡོ་རྗེ་བཙུན་མོ་ཞེས་བྱ་བ་ལ་ཐུན་མོང་གི་རྡོ་རྗེ་བཙུན་མོ་ནི་སྤྱིར་མི་ལ་སོགས་པའི་འགྲོ་བ་མོ་མཆོག་ཐམས་ཅད་ལ་བྱ་ལ། ཐུན་མོང་མ་ཡིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བྱ། བཙུན་མོའི་བྷ་ག་ནི་ཨེ་ཡིས་མཚོན་པ་རྣམ་ཐར་སྒོ་གསུམ་ལ་བྱ་བར་བཤད། གཟུགས་སྐུའི་དབང་དུ་བྱས་ན་རྡོ་རྗེ་བཙུན་མོ་ཞེས་བྱ་བ་ཡེ་ཤེས་ཀྱི་སྣང་བར་གྱུར་པའི་སྤྱན་ལ་སོགས་པའི་ལྷ་མོ་ལ་བྱ་སྟེ། རྣམ་ཐར་སྒོ་བཞི་དག་པའི་ངོ་བོ་བཞུགས་སོ་ཞེས་བྱ་བའི་ཚིག་གི་དོན་ལ་ཚུལ་བཞི་སྟེ། རང་གི་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་ཆོས་སྐུ་རྟོགས་པའི་ཚུལ་གྱིས་བཞུགས་པ་དང༌། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་པའི་ཚུལ་གྱིས་བཞུགས་པ་དང༌། གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དེ་རྟོགས་པའི་ཚུལ་གྱིས་བཞུགས་པ་དང༌། ལམ་ཡོན་ཏན་དུ་གྱུར་པ་ལ་དགོངས་ནས་དགའ་བ་བཞི་དང་སྐད་ཅིག་མ་བཞི་ནི་མང་པོ་ཐམས་ཅད་བརྟན་པའི་ལྷན་ཅིག་སྐྱེས་པའི་འབྲས་བུ་གསང་རིམ་གྱི་བདག་ཉིད་དུ་རོ་གཅིག་པར་གྱུར་པའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའོ། །དེ་རྣམས་ཀྱིས་ནི་རིམ་པ་བཞི་ལ་སྦྱར་ཏེ་བཤད་པའི་དོན་ཏོ། །དེ་ལྟ་བུའི་མཚོན་བྱེད་རིམ་པ་བཞིའི་ཚུལ་གྱིས་ཉམས་སུ་ལེན་པའི་སྔོན་དུ་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་གིས་མཚོན་དགོས་པས་དཔེ་ལས་ཀྱི་ཕྱག་རྒྱ་དང་སྦྱར་ཏེ་བཤད་དོ། །དེའི་དོན་ནི་རྣལ་འབྱོར་གྱི་རྒྱུད་གསང་བ་འདུས་པ་གླེང་གཞིའི་ཚིག་ཨེ་བྃ་ལ་སོགས་པ་ཡི་གེ་སུམ་ཅུ་རྩ་བདུན་གྱིས། བརྗོད་བྱ་ཕོ་ཉའི་ལམ་པས་དངོས་ཀྱི་ཕྱག་རྒྱ་མིའི་བུ་མོ་ལ་བརྟེན་ནས་བདེ་བ་བསྒོམས་པ་ལྟར་བཞེད་དེ། དེ་ལ་ཨེས་རྟེན་ཐིག་ལེ་བསྟན། བྃ་གྱིས་དེ་ལ་བརྟེན་པའི་བདེ་བ་བསྟན། མ་ཡས་སྔོན་དུ་ནང་གི་འདོད་ཡོན་ལྔ་ལ་བརྟེན་ཏེ་རླུང་སྦྱང་ཞིང་འདོད་ཆགས་ཀྱིས་མེ་སྦར་བ་བསྟན། སྲུ་ཏ་མེས་རླུང་སྦྱངས་པ་ལ་བརྟེན་ནས་དཔེའི་ཡེ་ཤེས་མ་སྐྱེས་ན་གཉིས་ཀའི་གནས་ལྔ་དང་མཁའ་དང་གསང་བ་བྱིན་གྱིས་བརླབས་ཏེ། རྐྱང་མ་དངོས་སུ་བསྟན་པ་བསྟན། དུས་གཅིག་ན་ཞེས་བྱ་བས་སྒྲུབ་པ་པོ་དང༌། རྐྱང་མ་གཉིས་དང་དེ་གཉིས་ཀྱི་གསང་བའི་རྩ་གཉིས་བསྟན། བཅོམ་ལྡན་འདས་ཞེས་བྱ་བས་རྩ་གཉིས་འཛོམ་པའི་ཞུ་བདེ་མ་བྲལ་བའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱ་བ་བསྟན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བས་ཐིག་ལེ་དེ་ཉིད་ལས་ཡེ་ཤེས་ལྔའི་ངོ་བོར་གྱུར་པ་བདུད་རྩི་ལྔའི་དྭངས་མར་གྱུར་པ་དང༌། འབྱུང་བ་བཞིའི་དྭངས་མ་དང༌། མིག་ལ་སོགས་པ་སྐྱེ་མཆེད་ཀྱི་དྭངས་མ་ཐམས་ཅད་ཀྱི་ནུས་མཐུ་དང་ལྡན་པར་བསྟན། སྐུ་གསུང་ཐུགས་ཞེས་པས་སྐུ་གསུང་གཉིས་ནི་རྩ་གཉིས། རླུང་གཉིས་ཁུ་ཁྲག་གཉིས་བསྟན་པ་ཐུགས་རྡོ་རྗེ་ཞེས་པས་དེ་རྣམས་རོ་གཅིག་ཏུ་གྱུར་པ་བསྟན། བཙུན་མོའི་བྷ་ག་ཞེས་པས་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་སུ་རྩ་གཉིས་འཛོམ་པའི་གནས་བསྟན། བཞུགས་སོ་ཞེས་བྱ་བས་བཅོམ་ལྡན་འདས་ལས་ཞུ་བདེ་མ་བྲལ་བའི་བྱང་སེམས་དང༌། དེ་ནས་མི་རྟོག་པ་བདེ་བ་དང༌། དེ་ནས་མཚོན་བྱེད་དཔེའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་སྐྱེ་ལ། དེ་གོམས་པ་ལས་དོན་གྱི་ཡེ་ཤེས་གཉུག་མ་རྟོགས་པར་འགྱུར་རོ། །ཞེས་བྱའོ། །ཤེས་དང་ཤེས་བྱ་རབ་དབེན་པས་ཞེས་བྱ་བ་ལ་སོགས་པའི་དོན་ནི་དོན་གྱི་ཡེ་ཤེས་དེ། དེ་ལྟ་བུའི་མཚོན་བྱེད་ཀྱིས་མཚོན་ཅིང་མངོན་དུ་བྱས་པ་ལས་མ་གཏོགས་པར་ཨེ་བྃ་ལ་སོགས་པ་དངོས་སུ་བརྗོད་ཅིང་བསྟན་དུ་མི་འདོད་དེ། དོན་རང་གི་མཚན་ཉིད་དེ་ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་དེ་དངོས་སུ་མི་རྟོགས་ཀྱང་བརྒྱུད་ནས་རྟོགས་ཏེ། དེ་ཨེ་བྃ་ལ་སོགས་པས་སྔ་མ་ལྟ་བུའི་ཚུལ་གྱིས་མཚོན་བྱེད་ཀྱི་ཐབས་བསྟན་ལ། དེ་གོམས་པ་ལས་རིམ་གྱིས་བརྒྱུད་ནས་མངོན་དུ་འགྱུར། ཞེས་བསྟན་ཏོ། །ཕུང་པོ་ཁམས་དང་ཞེས་པ་ལ་སོགས་པ་མན་ཆད་ཀྱིས་དངོས་སུ་བརྗོད་པར་མི་ནུས་ཀྱང༌། གཞན་ནམ་སྒྲོ་བཏགས་ནས་བརྗོད་ན། སྒྱུ་མ་ལ་སོགས་པ་བཞིན་དུ་དཔྱད་ན་ངོས་བཟུང་མི་རྙེད་པ་མྱོང་བ་མི་འགགས་པས་ཟུང་འཇུག་ཡིན་ལ། དེ་རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་འཁོར་འདས་ཐམས་ཅད་ཀྱི་འཕྲུལ་བྱེད་ཡིན་ཞེས་བསྟན་ཏོ། །དེས་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་སྒོ་ནས་བཤད་པའི་དོན་ཏོ། །ད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞི་ཚིག་གི་རྗོད་བྱེད་ཀྱིས། བརྗོད་བྱ་རིམ་པ་བཞི་བཤད་པའི་དབང་དུ་བྱས་ནས། རྗོད་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཉིས་ལས། དང་པོའི་ཚིག ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་བྱ་བ་དང༌། ཐ་མའི་ཚིག མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་བྱ་བ་རྒྱུད་རིམ་གཉིས་ཀྱི་རྗོད་བྱེད་ཡིན་གྱི། རིམ་པ་བཞི་ཀའི་རྗོད་བྱེད་མ་ཡིན་པས། ཐུན་མོང་མ་ཡིན་པའི་རྗོད་བྱེད་ཡིན་ལ། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་རིམ་པ་བཞི་ཀའི་རྗོད་བྱེད་ཡིན་པས། ཐུན་མོང་གི་རྗོད་བྱེད་དུ་སློབ་དཔོན་ནག་པོ་པ་བཞེད་དོ། །དེ་ལ་ཐུན་མོང་མ་ཡིན་པའི་རྗོད་བྱེད་ཀྱི་དབང་དུ་བྱས་ན། དང་པོའི་ཚིག་ཧེ་རུ་ཀ་དཔལ་ཞེས་བྱ་བས་གསང་རིམ་དུ་གནས་གྱུར་རྒྱུའི་རྒྱུད་རིམ་བསྟན་ཏེ། དེ་ཡང་དེ་ཉིད་གསང་རིམ་ལྟར་བཤད་ན། ཧེ་སེམས་རྟོག་མེད་ཆོས་སྐུ། རུ་ལུས་ཟག་མེད་ལོངས་སྐུ། ཀ་སྤྲུལ་སྐུའི་རྣམ་པར་འཕྲུལ་པ་ལ་ངེས་མེད་དུ་ཅིར་ཡང་སྣང་བ། དཔལ་ཞེས་པ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་ཡིན་པར། ཧེ་ནི་རྒྱུ་དང་བྲལ་བ་སྟེ། །ཞེས་བྱ་བ་ལ་སོགས་པས་བསྟན། ཤྲཱི་ཞེས་བྱ་བ་བྷ་གར་བརྗོད། ཅེས་བྱ་བ་ལ་སོགས་པ། ཧེ་རུ་ཀ་ཞེས་བྱ་བ་ཡི་གེ་གསུམ་གྱིས་བསྟན་པའི་སྐུ་གསུམ་པོ་ཐོབ་པ་ཡིན་ལ། དཔལ་གྱིས་བསྟན་པའི་ངོ་བོ་ཉིད་ཀྱི་སྐུ་ཤེས་རབ་ཀྱི་སྐུར་བསྟན་ཏོ། །རྒྱུ་ཡི་བྱེད་པ་ཡེ་ཤེས་ཏེ། །ཞེས་པ་ལ་སོགས་པས་དེ་ལྟ་བུར་གྱུར་པའི་གསང་རིམ་དུ་གནས་གྱུར་རྒྱུ་རྒྱུད་ཀྱི་རིམ་པ་མདོར་བསྟན་པ་ལས། ལུས་དང་བྷ་ག་དང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་གཉིས་ཀ་དོན་གྱིས་བསྟན་པར་བཞེད། དེ་ཡང་འདི་ནི་རང་བྱུང་བཅོམ་ལྡན་འདས་ཞེས་བྱ་བའི་བརྗོད་བྱར་བསྟན་ཏོ། །ཀུན་ཞེས་པ་ནི་འདི་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ཐུན་མོང་མ་ཡིན་པའི་རྗོད་བྱེད། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱ་བ་ཚིག་རྐང་པ་གཉིས་ཀྱིས་གསང་རིམ་རྒྱས་པར་བཤད་དོ། །དེའི་དོན་ནི་མཁའ་འགྲོ་ཀུན་དངོས་ཀྱིས་སྤྲུལ་སྐུ། སེམས་དཔས་ལོངས་སྐུ། བདེ་བ་མཆོག་གིས་ངོ་བོ་ཉིད་ཀྱི་སྐུ་བསྟན་ལ། དེ་ཡང་དང་པོའི་དབང་དུ་བྱས་ན་རྒྱུད་ཡོན་ཏན་དུ་འགྱུར་བ་ལ་དགོངས་ནས། རྒྱུད་རིམ་ལ་གསང་རིམ་དུ་བསྐྱེད་པའི་ནུས་པ་ངོ་བོ་ཉིད་ཀྱིས་གནས་ལ་སྔགས་དང་ཡེ་ཤེས་ཀྱི་རིམ་པའི་རྐྱེན་གྱིས་སྦྱངས་པས། འབྲས་བུ་ལུས་ཟག་མེད་དང་སེམས་རྟོག་མེད་མངོན་དུ་བྱས་པའི་དུས་ཉིད་ན། གདུལ་བྱའི་བསམ་ངོར་སྤྲུལ་པའི་རྣམ་འཕྲུལ་སྣ་ཚོགས་སུ་སྣང་ཙམ་ན། ཐ་མལ་པའི་རྩ་སུམ་ཅུ་རྩ་བདུན་ལ་སོགས་པ་གནས་གྱུར་པ་ལས། རབ་ཏུ་གཏུམ་མོ་ལ་སོགས་པ་མཁའ་འགྲོ་རྣམས་སུ་སྣང་བ་དང༌། དེའི་ནང་གི་བདུད་རྩི་གནས་གྱུར་པ་དཔའ་བོ་རྣམས་སུ་སྣང༌། དེའི་རྟེན་ཕུང་པོ་གནས་གྱུར་པ་རིགས་ལྔར་སྣང་བ་ལ་སོགས་པ། འབྱུང་བ་གནས་གྱུར་པ་སྤྱན་ལ་སོགས་པར་སྣང༌། ཞེས་བྱ་བ་འདིར་བཤད། དཔྱིད་ཐིག་ལས་བདུད་རྩི་ལྔའི་དྭངས་མ་དབུ་མར་ཐིམ་པ་ལས་ཡེ་ཤེས་ལྔ་དང་རིགས་ལྔར། རླུང་ལྔ་ཐིམ་པ་ལས་སྤྱན་ལ་སོགས་པ་ལྷ་མོར་སྣང་བར་ཡང་བཤད། རྩ་རྒྱུད་ལ་སོགས་པའི་རྗེས་སུ་འབྲངས་ནས་རྩའི་བར་སྣང་ལུགས་གཞན་དུ་བཤད་དེ། དེ་ཐམས་ཅད་དགོངས་པ་ཕྱོགས་རེ་ནས་འགལ་བ་མ་ཡིན་ནོ། །ལོངས་སྐུ་དང་ཆོས་སྐུ་གོ་སླའོ། །ངོ་བོ་ཉིད་ཀྱི་སྐུའི་དབང་དུ་བྱས་ན་བདེ་བའི་མཆོག་ཅེས་པ་རྟོགས་པ་ཆོས་སྐུ་དེ། རང་བཞིན་ཆོས་སྐུའི་རྒྱུ་མཐུན་པ་ལས་བྱུང་བ་དང༌། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་བྱ་བར་བཤད་དོ། །གསང་བ་ལས་སའི་ཁམས་ལ་བྱ་བ་ལ་སོགས་པ་རྣམས་ལ་རིམ་པ་བཞི་ལ་སྤྱིར་སྦྱར་བ་དང༌། རྒྱུད་རིམ་འཁོར་ལོ་བཞི་དང༌། རྩ་གསུམ་ལ་སྦྱར་བ་དང༌། སྔགས་རིམ་ཙཎྜཱ་ལཱིའི་མེ་འཁོར་ལོ་བཞི་རིམ་གྱིས་འབར་བ་ལ་སྦྱར་བ། ཡེ་ཤེས་ཀྱི་རིམ་པ་དགའ་བ་བཞི་ལ་སྦྱར་བ། དེའི་དུས་ཀྱི་ཐིག་ལེ་བཞི་མངོན་དུ་བྱས་པ་ལ་སྦྱར་བ། གསང་རིམ་རླུང་བཞི་དབུ་མར་ཐིམ་པ་ལ་སྦྱར་བ་སྟེ། བཤད་པ་མང་དུ་གསུང༌། བཤད་པ་གསང་བ་ཞེས་སུ་གསུང༌། ཞེས་བྱ་བ་ལ་སོགས་པ་གསང་རིམ་གྱིས་བདུད་རྩི་ལྔ། དབུ་མར་ཐིམ་པ་འབའ་ཞིག་ཏུ་སྦྱར་ནས་བླ་མ་གསུང་ངོ༌། །གསང་བ་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཆ་ཙམ་བླ་མ་གསུང་བ་དང༌། གཞུང་ན་སྣང་བ་བྲིས་པ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply