ཨོ་ལ་པ་ཏིའི་རྣམ་བཤད། དེའི་མན་ངག

༼ཁ༽

༄༅། །ཨོ་ལ་པ་ཏིའི་རྣམ་བཤད་བཞུགས།།

ན་མ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལཱ་ཡ། རྗེ་བཙུན་བླ་མ་དམ་པའི་ཞབས་པ་གུས་པས་ཕྱག་འཚལ་ལོ། །ཨོ་ལ་པ་ཏི་སྟེ་རིམ་པ་བཞི་པ་ཞེས་བྱ་བ་འདི་ལ་བརྗོད་བྱའི་དོན་དང༌། རྗོད་བྱེད་ཀྱི་སྒྲ་དང༌། བརྗོད་བྱའི་དོན་གསུམ་ཀ་དང་ཐུན་མོང་མ་ཡིན་པའི་ཕྱིར། རིམ་པ་བཞིར་བསྡུས་ལ། རྗོད་བྱེད་ཀྱི་སྒྲ་ནི་རྣམ་པ་གཉིས་ཀ་དང་ཡང་སྦྱར་ཏེ་བཤད་པ་ལས། གསང་སྔགས་ཐེག་པ་ཆེན་པོ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་ཡང་སྦྱར་ཏེ་རྒྱས་པར་བཤད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་བདེན་བཞི་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དང་སྦྱར་ཏེ་བསྡུས་ཏེ་བསྟན་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་ཧེ་བཛྲའི་གླེང་གཞི་རྗོད་བྱེད་ཨེ་བྃ་ལ་སོགས་པའི་ཡི་གེ་སུམ་ཅུ་སོ་བདུན་དང༌། སམྦ་རའི་རྗོད་བྱེད་ཀྱི་སྒྲ་གཙོ་བོར་བསྡུས་ཏེ་བསྟན་པ་གནས་ལ་སོགས་པ་ས་བཅུའི་མིང་དང༌། པུ་ལླཱི་ར་མཱ་ལ་ཡ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་ཕྱེ་བའི་ཡུལ་ཉེར་བཞིའི་མིང་གིས་རྒྱས་པར་བསྟན་པ་སྟེ། དེ་ལྟར་ན་རྗོད་བྱེད་གཉིས་ཀྱིས་བརྗོད་བྱ་རིམ་པ་བཞི་བསྟན་ཞེས་གསུང་ཡང༌། གླེང་གཞིའི་མདོ་དང་སྦྱར་ན་ནི་རིམ་པ་བཞི་ཚང་པ་ཡིན་ལ། སམྦ་རའི་རྗོད་བྱེད་ལས་ནི་རྒྱུད་ཀྱི་རིམ་པ་ལ་རྟོགས་པ་གཞན་གསལ་བར་གསུངས་པ་མེད་དོ། །དེ་ལ་ཧེ་བཛྲའི་གླེང་གཞིའི་མདོ་དང་རིམ་པ་བཞི་སྦྱར་ན་ནི། ཨེ་བྃ་མ་ཡ་བཞིས་རྒྱུད་ཀྱི་རིམ་པ་འཁོར་ལོ་བཞི། ཡང་ཨེ་བྃ་བཏགས་པའི་ཡི་གེ་གཉིས་ལྡབས་པས་སྔགས་ཀྱི་རིམ་པ་བསྟན། ཤྲུ་ཏས་ནི་ཡེ་ཤེས་ཀྱི་རིམ་པ་དགའ་བ་བཞི་བསྟན། ཨེ་ཀསྨིན་ས་མ་ཡས་རླུང་དང་བྱང་སེམས་དབུ་མར་འདུས་པས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་འབྲས་བུ་གསང་བའི་རིམ་པ་བསྟན་ཏོ། །བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་ཧྲྀ་ད་ཡ་བཛྲ་ཡོ་ཥི་ཏ་བི་ཛ་ཧ་ར། ཞེས་པས་གསང་བའི་རིམ་པའི་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །དེ་ལ་ཐོག་མར་རྒྱུད་ཀྱི་རིམ་པ་གཏན་ལ་དབབ་པའི་དབང་དུ་བྱས་ན་དོན་འདི་ཡིན་ཏེ་གསུམ། རྟེན་བརྟེན་པའི་ལུས་ཀྱི་དཀྱིལ་འཁོར་སྦོམ་པོ་ཕྲ་བར་གཏན་ལ་དབབ་པ་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཁམས་ཀྱི་དྭངས་མ་གཏན་ལ་དབབ་པ་དང༌། སྐྱེད་བྱེད་ཀྱི་རྒྱུ་རླུང་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ཕུང་པོ་ལྔ་སྒོམ་པ་པོའི་ལྷ་ལ་འཁོར་ལོ་བཞི་དང་རྩ་གཉིས་ཇི་ལྟར་གནས་པའི་དབང་དུ་བྱས་ནས། ཕྱི་རོལ་ན་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་ནང་དུ་གཏན་ལ་དབབ་པ་དང༌། འཁོར་ལོ་སྡོམ་པའི་རྗོད་བྱེད་ཀྱི་ཞིང་སྐྱེས་དང་སྔགས་སྐྱེས་ཀྱི་ཡུལ་དང་ལྷ་རྣམས་བདག་ཉིད་ཀྱི་ལུས་ལ་ཇི་ལྟ་བ་བཞིན་གཏན་ལ་དབབ་པ་དང༌། བྱ་བའི་རྒྱུད་ལ་སོགས་པ་དམན་པའི་རྒྱུད་རྣམས་ཀྱི་བཟླས་བརྗོད་དང་དཀའ་ཐུབ་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་བདག་ཉིད་ཀྱིས་དཀྱིལ་འཁོར་གསུམ་ལ་ཚང་བར་གཏན་ལ་དབབ་པའོ། །དང་པོ་ལ་ཡང་ཆོས་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གཏན་ལ་དབབ་པའི་གཞི་འཁོར་ལོ་བཞི་དང༌། རྩ་གཉིས་དང༌། གཏན་ལ་ཕབ་པའི་ཆོས་བཞི་བཞི་པོ་ཐམས་ཅད་ཀྱང་སྔགས་ཀྱི་དམིགས་པའི་རྟེན་དུ་དམིགས་རུང་དུ་བྱས་པའོ། །དང་པོ་འཁོར་ལོ་བཞི་ལ་ཡང་མིང་དང་གནས་དང༌། ཡི་གེ་ཇི་ལྟར་དགོད་པའོ། །དེ་ལ་སྤྲུལ་པ་ཞེས་བྱ་བ་ལ་སོགས་པའི་གནས་ནི་ལྟེ་བ་ལ་སོགས་པའོ། །ཡི་གེ་དགོད་པ་ནི་ལྟེ་བའི་ནང་སྐོར་འདབ་མ་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའོ། །ཕྱི་སྐོར་ལྔ་བཅུ་རྩ་དྲུག་ལ། ཨཱ་ལི་ཀཱ་ལི་ལྔ་བཅུ་དང༌། རིང་པོ་དྲུག་ཡིན་པ་ལས། ཨཱ་ལི་ཀཱ་ལི་ལྔ་བཅུ་ནི་འདིར་མ་སྨོས་ལ། ཨཱ་ཨཱི་ཨཱུ་ཨཻ་ཨཽ། རིང་པོ་དྲུག་གཞུང་དུ་བཀོད་དོ། །སྙིང་གའི་ཡི་གེ་ཧེ་བཛྲའི་གཞུང་དང་མཐུན་ཏེ། ཨོཾ་ཏྲྃ་ལ་སོགས་པའོ། །མགྲིན་པའི་ནང་སྐོར་བཞི་ལ་ཨ་ཨི་ཨུ་ཨེ། ཕྱི་སྐོར་བཅུ་གཉིས་ལ་དབྱངས་མ་ནིང་དང་བྲལ་བའོ། །སྤྱི་བོ་ལ་ནི་ཨཱ་ལི་བཅུ་དྲུག་གཡས་སྐོར་དང་གཡོན་སྐོར་དུའོ། །ཡིག་འབྲུ་གོང་མ་རྣམས་ནི་གཡས་སྐོར་དུ་བཞེད་ལ། སཾ་པུ་ཊར་ནི་གཡོན་སྐོར་དུ་བཤད་དོ། །དེ་ལ་གཏན་ལ་དབབ་བྱའི་ཆོས་ནི་གསུམ་སྟེ། བཞི་ཚན་དུ་གཏན་ལ་དབབ་པ་དང༌། གསུམ་ཚན་དུ་གཏན་ལ་དབབ་པ་དང༌། གཉིས་ཚན་དུ་གཏན་ལ་དབབ་པའོ། །བཞི་ཚན་ནི་སྤྱིར་བཅོ་བརྒྱད་ཡོད་པ་ལས་འདིར་ནི་བཅུ་གསུམ་བསྟན་ཏེ། ཨེ་བྃ་མ་ཡའི་ཡིག་འབྲུ་བཞི་དང༌། ཀྱེའི་རྡོ་རྗེ་ལས་འབྱུང་བའི་ཕྱག་རྒྱ་བཞི་དང༌། འདུས་པ་ལས་འབྱུང་བའི་སྦྱོར་བ་བཞི་དང༌། ཡང་དེ་ཉིད་ལས་འབྱུང་བའི་ཡན་ལག་བཞི་དང༌། ཡང་ཀྱེའི་རྡོ་རྗེ་ལས་འབྱུང་བའི་བདེན་པ་བཞི་དང༌། སྡེ་པ་བཞི་དང༌། རྡོ་རྗེ་མཁའ་འགྲོ་ལས་འབྱུང་བའི་དབྱེ་བ་བཞི་དང༌། བཟང་པོ་བཞི་དང༌། ཡང་ཀྱེའི་རྡོ་རྗེ་ལས་འབྱུང་བའི་དགའ་བ་བཞི་དང༌། སྐད་ཅིག་མ་བཞི་དང༌། འབྲས་བུ་བཞི་དང༌། ཡང་གདན་བཞི་ལས་འབྱུང་བའི་བདག་གི་གདན་ལ་སོགས་པ་བཞི་དང༌། ཡང་ཀྱེའི་རྡོ་རྗེ་ལས་འབྱུང་བའི་དེ་ཁོ་ན་ཉིད་བཞི་སྟེ་བཅུ་གསུམ་མོ། །དེ་ལྟ་བུའི་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཀྱང་ཡོན་ཏན་གྱི་ཆ་ནས་འཁོར་ལོ་བཞི་ལ་ལྡན་པར་གཏན་ལ་དབབ་པའོ། །གསུམ་དུ་གཏན་ལ་དབབ་པ་ནི་འདུས་པ་དང༌། སཾ་པུ་ཊ་ནས། ཏིང་ངེ་འཛིན་གསུམ། ལས་གསུམ། དཀྱིལ་འཁོར་གསུམ། སྐུ་གསུམ་དུ་བསྟན་པ་ཡང༌། བདེ་ཆེན་མ་ཡིན་པ་འཁོར་ལོ་འོག་མ་གསུམ་ལ་སྦྱར་བར་བཞེད་དོ། །གསུམ་དུ་སྦྱར་བའི་ཕྱོགས་འདི་ནི་ལུས་ཀྱི་དཀྱིལ་འཁོར་ལ་སྦྱར་བར་མ་ཟད། བྱང་ཆུབ་ཀྱི་སེམས་དང་རླུང་ལ་ཡང་སྦྱར་སྐད་དོ། །གཉིས་སུ་སྦྱར་བ་ནི་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལ་སོགས་པ་ལས་གྲགས་པ་སྟེ། ཡི་གེའི་སྒྲ་ཨེ་བྃ་གཉིས་དང༌། དོན་ཐབས་དང་ཤེས་རབ་གཉིས་དང༌། དབུགས་དབྱུང་རྔུབ་གཉིས་དང་དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའི་ཤེས་རབ་གཉིས་དང༌། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གཉིས་དང༌། ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་གཉིས་དང༌། ཕྲིན་ལས་ཚར་གཅད་པ་དང་རྗེས་སུ་གཟུང་བ་གཉིས་དང༌། རླུང་ལྡང་བ་དང་འཇུག་པ་གཉིས་དང༌། ཙཎྜཱ་ལཱི་འབར་བ་དང་ཤུ་ཀྲ་འཛག་པ་གཉིས་དང༌། སྣང་བ་ཉི་མ་དང༌། ཟླ་བ་གཉིས་དང༌། ལུས་ཀྱི་གཡས་དང་གཡོན་ཞེས་བྱ་བ་ལ་སོགས་པ་རྣམས། དོན་ནི་རྩ་གཉིས་དང༌། དེར་རླུང་སེམས་འདུས་པ་དང༌། དེ་དག་དབུ་མར་ཐིམ་པའི་བྱེད་ལས་སུ་བསྟན་ལ། རྩ་དེ་གཉིས་ཀྱང་ནང་དུ་རོ་རྐྱང་གཉིས་ཡིན་ལ། ཕྱི་རོལ་དུ་ནི་ར་ས་ནཱ་སྨིན་མཚམས་གནད་ཀྱི་སྒོ་ཞེས་བྱ་བར་འགྱུར་ཞིང་རླུང་ཕྱིར་འབྱིན་པར་བྱེད་དོ། །ལ་ལ་ནཱ་སྤྱི་གཙུག་གསེར་གྱི་སྒོ་ཞེས་བྱ་བར་འགྱུར་ཞིང་རླུང་ནང་དུ་འཇུག་པར་བྱེད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་ལས་ནི། གཡས་པ་ནི་སིཧླ་སྟེ་ཉི་མ་འཛིན་པར་བྱེད། གཡོན་པས་ནི་ཀཔྤུ་ར་སྟེ་བྱང་སེམས་འཛིན་པར་བྱེད་དོ། །འོག་ཏུ་ནི་ལྟེ་བའི་གནས་སུ་འཛོམ་ཞིང་ཡང་གསང་བའི་གནས་སུ་སོང་བ་ལས་རོ་མས་ནི་བཤང་བ་འཕེན་པར་བྱེད་དོ། །རྐྱང་མས་ནི་གཅི་བ་འཕེན་པར་བྱེད་དོ། །རྩ་དེ་གཉིས་སྲིན་པོའི་གནས་སུ་མཐུ་འཛོམ་པ་ལས་ནི་སྲིན་པོའི་ཡི་གེ་ཀྵ་གནས་པར་འདོད་དོ། །འདི་ལ་རླུང་གནད་དུ་བསྣུན་པས་ནི་དྲོད་སྐྱེ་བར་བྱེད་པའོ། །དེའི་འོག་ན་ནི་ཕཊ་དམར་ནག་གམ་ལྗང་གུ་ཡོད་པར་བཞེད་དོ། །འདིའང་རྩ་གཉིས་ཀྱི་ཁོངས་སུ་འདུའོ། །དེ་དག་གིས་ནི་འཁོར་ལོ་བཞིར་རྣམ་པར་གཞག་པའི་དོན་ཕལ་ཆེར་བསྟན་ཟིན་ཏོ། །ཞིབ་ཏུ་གཞུང་ཉིད་དུ་ཡང་བལྟ་བར་བྱའོ། །བྱང་ཆུབ་སེམས་ནི་བདུད་རྩི་ལྔ་དང་འབྱུང་བ་བཞིའི་ངོ་བོ་ཡིན་པ་ལས། བདུད་རྩི་ལྔ་ནི་འོག་ནས་ཕུང་པོ་ལྔའི་མིང་གིས་བསྟན་ལ། འབྱུང་བ་བཞི་ནི་འོག་ནས་ས་ལ་སོགས་པའི་མིང་གིས་སོ། །དེ་ལྟ་བུ་ཁམས་རྣམས་ཀྱང་ཐིག་ལེ་ཞེས་བྱ་བར་བསྡུ་བ་དང༌། དེ་ལ་བརྟེན་པའི་བདེ་བ་དང༌། མི་རྟོག་པ་སྟེ་གསུམ་གའང་བྱང་ཆུབ་ཀྱི་སེམས་སུ་བསྡུས་ལ། ཏིང་ངེ་འཛིན་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་སྔ་མའི་ཚིག་དང་ཡང་སྦྱར་རོ། །རླུང་གཏན་ལ་དབབ་པའི་དབང་དུ་བྱས་ན། སྦྱོར་བ་བཞི་ནི་རླུང་ཡིན་ཏེ་སའི་རླུང་ལ་སོགས་པའོ། །འདི་དག་གི་ཁ་དོག་དང་ཚད་ལ་སོགས་པ་ནི་མངས་ཀྱིས་དོགས་པས་འདིར་མ་བྲིས་སོ། །ཡང་རླུང་གི་རང་བཞིན་ནི་འཇུག་པ་དང༌། གནས་པ་དང༌། ལྡང་བ་གསུམ་ཡིན་པས། དང་པོ་སྦྱོར་བ་ལ་སོགས་པ་གསུམ་གྱིས་ཀྱང་བརྟག་གོ །དེ་ལྟར་ན་གསུམ་ཚན་དུ་བསྡུ་བ་ནི། རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་གསུམ་ག་ལ་མིང་ཐོབ་པ་ཡིན་ནོ། །གཞུང་ལས་ནི་གཞུང་རྒྱུད་ལྟར་རྩོམ་པའི་དབང་དུ་བྱས་ནས་འཁྲུགས་སུ་བསྟན་ཀྱང་བླ་མའི་གདམས་ངག་གིས། བ་སནྟ་ཞེས་བྱ་བ་དང༌། ཌི་ཐཱི་ཞེས་བྱ་བར་ཕྱོགས་གཅིག་ཏུ་བསྡེབས་པ་ཡིན་ནོ། །དེ་ལྟ་བུའི་རྒྱུད་ཀྱི་རིམ་པ་ཐམས་ཅད་ཀྱང༌། དང་པོར་ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བ་ཡིན་པས། ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ། རང་གི་སྐུ་གསུང་ཐུགས་རྡོ་རྗེ་ལ་ནང་དུ་གཏན་ལ་ཕབ་པས་ཕྱི་རོལ་དུ་ཤེས་བྱ་མེད་པར་ནང་དུ་སྒྲོ་འདོགས་ཆོད་པར་བྱའོ། །དེ་ལྟ་བུའི་དོན་རྣམས་གཞུང་དང་ཅུང་ཟད་སྦྱར་ན། ཨེ་བྃ་མ་ཡ། ཞེས་པས་མདོར་བསྟན། ཨེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པས་རྒྱས་པར་བཤད། སྤྲུལ་པའི་འཁོར་ལོ་སོགས་པས་རབ་ཏུ་རྒྱས་པར་བཤད་གསུང༌། ཚིག་དོན་ནི་གཞུང་དུ་བརྟག་པར་བྱ་སྟེ། གཞུང་མངས་པར་དོགས་པས་འདིར་མ་བཀོད། དེ་ནི་བསྲུབ་དང་སྲུབ་བྱེད་ཅེས་བྱ་བ་ལ་སོགས་པས་ལམ་སྔགས་དང༌། ཡེ་ཤེས་དང༌། འབྲས་བུ་གསང་བའི་རིམ་པ་སྟོན་པ་ལས། དེ་ལ་ཐོག་མར་སྔགས་ཀྱི་རིམ་པ་ནི། མངོན་པར་རྟོགས་པའི་རིམ་པ་གཞུང་ཚིག་དང་སྦྱར་ཏེ་བརྟགས་ན། དང་པོར་བསྐྱེད་པའི་རིམ་པ་བཅོམ་ལྡན་འདས་འདུས་པ་ལ་སོགས་པའམ། མའི་རྒྱུད་གང་ཡང་རུང་བའི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས། སྣ་བུག་གཡས་པའི་རླུང་གིས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་བུག་གཡོན་ནས་བསྡུས་ལ། ཡང་སྣ་བུག་གཡས་པའི་འོད་དེ་ཉིད་ཀྱིས་ཕག་མོ་ལ་སོགས་པའི་སོ་སོའི་ཡུམ་ལ་ཕོག་པས་འོད་ཟེར་གྱི་རྣམ་པར་བྱས་ལ། སྣ་བུག་གཡོན་ནས་ཞུགས་ཏེ་རྩ་ལ་ལ་ནཱའི་ལམ་ནས་དྲངས་ལ་ལྟེ་བའི་ཨྃ་ལ་བསྟིམ་མོ། །ཨྃ་གི་འོད་ཀྱིས་སྤྲུལ་པའི་འཁོར་ལོ་གསལ་གདབ། འཁོར་ལོ་དེའི་འོད་ཀྱིས་གོང་མ་རྣམས་རིམ་གྱི་རིམ་གྱིས་གསལ་གདབ། དེ་ནས་རྩ་གཉིས་ཀྱང་གསལ་བཏབ་ལ། ཐབས་ཤེས་རབ་ཀྱི་ཡི་གེ་ཨཱ་ལི་ཀཱ་ལི་ལས་རྩ་གཉིས་ཀྱིས་སྒོ་དགག་པ་དཔྱིད་ཀྱི་ཐིག་ལེ་ལྟར་བྱ་བའམ། མ་བྱས་ཀྱང་རུང་སྟེ་རྟེན་དམིགས་ཡུལ་དེ་ལྟར་གསལ་གདབ་བོ། །དེ་ནས་སྔགས་ཀྱི་རིམ་པ་ལ་རེ་ཞིག་རླུང་དང་འགྲོགས་ཏེ། སེམས་སྦྱང་བ་ནི་ལྟེ་བའི་ཨྃ་ལས་འོད་དམར་པོ་ཁྱུག་བྱུང་ནས་རྩ་གཡས་ཀྱི་ར་ས་ནཱ་ནས་ཞུགས་ཏེ། ཡིག་འབྲུ་བཀོད་ནས་འདྲེ་ཞིང་འདྲེ་བའམ། དེ་མིན་ན་རྩ་སྦུབས་སྟོང་པ་ནས་བཏང་ཞིང༌། སྙིང་ག་ལ་སོགས་པའི་འཁོར་ལོ་རྣམས་ཀྱི་ལྟེ་བར་ཡང་ལན་རེ་འདུ། ཡང་བྱེ་ཞིང་ཡང་ར་ས་ནཱ་ནས་འགྲོ་བའམ། སྤྱིར་དེ་ལྟར་སྤྱི་གཙུག་ཏུ་སོང་ནས་ཡང་འཇུག་པའི་རླུང་དང་འགྲོགས་ཏེ། གཡོན་གྱི་ལ་ལ་ནཱ་ན་མར་ལ་ཁ་དོག་དཀར་པོའི་གཟུགས་ཀྱིས་འོང་བ་རུ་གསལ་གདབ། འཁོར་ལོའི་ལྟེ་བ་རྣམས་སུ་ཡང་འདྲེ་ཞིང་ཡང་བྱེ་ནས་གཡོན་ལ་ལ་ནཱ་ནས་བརྒྱུད་དེ་མཐར་ལྟེ་བའི་ཨྃ་ཉིད་ལ་ཐིམ། ཡང་གཡས་ནས་སྔ་མ་བཞིན་བཏང་སྤྱི་གཙུག་ནས་བཟུང་སྟེ། གཡོན་དུ་འཁོར་ཡང་ལྟེ་བར་ཐིམ་པའི་བར་དུ་སྔ་མ་བཞིན་འཁོར་ཞིང་རྩ་དང་རྩའི་ཡི་གེ་རྣམས་གསལ་བཏབ་ལ་ཡུན་རིང་དུ་བསླབ། དེ་ལྟར་གསལ་གདབ་པ་དང༌། གཡོན་དུ་འཁོར་བའི་རྗེས་ལ་རླུང་ལྟེ་བའི་ཨྃ་ངམ་འོག་གི་ཀྵ་ལྗང་གུ་ལ་བསྟིམ་སྟེ། རླུང་ཐུབ་ཚད་དུ་མནན་ཞིང་འོག་རླུང་བསྐུམ་མོ། །དེ་འོག་གི་རླུང་གཉིས་ཀ་ཡང་རྩ་གཡས་གཡོན་གཉིས་ལས་བྱུང་བས། བསྲུབ་པ་དང་སྲུབ་པའི་ཡང་དག་སྦྱོར། །ཞེས་པའི་དོན་ཡིན་ནོ། །དེ་ལྟར་ན་ལས་ཀྱི་རླུང་རྩ་གཉིས་ཀྱི་སྟེང་འོག་གི་རླུང་ཡིན་ཏེ། ཡེ་ཤེས་ཀྱི་མེ་ནི་ཀྵ་ལས་འབར་བའོ། །དེ་ལྟར་ཐུན་ཆུང་ཞིང་གྲངས་མང་དུ་བསྒོམས་པས་འབྱུང་བ་ལྔའི་རླུང་རྣམས་ཀྵའི་གནས་ནས་ཞུགས་ཏེ། ལྟེ་བའི་ཨྃ་ལ་གནད་དུ་བསྣུན་པས། ཕྱིར་ལུས་འབར་ཞིང་དྲོད་སྐྱེ། ནང་དུ་རྟགས་ལྔ་འབྱུང་བ་ནི་གཞུང་ལས་དུ་བྱ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སའི་རླུང་ཞུགས་པ་ལས་ནི་དུ་བ། ཆུ་ལས་སྨིག་རྒྱུ། མེ་ལས་སྲིན་བུ་མེ་ཁྱེར། རླུང་ལས་མར་མེ་འབར་བ། ནམ་མཁའ་ལ་ཐིམ་པ་ལས་ནི་མི་འགྲིབ་བར་དུ་འབར་བའམ། སྤྲིན་མེད་པའི་ནམ་མཁའ་སྟེ། ཨྃ་ངམ་ཀྵ་སྟོང་པར་འབྱུང་བའོ། །འདིའི་དུས་ན་ཙཎྜཱ་ལཱིའི་སྟོབས་སུ་འགྱུར་བ་ཞེས་བྱ་བ་ཡིན། ལྕེས་གདོང་ཁེབས། དཔུང་པ་འཕེལ། རྟགས་གཞན་ཡང་འབྱུང་ངོ༌། །དེ་ནས་འཁོར་ལོ་གོང་མ་རྣམས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱ་བའི་ཕྱིར། ཨྃ་ལས་གཡས་ཕྱོགས་ཀྱི་རོ་མ་ནས་ཡར་ལ་མེ་སྦར་ཏེ། ཆོས་ཀྱི་འཁོར་ལོའི་ཡིག་འབྲུ་རྣམས་བསྲེགས་པས། ཡང་ལམ་དེ་ཉིད་ནས་བྱུང་སྟེ། ལོངས་སྤྱོད་ཀྱི་འཁོར་ལོ་རྣམས་བསྲེགས། དེ་ནས་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་སྟེ་སྣ་བུག་གཡས་པ་ནས་བྱུང་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་བུ་ག་གཡོན་པ་ནས་ཞུགས་ཏེ། སྤྱི་གཙུག་གསེར་གྱི་སྒོ་ཛཱ་ལནྡྷ་ར་ཞེས་བྱ་བ་ཕྱེ་ནས། སྤྱི་གཙུག་གི་འཁོར་ལོ་ནས་བཞུ་བཏུལ་བྱས་ཏེ། ཡང་རྩ་གཡོན་ནས་ཞུགས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བཞུ་བཏུལ་བྱས་ཏེ། ཡང་གཡོན་ནས་སོང་སྟེ། སྙིང་ག་ནས་སོང་སྟེ། ལྟེ་བ་དང༌། ལོངས་སྤྱོད་ཀྱི་འཁོར་ལོ་དང༌། སྤྲུལ་བའི་འཁོར་ལོ་བཞུ་བཏུལ་བྱས་ཏེ། ལྟེ་བར་སྲིན་བུ་པད་པས་ཁྲག་འཐུངས་པ་ལྟར། རླུང་སེམས་འདྲེས་ཏེ། དེ་བཞིན་གཤེགས་པའི་རྩ་གཡས་ནས་བྱུང་སྟེ། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་ཤངས་གཡས་པ་ནས་བྱུང༌། བདག་གི་སྣ་བུག་གཡོན་ནས་ཞུགས། སྤྱི་གཙུག་གསེར་གྱི་སྒོ་ཛཱ་ལནྡྷྲ་ཞེས་ཕྱེ་ནས་སྤྱི་བོའི་འཁོར་ལོ་རྒྱས་པར་བྱས་ཏེ། དེ་ཙམ་ལ་སྔགས་ཀྱི་རིམ་པ་ཞེས་དམ་པའི་སྐྱེས་བུ་བཞེད་དོ། །དེ་དག་གཞུང་ཚིག་དང་སྦྱར་བ་ནི། བདག་གི་རྒྱུད་ཀྱི་འཁོར་ལོ་བསྲེག་པ་ནི། དེ་བཞིན་གཤེགས་པ་རྣམས་བསྲེགས་ནས་ཞེས་པ་ནས་བཟུང་སྟེ། ལན་གསུམ་བྱས་ཏེ་ཞེས་པའི་བར་རོ། །དེ་བཞིན་གཤེགས་པའི་རྒྱུད་ལ་འཇུག་པ་ནི། མཛོད་སྤུར་སོང་ནས་ཞེས་བྱ་བ་ནས། དམ་ཚིག་འཁོར་ལོ་བསྲེག་ཅེས་བྱ་བའི་བར་དང༌། ཡང་འཁྲུགས་ཀྱི་ཚུལ་དུ་བྱ་བ་ལ། ཚུར་བསྡུ་བ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ནས་སོ་སོའི་མཚམས་ཀྱི་ནང་དུ་སོན་པའི་བུ་ག་ནས། ཞེས་པའི་བར་དང༌། ཡང་ཡར་ལོག་སྟེ་འབྱུང་བ་དང་འཇུག་པའམ་ཞེས་པ་ནས། སྔགས་ཀྱི་རིམ་པའོ་ཞེས་པའི་བར་གྱིས་བདག་ཉིད་ཀྱི་རྒྱུད་ལ་འཇུག་པ་བསྟན་ཏེ་སྔགས་ཀྱི་རིམ་པའོ། །དེ་དག་གི་རྗོད་བྱེད་ནི་མ་ཡ་ཞེས་པས་བསྟན་ཏེ། མས་མེ། ཡས་རླུང་སྟེ་མེ་རླུང་བསྟན་པར་ཤེས་པར་བྱའོ། །དེས་བརྗོད་བྱ་རྗོད་བྱེད་གཉིས་ཀ་རྒྱས་པར་བཤད་པའི་ཚུལ་གྱིས་སྔགས་ཀྱི་རིམ་པ་བསྟན་པར་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་རིམ་པ་ཞེས་བྱ་བ་ནི་རླུང་མས་དབུ་མ་ནས་ཞུས་པས་སྤྱི་བོའི་ཧྃ་ཞུ་སྟེ། ཐིག་ལེ་བཞི་ཡང་དབུ་མ་ནས་འཇུག་པ་ཡིན་པ་ལས། དང་པོ་ཤིན་ཏུ་འཇུག་དཀའ་བའི་ཕྱིར། ཐིག་ལེ་གཅིག་ཡང་སྤྱི་གཙུག་ཏུ་དམིགས་པ་བརྟན་དགོས་ལ་ཞུགས་ནས་མགྲིན་པ་མན་ཆད་དུ་གསུམ་ལ་དགའ་བ། སྙིང་ག་མན་ཆད་དུ་གཉིས་ལ་མཆོག་དགའ། ལྟེ་བ་མན་ཆད་དུ་གཅིག་ལ་དགའ་བྲལ་སྐྱེའོ། །རྩ་གནས་ཐམས་ཅད་དུ་ཁྱབ་ན་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལ་སྐུ་གསུམ་གྱི་ཉམས་ཀྱང་བརྩིའི་ཉམས་དེ་ཅི་རིགས་པར་བརྟན་ན་ནི། ཕྱི་རོལ་འབྱུང་བའི་བར་ཆད་ཀྱང་སེལ་ནུས། མངོན་ཤེས་རྣམས་ཅི་རིགས་པར་འབྱུང༌། རང་གཞན་གྱི་དོན་ཅི་རིགས་པར་འགྲུབ་བོ། །དེ་དག་གི་དོན་གཞུང་ཚིག་དང་སྦྱར་ན། ལོངས་སྤྱོད་ཀྱི་འཁོར་ལོ་ངལ་བསོ། །ཞེས་བྱ་བ་ནས་བཟུང་སྟེ། ཡེ་ཤེས་ཀྱི་རིམ་པའོ། །ཞེས་པའི་བར་གྱིས་བསྟན་ཏོ། །གླེང་གཞིའི་མདོ་དང་སྦྱར་ན། ཤྲུ་ཏཾ་ཞེས་བྱ་བས་བསྟན་ཏེ་འཛག་པའོ། །དེས་ཡེ་ཤེས་ཀྱི་རིམ་པ་སྟེ་དེ་ལྟར་ལམ་གཉིས་བསྟན་ཏོ། །དེ་ལྟར་ལམ་བསྒོམས་པའི་མཐུས་རྒྱུད་ཡོན་ཏན་དུ་གྱུར་བ་ནི་གསང་བའི་རིམ་པ་སྟེ། དེ་ལ་དོན་ནི་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུ་མར་ཐིམ་པས་སེམས་རྟོག་མེད་རྣལ་མར་འགྱུར་ལ། སོ་དང་སེན་མོ་ལ་སོགས་པའི་ནུས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རྣམས་དབུ་མར་ཐིམ་པ་ལས་ནི་ལུས་ཟག་མེད་པྲ་སེ་ན་ལྟ་བུར་འགྱུར་རོ། །དེ་བས་ན་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའམ། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའམ། ཡོན་ཏན་གྱི་ཆོས་སྐུ་གསུམ་རྣམ་པར་གཞག་པར་བྱ་བ་ཡིན་ཏེ། དམ་པ་ཁ་ཅིག་འདི་ལ་ཡང་སྤྱོད་པ་གསུམ་དགོས་པར་བཞེད་དོ། །བདག་གི་བླ་མ་དམ་པ་ནི། ཤྲཱི་ཕན་ཕིང་གུ་པའི་བཞེད་པས་རླུང་སེམས་དབུ་མར་ཐིམ་པ་ཉིད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་པས་སྐབས་འདིར་སྤྱོད་པ་གཞན་སྤྱད་པར་མི་བཞེད་དོ། །སྤྲོས་མེད་ཅེས་བྱ་བ་ནི་རྫོགས་པའི་རིམ་པའི་རྗེས་སྤྱོད་ཡིན་པར་བཞེད་དོ། །སྤྲོས་བཅས་ནི་བསྐྱེད་རིམ་དང་འབྲེལ་པས་ན་དོན་གྱི་སྤྱོད་པ་གསུམ་ཚང་ངོ༌། །གསང་བའི་རིམ་པ་ནི་གཞུང་ཚིག་དང་སྦྱར་ན། གླེང་གཞིའི་མདོ་ནི་དུས་གཅིག་ནས་བསྟན་ཏེ། འོག་ནས་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་དབྱར་དགུན་སྤངས་པ་ན་དཔྱིད་ཀྱི་དུས་སོ། །ནང་རླུང་དང་ཐིག་ལེ་འགྲོ་འོང་སྤངས་པ་དབུ་མར་ཐིམ་པ་འགོག་པའི་དུས་ཞེས་བྱ་སྟེ། དེ་ནི་བསམ་གྱིས་མི་ཁྱབ་པའི་དུས་གཅིག་གོ །དེ་ནི་ཡོན་ཏན་གྱི་གཞི་ཡིན་ནོ། །དེ་ལ་ལྡན་པའི་ཡོན་ཏན་གྱི་ཁྱད་པར་གྱི་ཆོས་རྣམས་ནི། བྷ་ག་ཝཱན་ཞེས་བྱ་བ་ནས་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོ་མཚམས་སྦྱར་བ་ནི། ད་ནི་སྔགས་དང༌། ཞེས་བྱ་བ་ལ་སོགས་པས་བསྟན། རླུང་དབུ་མར་ཐིམ་པ་ནི་སྒོ་གཉིས་འགག་ཅེས་བྱ་བ་ལ་སོགས་པས་བསྟན། བྱང་སེམས་དབུ་མར་ཐིམ་པས་ལུས་ཟག་མེད་པྲ་སེ་ན་ལྟ་བུ་ཐོབ་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་བསྟན། སེམས་རྟོག་མེད་རྣལ་མར་གྱུར་པ་ནི། ཡུལ་རྣམས་ལས་ངེས་པར་ལོག་པ། ཞེས་པ་ནས་བྱང་ཆུབ་ཀྱི་སེམས་ཡིན་ཏེ་ཞེས་པའི་བར་གྱིས་བསྟན། དེ་ལྟར་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་བཞུགས་གནས་ནི། རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་ཏེ་ཞེས་པའི་ཚིག་དང་སྦྱར་ཏེ། བཙུན་མོ་ནི་ཆོས་ཀྱི་དབྱིངས་ལ་བྷ་ག་ནི་རྣམ་ཐར་སྒོ་གསུམ་མོ། །བཞུགས་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་རིམ་པའི་ཁྱད་པར་གྱི་ཆོས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཞེས་བྱ་བའི་དོན་ཏེ། ཟག་མེད་ཀྱི་ཕུང་པོ་ལྔ་བདག་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྡུས་པའོ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ་ནི། དེས་མཚོན་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ་གསུང་ཐུགས་སུ་གྱུར་པའོ། །དེའི་རྒྱུད་ནི་ཞུ་བ་དང་བདེ་བ་མི་རྟོག་པ་གསུམ་མོ། །བཙུན་མོའི་འབྲས་བུའི་སྣང་བ་ལ་གཙོ་བོར་སྦྱར་ལ། སེམས་ཀྱི་སྣང་བའི་ལྷ་མོ་རྣམས་ལ་ཡང་བྱའོ། །ཡང་བཙུན་མོ་ཤེས་རབ། ལྷ་མོ་རྩ་རྣམས་སོ། །བྷ་ག་ནི་རྩ་མདུད་དོ། །དེ་དག་ནི་བྱང་ཆུབ་ཀྱི་སེམས་དབུ་མར་འདུས་པ་ལས། གསང་བའི་རིམ་པ་མངོན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་རིམ་པ་བཞིའི་དོན་རྒྱས་པར་བསྟན་ཏོ། །ཨེ་བྃ་ལ་སོགས་པའི་སྒྲས་ནི་ཀྱེའི་རྡོ་རྗེའི་རྒྱུད་ཚིག་དང་སྦྱར་ནས་རིམ་པ་བཞིའི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་དག་གི་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཚིག་དང་སྦྱར་བའོ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པའི་རྗོད་བྱེད་ཀྱི་སྒྲ་དང་སྦྱར་ནས་བསྟན་ཏེ། སྡུག་བསྔལ་དང་ཀུན་འབྱུང་གི་རྒྱུད་ཀྱི་རིམ་པ། ལམ་གྱི་བདེན་པས་སྔགས་དང་ཡེ་ཤེས་ཀྱི་རིམ་པ། འགོག་པའི་བདེན་པས་འབྲས་བུ་གསང་བའི་རིམ་པ་བསྟན་ཏོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་བྱ་བ་ལ་སོགས་པའི་ཤླཽཀ་གཅིག་གིས་ནི། དཔལ་མཆོག་ལ་སོགས་པའི་ཚིག་གཙོ་བོར་བྱས་ནས། ཟག་བཅས་ཟག་མེད་དུ་གནས་གྱུར་པའི་སྒོ་ནས། གསུང་བའི་རིམ་པ་ཁྱད་པར་དུ་བསྟན་ཏོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་པ་ནི་རྗོད་བྱེད་ཡིན་ལ། དེ་དག་གིས་བརྗོད་བྱ་ཐུན་མོང་བ་ནི་སྐྱབས་འགྲོ། སེམས་བསྐྱེད། སྔགས་ཕྱག་རྒྱ་ལ་སོགས་པའོ། །འདིར་ཀྱེའི་རྡོ་རྗེ་དང༌། ཙཀྲ་སཾ་བ་རའི་མདོ་དང་སྦྱར་ཏེ། རིམ་པ་བཞིར་སྦྱོར་བ་མཛད་པ་ལ། ཨོ་ལ་པ་ཏི་ཞེས་བྱ་བ་ཡིན་ནོ། །ཨོ་ལ་པ་ཏིའི་རྣམ་པར་བཤད་པ་ཨི་ཐི། ཤུ་བྷཾ།།  །། ༄༅། །དེའི་མན་ངག་བཞུགས།། དབྱུ་གུ་གཅིག་སུམ་བརྒྱ་སུམ་ཅུ་སོ་ཕྱེད་དང་བརྒྱད། ཆུ་ཚོད་གཅིག་ལ་དྲུག་བརྒྱ་བདུན་བཅུ་རྩ་ལྔ། འཕོ་བ་གཅིག་ལ་སྟོང་སུམ་བརྒྱ་ལྔ་བཅུ། ཐུན་ཕྱེད་གཅིག་ལ་ཉིས་སྟོང་བདུན་བརྒྱ། ཐུན་མཚམས་གཅིག་ལ་ལྔ་སྟོང་བཞི་བརྒྱའོ། །དེ་ལྟར་ཡུལ་ཐམས་ཅད་དུ་ཁྱབ་པར་ཅིག་ཆར་གྱུའོ། །དེ་ལ་དབུགས་གཅིག་རྒྱུ་བ་དང༌། གྲངས་རྫོགས་པར་རྒྱུ་བ་གཉིས། ཡུལ་ཐམས་ཅད་ལ་ཁྱབ་པར་ནི་ཁྱད་པར་མེད་དོ། །ཨོ་ལ་པ་ཏིའི་མན་ངག་ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*