བོད་ཀྱི་གནས་རི་གྲགས་ཅན་བདུན།

སྤྱིར་བོད་ཡུལ་དུ་གནས་རི་གྲགས་ཅན་བགྲང་གིས་མི་ལངས་པ་ཡོད་མོད། འདིར་གཙོ་ཆེ་བ་འགའ་ངོ་སྤྲོད་པར་བྱ།

           ཇོ་མོ་གླང་མ།(སྨི་8844.43)

འདི་ནི་བོད་ལྗོངས་དང་བལ་བོ་གཉིས་ཀྱི་བར་མཚམས་སུ་ཡོད་ཅིང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་ཆེས་མཐོ་བའི་རི་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་མཐོ་བའི་རིའང་ཡིན། མཐོ་ཚད་འདི་ནི་2005ལོའི་ཟླ་5ཚེས་22ཉིན་ཀྲུང་གོའི་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་གཞལ་རུ་ཁག་རི་རྩེར་འགོས་ནས་འཇལ་པའི་མཐོ་ཚད་ཡིན་ཏེ། དེ་ནས་བཟུང་1975ལོའི་སྨི་8848.13 དེ་སྤྱོད་མཚམས་བཞག་ངག་རྒྱུན་དུ་ཧི་མ་ལ་ཡ་རི་རྒྱུད་ཀྱི་རྩེ་མཐོན་པོ་ལྔ་ནི་ཚེ་རིང་མཆེད་ལྔ་ཡིན་ལ། དེ་ལས་ཇོ་མོ་གླང་མ་ཡོད་པའི་ཕྱོགས་དེ་ནི་མཛེས་སྡུག་ཡིད་དུ་འོང་ཞིང་སྐྱེ་དགུས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ས་ཞིག་ཡིན་པར། ནམ་ཞིག་ཤིན་ཏུ་མ་རུངས་པའི་བདུད་ཅིག་འོངས་ནས་ཀུན་ལ་འཚེ་བ་བྱས་ཙ་ན། སྙིང་རྗེ་ཅན་གྱི་ལྷ་མོ་ཞིག་གིས་བདུད་དེ་རི་ཆེན་པོ་ཞིག་གི་འོག་ཏུ་མནན་པས་རྗེས་སུ་མི་རྣམས་ཀྱིས་རི་དེ་ལ་“ཇོ་མོ་གླང་མ”ཞེས་འབོད།

ཡར་ལྷ་ཤམ་པོ།(སྨི6500)

 འདི་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་འཕྱོངས་རྒྱས་རྫོང་ཁོངས་ཏེ། ཡར་ཀླུང་གི་ཕུ་རུ་ཡོད་ཅིང་རྩེ་མཐོ་ལ་ངོས་གཟར་ཞིང་། སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་གྲས་ཡིན་ཟེར། ངག་རྒྱུན་དུ་ཡར་ལྷ་ཤམ་པོ་ནི་གཡག་དཀར་པོ་ཞིག་ཡིན་པ་དང་། གཡག་དེའི་ཁ་སྣ་ལས་རྒྱུན་དུ་ཁ་ཆར་དྲག་ཏུ་འབབ་ལ་བྲག་རྡོ་འགས་པ་དང་ཆུ་ལོག་འདྲེན་པའི་ནུས་པ་ཡོད་པར་མ་ཟད། མི་དཀར་པོའི་ལུས་སུ་སྤྲུལ་ནས་བུད་མེད་དང་འདུས་པ་ལས་བྱིས་པ་བཙའ་བའི་ནུས་པའང་ཡོད་པར་བཤད། དེ་བས་མི་རྣམས་ཀྱིས་ཡར་ལྷ་ཤམ་པོ་དགྱེས་ན་ཚེ་རིང་ནད་མེད་དང་བྱ་བ་ལམ་འགྲོ་ཡོང་བ་དང་། ཁྲོས་ན་བགེགས་བར་ཆད་འབྱུང་བར་ཡིད་ཆེས་བྱེད། གནས་རི་འདི་ལ་བོད་ཡུལ་གྱི་ས་ཆ་གཞན་དག་ནས་ཆེད་དུ་གནས་མཇལ་དང་གངས་སྐོར་བྱེད་དུ་ཡོང་མཁན་ཡང་མང་པོ་ཡོད།

གངས་ཏེ་སི།(སྨི་6656)

འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གི་ཁོངས་སུ་ཡོད་ཅིང་། རྒྱུན་དུ“གངས་རིན་པོ་ཆེ”རུ་འབོད་ལ། གངས་ཏེ་སི་རི་རྒྱུད་ཀྱི་རྩེ་གཙོ་བོ་ཡིན། བོན་པོ་དང་རྒྱ་གར་ཆོས་ལུགས། ནང་པ་སངས་རྒྱས་སོགས་ཆོས་ལུགས་དུ་མས་འཇིག་རྟེན་ནམ་འཛམ་གླིང་གི་དབུས་སུ་ངོས་འཛིན་ཅིང་། རང་རང་གི་བསྟན་པའི་བདག་པོའི་ཕོ་བྲང་ངམ་ཞབས་ཀྱིས་བཅགས་པའི་ཡུལ་དུའང་བཤད། དེ་བས་རྒྱ་གར་དང་བལ་བོ། འབྲུག་ཡུལ། བོད་ཡུལ་གྱི་ས་ཆ་སོ་སོ་ནས་ཡོང་བའི་གནས་མཇལ་དང་སྐོར་བ་བྱེད་མཁན་ཤིན་ཏུ་མང་སྟེ། འདི་ནི་རྒྱལ་སྤྱིའི་གནས་རི་ཞིག་ཡིན།

གཉན་ཆེན་ཐང་ལྷ། (སྨི་7162)

འདི་ནི་བོད་ལྗོངས་ཀྱི་ལྷ་ས་དང་ནག་ཆུའི་མཚམས་སུ་ཡོད་དེ། གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་རི་རྩེ་གཙོ་བོ་ཡིན། གཉན་ཆེན་ཐང་ལྷ་ནི་སྐྱེས་པ་གོས་དཀར་གྱོན་པ་རྫུ་འཕྲུལ་ཅན་ཞིག་ཡིན་ཏེ། སློབ་དཔོན་པད་མ་འབྱུང་གནས་ལ་ཉམས་ཚོད་ལེན་ཆེད་སྦྲུལ་ཆེན་པོ་ཞིག་ཏུ་སྤྲུལ་ནས་ལམ་བཀག་པ་སོགས་བཤད་ཚུལ་མང་།

རྨ་ཆེན་སྦོམ་ར།(སྨི་6282)

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་གི་ཁོངས་སུ་ཡོད་དེ། རྒྱུན་དུ“ཨ་མྱེས་རྨ་ཆེན”ཡང་ཟེར། སྲིད་པ་ཆགས་པའི་ལྷ་དགུ་དང་རྗེའི་མགུར་ལྷ་བཅུ་གསུམ་གྱི་གྲས་ཡིན། ངག་རྒྱུན་ལྟར་ན་ཨ་མྱེས་རྨ་ཆེན་ནི། གངས་ཏེ་སིས་མདོ་སྨད་སྲུང་དུ་མངགས་པ་ཡིན་ལ། རྗེས་སུ་ཁོས་སྔར་གནས་དྲན་ནས་ཕྱིར་འགྲོ་རྩིས་བྱས་པར། ཞང་པོ་བྲག་རིང་གིས་འགྲོ་ལམ་བཀག་སྟེ་འགྲོ་རུ་མ་བཅུག་ཟེར་ལ། དེ་ལ་གནས་མཇལ་དང་གངས་སྐོར་བྱེད་མཁན་མང་།

མི་ཉག་གངས་དཀར།(སྨི་7556)

འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་དེ། ས་དེ་གའི་ཆེས་མཐོ་བའི་རི་ཡིན། ངག་རྒྱུན་དུ་མི་ཉག་གངས་དཀར་ནི་ལྷ་མོ་ཞིག་སྟེ། ཇོ་མོ་གླང་མའི་སྤུན་ཡིན་ཟེར། རི་ངོས་སུ་གངས་དར་ལྕོག་འདྲ་བ་ཞིག་ཡོད་པ་དེ་མི་རེ་རེའི་མཐོང་སྣང་མི་འདྲ་བར་བཤད། གལ་ཏེ་ནག་པོར་མཐོང་ན་བཀྲ་མི་ཤིས་པ་དང་། དཀར་པོར་མཐོང་ན་ཚེ་ཐག་རིང་པ། སེར་པོར་མཐོང་ན་འབྱོར་བ་ལྡན་པར་འགྱུར་ཟེར། ས་དེ་ནི་ཤིན་ཏུ་མཛེས་པས་མི་མང་པོས་ལྗོངས་རྒྱུ་ཡུལ་སྐོར་བྱེད་སའི་གནས་མཆོག་ཅིག་ཡིན།

རོང་བཙན་ཁ་བ་དཀར་པོ།(སྨི་6740)

འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་དེ། ཞིང་ཆེན་འདིའི་ཁོངས་ཀྱི་རི་བོ་མཐོ་ཤོས་ཡིན་ལ། སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་གྲས་ཡིན། ངག་རྒྱུན་དུ་རོང་བཙན་ཁ་བ་དཀར་པོ་དང་དེའི་ཉེ་འགྲམ་གྱི་རི་རྩེ་ཞིག་ནི་ཕན་ཚུན་ལ་བརྩེ་འདང་ཆེ་བའི་བཟའ་ཟླ་ཡིན་པས། ན་གཞོན་ཕོ་མོ་ཟུང་དེར་གནས་མཇལ་དུ་སོང་ན་བརྩེ་སེམས་འགྱུར་བ་མེད་པར་བཤད། གནས་འདི་ལའང་ལྗོངས་རྒྱུ་ལྟ་སྐོར་བྱེད་མཁན་དང་དད་ལྡན་མཇལ་སྐོར་བྱེད་མཁན་མང་པོ་འདུ།

Be the first to comment

Leave a Reply

Your email address will not be published.


*