སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག

༼ཁ༽

༄༅། །སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་དཔག་མེད་འབྱུང་བའི་གནས། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ངོ་བོར་གྱུར་པ་སྟེ། །རྡོ་རྗེ་འཆང་དང་རོ་གཅིག་གཉིས་མེད་གྱུར། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་གུས་ཕྱག་འཚལ། །བོད་ཀྱི་ཡུལ་གངས་རི་བྱང་ངོས་ཀྱི་རྒྱུད། མདོ་ཁམས་ཀྱི་སྒང༌། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་དར་བའི་ཡུལ་འབྲི་ཀླུང་ན་བཞུགས་པ། སྐྱེ་བ་མང་པོ་ནས་ཚོགས་བསགས་པའི་རྟེན། མིའི་ལུས་རིན་པོ་ཆེ་བརྙེས་ནས། གདུང་རུས་མཆོག་ཏུ་གྱུར་པ། སྐྱུ་ར་མཛོག་ཁྱིམ་དུ་སྐུ་འཁྲུངས་ལ། སྐྱེ་བ་མང་པོ་ནས་སྦྱིན་པ་ལ་སོགས་པ་ཚོགས་མང་པོ་བསགས་པ། བསོད་ནམས་ཀྱི་དཔལ་འབར་བ། ཕྱོགས་དང་རིས་མེད་ཅིང༌། ལྟོས་པ་མེད་པར་བདོག་པ་ཐམས་ཅད་གཏོང་བ། ནང་གི་ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང༌། ལུས་ངག་གི་དགེ་སྦྱོར་ལ་བརྩོན་འགྲུས་ཀྱིས་གོ་ཆ་ཆེན་པོ་བགོས་པ་ཅན། ཕ་རོལ་ཏུ་ཕྱིན་པ་དང༌། རིག་པ་འཛིན་པའི་སྡེ་སྣོད་ཀྱི་གཞུང་ལུགས་མང་པོ་མཁྱེན་ཞིང༌། གསུང་ངག་བསམ་གྱིས་མི་ཁྱབ་པའི་མཛོད་ཆེན་པོ་མངའ་བ། བླ་མ་རྣམས་ལ་གུས་ཤིང་རྡོ་རྗེ་འཆང་དང་གཉིས་སུ་མེད་པར་གཟིགས་པ། འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དོར་ཞིང༌། མྱ་ངན་ལས་འདས་པའི་ཐུགས་འབའ་ཞིག་མངའ་བའི་བླ་མ་མཚན་དོན་དང་ལྡན་པའི་ཕྱག་ཏུ། འབངས་ཀྱི་གྲྭ་པ། གཙང་ལ་སྟོད་གྲོམ་པ་ས་སྐྱའི་བནྡེ་ཀུན་དགའ་སྙིང་པོས། ཕྲིན་ཡིག་གི་ཤོག་བུ་འབུལ་བ། རྗེ་བླ་མ་དམ་པ་སྔར་ནི་སྐུ་ཁམས་བདེ་བར་ཁུམས། སླད་ཀྱི་སྐུ་ཁམས་བདེའམ་ཞེས་པ་ཡང་ནས་ཡང་དུ་མང་དུ་རྨེད། སླད་ཀྱི་དོན་ཞུ་བ། རྟག་ཏུ་བླ་མའི་ཞབས་དྲུང་དུ་འཁོར་ཞིང༌། ཅི་འབྱོར་གྱི་བསྙེན་བཀུར་གྱིས་བླ་མ་མཉེས་པར་སྤྲོ་བ་ལགས་ན། ཡུལ་གྱིས་བསྐལ་ནས་གྲུབ་པ་ཅན་དུ་མ་ཐལ། འོན་ཀྱང་བླ་མ་བསྙེན་བཀུར་བ་རྒྱང་རིང་པོ་ནས་བགྱིར་རུང་བ་ལགས་ན། འབྱོར་པའི་དབང་གིས་གང་ཡང་གྲུབ་པར་མ་ཐལ། དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་མཐའ་ཡས་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་ཀྱང༌། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་མཆོག་ཏུ་བཤད། །ཅེས་གསུངས་པས། བླ་མ་དམ་པ་ལ་སྐུ་ཁམས་འདྲི་བའི་ཡི་གེའི་རྟེན་ཐེར་སྣམ་ན་བཟའ་གཉིས་ཀྱི་རྒྱུ། དབུས་ཀྱི་ཕྲུགས་ཆུང་ན་བཟའ་གཉིས་ཀྱི་རྒྱུ། ཐེར་སྣམ་ཕྲ་སྦོམ་ན་བཟའ་གཉིས་ཀྱི་རྒྱུ་མཆིས་པས། སྐུ་ལ་བསྣམས་པ་དང་གདན་མཛད་པར་ཞུ། ཆབ་གསེར་སྲང་གཅིག་གི་བཟང་དྲུག ཕོ་བ་རིས་དང་པི་པི་ལིང་ས་སྐྱའི་ཁྲི་བདུན། སྨན་ཚ་ས་སྐྱའི་སྲང་བཅུ་བཞི། དེ་དག་གིས་ཐུགས་ལ་ཇི་ལྟར་དགོངས་པའི་བྱ་བ་མཛད་པར་ཞུ་ལགས། སླད་ཀྱི་བླ་མ་ལ་དམིགས་པའི་གདུགས་གཅིག་ལ་སོགས་པ་ཞབས་ཏོག་ཕྲན་ཚེགས་འགའ་མཆིས་ན། ད་རེས་མ་བརྩམས་པར་ཐལ་ཏེ་བཀས་མི་བཀྱོན་པར་ཞུ། ཕྱི་ལོ་ཕྱག་ཏུ་ཐེངས་པར་བགྱིད། བསྙེན་བཀུར་བའི་དངོས་པོ་འདི་དག་ཤིན་ཏུ་ཆུང་བར་མཆིས་ཀྱང༌། དང་བའི་བསམ་པས་བླ་མ་ལ་བསྙེན་བཀུར་བ་ལགས་པས་ཕྱག་ཏུ་བཞེས་པར་ཞུ། འདི་ལ་བརྟེན་ནས། བདག་གི་རྒྱུད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་དག་པ་དང༌། དམ་ཚིག་ཉམས་པའི་ཉེས་པ་ཐམས་ཅད་སྐོང་བར་བྱིན་གྱིས་བརླབ་པར་ཞུ། དངོས་ཀྱི་ཀ་ཆ་ཕྲན་ཚེགས་འདི་དང༌། ཡི་གེ་འདི་དང་མཇལ་ནས་བླ་མའི་ཐུགས་དགོངས་ཐམས་ཅད་འགྲུབ་ཅིང༌། བཀྲ་ཤིས་པར་སྨོན་པ་དང་བདག་ཅག་འཁོར་བཅས་ཐམས་ཅད་ཀྱང་བར་ཆད་ཞི་ནས་ཚེ་རབས་ཐམས་ཅད་དུ་བླ་མ་རྣམས་ཀྱི་བྲན་དུ་སྐྱེ་བར་སྨོན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*