༼ཁ༽
༄༅། །བུམ་གཏེར་འཇུག་པའི་མན་ངག་བཞུགས།།
ཨོཾ་སྭ་སྟི་སིདྡྷཾ། མཆོད་རྟེན་ནམ། གཙུག་ལག་ཁང་ངམ། ཁང་བཟང་ལ་སོགས་བཞེངས་པའི་གཞིར་བུམ་གཏེར་འཇུག་པར་འདོད་ན། བུམ་པ་ཡུལ་གང་ཡིན་གྱི་བྲེ་ཚད་པས་མི་ཆུང་བའི་བཅུད་ཤོང་པ། རིན་པོ་ཆེའི་བུམ་པའམ། རྫ་ལ་སོགས་པའི་ཡིན་ནའང༌། གཙང་མའི་ནང་དུ་རིན་པོ་ཆེ་སྣ་ཚོགས་དང༌། འབྲུ་བཅུད་དང་སྨན་དང་དྲི་བཟང་པོ་ནོར་སྣ་དང༌། ཟས་སྣ་གོས་སྣ་ལ་སོགས་པ་བཅུག་ལ་བཤམ། དེའང་མ་འབྱོར་ན་ཕྱོགས་མཚམས་དབུས་དང་དགུར་རེ་རེ། དེ་མ་འབྱོར་ན་ཕྱོགས་བཞི་དབུས་དང་ལྔར་རེ་རེ། ཡང་ན་དབུས་སུ་གཅིག་འཇུག་པ་ཡིན། དེ་ལ་བདག་གི་རྣལ་འབྱོར་གང་ཡང་རུང་བ་བསྒོམས་ནས། བཟླས་པ་ཅུང་ཟད་བྱས་ལ་བུམ་གཏེར་བཤམས་པ་དེ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་ཟད་མི་ཤེས་པའི་གཏེར་དང༌། ལོངས་སྤྱོད་དང་བདུད་རྩིར་བྱིན་གྱིས་བརླབས་ནས་བུམ་པའི་སྟོད་ཀྱི་ཆར། པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་དགུ་རྣམས་ལ་ནྃ་དགུ་ལས་ཀླུ་དགུ་བསྐྱེད་པར་བྱ་སྟེ། དབུས་སུ་ནོར་རྒྱས། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་བ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟོད་ལྷའི་ལུས་ཅན་ཕྱག་གཉིས་ཀས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། ཁ་དོག་དག་པའི་ཤེལ་ལྟར་དྭངས་ཤིང་ཡུལ་གྱི་དབང་པོ་སྣ་ཚོགས་སུ་སྣང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་ཕྱོགས་ནས་རང་དང་འདྲ་བའི་ཆུང་མས་བརྟེན་པར་བསྐྱེད་ནས། གནས་གསུམ་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་གཉིས་སུ་མེད་པར་བསྟིམ་ནས། རེ་རེ་ལའང་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་དབུལ་ཞིང་རེ་རེའི་མཆོད་པའི་མཐར་སྔགས་བཟླས་པར་བྱ་སྟེ། ཨོཾ་ཕུཿནཱ་ག་རཱ་ཛ་བ་སུ་ཀ་ཡེ་ཕུཿསྭཱ་ཧཱ། ནོར་རྒྱས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀརྐོ་ཊཱ་ཡ་ཕུཿསྭཱ་ཧཱ། སྟོབས་ཀྱི་རྒྱུའིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཤཾ་ཁ་པཱ་ལཱ་ཡ་ཕུཿསྭཱ་ཧཱ། དུང་སྐྱོང་གིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཨ་ནནྟ་ཕུཿསྭཱ་ཧཱ། མཐའ་ཡས་ཀྱིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་བ་རུ་ཎཱ་ཡ་སྭཱ་ཧཱ། ཆུ་བདག་བ་རུ་ཎཱའིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཏཀྵ་ཀཱ་ཡ་ཕུཿསྭཱ་ཧཱ། འཇོག་པོའི་འོ། །ཨོཾ་ཕུཿནཱ་ག་རཱ་ཛ་ཀུ་ལི་ཀ་ཡེ་ཕུཿསྭཱ་ཧཱ། རིགས་ལྡན་གྱིའོ། །ཨོཾ་ཕུ་ནཱ་ག་རཱ་ཛ་པདྨ་ཡེ་ཕུཿསྭཱ་ཧཱ། པདྨའིའོ། །ཨོཾ་ཕུཿནཱ་ག་རཱ་ཛ་མ་ཧཱ་པདྨ་ཡེ་ཕུཿསྭཱ་ཧཱ། པདྨ་ཆེན་པོའི་འོ། །མཆོད་པ་དང་སྔགས་རྣམས་སྤེལ་ཞིང་བྱས་ནས། ཀླུའི་གཏོར་མ་བརྒྱ་རྩ་ལ་སོགས་ཕུལ་ལ་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ནས། འདོམ་གང་ལ་སོགས་པའི་ས་བརྐོས་པའི་འོག་ཏུ་བྱི་དོར་ལེགས་པར་བྱས་ཤིང༌། སྨན་དང་དྲི་བཟང་དང་བཅས་ཏེ་ས་བཟང་པོའི་གནས་སུ་ལེགས་པར་བཞག་ལ་སྒྲོམ་བུ་ལ་སོགས་བྱས་པའི་སྟེང་དུ་ས་གཙང་མས་ལེགས་པར་བཀང་སྟེ་འཐས་པར་བྱ། དེའི་སྟེང་དུ་ཞག་བདུན་ལ་སོགས་པར་དུས་གསུམ་དུ་མཆོད་པ་དང་གཏོར་མ་དབུལ། དེར་དཀོན་མཆོག་གི་རྟེན་ལ་སོགས་པ་བཞེངས་པར་བྱའོ། །དེ་ལྟར་བྱས་པས་འབྱོར་བ་དང༌། ལོ་ལེགས་པ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་རྟེན་འབྲེལ་ཡིན་ནོ། །བུམ་གཏེར་གཞུག་པའི་མན་ངག་བླ་མ་ས་སྐྱ་པས་མཛད་པའོ། །རྟེན་བཞེངས་པ་མ་ཡིན་པའི་གཏེར་བུམ་འཇུག་ནའང་ཁང་བཟང་ངམ། ཀླུ་གནས་པའི་སར་བཅུག་ན་ཡུལ་དེར་དཔལ་འཕེལ་བར་འགྱུར་བས་ཚུལ་འདི་བཞིན་ཤེས་པར་བྱའོ།། །། ༄༅། །ཁྱུང་ཁྲའི་མན་ངག་བཞུགས།། ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྡིང་བསྒོམ་པར་འདོད་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་འདུག་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེའི་སྐད་ཅིག་ལ་བདག་ཉིད་ནམ་མཁའ་ལྡིང་གི་རྒྱལ་པོ་སྦྲུལ་གྱི་སྟེང་དུ་བཞུགས་པ། པུས་མོ་མན་ཆད་སའི་རང་བཞིན་སེར་པོ། བརླ་ཆུའི་རང་བཞིན་དཀར་པོ། ལྟོ་བ་མེའི་རང་བཞིན་དམར་པོ། མགོ་བོ་རླུང་གི་རང་བཞིན་སྔོན་པོ། སྤྱི་བོ་དང་གཤོག་པ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། རྒྱབ་དང་དཔུང་པ་ལ་སྤྲིན་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པ། ཀླུའི་རྒྱལ་པོའི་སྤྱི་གཙུག་ནས་ནོར་བུ་རིན་པོ་ཆེ་ཕྲོགས་ནས་གཡས་ཕྱོགས་ཀྱི་ནམ་མཁའ་ལ་བཞག་སྟེ་སེམས་ཅན་ལ་དགོས་འདོད་ཐམས་ཅད་སྟེར་བ། ཕྱག་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སེམས་ཅན་དབུགས་འབྱིན་པ། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པས་སེམས་ཅན་སྐྲག་པར་མཛད་པ། མགྲིན་པའི་ནང་དུ་རིགས་ལྔའི་ངོ་བོའི་ཁྱུང༌། དབུས་སུ་དཀར་པོ། ཤར་དུ་སྔོན་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་བསམ། ཨོཾ་པཀྵིཾ་སྭཱ་ཧཱ། ཞེས་པ་ཇི་ལྟར་ནུས་པ་བཟླས་པས། ཀླུའི་རིགས་ཀྱི་ནད་ཀྱི་མི་ཚུགས་པ་ཡིན་ནོ། །གཏོར་མ་འབུལ་ན་ཅི་འབྱོར་པ་བཤམས་ལ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ་མདུན་དུ་རང་དང་འདྲ་བའི་བྱ་ཁྱུང་ཅིག་བསམས་ལ། སྔར་གྱི་སྔགས་གསུམ་མམ། ལྔ་ལ་སོགས་པས་ཕུལ་ཏེ། འདོད་པའི་དོན་ལ་གསོལ་བ་བཏབ་ལ་མི་དམིགས་པར་བསམ་མོ། །བོང་ང་ཟ་བར་འདོད་ན་སྔོན་དུ་བསྙེན་པ་འབུམ་ཕྲག་ལྔ་སོང་ནས་ལག་པ་གཡས་པའི་མཐིལ་དུ་བོང་ང་བཞག་ལ། མཐེ་བོང་ལ་སོགས་པའི་སོར་མོ་རྣམས་ལ། སྔར་གྱི་སྔགས་ཀྱིས་རིམ་པ་བཞིན་དུ་ཁ་དོག་དཀར་པོ་ལ་སོགས་པ་བཀོད་ལ། ཡེ་གེ་རྣམས་ལས་བདུད་རྩིའི་རྒྱུན་བྱུང་སྟེ། བོང་ང་ལ་ཕོག་པས་བདུད་རྩིར་གྱུར་པར་བསམས་ལ་བཟའ་བར་བྱ་སྟེ། རྟག་ཏུ་ཟོས་ན་བཅུད་ལེན་དུའང་འགྱུར་རོ། །སྦྲུལ་དང་ཁྱི་སྨྱོན་ལ་སོགས་པ་རྣམས་ཀྱི་སོས་བཏབ་པ་ལ་སྔགས་བཟླས་པའི་མཆིལ་མ་བཏབ་པ་དང༌། ཡི་གེ་བཀོད་པའི་ལག་པས་བྱབས་པས་དུག་ཐམས་ཅད་ཞི་བར་འགྱུར་རོ། །རྗེ་བཙུན་ནཱ་རོ་པའི་གདམས་པ། བླ་མ་མལ་གྱོ་ལས་བརྒྱུད་པ། རྗེ་བཙུན་ས་སྐྱ་པའི་གསུང་ངོ༌། །ཨི་ཐི།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ས་ཡི་རང་བཞིན་རྣམ་དག་པས། །གཏི་མུག་ལས་བྱུང་དུག་རྣམས་འཇོམས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །བདེ་གཤེགས་མཁའ་ལྡིང་ཕྱག་འཚལ་བསྟོད། །ཆུ་ཡི་རང་བཞིན་རྣམ་དག་པས། །ཞེ་སྡང་ལས་བྱུང་དུག་རྣམས་འཇོམས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་ལྡིང་ཕྱག་འཚལ་བསྟོད། །ནམ་མཁའི་རང་བཞིན་རྣམ་དག་པས། །སེར་སྣ་ལས་བྱུང་དུག་རྣམས་འཇོམས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་མཁའ་ལྡིང་ཕྱག་འཚལ་བསྟོད། །མེ་ཡི་རང་བཞིན་རྣམ་དག་པས། །འདོད་ཆགས་ལས་བྱུང་དུག་རྣམས་འཇོམས། །སོ་སོར་རྟོག་པའི་ངོ་བོ་ཉིད། །པདྨ་མཁའ་ལྡིང་ཕྱག་འཚལ་བསྟོད། །རླུང་གི་རང་བཞིན་རྣམ་དག་པས། །ཕྲག་དོག་ལས་བྱུང་དུག་རྣམས་འཇོམས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་མཁའ་ལྡིང་ཕྱག་འཚལ་བསྟོད། །བརྟན་དང་གཡོ་བའི་དུག་རྣམས་འཇོམས། །མེ་དང་ཆུ་བཞིན་འཇོམས་མཛད་པ། རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །མཁའ་ལྡིང་ཁྱོད་ལ་ཕྱག་འཚལ་བསྟོད། །མཁའ་ལྡིང་ཁྱོད་ལ་རབ་བསྟོད་པས། །འབྱུང་བའི་རང་བཞིན་འགྲོ་རྣམས་ཀྱི། །བརྟན་གཡོའི་དུག་རྣམས་རབ་ཞི་ནས། །དུག་རྣམས་ཡེ་ཤེས་མངོན་གྱུར་ཤོག །རྡོ་རྗེ་མཁའ་ལྡིང་གི་བསྟོད་པའོ། །ཤླཽ་ཀ་བདུན་བཞུགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply