དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ། ༢

དེའི་དགོས་པ་ནི་སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པ་དགག་པའི་དོན་དུ་བསྟན་པའོ། །དེ་ཡང་བརྩོན་འགྲུས་ཆེན་མོ་ལ་སོགས་པས་སྐུའི་འཁོར་ལོའི་མཚམས་མ་བཞི་གོ་རིམ་བཟློག་སྟེ་བསྟན། འཁོར་ལོའི་ཞེས་པ་ལ་སོགས་པས་སྐུའི་འཁོར་ལོའི་ཕྱོགས་བཞི་དཔའ་མོ་བཞི་བཟློག་སྟེ་བསྟན་ཏོ། །བྱ་གདོང་ཞེས་པ་ལ་སོགས་པས་གསུང་གི་འཁོར་ལོའི་མཚམས་མ་བཞི་བསྟན། ཆང་འཐུང་མ་ལ་ སོགས་པས་གསུང་གི་འཁོར་ལོའི་ཕྱོགས་ཀྱི་བཞི་བསྟན་ཏོ། །ཤིང་གྲིབ་མ་ལ་སོགས་པས་ཐུགས་ཀྱི་འཁོར་ལོའི་མཚམས་མ་བཞི་བསྟན། སྣ་ཆེན་མ་ལ་སོགས་པ་བཞིས་ཐུགས་ཀྱི་འཁོར་ལོའི་ཕྱོགས་ཀྱི་ལྷ་མོ་བཞི་བསྟན་ཏོ། །དེ་དག་གི་མཇུག་བསྡུ་བ་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ནི་སྔར་བཤད་པ་དེ་རྣམས་ཉིད་ཡིན་ལ། འདི་དག་སྔོན་ཉིད་གྲུབ་པ་ཡིན་ནི། འཛམ་བུ་གླིང་གྲུབ་པའི་དུས་སུ་ཡུལ་ཉི་ཤུ་རྩ་བཞི་གྲུབ་སྟེ། གྲུབ་པའི་ཚེ་མཁའ་འགྲོ་མ་རྣམས་གྲུབ་པ་ཡིན་ནོ། །འདིར་དཔའ་བོ་རྣམས་མ་བསྟན་པར་རྣལ་འབྱོར་མ་རྣམས་བསྟན་པ་ནི། རྒྱུད་འདི་རྣལ་འབྱོར་མའི་རྒྱུད་ཡིན་པ་ལ་དགོངས་པ་ཡིན་ལ། དཔའ་བོ་རྣམས་ཀྱང་ཤུགས་ལས་ཤེས་པར་བྱའོ། །གསུམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་ཕན་ཡོན་དང་བཅས་པ་ནི། རང་མིང་ཞེས་པ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་སྨོས་ཏེ། དེ་ཡང་རང་མིང་ནི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རང་རང་གི་མིང་སྟེ་ཀ་ར་ཀུ་རུ་ལ་སོགས་པའོ། །མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར་ནི་དཔའ་བོ་དང་དཔའ་མོའི་སྔགས་ཐམས་ཅད་ཀྱི་མཐར་ཧཱུྃ་གཉིས་དང་ཕཊ་སྦྱར་ཞིང༌། མགོར་ནི་འོག་གི་ཨོཾ་ནི་ཐམས་ཅད་གསལ་བྱེད་དེ་ཞེས་པ་སྔགས་ཐམས་ཅད་ཀྱིས་མགོར་ཡི་གེ་ཨོཾ་སྦྱར་བར་བྱ་སྟེ། དེ་ནི་བསྐྱེད་པའི་རིམ་པ་ལ་མཆོད་པའི་སྔགས་ཡིན་ལ། དེའི་ཕན་ཡོན་ནི་རྣལ་འབྱོར་རབ་མཆོག་ནི་འདི་མཐོང་ན་ཞེས་པ། དབང་གི་རྗེས་ལ་དེ་ཁོ་ན་ཉིད་སྟོན་པ་འདི་མཐོང་ན་རྒྱུད་འདིའི་ལམ་ནི་གཉེན་པོའི་སྔགས་རྣམས་རྣོ་བའམ། ལམ་མྱུར་བས་མེ་དང་འདྲ་སྟེ་རྒྱུད་གཞན་གྱི་སྔགས་ལ་སོགས་པ་རྣམས་ནི་རྩྭ་དང་མཚུངས་ཏེ་སྙིང་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདིའི་སྔགས་ལ་སོགས་པའི་སྒྲུབ་རྩོལ་ནི། སྒྲུབ་པ་པོ་ལ་ཞི་བ་ལ་སོགས་པའི་ཕྲིན་ལས་ཐམས་ཅད་དང་འདོད་པ་ཐམས་ཅད་སྟེར་བར་བྱེད་པའི་ཕྱིར་རོ། །བཞི་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསང་བའི་མཆོད་པ་ཕན་ཡོན་དང་བཅས་པ་ནི་དཔའ་བོ་ཉིད་འགྱུར་ལ་སོགས་པ་སྟེ། དེ་ཡང་དཔའ་མོ་དེ་དག་གཅིག་པུ་ཡིན་ནམ་ཞེ་ན། དཔའ་བོ་ཉིད་འགྱུར་ཏེ་སྔར་གྱི་དཔའ་མོ་རྣམས་དང༌། དཔའ་བོ་ཐམས་ཅད་ཞལ་སྦྱོར་སྙོམས་པར་འཇུག་པ་ཉིད་དང༌། གྲུབ་པ་ནི་ཡོངས་སུ་རྫོགས་པ་ཞེས་པའོ། །འོ་ན་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་ལ། དཔའ་བོ་མེད་པས་དཔའ་བོ་དང་ཞལ་སྦྱོར་མེད་དོ་སྙམ་ན་དེ་དག་ལ་མེད་པ་མ་ཡིན་ཏེ། གཙོ་བོའི་ཕྱག་བཅུ་གཉིས་དང་སྙོམས་པར་འཇུག་པར་བཤད་པས་སོ། །ཁྱིམ་དུ་སྟེ་བསྐྱེད་པའི་རིམ་པ་ལ་ཕྱག་རྒྱའི་པདྨའི་ནང་ཡིན་ལ་དཀྱིལ་འཁོར་མཐོང་བ་ནི་གསང་བའི་མཆོད་པ་བྱེད་པའི་དུས་སུ་ཡབ་ཡུམ་གཉིས་གནས་ལྔ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་སྟེ། ཡབ་ཡུམ་གཉིས་གཉིས་སྙོམས་འཇུག་བྱས་པའི་དུས་སུ་གཉིས་ཀའི་ལུས་པོ་ལ་ཡོད་པའི་སྔགས་ཀྱང་ཕན་ཚུན་ཐད་ཀ་ཐད་ཀར་སྙོམས་འཇུག་བྱས་པའི་བདེ་བ་དེས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པ་ཡིན་ལ། དེ་ལྟ་བུའི་གསང་བའི་མཆོད་པའི་དུས་སུ་སྙོམས་འཇུག་གི་བདེ་བ་དེ་ཤེས་པས་རྟག་ཏུ་བསྒོམ་པའི་སྒྲུབ་པ་པོ་དེ་ལ་དངོས་གྲུབ་ཐམས་ཅད་ཐོབ་པར་དེ་བཞིན་གཤེགས་པ་སྟོན་པ་རྡོ་རྗེ་འཆང་གིས་སཾ་པུ་ཊའི་རྒྱུད་ལས་གསུངས་སོ་ཞེས་པའི་དོན་ནོ། །ཡང་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་བཞི་ལྟར་བཤད་ན། དང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་མ་རྣམས་ཏེ། རྫོགས་པའི་རིམ་པ་ལས་ལུས་ལ་རང་བཞིན་གྱིས་གནས་པའི་རྩ་སུམ་ཅུ་རྩ་བདུན་པོ་རྣམས་སོ། །དེ་རྣམས་རྟེན་གང་ལ་བརྟེན་ཞེ་ན། ས་ལ་རྣམ་པར་རོལ་པ་ནི་རྫོགས་པའི་རིམ་པ་ལ། རྐང་མཐིལ་རླུང༌། འདོམ་བར་མེ། ལྟེ་བ་ཆུ། སྙིང་ག་ས་ལ་སོགས་པར་ངོ་བོ་ཉིད་ཀྱིས་གནས་པ་དེ། རྒྱུད་ཀྱི་རིམ་པ་གསལ་འདེབས་པའི་དུས་སུ་ལུས་ཉིད་རྟེན་གྱི་དཀྱིལ་འཁོར་དུ་གདོད་ནས་གྲུབ་པའི་ངོ་བོ་ཉིད་དུ་གནས་པ་བསྟན་ཏེ། དེ་ཡང་སཾ་པུ་ཊ་ལས། རྐང་པའི་བར་དུ་གནས་པའི་རླུང༌། རྩོམ་ཆེན་གཞུ་ཡི་དབྱིབས་ཀྱིས་ནི། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་ཏོ། །གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི་བརྩོན་ཆེན་ཞེས་པ་ལ་སོགས་པས་སྟོན་པ་ལ། སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །ཞེས་གསུངས་པ་ལྟར་ཕྱི་བསྐྱེད་རིམ་པ་ལ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དུ་གནས་པ་དེ། ནང་དུ་རྫོགས་པའི་རིམ་པ་ལ་ལུས་ལ་རང་བཞིན་གྱིས་གྲུབ་པའི་རྩ་སུམ་ཅུ་རྩ་བདུན་བསྟན་པ་ཡིན་ཏེ། དེ་ཡང་བརྩོན་ཆེན་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ལུས་ཀྱི་སྨད་ཀྱི་ཆ་ལ་གནས་པའི་སྐུའི་འཁོར་ལོའི་རྩ་བརྒྱད་བསྟན། བྱ་གདོང་མ་ཞེས་པ་ནས་ས་སྲུང་མ་ཞེས་པའི་བར་གྱིས་ལུས་ཀྱི་བར་གྱི་ཆ་ལ་གནས་པའི་གསུང་གི་འཁོར་ལོའི་རྩ་བརྒྱད་བསྟན། ཤིང་གྲིབ་མ་ནས་རབ་གཏུམ་མའི་བར་གྱིས་ལུས་ཀྱི་སྟོད་ཀྱི་ཆ་ལ་གནས་པའི་ཐུགས་ཀྱི་འཁོར་ལོའི་རྩ་བརྒྱད་བསྟན། མཁའ་འགྲོ་མ་ནི་ཉི་ཤུ་ནི་རྫོགས་པའི་རིམ་པ་ལ་སྐུ་གསུང་ཐུགས་ཀྱི་རྩ་ཉི་ཤུ་རྩ་བཞི་ཡིན་ལ། དེ་ལྟ་བུའི་ཉི་ཤུ་རྩ་བཞི་པོ་འདི་དག་སྔོན་ཉིད་གྲུབ་པ་ཡིན་ན་ནི། རྫོགས་རིམ་ལ་ལུས་ནམ་གྲུབ་པའི་ཚེ་གནས་དེ་དང་དེ་དག་ན་གནས་པའི་རྩ་འདི་དག་གྲུབ་པ་ཡིན་ལ། དེའི་སྟེང་དུ་སྙིང་གའི་རྩ་བཅུ་གསུམ་བསྣན་པས། རྫོགས་རིམ་ལ་རྩ་སུམ་ཅུ་རྩ་བདུན་ཡིན་ནོ། །གསུམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་ནི་རང་མིང་བརྗོད་པ་ཞེས་པ་ལ་སོགས་པའི་ཚིག་གཉིས་དང༌། འོག་གི ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། །ཞེས་པའི་ཚིག་གསུམ་པོ་འདིའི་དོན་ནི། རྫོགས་པའི་རིམ་པ་ལ་འཁོར་ལོ་བཞི་དང་རྩ་གཉིས་ཀྱི་ནང་དུ་ཨཱ་ལི་དང་ཀཱ་ལི་ལ་སོགས་པ་དགོད་པ་ཡིན་ལ། རྣལ་འབྱོར་པའི་བློ་སྣང་ལ་ཀ་ར་ཀ་ར་ལ་སོགས་པར་ཡོད་པ་ཡིན་གསུང་ངོ༌། །རྣལ་འབྱོར་རབ་མཆོག་འདི་མཐོང་ནི་རྫོགས་པའི་རིམ་པ་ལ་རྩ་རྣམས་ཀྱི་ནང་གི་ཀ་ར་ཀ་ར་ལ་སོགས་པ་མཐོང་ཞིང་གོམས་པར་བྱས་ན། རྒྱུད་འདིའི་ལམ་ནི་མེ་དང་འདྲ་སྟེ། རྒྱུད་གཞན་གྱི་ལམ་ནི་རྩྭ་དང་མཚུངས་ཏེ་སྙིང་པོ་མེད་དོ། །དེའི་ཕན་ཡོན་ནི། གྲུབ་རྩོལ་འདོད་པ་ཐམས་ཅད་བྱེད། །ཅེས་པའོ། །བཞི་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། དཔའ་བོ་ཉིད་འགྱུར་ཏེ། རྩ་རྣམས་ཀྱི་ནང་གི་བྱང་ཆུབ་ཀྱི་སེམས་ཡིན་ལ། གྲུབ་པ་ནི་རྩ་རྣམས་ལུས་ལ་གྲུབ་པའི་དུས་སུ། དེའི་ནང་གི་བྱང་ཆུབ་ཀྱི་སེམས་ཀྱང་གྲུབ་པས་ན། རྩ་དེ་ཉིད་ལ་ཁྱིམ་ཞེས་བྱ་ལ་དཀྱིལ་འཁོར་མཐོང་བ་ནི། རྩ་རྣམས་ཀྱི་ནང་གི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་དགའ་བ་བཞིའི་མངོན་པར་རྟོགས་པ་ཉམས་སུ་མྱོང་བ་སྐྱེ་བ་ཡིན་ལ། དེའི་ཕན་ཡོན་ནི་དེ་ཤེས་རྟག་ཏུ་བསྒོམ་པ་ལ་སོགས་པའི་ཚིག་གཉིས་ཀྱིས་དོན་དེ་གོ་བར་ཟད་དོ། །དེ་ལྟར་དོན་བཞིས་ལེའུའི་གཞུང་བསྟན་ནས། ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ལས། དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པ་ཞེས་བྱ་བ་ནི་བསྐྱེད་རིམ་ལྟར་ན་དཔའ་བོ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ཡབ་ཡུམ་གཉིས་སུ་མེད་པར་དགོད་པ་ནི། གཞལ་ཡས་ཁང་གི་ནང་དུའོ། །རྫོགས་རིམ་ལྟར་ན་དཔའ་བོ་ནི་རྩ་རྣམས་ཀྱི་ནང་གི་རླུང་དང་བྱང་ཆུབ་ཀྱི་སེམས་ཡིན་ལ། རྣལ་འབྱོར་མ་ནི་རྩ་སུམ་ཅུ་རྩ་བདུན་གཉིས་སུ་མེད་པར་དགོད་པ་ནི་རང་གི་ལུས་ལ་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དེ་སྟོན་པའི་ཆོ་གའི་ལེའུའོ། །བཞི་པ་ནི་གྲངས་ཀྱི་གནས་གཞན་ཏེ། བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཞི་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་དབང་བསྐུར་བ་སྔོན་དུ་སོང་བས་འབྲས་བུའི་གསང་བ་སྒྲུབ་པ་ལ་འཇུག་པ་ཡིན་ལ། དེ་ལ་གཉིས་ཏེ་འབྲས་བུའི་གསང་བ་དངོས་དང༌། དེ་སྒྲུབ་པ་ལ་འཇུག་པའོ། །འབྲས་བུའི་གསང་བ་དངོས་ནི་མཆོག་གི་དངོས་གྲུབ་དང༌། ཐུན་མོང་གི་དངོས་གྲུབ་དང༌། ལས་ཀྱི་ཚོགས་པ་རྣམས་སོ། །དེ་སྒྲུབ་པ་ལ་འཇུག་པ་ལ་ཡང་གཉིས་ཏེ། འབྲས་བུའི་གསང་བ་སྒྲུབ་པ་ལ་འཇུག་པ་ལ་སྔགས་ཀྱི་བཟླས་པ་དང༌། དེའི་ཡན་ལག་སྔགས་རྣམས་བཏུ་བའོ། །དེ་ཡང་སྔགས་བཏུ་བ་ཡན་ལག་ཏུ་ཇི་ལྟར་འགྲོ་སྙམ་ན། དེ་ལ་འབྲས་བུ་ལས་ཀྱི་ཚོགས་སྒྲུབ་པ་ནི་སྔགས་དགོས་ལ། སྔགས་དེ་ཡང་དག་པ་ཅིག་དགོས་པས་སྔགས་ཀྱི་ལྷག་ཆད་སྤང་བའི་ཕྱིར་སྔགས་བཏུ་བ་བསྟན་ཏེ། དེ་ཡང་ལེའུ་དང་པོ་ལས། སྔགས་བཟླས་པ་དང་བསམ་གཏན་དང་ཞེས་པ་ལ་སོགས་པའི་ཚིག་གསུམ་གསུངས་པའི་རྒྱས་བཤད་ལེའུ་ལྔ་པ་ནས་བརྒྱད་པའི་བར་གྱི་ལེའུ་བཞིས་སྟོན་ཏེ། བཏུ་བའི་སྔགས་དངོས་ཀྱང་ལེའུ་བརྒྱད་པ་ནས། ས་སྟེང་ན་ནི་རིན་ཆེན་བཞི། །ཞེས་གསུངས་པས་རིན་ཆེན་རྣམ་པ་བཞི་ནི། དེ་ཡང་ཡབ་ཡུམ་གྱི་རྩ་བའི་སྔགས་གཉིས་གཉིས་སུ་མེད་པ་དང༌། སྙིང་པོ་གཉིས་གཉིས་སུ་མེད་པ་དང༌། ཉེ་བའི་སྙིང་པོ་གཉིས་གཉིས་སུ་མེད་པ་དང༌། གོ་ཆ་གཉིས་གཉིས་སུ་མེད་པ་སྟེ། འདི་དག་གིས་ནི་དངོས་གྲུབ་རྣམས་མ་གྲུབ་པ་གྲུབ་པར་བྱེད་པས་ན་རིན་ཆེན་ཞེས་བྱའོ། །ཞལ་བཞི་པའི་སྔགས་ཀྱིས་ནི་སྒྲུབ་པའི་བར་ཆད་སེལ་བར་བྱེད་པ་ཡིན་གྱི། དེ་རང་གི་ལས་མི་སྒྲུབ་པས་སྔར་གྱི་སྔགས་རྣམས་ཀྱི་གྲོགས་ཡིན་པའི་ཕྱིར་རིན་ཆེན་དུ་མ་བགྲངས་པ་ཡིན་གསུང་ངོ༌། །དེ་ལས་དང་པོ་རྩ་བའི་སྔགས་བཏུ་བ་ནི་ལེའུ་ལྔ་པ་དང༌། བདུན་པ་དང་ཉི་ཤུ་རྩ་ལྔ་པ་གསུམ་གྱིས་སྟོན་ཏེ། དེ་ཡང་ལེའུ་གང་ལས་གང་བཏུ་བ་སྟོན་པ་ནི་སྔར་བསྟན་ཟིན་པས་འདིར་བྲི་བར་མི་བྱའོ། །ལེའུ་དྲུག་པ་དང་བརྒྱད་པ་གཉིས་ཀྱིས་ནི་དཔའ་བོ་དང་དཔའ་མོའི་གོ་ཆ་བཏུ་བའི་ཞར་ལ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དང་ཕྱོགས་གཅིག་ཏུ་བསྟན་པའི་དོན་དུ་ཡབ་ཡུམ་གཉིས་ཀྱི་སྙིང་པོ་དང༌། ཉེ་བའི་སྙིང་པོ་བཏུ་བ་ཡང་མདོར་བསྟན་ཏོ། །དེ་ལ་ལེའུ་ལྔ་པས་རྩ་བའི་སྔགས་ཀྱི་ལུས་བཏུ་བ་སྟོན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ལ་ཡང་དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་སྔགས་བཏུ་བ་དངོས་སྟོན་ཏོ། །དེ་ལ་སྔགས་བཏུ་བའི་ཆོ་གའི་རིམ་པ་ནི་འོག་ལེའུ་སུམ་ཅུ་པ་ནས། ས་ཡི་ཆ་ནི་མཉམ་ཡིད་འོང༌། །ཙནྡན་གྱིས་ནི་ཉེ་བར་བསྐུ། །དྲི་བཟང་དྲི་ལྡན་པ་ལ་ནི། །མེ་ཏོག་སིལ་མ་གཅལ་བཀྲམ་ཞིང༌། །སྤོས་ཀྱི་དྲི་ཡིས་ཉམས་དགར་བྱས། །བདག་གི་བྱ་བ་ཀུན་བྱས་ཤིང༌། །ཞེས་གསུངས་པས་མཚན་ཉིད་དང་ལྡན་པའི་སའི་ཆར་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་ཐམས་ཅད་ཚོགས་པར་བྱས་ལ་རྣལ་འབྱོར་པ་ཐམས་ཅད་གྲལ་ལ་འགོད་དུ་བཅུག་སྟེ། ལས་ཀྱི་རྡོ་རྗེ་ཐམས་ཅད་ལ་མེ་ཏོག་གི་ཕྲེང་བ་རེ་རེ་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། དེ་ནས་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཡི་གེ་བརྒྱ་པ་བཟླས་པ་སྔོན་དུ་འགྲོ་བས། རང་རང་གི་ལྷའི་རྣལ་འབྱོར་རྫོགས་པར་བསྒོམ་པ་ནི། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང་དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བར་འདིར་སྔགས་བཏུ་བའམ། ཡང་ན་དམ་ཚིག་ཅན་ལ་གཏོར་མ་བྱིན་ནས་ཚོགས་བྱིན་གྱིས་བརླབས་ཏེ་ཕུད་ཕུལ་ལ། དེ་ནས་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཆོ་ག་ཇི་ལྟ་བ་བཞིན་དུ་ཚོགས་ལ་ལོངས་སྤྱད་དེ་ཚིམ་པར་བྱ། དེ་ནས་ལྷག་མའི་གཏོར་མ་བཏང༌། རྣལ་འབྱོར་པ་ཐམས་ཅད་ཀྱིས་ཡི་གེ་བརྒྱ་པ་འདོན། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་སྨོན་ལམ་གདབ། ཕྲིན་ལས་བཅོལ་ཞིང་འཇིག་རྟེན་པའི་གཏོར་མ་བཏང་ལ། དེ་ནས་སྔགས་ཇི་ལྟར་བཏུ་བ་ནི། མཎྜལ་ལམ་ཡང་ན་རྡོ་ལེབ་ལྟ་བུའི་གཞི་མ་གཉིས་ཡོད་པ་དེ་ལ། བའི་རྣམ་པ་ལྔ་དང་བདུད་རྩི་ལྔས་བྱུགས་ལ། ཡང་སུམྦྷ་ནི་བརྗོད་ཅིང་ཆང་དང་བདུད་རྩི་སྦྱང་བས་བྱུགས་ཏེ། དེའི་མཐའ་མ་ཐམས་ཅད་མེ་ཏོག་དྲི་ཞིམ་པོའི་སིལ་མ་གཏོར་ཞིང་དགྲམ། གཞི་གཅིག་ལ་སྔགས་བཏུ་བའི་གཞི་དགོད་པ་ནི། དེ་ནས་གཞུང་ལེའུ་བཞི་པ་བཤད་པའི་རྗེས་ཡིན་ལ། དོན་ནི་མཎྜལ་བྱུགས་པའི་རྗེས་ལའོ། །ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལིའི་ཡི་གེ་ལྔ་བཅུ་པོ་ཐམས་ཅད་དེ། དེ་ཡང་རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ལས། ཨཱ་ལི་ཀཱ་ལི་མ་གཏོགས་པ། །འདི་ལྟར་ཆོས་གཞན་ཡོད་མ་ཡིན། །ཞེས་གསུངས་པས་སོ། །ཆོས་འབྱུང་བ་ནི་མཎྜལ་ལམ། རྡོ་ལེབ་ལ་ཐོད་ལོ་ཀོར་གྱི་གྲུ་གསུམ་ཆོས་འབྱུང་བྲིས་ལ། དེའི་ནང་དུ་སྣ་ཚོགས་ལྟེ་བར་ནི། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བའི་དབུས་སུ་མི་ཤིགས་དགེ་ནི། ཡི་གེ་ཨ་སྟེ་དེ་བྲིས་ནས་དེ་ནས་ཆོ་ག་བཞིན་དུ་སྔགས་ཞེས་པ་ནི། པདྨ་འདབ་མ་བརྒྱད་ཀྱི་ཤར་གྱིས་འདབ་མ་ལ་ཨཱ་ལི་བཅུ་དྲུག་བྲི། འདབ་མ་བདུན་པོ་ལ་ཆོས་སྐོར་དུ་རིམ་པ་བཞིན་དུ་ཀཱ་ལིའི་སྡེ་ཚན་བདུན་པོ་སོ་སོར་བྲིས་ལ། སྔགས་ཞེས་པས་དེ་དག་བདེ་མཆོག་གི་ལྷའི་རང་བཞིན་དུ་མོས་པ་བྱས་ལ། མཆོད་པ་བདུན་གྱིས་མཆོད་པར་བྱའོ། །ཆོས་ཀུན་ནི་རྗོད་བྱེད་སྒྲའི་ཆོས་ཐམས་ཅད་ཡིན་ལ། གཅིག་ཏུ་བསྡུས་པ་བྱ་ནི་རྟེན་ཆོས་འབྱུང་ངོ༌། །རྗོད་བྱེད་ཀྱི་སྒྲ་ཐམས་ཅད་འབྱུང་བའི་རྒྱུ་བསྟན་པ་ཨཱ་ལི་ཀཱ་ལི་བསྡུས་པའོ། །འདབ་མ་བརྒྱད་ལ་དགོད་པའི་ཡི་གེ་ཉིད་གང་ཡིན་ཞེ་ན། འདིར་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ་ཞེས་སྨོས་སོ། །དེ་ཉིད་གང་ཞེ་ན་ཨཱ་ལི་སྟེ་ཨཱ་ལི་བཅུ་དྲུག ཀཱ་ལི་ནི་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི། མཉམ་བྱས་ནས་ནི་དེ་དག་ཚང་བར་བྱས་པའོ། །སྡེ་ཚན་རྣམས་ནི་ཨཱ་ལི་ཀཱ་ལིའི་སྡེ་ཚན་བརྒྱད་བསྒྱུར་བར་བྱ་ནི། བསྒྱུར་གཞི་ལེའུ་ལྔ་པའི་ཀཱ་ལི་སུམ་ཅུ་རྩ་བཞི་ལ། སྒྱུར་བྱེད་ལེའུ་བདུན་པའི་དབྱངས་ཀྱི་ཡི་གེ་རྣམས་སྦྱར་བས་བསྒྱུར་བ་སྟེ། དེ་ཡང་ཀ་ལྟ་བུ་ལ་ཨ་བཞག་པས། ཀ་བྱ་བ་སྲོག་ཅན་དུ་འགྲོ་བ་ཡིན་ལ། ཡང་ཀ་གཅིག་ལ་ཨཱ་རིང་པོ་བཞག་པས་ཀཱ་རིང་པོར་གྱུར་པ་ལ་སོགས་པའོ། །སྒྱུར་བྱེད་ཀྱི་ཨཱ་ལི་ཉིད་གང་ཞེ་ན། བཞི་བཞི་རུ་སྟེ་ཨཱ་ལི་ལ་བཞི་ཚན་བཞི་བཅུ་དྲུག་ཏུ་ཤེས་པར་བྱས་ལ། སྔར་གྱི་བསྒྱུར་གཞི་ཉིད་གང་ཞེ་ན། ཐུབ་པ་ཞེས་སྨོས་ཏེ། བསྒྱུར་གཞི་བདུན་པོ་འདི་བསྒྱུར་བའི་སྔགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཐུབ་པས་སམ། ཡང་ན་ཐུབ་པ་བདུན་ནི་འདས་པའི་སངས་རྒྱས་རབ་བདུན་ཡིན་ལ། དེས་མཚོན་པའི་ཀཱ་ལིའི་སྡེ་ཚན་བདུན་ནོ། །བརྒྱན་པར་བྱ་ནི་དེ་དག་གིས་པདྨའི་འདབ་མ་བདུན་པོ་ལ་བརྒྱན་པའོ། །དེར་གནས་ནི་བསྒྱུར་གཞི་དང་སྒྱུར་བྱེད་ཀྱི་ཡི་གེ་སྡེ་ཚན་བརྒྱད་པོ་དེར་གནས་པ་ལས། དཔའ་བོ་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཡིན་ལ། དེ་བཏུ་བར་བྱའོ། །དེའི་ཕན་ཡོན་ནམ་ཆེ་བ་བསྟན་པ་ནི། འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །ཞེས་སྨོས་ཏེ། འདོད་དོན་ནི་སྒྲུབ་པ་པོའི་འདོད་པའི་དོན་དངོས་གྲུབ་གཉིས་ཡིན་ལ། དེ་སྔགས་འདིས་སྒྲུབ་པར་བྱེད་པས་སོ། །ད་ནི་ཡབ་ཀྱི་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་རིམ་པ་ཉིད་སྟོན་པ་ནི། བཞི་པ་ཡི་ནི་ལྔ་པ་དང༌། །ཞེས་པ་ལ་སོགས་པ་སྨོས་ཏེ་ཡང་བྲི་བའི་གཞི་གཅིག་ལ་ཡབ་ཀྱི་རྩ་བའི་སྔགས་ཀྱི་ལུས་ཀྱི་ཡི་གེ་རྣམས་དགོད་པ་ནི་བཞི་པ་སྟེ། ཨཱ་ལིའི་སྡེ་ཚན་བོར་བའི་ཀཱ་ལིའི་སྡེ་ཚན་བཞི་པ་ཡིན་ལ། ལྔ་པ་ནི་དེའི་མཐའ་མ་ན་ཡོད་པའི་ཡི་གེ་ནའོ། །དེ་བཞིན་དུ། སྡེ་ཚན་ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །ལྔ་པའི་བཞི་པ་ནི་བྷ། དང་པོའི་གསུམ་པ་ནི་ག ཀ་ནས་བགྲངས་པའི་ཉི་ཤུ་རྩ་དགུ་པ་ནི་ཆུའི་ཡི་གེ་ཝ། བཞི་པའི་དང་པོ་ནི་ཏ། མཐར་གནས་པའི་བཞི་པ་ནི་ཝ། དེ་ཉིད་ཀྱི་ནི་གཉིས་པ་ནི་ར། སུམ་ཅུ་པ་ནི་ཤ ཉི་ཤུ་རྩ་དྲུག་པ་ནི་ཡ་སྟེ། རྐང་པ་དང་པོའི་ལུས་སོ། །དེ་བཞིན་བརྒྱའི་ཕྱེད་ལྔ་བཅུ་སྟེ། དེའི་ཕྱེད་ནི་ཉི་ཤུ་རྩ་ལྔ་པ་ན་ཡོད་པའི་མ། སུམ་ཅུ་གསུམ་པ་ཧ། དང་པོ་ཀ་སྡེ་ཡིན་ལ་དེའི་དང་པོ་ནི་ཀ མཐར་གནས་པའི་གསུམ་པ་ནི་ལ། བར་འདིར་པ་དང་ནི་གཉིས་ཀྱི་ལུས་བཏུ་བ་མ་བསྟན་པ་ནི་འོག་ལེའུ་བདུན་པ་ནས་འབྱུང་བས་འདིར་མ་བསྟན་པ་ཡིན་གསུང༌། དང་པོའི་གསུམ་པ་ནི་ག སུམ་ཅུ་རྩ་གཉིས་པ་ས། བཞི་པའི་ལྔ་པ་ན། ལྔ་པའི་བཞི་པ་བྷ། མཐར་གནས་པའི་དང་པོ་ནི་ཡ་སྟེ། རྐང་པ་གཉིས་པའི་ལུས་སོ། །གཉིས་པ་ཡི་ནི་གསུམ་པ་ཛ། གསུམ་པའི་དང་པོ་ཊ། ལྔ་པའི་ལྔ་པ་མ། དང་པོའི་དང་པོ་ཀ དེ་བཞིན་ཀ་ནས་བགྲངས་པའི་བཅུ་གཅིག་པ་ཊ། དེ་བཞིན་མཁས་པས་བཅུ་དྲུག་པ་ཏ། གསུམ་པའི་དང་པོ་ཊ། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡ་སྟེ། རྐང་པ་གསུམ་པའི་ལུས་སོ། །བཞི་པའི་གསུམ་པ་ད། ཨུཥྨཱ་ནི་དྲོད་ཀྱི་ཡི་གེ་ཡིན་ལ་དེའི་གཉིས་པ་ཥ། དང་པོའི་དང་པོ་ཀ དེ་བཞིན་ཉི་ཤུ་རྩ་བདུན་པ་ར། ཉི་ཤུ་རྩ་བརྒྱད་པ་ལ། དང་པོའི་གསུམ་པ་ག ལྔ་པའི་བཞི་པ་བྷ། དེ་བཞིན་དུ་སུམ་ཅུ་རྩ་གཅིག་པ་ཥ། བཅོ་ལྔ་པ་ཉིད་ནི་ཎ། དེ་བཞིན་ཉི་ཤུ་རྩ་ལྔ་པ་མ། དང་པོའི་གཉིས་པ་ཁ། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡ་སྟེ། རྐང་པ་བཞི་པའི་ལུས་སོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ས། ཨུཥྨཱ་ཎའི་ཐ་མ་ཧ། སུམ་ཅུ་རྩ་གཉིས་པ་ས། ལྔ་པའི་བཞི་པ་བྷ། གཉིས་པའི་གསུམ་པ་ཛ། ལྔ་པའི་བཞི་པ་བྷ། ཨུཥྨཱ་ཎའི་གསུམ་པ་ས། གཞན་ཡང་ཉི་ཤུ་རྩ་བདུན་པ་ར། ཨནྟ་སྠའི་དང་པོ་ཡ་སྟེ། རྐང་པ་ལྔ་པའི་ལུས་སོ། །ཉི་ཤུ་རྩ་གཅིག་པ་པ། ཨནྟསྠའི་གཉིས་པ་ར། དེ་བཞིན་ཡང་ནི་སུམ་ཅུ་པ་ཤ ལྔ་པ་ཡི་ནི་དང་པོ་པ། །ཨུཥྨཱའི་དང་པོ་ཤ དེ་བཞིན་ཡི་གེ་ནི་དྱ་ཉིད་དོ། །བཞི་པའི་དང་པོ་ཏ། ཨུཥྨཱའི་དང་པོ་ཤ དེ་བཞིན་ཉི་ཤུ་རྩ་བརྒྱད་པ་ལ། དང་པོའི་གཉིས་པ་ཁ། གསུམ་པའི་དང་པོ་ཊ། དང་པོའི་གསུམ་པ་ག བཞི་པའི་བཞི་པ་དྷ། ཨནྟསྠའི་གཉིས་པ་ར། གསུམ་པའི་ཡང་ལྔ་པ་ཎ་སྟེ། རྐང་པ་དྲུག་པའི་ལུས་སོ། །ཡི་གེ་བྱ་ནི་དེ་ཉིད་དོ། །དང་པོའི་བཞི་པ་གྷ། དེ་ནས་ཀ་ནས་བགྲངས་པའི་བརྒྱད་པ་ཇ། བཞི་པའི་ལྔ་པ་ན། ལྔ་པའི་ལྔ་པ་མ། དེ་བཞིན་ཉི་ཤུ་རྩ་བདུན་པ་ར། བཞི་པའི་བཞི་པ་དྷ། སླར་ཡང་ཉི་ཤུ་རྩ་བདུན་པ་ར། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡ་སྟེ། རྐང་པ་བདུན་པའི་ལུས་སོ། །ཉི་ཤུ་རྩ་ལྔ་པ་མ། སུམ་ཅུ་རྩ་གསུམ་པ་ཧ། བཞི་པའི་བཞི་པ་དྷ། ལྔ་པའི་ལྔ་པ་མ། བཞི་པའི་ལྔ་པ་ན། དང་པོའི་དང་པོ་ཀ དེ་བཞིན་ཉི་ཤུ་རྩ་བདུན་པར། ཨནྟསྠའི་བཞི་པ་ཝ། དེ་བཞིན་ཉི་ཤུ་རྩ་གཅིག་པ་ཡི་གེ་པ། ཨུཥྨཱའི་གཉིས་པ་ཡི་གེ་ཥ། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡི་གེ་ཡ་སྟེ། དེ་ནི་རྐང་པ་བརྒྱད་པའི་ལུས་བཏུ་བའོ། །ལུས་ཀྱི་ཡི་གེ་བཏུ་བའི་ཚེ། ཨོཾ་བརྒྱད་དང་ཧཱུྃ་ཕཊ་རྣམས་ཀྱི་གོ་ས་གཞག་པར་བྱའོ། །དེ་ལྟར་ལེའུ་ལྔ་པས་རྐང་པ་བརྒྱད་པའི་ལུས་བཏུས་པའི་གསལ་བྱེད་ཀྱི་ཡི་གེ་ལ། དབྱངས་ཀྱི་ཡི་གེ་ཡན་ལག་ཏུ་སྦྱར་བའི་ཕྱིར། ལེའུ་བདུན་པ་བཤད་པར་བྱ་སྟེ། དེ་ནས་ནི། ལེའུ་ལྔ་པས་ལུས་བཏུས་པའི་རྗེས་ལའོ། །དབྱངས་ཡིག་བཅུ་གསུམ་པ་ནི་ཨོ་ཡིན་ལ། ཡི་གེ་གཉིས་པ་ནི་རྩ་སྔགས་ཀྱི་དང་པོ་ན་ཡོད་པའི་ཨོཾ་བཞག་པའི་ལུས་ཀྱི་ཡི་གེ་ན་ནས་བགྲངས་པའི་གཉིས་པ་དག་ནི་མ་ཡིན་ལ། དེ་ལ་སྟེང་དུ་སྔར་གྱི་ཨོ་སྦྱར་བས་མོའོ། །དབྱངས་ཡིག་བཅུ་གཅིག་པས་ཨེ་ལུས་ཀྱི་ཡི་གེ་དྲུག་པ་ཏ་ལ་ཡང་དག་བརྒྱན་པ་ཏེའོ། །དབྱངས་ཀྱི་བཞི་པ་ཨི་ལུས་ཀྱི་ཡི་གེ་བདུན་པ་ཝ་ལ་སྦྱར་བས་ཝིའོ། །དབྱངས་ཡིག་བཅུ་གཅིག་པ་ཨེ། སྒྲུབ་པ་པོ་ཡི་གེ་བཏུ་བ་ལ་མཁས་པས་ལུས་ཀྱི་ཡི་གེ་བརྒྱད་པ་ར་ལ་སྦྱར་བས་རེའོ། །དབྱངས་ཡིག་གཉིས་པ་ཨཱ་ལུས་ཀྱི་ཡི་གེ་དགུ་པ་ཤ་ལ་བརྒྱན་པས་ཤཱ་སྟེ། རྐང་པ་དང་པོའི་སྒྱུར་བྱེད་བསྟན་ཏོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཨཱ་ལུས་ཀྱི་ཡི་གེ་བཅུ་གཉིས་པ་ཧ་ལ་སྦྱར་བས་ཧཱའོ། །དབྱངས་ཡིག་གཉིས་པ་ཨ་ཀ་ནས་བགྲང་པའི་ཡི་གེ་ཉི་ཤུ་རྩ་གཅིག་པ་ལ་སྦྱར་བས་པཱ་རིང་པོར་འགྲོ་ལ། དེ་ལུས་ཀྱི་ཡི་གེ་བཅུ་བཞི་པ་ལ་དང་སྦྱར་བས་ལྤཱོ། །ཀ་ནས་བགྲངས་པའི་ཡི་གེ་ཉི་ཤུ་པ་ན། དབྱངས་ཀྱི་ཡི་གེ་གསུམ་པ་ཨི། ལུས་ཀྱི་ཡི་གེ་བཅོ་ལྔ་པ་གའོ། །སྦྱར་ཞེས་པ་ནི་གའི་འོག་ཏུ་ན་སྦྱར། དེའི་སྟེང་དུ་ཨི་བཞག་པས་གྣིའོ། །དབྱངས་ཡིག་བཅོ་ལྔ་པ་ཨཾ། ལུས་ཀྱི་ཡི་གེ་བཅུ་དྲུག་པ་སའི་སྟེང་དུ་མཛེས་པར་བྱས་པས་སཾ་ངོ༌། དབྱངས་ཡིག་གསུམ་པ་ཨི་ལུས་ཀྱི་ཡི་གེ་བཅུ་བདུན་པ་ན་ལ་སྦྱར་བས་ནིའོ། །ཡང་དབྱངས་ཡིག་གཉིས་པ་ཨཱ་ལུས་ཀྱི་ཡི་གེ་བཅོ་བརྒྱད་པ་བྷ་ལ་སྦྱར་བས་བྷཱ་སྟེ། རྐང་པ་གཉིས་པའི་སྒྱུར་བྱེད་དོ། །དབྱངས་ཡིག་གཉིས་པ་ཨཱ། ལུས་ཀྱི་ཡི་གེ་ཉི་ཤུ་རྩ་གཅིག་པ་ཊ་ལ་སྦྱར་པས་ཊཱའོ། །མ་མོའི་ལྔ་པ་ཨུ། ལུས་ཀྱི་ཡི་གེ་ཉི་ཤུ་གསུམ་པ་ཀ་ལ་སྦྱར་བས་ཀུའོ། །དབྱངས་ཡིག་བཅུ་གསུམ་པ་ཨོ་ལུས་ཀྱི་ཡི་གེ་ཉི་ཤུ་བཞི་པ་ཊ་ལ་སྦྱར་བས་ཊོའོ། །གསལ་བྱེད་ཀྱི་ལྔ་སྟེ་ལྔའི་དང་པོའི་དང་པོ་ཀ་བླངས་ནས་ནི་ལུས་ཀྱི་ཡི་གེ་ཉི་ཤུ་རྩ་ལྔ་པ་ཏའི་འོག་ཏུ་སྦྱར་བས་ཏྐོའོ། །དབྱངས་ཡིག་གཉིས་པ་ཨཱ། ལུས་ཀྱི་ཡི་གེ་ཉི་ཤུ་རྩ་དྲུག་པ་ཊཱ་ལ་སྦྱར་བས་ཊཱའོ། །རྐང་པ་གསུམ་པའི་སྒྱུར་བྱེད་དོ། །ལུས་ཀྱི་ཉི་ཤུ་བརྒྱད་པ་ད་ལ་དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་སྦྱར་བས་དཾ་ངོ༌། །ལུས་ཀྱི་ཡི་གེ་ཉི་ཤུ་དགུ་པ་ཥ་ལ་ཀ་སྡེ་གསུམ་པའི་དང་པོ་ཊ། ཡང་དག་ལྡན་ནི་ཥའི་འོག་ཏུ་སྦྱར་བས་ཥྚའོ། །དེ་ལ་འོག་གི་ཆར་མེའི་ས་བོན་ར་དང་བཅས་པས་ཥྚཱ། དེ་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བས་ཥྚཱའོ། །ལུས་ཀྱི་ཡི་གེ་སུམ་ཅུ་རྩ་གཅིག་པ་ར་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་རཱའོ། །ལུས་ཀྱི་ཡི་གེ་སུམ་ཅུ་སོ་གཉིས་པ་ལ། དབྱངས་ཡིག་བཅུ་གསུམ་པ་ཨོ་དང་ལྡན་པས་ལོའོ། །ལུས་ཀྱི་ཡི་གེ་སུམ་ཅུ་རྩ་གསུམ་པ་ག་ལ་ཉི་མའི་ས་བོན་ར་དང་ཡང་དག་ལྡན་པར་བྱས་པས་གྲའོ། །ཕྱི་མོའི་བཞི་པ་ཨཱི། ལུས་ཀྱི་ཡི་གེ་སུམ་ཅུ་བཞི་པ་བྷ་ལ་ལྡན་པར་བྱས་པས་བྷཱི་སྟེ། དེས་སྒྲུབ་པ་པོའི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །ཕྱི་མོའི་ལྔ་པ་ཨུ། ལུས་ཀྱི་ཡི་གེ་སུམ་ཅུ་བདུན་པ་མ་དང་ལྡན་པས་མུ་སྟེ། དེས་མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན་ནོ། །ལུས་ཀྱི་ཡི་གེ་སུམ་ཅུ་བརྒྱད་པ་ཁ། དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་ཁཱའོ། །དེས་ལྷ་རྣམས་སྒྲུབ་པར་བྱེད་པ་ལ་ཐེ་ཚོམ་མེད་དེ། རྐང་པ་བཞི་པའི་སྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་བཞི་བཅུ་གཉིས་པ་ས་ལ་མེའི་ས་བོན་ར་འོག་ཏུ་སྦྱར་བས་སྲའོ། །ལུས་ཀྱི་བཞི་བཅུ་གསུམ་པ་བྷ་ལ་དབྱངས་ཡིག་ལྔ་པ་ཨུ་དང་སྦྱར་བས་བྷུའོ། །ལུས་ཀྱི་བཞི་བཅུ་ལྔ་པ་བྷ་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ཨཱ་སྦྱར་བས་བྷཱའོ། །དབྱངས་ཀྱི་ལྔ་པ་ཨུ་ལུས་ཀྱི་བཞི་བཅུ་རྩ་དྲུག་པ་ས་ལ་ལྡན་པར་བྱས་པས་སུ་སྟེ། འདིས་དཔའ་བོ་ཐམས་ཅད་རབ་ཏུ་མཆོད་པ་ཡིན་ནོ། །ལུས་ཀྱི་བཞི་བཅུ་རྩ་བདུན་པ་ར་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་རཱ་སྟེ། དེ་རྡོ་རྗེ་སེམས་དཔའ་མཆོག་ཏུ་འདོད། ཅེས་བྱ་སྟེ། རྐང་པ་ལྔའི་སྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་ལྔ་བཅུ་རྩ་གཅིག་པ་ཤ་ལ་དབྱངས་ཡིག་ལྔ་པ་ཨུས་མཛེས་པར་བྱས་པས་ཤུའོ། །ལུས་ཀྱི་ལྔ་བཅུ་རྩ་གཉིས་པ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་པཱ་སྟེ། འདིས་ལྷ་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། ལུས་ཀྱི་ཡི་གེ་ལྔ་བཅུ་རྩ་གསུམ་པ་ཤ་ལ་དབྱངས་ཡིག་བཅུ་སུམ་པ་ཨོ་དང་སྦྱར་བས་ཤོའོ། །ཡི་གེ་རྣམས་ལས་འདི་མཆོག་ཡིན་ཏེ་འདིས་དགྲ་རྣམས་ངེས་པར་གསོད་པར་བྱེད་པ་ཡིན་ནོ། །ལུས་ཀྱི་ཡི་གེ་ལྔ་བཅུ་རྩ་དྲུག་པ་ཤ་ལ་དབྱངས་ཡིག་དྲུག་པ་ཨཱུ་དང་ལྡན་པས་ཤཱུའོ། །ལུས་ཀྱི་ཡི་གེ་ལྔ་བཅུ་རྩ་དགུ་པ་ཊ་ལ། ཨནྟ་སྠའི་བཞི་པ་ཝ་སྦྱར་བས་ཊྭ། དེ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པར་བྱས་པས་ཊྭཱའོ། །དེའི་སྟེང་དུ་དེ་བཞིན་དབྱངས་ཡིག་བཅོ་ལྔ་པ་ཨཾ་སྦྱར་བས་ཊྭཱཾ་སྟེ། དེས་དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་གཅིག་ཉིད་དྷ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་དྷཱ་སྟེ། འདི་ཉིད་ཡི་གེ་མཆོག་ནི་ཡིན་པར་བཤད་དོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་གཉིས་པ་ར་ལ་དབྱངས་ཡིག་གསུམ་པ་ཨི་སྦྱར་བས་རི་སྟེ། འདི་ནི་མཁའ་འགྲོ་མའི་ཡི་གེ་མཆོག་ཏུ་འདོད། ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་གསུམ་པ་ཎ་ལ་དབྱངས་ཡིག་བཅུ་གཅིག་པ་ཨེ་དང་ལྡན་པས་ཎེའོ། །འདི་ནི་མཛེས་པའི་ཡི་གེ་ཀུན་མཆོག་ཡིན་ཏེ་རྐང་པ་དྲུག་པའི་སྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་བཞི་པ་བྱ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པས་བྱཱའོ། །འདི་ནི་གྲུབ་བྱེད་ཐར་པའི་སྤྱན་ཆེན་པོ་ཞེས་བྱའོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་ལྔ་པ་གྷ་ལ་རྡོ་རྗེ་སེམས་དཔས་ཕྱེ་བ་ར་སྦྱར་བས་གྷྲའོ། །ལུས་ཀྱིཡི་གེ་དྲུག་ཅུ་རྩ་དྲུག་པ་ཛ་ལ་དབྱངས་ཡིག་གསུམ་པ་ཨི་སྦྱར་བས་ཛིའོ། །དེ་ནི་དངོས་གྲུབ་ཀུན་སྦྱིན་པར་བྱེད་པ་ཡིན་པར་བདེ་བར་གཤེགས་པས་གསུངས་སོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་བདུན་པ་ན་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ཨཱ་དང་ལྡན་པས་ནཱ་སྟེ། འདིས་རྣལ་འབྱོར་མ་ཡི་དགོས་པ་ཀུན་འདི་ཉིད་བྱེད་པར་ཐེ་ཚོམ་མེད་དོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་བརྒྱད་པ་མ་ལ་ཡི་གེ་བ་འོག་གི་ཆར་སྦྱར་བས་མྦའོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་གཅིག་པ་ར་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བས་རཱའོ། །དེའི་ཆེ་བ་གོ་བར་ཟད་དོ། །དེ་ནི་རྐང་པ་བདུན་པའི་སྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་བཞི་པ་ཧ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་ཧཱའོ། །དེ་ནི་གདོད་ནས་གྲུབ་པའི་ཡི་གེ་ཡིན་པར་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་སོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་ལྔ་པ་དྷ་ལ་མ་མོའི་དྲུག་པ་ཨཱུ་དང་ལྡན་པ་ལ་དྷཱུའོ། །དེའི་ཆེ་བ་ནི་གོ་བར་ཟད་དོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་དྲུག་པ་མ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་ཞིང་དེའི་འོག་ཏུ་མེའི་ས་བོན་ར་དང་ལྡན་པ་ལ་ཡི་གེ་བ་དང་སྦྱར་བར་བྱ་སྟེ། དོན་ལ་མ་ལ་འོག་ཏུ་བ་སྦྱར་བ་ལ་ར་སྟ་བཏགས། དེའི་ཞབས་སུ་འ་སྦྱར་བས་མྦཱའོ། །དེའི་ཆེ་བ་ནི་དེ་ལས་ཡི་གེ་གཞན་དག་མཛེས་པ་ཡོད་པ་མ་ཡིན་ནོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་པ་ན་ལ་དེའི་འོག་ཏུ་དྷ་དང་སྦྱར་བས་ནྡྷའོ། །དེ་ནི་མཁའ་འགྲོ་མའི་མཛེས་པར་འདོད་དོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་བརྒྱད་པ་ཀ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་ཀཱའོ། །དེ་ནི་འབྲས་བུའི་རྒྱུའི་མཆོག་ཡིན་པར་འདོད་དོ། །ལུས་ཀྱི་ཡི་གེ་བརྒྱད་ཅུ་རྩ་གཅིག་པ་པ་ལ་དབྱངས་ཡིག་བཞི་པའི་མཐའ་ཨུའི་དབྱེ་བས་པུའོ། །དེའི་ཆེ་བ་ནི་གདོད་ནས་དངོས་གྲུབ་ཐམས་ཅད་གྲུབ་པར་བྱེད་པ་འདི་ཡིན་ཏེ། དངོས་གྲུབ་ཀུན་འགྲུབ་པར་བྱེད་པ་ལ་འདི་འཇུག་པར་བྱེད་པ་ཡིན་ནོ། །ལུས་ཀྱི་ཡི་གེ་བརྒྱད་ཅུ་རྩ་གཉིས་པ་ཥ་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བས་ཥཱའོ། །དེ་ནི་རྐང་པ་བརྒྱད་པའི་སྒྱུར་བྱེད་དོ། །དེ་ལྟ་བུའི་རྩ་བའི་སྔགས་དེའི་ཆེ་བ་ནི། འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་གསང་སྔགས་སུ་སྒྲུབ་པ་པོ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟ་བུའི་སྔགས་དེ་ནི་དངོས་གྲུབ་གཉིས་པོ་ཀུན་གྱི་གནས་ཏེ་རྒྱུ་ཡིན་ཞིང༌། གཞན་ཡང་འདིས་མཁའ་འགྲོ་མའི་སྙིང་འཇོམས་ཤིང་འགུགས་པར་བྱེད་པ་ཡང་ཡིན་ལ། དེ་ཡང་གང་གི་སྔགས་ཡིན་ཞེ་ན། དཔལ་ལྡན་ཁྲག་འཐུང་གི་ལྷའི་རྩ་བའི་སྔགས་རིམ་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཀློག་པ་ཙམ་གྱིས་དངོས་གྲུབ་གཉིས་འགྲུབ་ཅིང་དོན་ཡོད་པ་ཡིན་ནོ། །དེ་ཡང་ཨོཾ་ནི་རྐང་པ་བརྒྱད་པོ་ཐམས་ཅད་ཀྱི་དང་པོར་སྦྱར་བར་བྱ་ཞིང༌། ཧཱུྃ་གཉིས་པ་དང་ཕཊ་ནི་རྐང་པ་བརྒྱད་པོ་ཀུན་གྱི་མཐར་སྦྱར་རོ། །དེ་ལྟ་བུའི་སྔགས་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཏེ། འདིས་དངོས་གྲུབ་སྒྲུབ་པ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་བཏུས་པའི་སྔགས་དངོས་ནི་འོག་ལེའུ་ཉི་ཤུ་ལྔ་པ་ནས་སྟོན་པ་ཡིན་ལ། ལེའུའི་མཚན་ལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་སྤྱིའི་མཚན་དེ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་རྩ་བའི་སྔགས་ཀྱི་ཡན་ལག་བཏུ་བའི་ཆོ་གའི་ལེའུ་སྟེ། བདུན་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས་ལེའུ་བདུན་པའི་བཤད་པའོ།།  །།དེ་ལྟར་ལུས་དང་ཡན་ལག་བཏུ་བ་གཉིས་ཀྱིས་རྐང་པ་བརྒྱད་པའི་སྔགས་བཏུས་པའི་རྗེས་ལ་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་རྩ་སྔགས་ཕྱོགས་གཅིག་ཏུ་མཎྜལ་ལ་དགོད་པར་བྱ་སྟེ། དེ་ཡང་ཀ་ར་ཀ་ར་ལ་སོགས་པ་བཏུ་བ་ལོ་ཆུང་གི་དཔེ་ལ་ཁོང་ཉིད་ཀྱིས་བཅུག་ནས་ཡོད་དེ། དེ་ནི་རྒྱ་གར་གྱི་རྒྱ་དཔེ་ཐམས་ཅད་ལ་རྩ་རྒྱུད་ལ་འདི་ན་མེད་གསུང༌། དེའི་བཏུ་བ་ནི་རྡོ་རྗེ་མཁའ་འགྲོ་དང་ངེས་བརྗོད་བླ་མ་གཉིས་ནས་བཏུ་བ་བཤད་པ་ནི་བཤད་རྒྱུད་ཉིད་དུ་ཤེས་པར་བྱའོ། །སྔགས་དངོས་ནི་ཀ་ར་ཀ་ར་ཅེས་པ་ནས་ཕཊ་ཕཊ་ཞེས་པའི་བར་ཏེ། འདི་རྣམས་མཎྜ་ལ་བྲི་བ་རྫོགས་པ་དང༌། སྔགས་དེ་རྣམས་ལྷའི་རང་བཞིན་དུ་མོས་པ་བྱས་ནས། མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ལྟ་བུའི་དཔའ་བོ་རྣམས་ཀྱི་རྩ་བའི་སྔགས་ཀྱི་ཆེ་བ་བསྟན་པ་ནི་རིག་པའི་རྒྱལ་པོ་དཔའ་བོ་རྣམས་ཀྱི་རྩ་བའི་གསང་སྔགས་ཏེ། འདི་ནི་སྔགས་གཞན་ལྟར་སྒྲུབ་པ་ལ་མི་ལྟོས་པར་བཟླས་པ་ཙམ་གྱིས་འགྲུབ་པས་ན་བསྒྲུབ་པ་ཐམས་ཅད་རྣམས་སྤངས་པའོ། །ཞེས་བྱའོ། །རྩ་བའི་སྔགས་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པ་ནི་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་ཡོད་པ་མིན་ཏེ། དེ་ལྟ་བུའི་དཔལ་ལྡན་ཁྲག་འཐུང་གི་རྩ་བའི་སྔགས་ཤེས་ན། རྒྱུད་སྡེ་གཞན་ནས་བཤད་པའི་སྔགས་ཐམས་ཅད་སྙིང་པོ་མེད་དེ། དཔེ་རྩྭ་དང་མཚུངས་པའི་ཕྱིར་རོ། །ལེའུའི་མཚན་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་བྱེ་བྲག་ཏུ་རྩ་བའི་སྔགས་ཀྱི་ལུས་ཀྱི་ཡི་གེ་བཏུ་བའི་ལེའུ་སྟེ་ལྔ་པའོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས་ལེའུ་ལྔ་པའི་བཤད་པའོ།།  །།དེ་ལྟར་རྩ་བའི་སྔགས་བཏུ་བ་བཤད་ནས། དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ལེའུ་དྲུག་པ་དེ་ལས་གཞན་ཡང་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་མིང་ཙམ་དང་དཔའ་བོའི་གོ་ཆ་དྲུག་བཏུ་བ་བསྟན་པའི་ཕྱིར་གཞན་ཡང་ཞེས་པ་ལ་སོགས་པ་སྨོས་ཏེ། གཞན་ཡང་ནི་སྔར་བསྟན་པའི་རྩ་བའི་སྔགས་ལས་གཞན་དུ་གྱུར་པ་ཡི་གེ་ཉི་ཤུ་གཉིས་པ། བཅོམ་ལྡན་འདས་ཀྱི་སྙིང་པོ་དང༌། ཡི་གེ་བདུན་པ་ཉེ་བའི་སྙིང་པོ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱི་སྙིང་པོ་ནི་འོག་ལེའུ་བརྒྱད་པ་ནས་སྟོན་ལ་ཉེ་བའི་སྙིང་པོ་རང་ནི་འོག་ལེའུ་བཅུ་གཉིས་པ་ནས་སྟོན་ཏོ། །འོ་ན་ཡབ་ཀྱི་སྙིང་པོ་ཉིད་གང་ཡིན་ཞེ་ན། དེ་ནས་ཞེས་པ་ལ་སོགས་པ་ལེའུ་བརྒྱད་པ་སྨོས་ཏེ། དེ་ནས་རྩ་བའི་སྔགས་བསྟན་པའི་རྗེས་ལའོ། །དངོས་གྲུབ་ཐམས་ཅད་བདག་ཉིད་ཀྱི་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲྭ་བའི་སྡོམ་པ་འཁོར་ལོ་བདེ་མཆོག་གི་སྙིང་པོ་ཡིན་པར་འདོད་དོ། །དེ་ཉིད་གང་ཞེ་ན་ཨོཾ་ཞེས་པ་ལ་སོགས་པ་སྟེ། སྔགས་མས་ཀྱིས་བཟློག་ནས་བསྟན་པ་ནི་ཤེས་རབ་ལ་རློམ་པ་བྱེད་པ་དག་གླེགས་བམ་མཐོང་བས་ཤེས་པར་འདོད་ཅིང་བླ་མའི་མན་ངག་མེད་པར་རང་དགར་འཇུག་པ་དགག་པའི་དོན་དུའོ། །སྙིང་པོའི་སྔགས་ཀྱི་ཆེ་བ་བསྟན་པ་ནི། རིག་པའི་རྒྱལ་པོ་བཅོམ་ལྡན་འདས་བདེ་མཆོག་གི་སྙིང་པོ་འདི་རྒྱུད་གཞན་དུ་སྔར་མ་བྱུང་ཞིང་ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་མའི་སྙིང་པོ་བསྟན་པ་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ལ་སོགས་པའོ། །དེའི་ཆེ་བ་ནི་མཁའ་འགྲོ་མ་རྡོ་རྗེ་ཕག་མོའི་སྙིང་པོའི་རིག་པ་ཆེན་པོ་འདི་ཡང་རྒྱུད་སྡེ་གཞན་དུ་སྔར་མ་བྱུང་ལ་ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་འོག་ལེའུ་བཅུ་གཉིས་པ་ནས་འབྱུང་བའི་བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོ་དང་ལེའུ་བཞི་བཅུ་རྩ་བརྒྱད་པ་ནས་འབྱུང་བའི་བཅོམ་ལྡན་འདས་མའི་ཉེ་བའི་སྙིང་པོ་ཡང་འདིར་ཕྱོགས་གཅིག་ཏུ་དགོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གོ་ཆ་བཏུ་བ་ནི་ལེའུ་དྲུག་པ་ལས། ཡ་ཚོགས་བརྒྱད་པའི་ས་བོན་དང༌། །ཞེས་པ་ཡ་ཚོགས་ནི་ཚིག་སྡེབ་སྦྱོར་གྱི་ངོར་བྱས་ནས་བསྟན་པ་ཡིན་ལ། བརྒྱད་པའི་ས་བོན་ནི་སྡེ་ཚན་བརྒྱད་པའི་ས་བོན་ཧའོ། །ཡང་ན་ཡ་ཚོགས་བརྒྱད་པའི་ས་བོན་ཟེར་ཡང་མཐར་གནས་ཀྱི་ཡི་གེ་བཞི། དྲོ་བའི་ཡི་གེ་བཞི་སྟེ་བརྒྱད་ཀྱི་མཐའ་མ་ན་ཡོད་པ་ཧ་ཡིན་ཏེ། དང་པོ་ཧ་བཅུ་གཉིས་བྲིས་ལ་དེ་བཞིན་དུ་གུག་སྐྱེས་བཅུ་གཉིས་ནི་སྤྱིར་དབྱངས་ཡིག་བཅུ་དྲུག་ཡོད་པ་ལ། མ་ནིང་གི་ཡི་གེ་བཞི་བཞག་པའི་ཨཱ་ལི་བཅུ་གཉིས་པོ་ཧ་བཅུ་གཉིས་པོ་ལ་སྦྱར་བ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿཞེས་པར་སྦྱར་རོ། །དེ་ལྟར་སྦྱར་བ་དེས་ཅི་ཞིག་བྱེད་ཅེ་ན། ཡི་གེ་བར་མ་དོར་བྱས་ལ། །ཞེས་པ་ཧ་རིང་པོ་དྲུག་པོ་བོར་ཏེ་ཐུང་ངུ་དྲུག་པོ་ཡན་ལག་དྲུག་ལ་དགོད་དོ། །གང་གི་ཡན་ལག་དྲུག་ལ་དགོད་ཅེ་ན། ཧེ་རུ་ཀ་སྟེ་དཔལ་ཧེ་རུ་ཀའི་ཡན་ལག་དྲུག་ལ་དགོད་དེ། དེ་ལྟར་ན་ཐུང་ངུ་དྲུག་པོ་ཙམ་དགོད་དམ་ཞེ་ན་མ་ཡིན་ཏེ། དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཞེས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཔའ་བོ་དྲུག་པོའི་སྔགས་དང་མཉམ་པར་སྦྱར་ལ་དགོད་དོ། །དེ་ཉིད་གང་ཞེ་ན། རིང་པོ་དྲུག་པོ་ཕྱི་ལ་ཡི་གེ་རེ་རེ་སྟེ་ཐུང་ངུ་དྲུག་པོ་རེ་རེ་དང་ཡང་དག་སྦྱར་ནི། ཐུང་ངུ་དྲུག་པོ་རེ་རེའི་གོང་དུ་དཔའ་བོ་དྲུག་པོ་རེ་རེའི་མཚོན་ཆ་སྦྱར་ཏེ། དེ་ཡང་ཧ་ཐུང་ངུའི་གོང་དུ་ཨོཾ་སྦྱར་བས་ཨོཾ་ཧ། ཧི་ཐུང་ངུའི་གོང་དུ་ན་མ་སྦྱར་བས་ན་མ་ཧི། ཧུ་ཐུང་ངུའི་གོང་དུ་སྭཱ་ཧཱ་སྦྱར་བས་སྭཱ་ཧཱ་ཧུ། ཧེ་ཐུང་ངུའི་གོང་དུ་བོ་ཥ་ཊ་སྦྱར་བས་བོ་ཥ་ཊ་ཧེ། ཧོ་ཐུང་ངུའི་གོང་དུ་ཧཱུྃ་ཧཱུྃ་སྦྱར་བས་ཧཱུྃ་ཧཱུྃ་ཧོ། ཧཾ་གི་གོང་དུ་ཕཊ་སྦྱར་བས་ཕཊ་ཧཾ་ཡང་དག་ལྡན་ཞེས་སྦྱར་རོ། །དེ་ནི་སྒྲུབ་པ་པོས་དཔའ་བོ་དྲུག་པོའི་སྙིང་པོར་ཤེས་པར་བྱའོ། །དྲུག་པོ་དེ་ཧེ་རུ་ཀའི་ཡན་ལག་གང་དང་གང་དུ་དགོད་ཅེ་ན། དང་པོ་སྟེ་ཨོཾ་ཧ། སྙིང་ག་ནི་ཧེ་རུ་ཀའི་སྙིང་གའི་ཟླ་བ་ལ་དགོད་དེ། རྡོ་རྗེ་སེམས་དཔར་མོས་པར་བྱ་བའམ། ཡང་ན་ལྷའི་སྐུ་ཉིད་དུ་དགོད་དོ། །དེ་བཞིན་དུ་གཉིས་པ་ན་མ་ཧི་སྤྱི་བོར་རྣམ་སྣང་དུ་དགོད་པར་ཤེས་པར་བྱའོ། །གསུམ་པ་སྭཱ་ཧཱ་ཧུ་སྤྱི་གཙུག་དག་ཏུ་པདྨ་གར་གྱི་དབང་ཕྱུག་ཏུ་དགོད་དོ། །བཞི་པ་བོ་ཥ་ཊ་ཧེ་གོ་ཆར་གྱུར་པ་དཔལཧེ་རུ་ཀ་ཕྲག་པ་གཉིས་སུ་དགོད། ལྔ་པ་ཧཱུྃ་ཧཱུྃ་ཧོ་མིག་ཏུ་གྱུར་པ་སྟེ་མིག་གཉིས་སུ་རྡོ་རྗེ་ཉི་མ་དགོད། དྲུག་པ་སྟེ་ཕཊ་ཧྃ་མཚོན་ཆ་ནི་དཔུང་པ་གཉིས་བརླ་གཉིས་དཔྲལ་བ་དང་ལྔར་བཀོད་ལ་རྟ་མཆོག་ཏུ་བྱའོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། བྱེ་བྲག་ཏུ་དཔའ་བོ་དྲུག་གི་ཆོ་གའི་སྔགས་བཏུ་བའི་ལེའུའོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས་ལེའུ་དྲུག་པའི་བཤད་པའོ།།  །།དེ་ནས་དཔའ་མོ་དྲུག་གི་གོ་ཆ་བཏུ་བ་ནི་ལེའུ་བརྒྱད་པ་ལས་སྟོན་ཏེ། དེ་ཡང་ཨོཾ་ལ་སོགས་པ་མས་ཀྱིས་བཟློག་པ་དང༌། དེའི་རྩ་བའི་བྃ་ལ་སོགས་པ་དང་རིམ་པ་བཞིན་དུ་སྦྱར་ཏེ། ཨོཾ་བྃ་རྡོ་རྗེ་ཕག་མོའི་ལྟེ་བར་དགོད། ཧྃ་ཡྃ་སྙིང་གར། ཧྲཱི་མྃ་ལྐོག་མར། ཧྲིཾ་ཧྲིཾ་དཔྲལ་བར། ཧཱུྃ་ཧཱུྃ་སྤྱི་བོར། ཕཊ་ཕཊ་ཡན་ལག་ལྔ་ལ་དགོད་དོ། །དེ་དག་ཀྱང་རྣལ་འབྱོར་མ་ནི་དྲུག་ཏུ་གྲགས་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་དྲུག་ཏུ་གྲགས་ཞེས་བྱའོ། །དེ་ལྟར་ལེའུ་བཞི་རིན་ཆེན་བཞི་བསྟན་ནས། ད་ནི་རིན་ཆེན་བཞིའི་ཆེ་བ་བསྟན་པ་ནི། ས་སྟེང་ན་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། ས་སྟེང་སྟེ་ས་འདི་ན་རིན་ཆེན་ནི་རིན་པོ་ཆེ་དང་འདྲ་བར་དངོས་གྲུབ་ཐམས་ཅད་སྒྲུབ་པས་སོ། །བཞི་ནི་བཅོམ་ལྡན་འདས་ཡབ་ཡུམ་གཉིས་ཀྱི་རྩ་བའི་སྔགས་གཉིས། སྙིང་པོ་གཉིས་ཉེ་བའི་སྙིང་པོ་གཉིས་གོ་ཆ་གཉིས་ཏེ་བཞིའོ། །བཞི་པོ་དེ་ནི་ཕྲེང་བའི་སྔགས་ཐམས་ཅད་ཀྱི་ནང་ན་དམ་པའམ་མཆོག་ཡིན་ནོ། །དེ་ཉིད་གང་གི་ཡིན་ཞེ་ན། མཁའ་འགྲོ་མའི་རིག་པ་ཆེ་ནི་བཅོམ་ལྡན་འདས་མའི་ཡིན་ལ། རིག་པའི་རྒྱལ་པོ་ཧེ་རུ་ཀ་ནི་བཅོམ་ལྡན་འདས་ཀྱི་སྔགས་ཡིན་ཞེས་པའི་དོན་ཏོ། །དེ་ལྟར་རིན་ཆེན་བཞི་བྲིས་པའི་རྗེས་ལ་དེ་རྣམས་ལྷའི་རང་བཞིན་དུ་མོས་པ་བྱས་ལ། མཆོད་ཡོན་ལ་སོགས་པའི་མཆོད་པ་བདུན་དབུལ། སྔར་ཚོགས་ཀྱི་འཁོར་ལོ་ལ་ལོངས་མ་སྤྱད་ན་བར་འདིར་ཇི་ལྟ་བ་བཞིན་ལོངས་སྤྱད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ་སྔགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ནི། སློབ་དཔོན་རང་ཉིད་བཅོམ་ལྡན་འདས་ཕྱག་བཅུ་གཉིས་པ་ཡབ་ཡུམ་གྱི་ང་རྒྱལ་གསལ་བར་བྱས་ལ། སློབ་དཔོན་དང་སློབ་མ་གཉིས་ཀས་བླ་མའི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་ལ་ཡབ་ཀྱི་རྩ་བའི་སྔགས་ཚར་གསུམ་གྱིས་བསྐོར་བར་བསམ། སློབ་མ་རྣམས་ཀྱང་ཕྱག་བཅུ་གཉིས་པའི་ང་རྒྱལ་དུ་གསལ་བར་བྱས་པའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ལ། སློབ་དཔོན་གྱི་དཔྲལ་བའི་ཟླ་བའི་སྟེང་དུ་སྔགས་ཀྱི་ཕྲེང་བ་ལས། ཨོཾ་ལས་ཨོཾ་ཆད་པ་ལ་སོགས་པ་སྔགས་ཕྲེང་ཆད་ཅིང༌། སློབ་མའི་དཔྲལ་བའི་ཟླ་བ་ལ་ཐིམ་པར་སློབ་མ་ཐམས་ཅད་ཀྱིས་བསམ་ཞིང་རྩ་བའི་སྔགས་སློབ་དཔོན་གྱི་རྗེས་སུ་བཟླས་པ་ལན་གསུམ་བྱ་སྟེ། དེ་ཡང་ལན་གསུམ་ཀ་ལ་སློབ་དཔོན་གྱི་དཔྲལ་བའི་ཟླ་བའི་སྟེང་གི་ཕྲེང་སྔགས་ཆད་ནས་བྱུང་སྟེ། རང་རང་གི་དཔྲལ་བའི་ཟླ་བའི་སྟེང་གི་སྔགས་ལ་བསྟིམ་ལ་སུམ་བསྲེས་བྱའོ། །དེ་ནས་སློབ་མ་རྣམས་ཀྱིས་རང་རང་གི་དཔྲལ་བའི་ཕྲེང་སྔགས་དཀར་པོ་དེ་ཉིད་ལ་དམིགས་ལ་རྩ་བའི་སྔགས་ལན་གསུམ་མམ་བདུན་བདུན་བཟླས་སོ། །དེ་ནས་ཡང་སློབ་དཔོན་གྱིས་མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ་ལ་ཡབ་ཡུམ་གྱི་སྙིང་པོ་གཉིས་དབྱེར་མེད་ཀྱི་བསྐོར་བར་སློབ་དཔོན་དང་སློབ་མ་ཐམས་ཅད་ཀྱིས་བསམ། སློབ་མ་རྣམས་ཀྱི་མགྲིན་པར་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ཏེ། དེ་ནས་སློབ་དཔོན་གྱི་མགྲིན་པའི་ཨཱཿཆད་པ་དང༌། སྙིང་པོ་ལས་སྙིང་པོའི་སྔགས་ཕྲེང་ཆད་སློབ་མ་རྣམས་ཀྱི་མགྲིན་པའི་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་སློབ་མ་རྣམས་ཀྱིས་བསམ་ཞིང༌། སྙིང་པོའི་རྗེས་ཟློས་ལན་གསུམ་བྱས་ལ་སྙིང་པོ་སུམ་བསྲེས་བྱ། དེ་ནས་སློབ་མ་རྣམས་ཀྱིས་རང་རང་གི་མགྲིན་པའི་སྙིང་པོའི་སྔགས་ཕྲེང་དམར་པོ་དེ་ཉིད་ལ་དམིགས་ལ་སྙིང་པོ་ལན་གསུམ་གསུམ་མམ་ཉི་ཤུ་རྩ་གཅིག་བཟླས་སོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ལ་ཡབ་ཡུམ་གྱི་ཉེ་སྙིང་དབྱེར་མེད་སྔོན་པོས་བསྐོར་བར་བསམས་ལ། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཆད། ཉེ་སྙིང་ལས་ཉེ་སྙིང་ཆད་ཅིང་སློབ་མའི་སྙིང་གའི་ཟླ་བ་ལ་ཐིམ་པར་བསམ་ཞིང་རྗེས་ཟློས་ལན་གསུམ་བྱས་ལ་སུམ་བསྲེས་བྱ། དེ་ནས་སློབ་མ་རྣམས་ཀྱིས་རང་རང་གི་སྙིང་གའི་ཟླ་བའི་སྟེང་གི་སྔགས་ཕྲེང་སྔོན་པོ་ལ་དམིགས་ལ། ཉེ་སྙིང་དབྱེར་མེད་ཉི་ཤུ་རྩ་རེ་རེའམ་བརྒྱ་རྩ་བརྒྱད་བཟླས་སོ། །གོ་ཆའི་རྗེས་གནང་ལ་རང་རང་གི་གནས་སུ་དགོད་མི་དགོས་ཏེ། སློབ་དཔོན་གྱི་རྗེས་སུ་བཟླས་པ་ལན་གསུམ་བྱ་ཞིང་རང་རང་གི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཚུར་གོ་ཆའི་སྔགས་ཞུགས་པར་བསམ་མོ། །དེ་ནས་ཡང་མཆོད་པ་ལྔ་དབུལ། དེ་ནས་སློབ་མ་རྣམས་ཀྱི་ལག་ན་མེ་ཏོག་ཡིན་པ་དེ་སློབ་དཔོན་གྱི་ཕྱག་ཏུ་བླངས་ཏེ། སློབ་མ་རང་རང་གི་མགོ་བོར་རིམ་པ་བཞིན་འཇོག་ཅིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་སྤྱི་བོ་ནས་ཕབ་སྟེ་ལག་པར་འཛིན་དུ་བཅུག་ལ། སློབ་མ་རྣམས་ཀྱིས་ཀྱང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བླ་མའི་རྗེས་སུ་བཟླས་པ་བྱའོ། །དེ་ནས་ལྷའི་འཁོར་ལོ་དང་ཐ་མི་དད་པའི་སྔགས་ཐམས་ཅད་སློབ་མ་རྣམས་ཀྱི་དཔྲལ་བ་ལ་སོགས་པར་རང་རང་གི་གནས་སུ་ཐིམ་པར་བསམ་སྟེ། མཎྜལ་གྱི་སྟེང་གི་སྔགས་སོ་སོ་ལ་ལག་པས་བྱུག་ཅིང་རང་རང་གི་དཔྲལ་བ་ལ་སོགས་པར་བྱུགས་ལ་སྔགས་སོ་སོ་ཚར་རེ་རེ་བཀླག་པར་བྱའོ། །དེ་ནས་མཐར་བདུད་རྩིའི་ཆུས་ཡི་གེ་ཐམས་ཅད་བཀྲུས་ལ་རང་རང་གི་ལུས་ལ་བྱུག་ཅིང་ཁར་ཡང་བཏུང་བར་བྱའོ། །དེ་ནས་འཇིག་རྟེན་ལས་འདས་པའི་གཏོར་མ་གཤེགས་སུ་གསོལ་ལ་རང་རང་གི་ཚོམ་ངམ་སྔགས་ཀྱིས་བསྲུང་བར་བྱ་སྟེ། སློབ་དཔོན་གྱི་སློབ་མ་ཐམས་ཅད་གོ་ཆ་གསུམ་གྱིས་བསྲུང་བར་བྱའོ། །དེ་ནས་ལེའུའི་མཚན་བཤད་པ་ནི། ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་ལེའུ་འདིའི་བྱེ་བྲག་གི་མཚན་ནི་གོ་བཟློག་པའི་སྙིང་པོ་སྟེ། བཅོམ་ལྡན་འདས་ཀྱི་སྙིང་པོ་ཡིན་ལ་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བརྒྱད་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས་ལེའུ་བརྒྱད་པའི་བཤད་པའོ།།  །།ད་ནི་དགུ་པ་སྟོན་པ་ལ་དང་པོ་ལེའུའི་འབྲེལ་ནི། དེ་ལྟར་ལེའུ་བཞིས་སྔགས་བཏུ་བ་བསྟན་པའི་སྒོ་ནས་འབྲས་བུའི་གསང་བ་ལ་འཇུག་པ་བསྟན་ནས། འབྲས་བུའི་གསང་བ་ལ་ལྷག་པར་མོས་པར་བྱ་བའི་དོན་དུ་ལེའུ་དགུ་པས་འབྲས་བུའི་གསང་བ་དངོས་བསྟན། དེ་ལ་མཆོག་དང་ཐུན་མོང་བ་གཉིས་ལས། མཆོག་སྒྲུབ་པ་ལ་འཇུག་པ་ཐུན་མོང་གི་དངོས་གྲུབ་སྟོན། དེ་ལ་ཡང་རིན་ཆེན་བཞི་ལས་སྒྲུབ་པ་ལས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལ་བརྟེན་པའི་ལས་ཚོགས་སྟོན་ཏོ། །ལེའུ་མདོར་བསྟན་པ་དང་རྒྱས་པར་བཤད་པའི་འབྲེལ་ནི། ལེའུ་དང་པོ་ལས། འདོད་པའི་དོན་ཀུན་སྒྲུབ་བྱེད་ལ། །ཞེས་པ་དང༌། སྔགས་བཟླས་པ་དང་བསམ་གཏན་དང༌། །ཞེས་པ་ལ་སོགས་པའི་རྒྱས་པར་བཤད་པ་སྟོན། དེ་ལ་ལེའུ་འདི་ལ་ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་དང་པོར་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་གསུམ་སྨོས་ཏེ། དེ་ནས་ནི་སྔགས་བཏུ་བའི་རྗེས་ལ་བཤད་པའོ། །རྩ་བའི་སྔགས་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཡིན་ལ། དེ་ལ་བསྙེན་པ་འབུམ་སྔོན་དུ་སོང་བས་ལས་ཚོགས་ནི། འོག་ནས་འབྱུང་བའི་ལྷ་ཐམས་ཅད་ཀྱི་སྐྱེ་གནས་དང༌། ཞེས་པ་ནས་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །ཞེས་པའི་བར་གྱིས་ལས་ཚོགས་སུམ་ཅུ་རྩ་བརྒྱད་པོ་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་ནི་རྣམ་པར་བཤད་པར་བྱའོ། །ད་ནི་བཤད་པ་དངོས་ལ་གསུམ་ལ་རྩ་བའི་སྔགས་ཀྱི་ལས་ཀྱི་ཆེ་བ་བསྟན་པ་ནི། འཇིག་རྟེན་གསུམ་ན་ལས་བསྒྲུབ་རྒྱུ་གང་ཞིག་ཡོད་པ་རྣམས་ཐམས་ཅད་རྩ་བའི་སྔགས་ཀྱིས་ཅིག་གིས་ཏེ་མྱུར་དུ་འགྲུབ་པར་འོག་གི་ལས་ཚོགས་རྣམས་ཐམས་ཅད་འགྲུབ་པར་བྱེད་པའོ། །གཉིས་པ་ལས་ཀྱི་ཚོགས་དངོས་ལ་གཉིས་ལས་དང་པོ་འཇིག་རྟེན་པ་གནོན་པ་སྟོན་ཏེ། དེ་ཡང་གང་ཟག་དབང་པོ་རབ་ཀྱིས་བསམ་གཏན་ཙམ་མམ། འབྲིང་གིས་སྔགས་སམ་བསམ་གཏན་གཉིས་སམ། ཐ་མས་འཁྲུལ་འཁོར་དང་གསུམ་མམ། དེ་བས་ཀྱང་ཐ་ཤལ་གྱིས་སྦྱིན་སྲེག་དང་བཞིས་སྒྲུབ་པར་བྱེད་པ་ནི་སྔར་གྱི་ལས་ཐམས་ཅད་ཅེས་པ་ཉིད་གང་ཞེ་ན། ལྷ་ཐམས་ཅད་ནི་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐྱེ་གནས་སྐྲོད་ཅིང་གསོད་པར་བྱེད་པ་དང༌། དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ཐམས་ཅད་ཀྱང་ལྷའམ། རྩ་བའི་སྔགས་འདི་ཡིད་ལ་དྲན་པ་ཙམ་གྱིས་སྐྱེ་གནས་འཕོ་བ་དང་གསོད་པར་བྱེད་དོ། །གཉིས་པ་ལས་ཀྱི་ཚོགས་བྱ་བ་ནི། འཁོར་ལོ་ལ་བརྟེན་པ་དང་འཁོར་ལོ་ལ་མི་བརྟེན་པའི་ལས་ཚོགས་སུམ་ཅུ་རྩ་བདུན་སྟོན་པ་ལས་ཆར་འབེབས་པར་བྱེད་དོ་ཞེས་པའི། དང་པོ་ཆར་དབབ་པ་འདི་ནི་འཁོར་ལོ་ལ་བརྟེན་པའི་ལས་ཚོགས་ཡིན་ཏེ། འདི་ལ་ཡང་རས་རིས་ལ་བརྟེན་པའམ། འཁྲུལ་འཁོར་ལ་བརྟེན་པ་གཉིས་ལས། དང་པོ་རས་རིས་ལ་བརྟེན་པའི་དབང་དུ་བྱས་ན། དང་པོ་དུར་ཁྲོད་ཀྱི་རས་སོར་ཉི་ཤུ་རྩ་བཞི་པའམ། དེ་བས་ཆུང་བ་ལ་པདྨ་འདབ་མ་བརྒྱད་བྲིས་ལ། དེའི་འདབ་མ་བརྒྱད་ལ་ཀླུ་བརྒྱད་པོ་ཁ་དོག་སྔོན་པོར་བྲི་བའམ། ཡང་ན་རིགས་སོ་སོའི་ཁ་དོག་ཅན་མིའི་མགོ་བོ་ལ་སྦྲུལ་མགོ་བདུན་བདུན་ཡོད་པ་ཐལ་མོ་སྙིང་གར་སྦྱར་ཏེ། དབུས་ཀྱི་གཙོ་བོ་ཆུ་ལྷ་ལ་འདུད་པའི་ཚུལ་དུ་བྲི། པདྨའི་དབུས་ཀྱི་ལྟེ་བར་གཙོ་བོ་ཆུ་ལྷ་སྟེ་སྟེང་གི་བྱ་ཁྱུང་ལ་འདུད་པའི་ཚུལ་དུ་བྲི།«་་་་་ཀླུ་བརྒྱད་ཀྱི་མཇུག་མ་དབུས་ཀྱི་ལྟེ་བར་ཆུ་ལྷའི་འོག་ཏུ་ཆུད་པར་བྱས་ཏེ་བྲི། »དེའི་རྔ་མས་ཀླུ་བརྒྱད་པོའི་རྔ་མ་དབུས་སུ་བཅིངས་པར་བྲིས་ལ། དེའི་སྟེང་དུ་རྡོ་རྗེ་བྱ་ཁྱུང་བྲི་བ་ནི། རྡོ་རྗེ་མཁའ་འགྲོ་དང་ངེས་བརྗོད་བླ་མ་ནས་བཤད་པ་གཉིས་ཡོད་པ་ལས་འདིར་རྡོ་རྗེ་མཁའ་འགྲོ་དང་མཐུན་པར་མཛད་དེ། རྩ་བའི་བྱ་ཁྱུང་གི་ཞལ་ནག་པོ་གཡས་དཀར་གཡོན་དམར་བ་རྡོ་རྗེའི་གཤོག་པ་ཅན་ཕྱག་གིས་སྦྲུལ་འཛིན་པ་བྲིས་ལ། ཀླུ་རྣམས་ཀྱི་སྙིང་གར་ཧཱུྃ་ནཾ་ཧཱུྃ་བ་རི་ཤ་ཡ་ཞེས་པ་ལ་སོགས་པས་སྤེལ་བའི་རྩ་བའི་སྔགས་བྲིས་ལ། དེ་ལ་རབ་ཏུ་གནས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེ་ཀླུ་གནས་པའི་ས་རྫིང་བུའམ་ཆུ་མིག་ལ་སོགས་པའི་འགྲམ་དུ་དགྲམ་པའམ། ཡང་ན་བཅོས་མའི་རྫིང་བུ་ལ་སོགས་པ་བྱས་པའི་སར་བཀྲམ་ལ། མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ཏེ། རང་བཅོམ་ལྡན་འདས་ཀྱི་ལྷའི་རྣལ་འབྱོར་རྫོགས་པར་སྒོམ་པ་དང་ལྡན་པས་རྩ་བའི་སྔགས་ཀྱི་གཤམ་ལ་ཧཱུྃ་ནྃ་ཧཱུྃ་ལ་སོགས་པ་བཅུག་སྟེ། འབུམ་ཕྲག་གཅིག་གམ་འབུམ་ཕྲག་བཞི་བཟླས་པའི་བསྙེན་པ་བྱས་ལ། དེ་ནས་ལས་ལ་སྦྱོར་བའི་དུས་སུ་རྩ་བའི་སྔགས་སྤེལ་ཚིག་དང་བཅས་པ་ཁྲི་ཚོ་གཅིག་ལ་སོགས་པ་བཟླས་ན་ཀླུ་ཐམས་ཅད་ཀྱིས་ཆར་འབེབས་པར་བྱེད་དོ། །དེ་དག་གིས་ཀྱང་མ་ཕེབས་ན་སྤེལ་ཚིག་དང་བཅས་པའི་སྔགས་མས་ཀྱིས་བཟློག་ནས་བཟླས་ན་ཆར་འབེབས་པར་བྱེད་དོ། །ཡང་ན་འཁྲུལ་འཁོར་ལ་བརྟེན་ནས་ཆར་པ་འབེབས་ན་རྩ་བའི་སྔགས་བསྙེན་པ་འབུམ་ལ་སོགས་པ་སྔོན་དུ་སོང་ནས། དུར་ཁྲོད་ཀྱི་རས་ལ་སྣག་ཚ་དུག་དང༌། ལན་ཚྭ་དང་སྐེ་ཚེས་བདེ་བ་ཆེན་པོའི་འཁོར་ལོ་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ལྷའི་མཚན་མ་དང་བཅས་པ་བྲིས་ལ། དེའི་ཕྱི་རོལ་དུ་རྡོ་རྗེ་ཁ་དྲུག་པ་བྲིས་ཏེ་དེའི་ལྟེ་བ་ལ་ཨཱ་ལི་ཀཱ་ལི་རྣམས་བྲིས། ར་དྲུག་གི་དབུས་ཀྱི་ར་དྲུག་ལ་དཔའ་བོའི་གོ་ཆ་དྲུག་གི་སྔགས་དགོད། དེའི་ཕྱི་རོལ་དུ་པདྨ་འདབ་མ་བཅུ་དྲུག་པ་བྲིས་ལ། འདབ་མ་རྣམས་ལ་ཡི་གེ་བརྒྱ་པ་དུམ་བུ་བཅུ་དྲུག་ཏུ་བཅད་ལ་དགོད། དེའི་ཕྱི་རོལ་དུ་རྡོ་རྗེ་ཁ་བཞི་པ་བྲིས་ལ། དེ་དག་གི་ཕྱོགས་མཚམས་སུ་སུམྦྷ་ནིའི་སྔགས་བཞི་ཕྱོགས་གཡོན་སྐོར་མཚམས་གཡས་སྐོར་དུ་ཁོར་གཉིས་བཀོད་པས་རྐང་པ་བརྒྱད་དུ་འགྱུར་རོ། །དེའི་ཕྱི་རོལ་དུ་ཆར་དབབ་པའི་དུས་ཡིན་ན། ཀླུ་ནོར་རྒྱས་ཀྱི་བུའམ་རང་བཞིན་སྦྲུལ་ཅིག་གིས་དཀྲི་བ་ནི་རང་གི་སྐེ་ལ་ལན་གསུམ་མཇུག་མ་གཅུས་ལ་མགོ་བོ་དང་མདུད་པ་བྱའོ། །ཆར་དབབ་པ་མ་གཏོགས་པ་གཞན་དུ་ནི་རྡོ་རྗེ་ཕྲེང་བས་བསྐོར་རོ། །དེ་ལྟར་བྲིས་པའི་རྗེས་ལ་རབ་གནས་བྱ་བ་ནི་འཁོར་ལོའི་སྤྱིའི་རབ་ཏུ་གནས་པའི་ཆོ་གས་བྱེད་པ་ཡིན་ཏེ་དེ་ཡང་མཆོད་པའང་ལྔ་ཚར་གཉིས་བཤམ། གཏོར་མ་གཉིས་བཤམ། དེ་ནས་སྒྲུབ་པ་པོ་བཅོམ་ལྡན་འདས་ཕྱག་བཅུ་གཉིས་པའི་ལྷའི་རྣལ་འབྱོར་བྱས་ཏེ་བསྒོམ་ཞིང་བཟླས་པ་བྱས་ལ། དེ་ནས་འཁྲུལ་འཁོར་མདུན་ན་ཡོད་པ་དེ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྶརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པར་བསམ། དེ་ནས་སྟོང་པའི་ངང་ལས་སྐད་ཅིག་གིས་འཁྲུལ་འཁོར་བྲིས་པ་ཇི་ལྟ་བ་བཞིན་བསྐྱེད་ལ། འཁྲུལ་འཁོར་གྱི་ཡི་གེ་དང་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་བཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བཀུག་ལ་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བསྟིམ། དེ་ནས་སངས་རྒྱས་ལ་མཆོད་པ་ལྔ་ཚར་གཅིག་བྱ་དམ་ཚིག་ཅན་ལ་གཏོར་མ་ཅིག་བཏང༌། དེ་ནས་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བཟླས་པས་བརྟན་པར་བྱ། དེ་ནས་ཡང་མཆོད་པ་ལྔ་ཚར་གཅིག་བྱ། ཡང་དམ་ཚིག་ཅན་ལ་གཏོར་མ་ཅིག་བྱིན་ལ། དེ་ནས་ལག་པ་གཡོན་པས་འཁྲུལ་འཁོར་ལ་རེག་པའམ་རྡོ་རྗེ་གཟུངས་ཐག་དང་བཅས་པས་རེག་ལ་འཁྲུལ་འཁོར་ལ་བཀོད་པའི་སྔགས་རྣམས་དང༌། ཨཱ་ལི་ཀཱ་ལི་རྣམས་ཉི་ཤུ་རྩ་རེ་རེ་བརྗོད་ལ་ཡང་ཡི་གེ་བརྒྱ་པས་ཀྱང་བརྟན་པར་བྱའོ། །དེ་ནས་ཀླུ་གནས་པའི་ས་འགའ་ནས་ས་ནག་པོ་བླངས་ལ། ཀླུ་ནོར་རྒྱས་ཀྱི་བུའི་གཟུགས་བརྙན་སྟོད་མི་ལ་སྦྲུལ་གྱི་གདེངས་ཀ་ཅན་སྨད་སྦྲུལ་དུ་ཡོད་པ་མཐོ་གང་བ་ཅིག་བྱས་ལ། དེའི་སྙིང་གར་སྔར་བྲིས་པའི་འཁྲུལ་འཁོར་ལ་ཀླུ་ནོར་རྒྱས་ཀྱི་བུའི་ཤེས་པ་དགུག་གཞུག་བྱས་པ་དེ་བཅུག་ལ། ཁམ་ཕོར་གསར་པ་སོ་མ་བཏང་བ་གཉིས་ཁ་སྦྱར་བའི་ནང་དུ་བཞག་སྟེ། ཁམ་ཕོར་གོང་མ་ལ་བུ་ག་ཆུང་ངུ་ཅིག་ཡོད་པར་བྱས་ལ། ཁམ་ཕོར་ལ་སྐུད་པ་སྔོན་པོ་བཅིངས་ལ། མདུན་གྱི་མཎྜལ་གྱི་སྟེང་དུ་མན་འཛི་ལ་སོགས་པའི་སྟེགས་ལ་བཞག ཁམ་ཕོར་དེའི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པ་ཅིག་འོ་མ་དང་རྩི་སྨན་གྱིས་བཀང་བ་ཅིག་གི་ཞབས་སུ་འོ་མ་འཛག་པའི་བུ་ག་ཆུང་ངུ་ཅིག་བཏོད་ལ། བུ་ག་དེར་རྩྭ་ཀུ་ཤ་ཅིག་བཅུག་སྟེ། དེ་ལ་འཁྲིལ་བའི་འོ་མ་ཁམ་ཕོར་སྟེང་མའི་བུ་ག་ནས་འཛག་པ་དེ་ཀླུ་ནོར་རྒྱས་ཀྱི་བུའི་སྤྱི་བོའི་སྟེང་དུ་འབབ་པར་བྱས་ལ། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ཏེ། སྒྲུབ་པ་པོས་བཅོམ་ལྡན་འདས་ཀྱི་ལྷའི་རྣལ་འབྱོར་རྫོགས་པར་བྱས་ནས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། དུར་ཁྲོད་ཀྱི་འཇིག་རྟེན་པ་དང་ཀླུ་རྣམས་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བཟླས་པ་བྱེད་པའི་ཚེ་རྩ་སྔགས་ཀྱི་ཞབས་ལ་ཧཱུྃ་ནཾ་ཧཱུྃ་བ་རི་ཤ་ཡ་ཞེས་པ་སྤེལ་ཚིག་དང་བཅས་པ་ཁྲི་བཟླས་ན། ཀླུ་རྣམས་ཀྱིས་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་འགྱུར་རོ། །དེས་ཀྱང་གལ་ཏེ་ཆར་མི་འབེབས་ན་ཁམ་ཕོར་ཁ་སྦྱར་དེ་དུར་ཁྲོད་དུ་མནན་པ་བྱའོ། །ཡང་ན་ཀླུའི་གཟུགས་བརྙན་དེ་མཚོན་རྣོན་པོས་གཏུབས་ལ་ཆུ་བོ་ཆེན་པོ་ལ་དོར་ན་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་འགྱུར་རོ། །གལ་ཏེ་ཆར་ཆེས་པ་གཅོད་པར་འདོད་ན་སྤྲིན་རྣམས་འཐོར་བར་བྱེད་པ་དང༌། ཞེས་པ་ནི་བསྙེན་པ་སྔོན་དུ་སོང་བས་དུར་ཁྲོད་ཀྱི་ཐལ་བ་ལ་རྩ་བའི་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ཏེ་སྤྲིན་གྱི་ཕྱོགས་སུ་གཏོར་ན་སྤྲིན་ཐམས་ཅད་འཐོར་བར་འགྱུར་རོ། །ཟློག་པར་བྱེད་དོ། །ཞེས་པ་ནི་ཆར་འཆད་པར་འདོད་ན་གཟུགས་བརྙན་དེ་དུར་ཁྲོད་ནས་བཏོན་ལ་འོ་མས་བཀྲུ་ཞིང་ཆར་བཟློག་པའི་སྔགས་སྤེལ་ཚིག་དང་བཅས་པ་བཟླས་པས་ཆར་འཆད་པར་འགྱུར་རོ། །བརྒྱ་ལམ་ན་འཁྲུལ་འཁོར་དེ་ཆུ་བོར་དོར་བས་གཟུགས་བརྙན་མེད་ན་ཡང་སྔ་མ་ལྟ་བུའི་འཁྲུལ་འཁོར་ཞིག་བརྩམས་ལ་དེ་འོ་མས་བཀྲུ་ཞིང་རྩ་བའི་སྔགས་ཀྱི་ཞབས་སུ་བ་རི་ཤ་ནི་བ་ར་ཡཱཏ་ཅེས་བྱ་བ་ལ་སོགས་པ་དྲག་ཏུ་བཟླས་ན་ཆར་བཟློག་པར་འགྱུར་རོ། །རྒྱ་མཚོ་སྐེམས་པར་བྱེད་དོ། །ཞེས་པ་ནི་སྔ་མ་བཞིན་བསྙེན་པ་སྔོན་དུ་སོང་བས་རྩ་བའི་སྔགས་ཀྱིས་འཁོར་ལོ་སྔ་མ་དེ་གྱོ་མོ་ལ་བྲིས་ལ་རབ་གནས་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་བྱས་ནས་དེ་དུམ་བུར་གཅག་ཅིང་རྒྱ་མཚོའི་ནང་དུ་དོར་ཏེ་རྩ་བའི་སྔགས་ཀྱི་ཞབས་སུ་ས་མུ་དྲ་སོ་པ་ཡཏ་ཅེས་བྱ་བ་ལ་སོགས་པ་སྤེལ་ན་རྒྱ་མཚོ་སྐེམ་པར་འགྱུར་རོ། །ཆུ་བོ་རྒྱུན་ཕྱོགས་ལས་བཟློག་པ་ནི་རྩ་བའི་སྔགས་ལ་བསྙེན་པ་སྔོན་དུ་སོང་བས་རྡོ་ཁབ་ལེན་སྣ་བདུན་ལས་གང་ཡང་རུང་བ་ཅིག་བླངས་ལ། དེ་བཞུ་བའི་ལྕགས་ལས་བཟོ་བོས་ཁ་ཊྭཱཾ་ག་རྩེ་གསུམ་པ་ཅིག་བྱས་ཏེ། དེའི་མགོ་བོའི་མིའི་དཔྲལ་བར་འཁོར་ལོ་སྔ་མ་བཞིན་གཟོང་རིས་བྱས་ལ། རབ་གནས་ལ་སོགས་པ་སྔ་མ་བཞིན་བྱས་ཏེ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་རྩ་བའི་སྔགས་ཀྱི་ཞབས་སུ་ནི་དེ་ནི་བ་ར་ཡཱ་ཏ་ཞེས་བྱ་བའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཤིང་ཁ་ཊྭཱཾ་གའི་རྩེ་མོ་ཐུར་དུ་བཟློག་ལ་ཆུ་བོ་ལ་བསྣུན་ན་ཆུ་བོ་གྱེན་ལ་བཟློག་སྟེ། འབབ་པར་འགྱུར་རོ། །དབང་པོ་ཟློག་པར་བྱེད་དོ། །ཞེས་པ་དབང་པོ་ནི་ཐོག་ཡིན་ཏེ། དེ་བཟློག་པར་འདོད་ན་བསྙེན་པ་སྔོན་དུ་སོང་བས་འཁོར་ལོ་སྔ་མ་དེ་ཉིད་བྲིས་ཏེ་རབ་གནས་བྱས་ནས་ལུས་ལ་བཏགས་པས་སམ། ཡང་ན་ལག་པ་གཡོན་པ་ལ་འཁོར་ལོ་ཇི་ལྟ་བ་བཞིན་བྲིས་ལ། དེ་ལ་སྔགས་བཀོད་ཅིང་བསམས་ནས་ཨིནྡྲཱ་ཡ་ནི་བ་ར་ཡཱཏ་ཅེས་བྱ་བ་སྤེལ་ཚིག་དང་བཅས་པའི་རྩ་སྔགས་ཟློས་བཞིན་དུ་ལག་པ་ལ་བཀོད་ཅིང་བསམ་པའི་སྔགས་ནམ་མཁའ་ལ་བསྟན་ན་ཐོག་མི་འབབ་བོ། །གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་ནས་ཞེས་པ་ནི། བསྐལ་པ་རྫོགས་ལྡན་གྱི་དུས་ལ་དགོངས་པ་ཡིན་ལ་རྩོད་པའི་དུས་སུ་འབུམ་ཕྲག་བཞི་བསྙེན་པ་བྱས་ཏེ། དེ་ནས་ལག་པ་གཡོན་པ་ལ་འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། རབ་གནས་བྱས་ཏེ་ས་ལ་བརྡབས་ན་ས་ཐམས་ཅད་གཡོ་བར་བྱེད་དོ། །ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་འགྲོ་བ་ནི་བསྙེན་པ་སྔོན་དུ་སོང་བས་སྔར་གྱི་འཁོར་ལོ་དེ་ལུས་ལ་བཏགས་ཏེ་ཤིང་གི་རྩེ་མོ་ལ་འཛེགས་ལ། ཤིང་གིས་འཕུར་བའི་མཇུག་སྟེགས་འཕུར་བའི་ཚུལ་དུ་བྱས་ན་གང་དུ་འདོད་པའི་ཡུལ་དེར་འགྲོ་བར་བྱེད་དོ། །ཡང་ན་བ་རུ་རའི་ཤིང་ལ་མཆིལ་ལྷྭམ་བྱས་ལ། ཏ་ལའི་ལོ་མ་ལ་འཁོར་ལོ་བྲིས་ནས་སྔགས་བཟླས་པ་ལ་སོགས་པས་ཇི་ལྟ་བ་བཞིན་དུ་སྒྲུབ་པ་དེ་ལྷྭམ་གྱི་ཞབས་སུ་བཅུག་ལ་དེ་གྱོན་བཞིན་དུ་ཤིང་ལ་འཛེགས་ལ་རང་གར་འགྲོ་བར་འདོད་པ་དེར་ནམ་མཁའ་ལ་འཕུར་ནས་འགྲོ་བར་བྱེད་དོ། །སྔགས་ཐམས་ཅད་འཕྲོག་པར་བྱེད་པ་ནི་ཡང་འཁོར་ལོ་དེ་ཉིད་ལ། མནྟྲ་ཨ་པ་ར་ཡཱཏ་ཅེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ཏེ། རབ་གནས་བྱས་ནས་ལུས་ལ་བཏགས་ན་གཞན་གྱི་བྱས་པའི་སྔགས་ཐམས་ཅད་ཕྱིར་ཟློག་པར་བྱེད་ཅིང་འཕྲོག་པར་ཡང་བྱེད་དོ། །ཡང་འཁོར་ལོ་དང་ལྡན་པས་རྩ་བའི་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན་གཞན་གྱིས་ས་གཏེར་དང་རལ་གྲི་ལ་སོགས་པ་སྒྲུབ་པའི་དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་ནི། ཕ་རོལ་པོས་མི་འཐོབ་པར་བྱེད་དོ་གསུང༌། ཁྲག་འདྲེན་པར་བྱེད་པ་ནི་བསྙེན་པ་སྔོན་དུ་སོང་བས་བྲི་བའི་གཞི་དཔའ་བོའི་ཐོད་པ་ལ་ཁྲག་ཆེན་དང༌། རང་གི་མཛུབ་མོ་གཡོན་པའི་ཁྲག་གིས་འཁོར་ལོ་ཇི་ལྟ་བ་བཞིན་བྲིས་ཏེ་རབ་གནས་བྱས་ལ། ལས་ལ་སྦྱོར་བའི་དུས་སུ་ཆེ་གེ་མོ་རུ་དྷི་ཨཱ་ཀརྵ་ཡ་ཛཿཞེས་པའི་སྤེལ་ཚིག་དང་བཅས་པ་བཟླས་པས་མདུན་གྱི་ཐོད་པའི་དྲུང་དུ་བསྒྲུབ་བྱ་བཀུག་ལ་རང་གི་མཛུབ་མོ་གཡས་པས་འཁོར་ལོ་དེ་མཉེ་ཞིང་བསྒྲུབ་བྱ་སློབ་དཔོན་ལ་སྨོད་པ་ལ་སོགས་པའི་ལས་བྱེད་པ་དེའི་ཁྲག་ཁ་ལ་སོགས་པ་བུ་ག་དགུ་ནས་ཐོད་པའི་ནང་དུ་དྲངས་པས་ཐོད་པ་དེ་ཁྲག་གིས་གང་བར་བསམས་ན་བསྒྲུབ་བྱ་དེ་ཁྲག་ཟད་ནས་འཆི་བར་འགྱུར་ཏེ་དེ་ནི་ཚར་བཅད་པའོ། །དེ་ཉིད་སླར་རྗེས་སུ་གཟུང་བ་ནི་སླར་ཡང་གཏོང་བར་བྱེད་དོ་ཞེས་པ་ནི་གཡོན་པའི་སྲིན་ལག་གིས་འཁོར་ལོ་དེ་མཉེ་ཞིང༌། ཨ་མུ་ཀ་ཤྱ་རཱ་ག་ཏ་གྷ་ཚནྟུ་ཞེས་པའི་སྤེལ་ཚིག་དང་བཅས་པ་བཟླ་ཞིང༌། ཁོའི་བུ་ག་དགུ་ནས་ཁྲག་སླར་ཁོ་རང་གི་ལུས་ལ་འཇུག་པར་བསམས་ན་སླར་སོས་པར་འགྱུར་རོ། །གཟུགས་བརྒྱ་ཕྲག་སྟོང་དུ་མར་བྱེད་པ་ནི་བསྙེན་པ་སྔོན་དུ་སོང་བས་ཁྱི་ལ་སོགས་པའི་ཐོད་པ་སྣ་ཚོགས་པ་སོགས་ཏེ། དེ་དག་གི་ནང་དུ་དུར་ཁྲོད་ཀྱི་ས་བླུགས་ཏེ་ཆུས་བྲན་ལ་ཡུངས་ཀར་སོ་སོར་བསྐྱེད་ནས། དེ་སྨིན་པ་དང་ས་ལ་མ་ལྷུང་བར་བར་སྣང་ནས་བླངས་ལ་དེ་དག་མ་འདྲེས་པར་ཐུམ་པོ་སོ་སོར་གཏུམས་ཏེ་ཇི་ལྟ་བ་བཞིན་དུ་སྔགས་བཟླས་ལ། རང་ངམ་གཞན་སུ་ཡང་རུང་བའི་ལུས་ལ་བཏགས་ན་ཁྱི་ལ་སོགས་དེ་དག་གི་གཟུགས་སུ་འགྱུར་རོ། །འདོད་ན་སྣང་བར་བྱེད་ཅིང་རྫས་དེ་ཉིད་བསམ་པའི་བྱེ་བྲག་གིས་གང་འདོད་པར་འགྲུབ་པ་སྟེ། རང་ཉིད་འདོད་ན་གང་འདོད་པ་དེའི་གཟུགས་སུ་སྣང་བར་བྱེད་ཅིང༌། ཡང་བསམ་པས་མི་འདོད་ན་སྔར་གྱི་ལུས་དེ་མི་སྣང་བར་བྱེད་དོ། །ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་པ་ནི། ཡང་བསྙེན་པ་སྔོན་དུ་སོང་བས་འཁོར་ལོ་དེ་ཉིད་རྫས་རབ་ལ་བྲིས་ནས་རབ་གནས་བྱས་ཏེ། ལས་སྦྱོར་དུས་སུ་ཕྱེ་མར་བཅག་ནས་ཁང་པ་བཟང་པོའམ། ཤིང་གི་རྩེ་མོ་ལ་བསྣུན་ན་གང་ལ་བསྣན་པ་དེ་ཕྱེ་མར་བྱེད་དོ། །དུག་བདུད་རྩིར་བྱེད་པ་ནི་འཁོར་ལོ་དེ་ཉིད་ལག་པ་གཡོན་པའི་མཐིལ་ལ་ཙནྡན་དཀར་པོས་བྲིས་ལ་རབ་གནས་བྱས་ཏེ། འཁོར་ལོ་དེ་ལ་ལག་པས་རེག་ཅིང་རྩ་བའི་སྔགས་བཟླས་ན་དུག་དེ་བདུད་རྩིར་འགྱུར་རོ། །བདུད་རྩི་དུག་ཏུ་བྱེད་པ་ནི་ཡང་ཁྲག་ལ་སོགས་པས་ལག་པ་གཡོན་པ་ལ་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ལ། དེ་ལ་ལག་པས་རེག་སྟེ་སྔགས་བཟླས་ན་བདུད་རྩི་ཡང་དུག་ཏུ་བྱེད་དོ། །ཟླ་བ་ནི་ཆང་ཡིན་ལ་དེ་ཆུར་བྱེད་པ་སྟེ། འོ་མར་བྱེད་པར་འདོད་ན་བསྙེན་པ་སྔོན་དུ་སོང་བས་ཨརྐ་དཀར་པོའི་ཤིང་གི་ཕྱེ་མ་ལ་རྩ་བའི་སྔགས་བཟླས་ཏེ། དེའི་ཐལ་བ་ཆང་དུ་བླུགས་ནས་འོ་མར་བྱེད་པའི་སྤེལ་ཚིག་དང་བཅས་པ་བཟླས་ན་ཟླ་བ་སྟེ་ཆང༌། ཆུ་སྟེ་ཆང་དེ་འོ་མར་འགྱུར་བའོ། །ཡང་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན་ཆུ་སྟེ་འོ་མ་ཟླ་བ་ཆང་དུ་འགྱུར་བར་བྱེད་དོ། །དྲི་རྣམས་འཕྲོག་པར་བྱེད་དོ། །ཞེས་པ་ནི་ཡང་བསྙེན་པ་སྔོན་དུ་སོང་བས་ན་ག་རཾ་ཞེས་པ་ཤིང་ཐོག་སྐྱུར་པོ་དང༌། གུ་གུལ་དཀར་ནག་ལ་རྩ་བའི་སྔགས་བཟླས་ཤིང༌། རྫས་དེ་དུར་ཁྲོད་ཀྱི་མེ་ལ་བསྲེགས་པའི་དུ་བས་བདུགས་ན་དྲི་ཆེན་ལ་སོགས་པའི་དྲི་མི་ཞིམ་པ་རྣམས་འཕྲོག་པར་བྱེད་དོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་པ་ནི་ཡང་གོང་གི་རྫས་དེ་དག་དྲི་བཟང་པོ་ལ་བདུགས་ལ་འདུར་གན་དྷ་ཀུ་རུ་ཞེས་སྤེལ་ཚིག་དང་བཅས་པར་བཟླས་ན་དྲི་བཟང་པོ་ག་བུར་ལ་སོགས་པ་དེ་དྲི་ངན་པ་དྲི་ཆེན་ལ་སོགས་པ་གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ནམ་མཁའ་ལྡིང་གི་གདོང་དང་ཞེས་པ་ནི། ནམ་མཁའ་ལྡིང་གི་གདོང་དང་འདྲ་བའི་ཕྱིར་ནམ་མཁའ་ལྡིང་སྟེ། སྨན་གྱི་བྱེ་བྲག་ཤིང་གི་འབྲས་བུ་ཁྭའམ་ནམ་མཁའ་ལྡིང་གི་མཆུ་འདྲ་བ་ཞིག་ཡོད། དེ་དང་པོ་ཟོས་ལ་ཟླ་བ་འདུ་བ་ནི་དེ་ཞུ་ཚོད་ཙམ་ན། ལྷ་མོ་སྟེ་མཚན་དང་ལྡན་པའི་ཕྱག་རྒྱ་དང་ཀུན་དུ་སྤྱོད་པ་ནི་དེ་དང་སྒྲུབ་པ་པོ་སྙོམས་འཇུག་བྱེད་པའི་ཚེ། པུས་མོ་བསྒྲེང་བའི་སྦྱོར་བ་པུས་མོ་གཉིས་གཤོག་པ་ལྟར་བརྐྱང་ལ་འཁྲིག་པ་སྤྱད་པས་བདེ་བ་མྱོང་བ་དེས། འགྲོ་བ་སྟེ་སྒྲུབ་པ་པོ་ལ་དཔལ་དང་བསོད་ནམས་འབྱིན་པར་བྱེད་པ་དང༌། མིའི་མཆོག་བརྒྱ་བྱིན་ལྟ་བུ་དེའི་ལག་མཐིལ་ན་ཡོད་པའི་དཔལ་དང་བསོད་ནམས་ཐོབ་ནས། གང་གིས་ཀྱང་མི་འཕྲོགས་པ་དང་སླར་འཕེལ་བར་འགྱུར་རོ། །རྣམ་པ་དེ་ལྟ་བུ་དང་ལྡན་པའི་དངོས་གྲུབ་གང་འདོད་པ་ཐམས་ཅད་འབྲས་བུ་དང་བཅས་པ་སྟེ། མི་འགྲུབ་མི་སྲིད་པར་འགྱུར་རོ། །དྲན་པ་ཙམ་གྱིས་ཀྱང་གསོད་པར་བྱེད་པ་ནི་སྔ་མ་དེ་ཉིད་ནུས་པ་བརྟན་པ་ཐོབ་སྟེ། གྲུབ་པ་བརྟན་པར་འགྱུར་བས་ཏིང་ངེ་འཛིན་དྲན་པ་ཙམ་གྱིས་ཀྱང་ཐམས་ཅད་གསོད་པར་བྱེད་པ་ཚར་གཅད་པ་དང༌། དེ་ཉིད་རྗེས་སུ་གཟུང་བ་སླར་གསོ་བར་ཡང་བྱེད་དོ། །མེ་སྐྱེད་པར་བྱེད་ནི་དུར་ཁྲོད་ཀྱི་ཐལ་བ་དང་ཁྲག་བསྲེས་ནས། དེ་ལ་རྩ་བའི་སྔགས་བཟླས་ཏེ་ཕྱོགས་ཐམས་ཅད་དུ་གཏོར་ན་མེ་སྐྱེད་པར་བྱེད་དོ། །ས་འོག་རྣམ་པར་འཇོམས་པར་བྱེད་པ་ནི་རྡོ་ཁབ་ལེན་གྱི་ལྕགས་ལས་རྡོ་རྗེ་རྩེ་གཅིག་པ་བྱས་ཏེ། དེ་ལ་སྔགས་བཟླ་ནས་ས་ལ་བསྣུན་ན་ས་འོག་འཇོམས་པ་ནི་ས་འོག་གི་ལམ་ཕལ་གྱིས་མཐོང་སྟེ། ས་འོག་གི་གཏེར་མཐོང་བ་དང་ལྷ་མ་ཡིན་ཐམས་ཅད་དབང་དུ་བྱ་བ་ལ་སོགས་པ་འགྲུབ་བོ། །སེར་བ་འབེབས་པ་ནི་དུར་ཁྲོད་ཀྱི་ཐལ་ཆེན་དང༌། ཤ་ཆེན་བསྲེས་པ་བསྲེགས་ནས་སྔགས་བཟླས་ཏེ། རླུང་ཕྱོགས་དང་བསྟུན་ནས་རང་གང་འདོད་པའི་ཕྱོགས་སུ་གཏོར་ན་སེར་བ་འབེབས་པར་བྱེད་དོ། །དྲན་པ་ཙམ་གྱིས་གློག་བསྐྱེད་པ་ནི་ཀ་ར་བཱི་ར་དམར་པོའི་ཕྱེ་མ་ལ་སྔགས་བཟླས་ནས་བར་སྣང་ལ་གཏོར་ན་གློག་སྐྱེད་པར་བྱེད་དོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་འཇུག་པ་ནི། དུར་ཁྲོད་ཀྱི་མེ་ལ་གུ་གུལ་དང་ཤ་ཆེན་པོ་དང་རའི་ཡན་ལག་ལྔའི་ཤ་བསྲེག་ཅིང་བསྔགས་པའི་དུད་པས་བདུགས་ན་མུ་སྟེགས་པ་ལ་སོགས་པའི་ལྷའི་གཟུགས་བརྙན་ཐམས་ཅད་གར་བྱེད་པར་འགྱུར་ཏེ། དཔེར་ན་སློབ་དཔོན་བིརྺ་པས་བྱས་པ་ལྟ་བུའོ། །གང་ཞིག་སྒྲུབ་པའི་མིང་ནས་བཟུང་སྟེ་ཞེས་པ་ལ་སོགས་པའི་དོན་ནི། བསྙེན་པ་འབུམ་ཕྲག་བཞི་སྔོན་དུ་སོང་བས་སྔར་བཤད་པ་ལྟ་བུའི་འཁྲུལ་འཁོར་བྲིས་ཏེ། སྔར་གྱི་ཧཱུྃ་ནཾ་ལ་སོགས་པའི་གནས་སུ་ཧཱུྃ་ཨ་མུ་ཀ་ཤྱ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བྱ་བ་བཅུག་ལ་བྲི། དེ་ནས་དགྲའི་རྐང་རྗེས་ཀྱི་ས་དང་དུར་ཁྲོད་ཀྱི་ས་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། དེའི་སྙིང་གར་འཁོར་ལོ་དེ་རབ་གནས་བྱས་ནས་བཅུག་ལ། ལས་ལ་སྦྱོར་བའི་དུས་སུ་སྔགས་ཁྲི་བཟླས་ཏེ་དུར་ཁྲོད་དུ་གཟུགས་བརྙན་དེ་སྦས་ཏེ། དེ་ནས་སྒྲུབ་པ་པོ་ཁྱིམ་དུ་ཕྱིན་ལ་བསྒྲུབ་བྱའི་མིང་དང་སྔགས་སྤེལ་ཏེ་ལན་ཅིག་བཟླས་ན་བསྒྲུབ་བྱ་དེ་དེའི་མོད་ལ་འཆི་བར་འགྱུར་ཏེ་དེ་ནི་ཚར་བཅད་པ་གསད་པའི་ལས་སོ། །དེ་ཉིད་སླར་རྗེས་སུ་གཟུང་བ་ནི་འདོད་ན་སྡུད་པར་འགྱུར་རོ། །ཞེས་པ་ཡར་བླངས་ལ་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་ནས་འཁོར་ལོ་དེ་བཏོན་ལ་འོ་མས་ཁྲུས་བྱས་ན་སྡུད་པ་སྟེ་སླར་གསོ་བར་འགྱུར་རོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པ་ནི་སྔར་གྱི་སྦྱོར་བ་དེ་ཉིད་ལ་སྔགས་ཀྱི་སྤེལ་ཚིག་སྤོ་བ་དང༌། སའི་བདག་པོ་བྱ་བར་འདོད་པའི་བསམ་པས་ལས་ལ་སྦྱར་ན་ས་གསུམ་པོ་མ་ལུས་པ་རྣམས་ལ་ལོངས་སྤྱོད་པའི་བདག་པོར་འགྱུར་རོ། །འོ་ན་རྒྱུད་འདིར་ལས་ཚོགས་སྒྲུབ་པ་ལ་ཉན་ཐོས་ལ་སོགས་པའི་བརྟུལ་ཞུགས་དང༌། བྱ་བའི་རྒྱུད་ལས་བཤད་པའི་བརྟུལ་ཞུགས་དགོས་སམ་ཞེ་ན། དེ་ནི་མི་དགོས་ཏེ་བཅོམ་ལྡན་འདས་ཞེས་བོས་ནས་གསུང༌། འདི་ལ་ནི་རྩ་བའི་སྔགས་ཀྱིས་ལས་སྒྲུབ་པ་འདི་ལ་ཉན་ཐོས་ཀྱི་མགོ་རེག་ལ་སོགས་པའི་བརྟུལ་ཞུགས་མི་དགོས། ལུས་ངག་གི་སྤྱོད་པ་དང་ཕྱི་དྲོའི་ཁ་ཟས་དགག་པ་ལ་སོགས་པའི་སྨྱུང་བ་མི་དགོས་ཏེ། རྩ་བའི་སྔགས་འདི་བཀླགས་པ་ཙམ་གྱིས་འགྲུབ་པ་ཡིན་པས་བསམ་གཏན་དང༌། བཟླས་པ་ལ་སོགས་པའི་ཆོ་ག་འདིས་སྒྲུབ་པ་པོ་ཅི་འདོད་པའི་ལས་རྣམས་བྱའོ། །གལ་ཏེ་ཁྲོས་པས་ཞེས་པ་ལ་སོགས་པའི་དོན་ནི་བསྙེན་པ་སྔོན་དུ་སོང་བས་སྒྲུབ་པ་པོའི་སྣ་བུག་གཡས་པ་ནས་འོད་ཟེར་ནག་པོ་དུག་གི་རྣམ་པ་ལྟ་བུ་སྤྲོས་ཏེ། བསྒྲུབ་བྱའི་སྣ་བུག་གཡོན་པ་ནས་བཅུག་ལ་དེས་ཕ་རོལ་གྱི་སྡེ་ལ་སོགས་པ་གསད་པར་བསམ་ཞིང༌། སྒྲུབ་པ་པོའི་སེམས་ཁྲོས་པས་སྔགས་འདི་ལན་ཅིག་བཟླས་ན་ཕ་རོལ་གྱི་སྡེ་བྱེ་བ་ལ་སོགས་པ་གསོད་པར་བྱེད་དོ། །ཞི་བས་བཟླས་ན་འཚོ་བར་བྱེད་ནི་སླར་རྗེས་སུ་གཟུང་བ་སྟེ། དེ་ཡང་བདག་གི་སྣ་བུག་གཡས་པ་ནས་འོད་དཀར་པོ་འཕྲོས། བསྒྲུབ་བྱའི་སྣ་བུག་གཡོན་པ་ནས་བཅུག་པས་དེའི་ལུས་ཐམས་ཅད་འོད་དཀར་པོས་བཀང་མས་སླར་འཚོ་བར་བསམས་ན་འཚོ་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ཞེས་པ་ལ་སོགས་པའི་དོན་ནི། བསྙེན་པ་སྔོན་དུ་སོང་བས་དུར་ཁྲོད་ཀྱི་སོལ་བས་རས་ལ་འབྱུང་པོའི་ཉིན་ཞག་ལ་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ནས། དེ་ལ་དུར་ཁྲོད་ཀྱི་སོལ་བ་ལ་སྔགས་ལན་ཅིག་བཟླས་ཏེ་བརྡེག་པའམ། ཡང་ན་སྒྲུབ་བྱ་དངོས་ལ་བསྣུན་ན་སོལ་བ་གང་ལ་ཕོག་པ་དེ་དེའི་མོད་ལ་མཐོན་པོ་ནས་དམའ་བར་ལྟུང་བའམ་གསོད་པར་བྱེད་དོ། །ཐལ་བ་ལ་ལན་ཅིག་བཟླས་ནི་ཁྱོ་ཤི་བ་དང་ཆུང་མ་ལྷན་ཅིག་བསྲེགས་པའི་ཐལ་བ་ལ་སྔགས་སྤེལ་ཚིག་དང་བཅས་པ་ལན་ཅིག་བཟླས་ཏེ་བསྒྲུབ་བྱ་དངོས་སམ། དེའི་གཟུགས་བརྙན་ལ་བསྣུན་པས་གང་ལ་ཕོག་པ་དེ་དེའི་མོད་ལ་ཤ་ཟས་བཟུང་བ་སྟེ་དེའི་མོད་ལ་འཆི་བར་འགྱུར་རོ། །ཡང་དུར་ཁྲོད་ཀྱི་སོལ་བ་ཞེས་པ་ལ་སོགས་པའི་དོན་ནི་དུར་ཁྲོད་ཀྱི་སོལ་བ་ལ་སྔགས་བཟླས་ནས་སྤང་ལེབ་བམ། རྩིག་པའམ་མཚན་མ་སྟེ། གཟའ་མིག་དམར་ལ་སོགས་པའི་གཟུགས་བརྙན་ནམ། མཚན་མ་རལ་གྲི་ལ་སོགས་པའི་ལྟེ་བ་ལ་བསྒྲུབ་བྱ་གང་གི་མིང་འཁོར་ལོ་ལ་བྲིས་པ་ལ་རབ་གནས་བྱས་ཏེ། ལས་ཀྱི་དུས་སུ་ཆེ་གེ་མོ་གྲ་ཧ་གྲ་ཧེནྟུ་ཞེས་པའི་སྤེལ་ཚིག་དང་བཅས་པ་བཟླས་ན་བསྒྲུབ་བྱ་དེ་གདོན་ཆེན་པོས་གཟུང་བར་འགྱུར་རོ། །ཨ་ཏི་མུཀྟའི་ལྕུག་མ་ལ་སོགས་པའི་དོན་ནི། ཤིང་ཨ་ཏི་མུཀྟ་བྱ་བ་ཁ་དོག་དམར་ཞིང་མེ་ཏོག་དམར་པོ་ཅན་ཁྲུ་ཕྱེད་དང་གསུམ་ཙམ་དུ་སྐྱེ་བ་ཅིག་ཡོད་པ་དེ་བླངས་ཏེ། དང་པོ་རླུང་གི་ཕྱོགས་སུ་བཞག་ལ། དེ་བླངས་ནས་དྲིའི་ཆུ་ལ་ཉིན་ཞག་བདུན་དུ་སྦངས་ཏེ། དེ་ལ་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ནས་བསྒྲུབ་བྱ་དགུག་པར་བྱ་བ་དངོས་སམ། དེའི་གཟུགས་བརྙན་གང་ལ་བསྣུན་ན་བསྒྲུབ་བྱ་དེ་དེའི་མོད་ལ་སྒྲུབ་པ་པོའི་དྲུང་དུ་རླུང་གི་ཤུགས་བཞིན་དུ་མྱུར་བར་འོང་བར་འགྱུར་རོ། །གསེག་མ་ལ་ལན་ཅིག་བཟླས་ནི་གསེག་མ་སྟེ་རྫ་ལ་འཁོར་ལོ་བྲིས་རབ་གནས་བྱས་ནས། ལས་སྦྱོར་གྱི་དུས་སུ་དེ་དུམ་བུར་བཅག་ལ་དེ་ལ་སྔགས་བཟླས་ནས་བསྒྲུབ་བྱ་དངོས་སམ། དེའི་གཟུགས་བརྙན་གང་ལ་བརྡེག་པ་དེ་རེངས་པར་འགྱུར་རོ། །ཡང་སྦར་བསྣུན་པའི་གསེག་མ་རྣམས་བསྡུས་ཏེ་བསྒྲུབ་བྱ་དེ་གར་འདོད་པ་དེར་འཕངས་ན། གང་དུ་འདོད་པའི་ཡུལ་དེར་བསྒྲུབ་བྱ་འགྲོ་བའམ་སྐྲོད་པར་འགྱུར་རོ། །གུ་གུལ་གྱི་བདུག་པ་ལ་ཞེས་པ་ནི་གུ་གུལ་དང་རའི་ཡན་ལག་ལྔའི་ཤ་བསྲེས་ལ་དུར་ཁྲོད་ཀྱི་མེ་ལ་བསྲེགས་བཞིན་སྔགས་བཟླས་ན། སེམས་ཅན་ཐམས་ཅད་དེ་བསྒྲུབ་བྱ་ལ་འབེབས་པར་འགྱུར་བ་ནི་ལུས་ངག་ཡིད་གསུམ་ལ་འབེབས་པ་ལུས་འདར་བ་ལ་སོགས་པ་དང༌། ངག་སྨྲ་ཅོལ་དང༌། སེམས་སྨྱོ་བ་ལ་སོགས་པར་འགྱུར་རོ། །ལག་པ་ལ་ལན་ཅིག་བཟླས་ནི་རང་གི་ལག་པ་གཡོན་པ་ལ་ཙནྡན་དཀར་པོས་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ལ། ལན་ཅིག་བཟླས་ནི་སྔགས་ཟློས་ཤིང་རང་གི་ལག་པ་གཡས་པས་གཡོན་པ་བཀབ་སྟེ། དེ་ནས་ལག་པས་བསྒྲུབ་བྱ་ལ་བྱ་བས་ན་དུག་གིས་ཟིན་པའི་དུག་སོས་པར་བྱེད་དོ། །དེ་ནས་ལག་པའི་འཁོར་ལོ་དེ་ཆུ་གཙང་མས་བཀྲུས་ལ་དེའི་ཆུས་བསྒྲུབ་བྱ་ལ་བྲན་ན་བསྒྲུབ་བྱ་དེ་བག་ཡོད་པས་དུས་ཐམས་ཅད་དུ་དུག་ལས་གྲོལ་བར་འགྱུར་རོ། །མཁའ་འགྲོ་མས་རྒྱས་བཏབ་པ་ནི་རྨོངས་ཏེ་སྨྲ་མི་ཤེས་པ་ལ་སོགས་པར་སོང་བ་ལ། ལན་ཅིག་བཟླས་པའི་ཆུ་ནི་རང་གི་ལག་པ་ལ་འཁོར་ལོ་བྲིས་རབ་གནས་བྱས་ནས། དེ་ཆུས་བཀྲུས་ཏེ་སྔགས་བཟླས་པའི་ཆུས་བསྒྲུབ་བྱའི་ལུས་ལ་གཏོར་ན་སྔར་རེངས་པ་ལས་གྲོལ་བར་བྱེད་དོ། །ཡང་ན་འདི་ནི་སྔར་གྱི་འབེབས་པ་དེ་གསོ་བར་གསུངས་ཏེ་བཤད་པ་སྔ་མ་མཆོག་ཏུ་བཟུང་ངོ༌། །ཀ་ར་བཱི་རའི་ལྕུག་མ་ནི་ཤིང་ཀ་ར་བཱི་རའི་ལྕུག་མ་དམར་པོ་ཁྲུ་ཕྱེད་དང་གསུམ་པ་ལ་ལན་ཅིག་བཟླས་ནི་ཆེ་གེ་མོའི་མངལ་འཕོ་བར་གྱུར་ཅིག་ཅེས་སྤེལ་ཚིག་དང་བཅས་པ་ལྕུག་མ་དེ་ལ་བཟླས་ན་ལྕུག་མ་དེས་བསྒྲུབ་བྱ་དངོས་སམ། དེའི་གཟུགས་བརྙན་ལ་བསྣུན་ན་ཟླ་བ་རྡིབ་སྟེ་མངལ་དེར་མི་གནས་པ་ཙམ་མམ། མངལ་གང་དུ་འདོད་པ་དེར་འཕོ་བ་ནི་མིའི་མངལ་ནས་ཁྱི་ལ་སོགས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་ལས་ཀྱི་ཚོགས་རྣམས་བསྟན་ནས། གསུམ་པ་ཕན་ཡོན་བསྟན་པ་ལ་གཉིས་ལས། དང་པོ་ལྡོག་པའི་སྒོ་ནས་རྩ་བའི་སྔགས་ཀྱི་ཕན་ཡོན་བསྟན་པ་ནི། དཔལ་ལྡན་ཁྲག་འཐུང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གསུངས་ཏེ། དཔལ་ལྡན་ཁྲག་འཐུང་གསང་སྔགས་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཡིན་ལ། དེ་མི་ཤེས་པ་ནི་དང་པོ་བླ་མས་རྗེས་སུ་གནང་བ། དེ་ནས་སྔགས་བཏུ་བ། དེ་ནས་བཟླས་པའི་ཐབས་མི་ཤེས་པར་དངོས་གྲུབ་གཉིས་ཐོབ་པར་འདོད་པའི་སྒྲུབ་པ་པོ་རྨོངས་པ་དེས་འབྲས་བུ་མི་ཐོབ་སྟེ། དཔེར་ན་ཕུབ་མ་བརྡུངས་པས་འབྲས་བུ་མི་འབྱུང་བ་དང་མཚུངས་ཏེ། དེ་ལྟ་བུའི་རྩ་བའི་གསང་སྔགས་འདི་ནི་མེད་པ་ཡིན་ན། ཚེ་ཕྱི་མའི་དངོས་གྲུབ་དང་ཚེ་འདིའི་བདེ་བའམ། ཡང་ན་དངོས་གྲུབ་སྟེ་ཐུན་མོང་གི་དངོས་གྲུབ་དང་བདེ་བ་སྟེ་མཆོག་གི་དངོས་གྲུབ་དག་མི་སྟེ་སྒྲུབ་པ་པོ་དེས་འཐོབ་པར་མི་འགྱུར་རོ། །རྩ་བའི་སྔགས་ཀྱི་གསང་སྔགས་འདི་ནི་མི་ཤེས་པར་རྣལ་འབྱོར་པ་ནི་རྣལ་འབྱོར་པར་འདོད་ཅིང་ཁས་ལེན་པ་དེའི་བཟླས་བསྒོམ་ལ་སོགས་པའི་ངལ་བ་ཐམས་ཅད་དོན་མེད་དོ། །དེས་འབྲས་བུའི་དངོས་གྲུབ་གཉིས་འཐོབ་པར་མི་འགྱུར་རོ། །གཉིས་པ་རྗེས་སུ་འགྲོ་བའི་སྒོ་ནས་ཕན་ཡོན་བསྟན་པ་ནི། གསང་སྔགས་འདི་ནི་ཞེས་པ་ལ་སོགས་པ་སྟེ། རྩ་བའི་སྔགས་ཀྱི་གསང་སྔགས་འདི་ནི་ཇི་ལྟར་འདོད་པ་སྤྱོད་པའི་སྒྲུབ་པ་པོ་དེ་ལ་དངོས་གྲུབ་གཉིས་པོ་ཐམས་ཅད་སྦྱིན་པར་བྱེད་པ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པས་གསུངས་པའི་ཕྱག་རྒྱ་སྟེ་དཔའ་མོ་དང༌། སྔགས་ནི་དཔའ་བོ་ཡིན་ལ། དེ་དག་བསྒྲུབ་པའི་སྒྲུབ་པ་པོ་དེས་འབྲས་ཁར་མ་ལོ་ལེགས་ན་རྩྭ་ཕུབ་ཞར་ལ་འབྱུང་བ་ལྟ་བུའི་འབྲས་བུ་བཟའ་བཏུང་གི་སྟོན་མོ་དང༌། གཞན་ཡང་བཅུད་ཀྱིས་ལེན་པ་ལ་སོགས་པའི་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། བྱེ་བྲག་གི་མཚན་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱིས་ལས་ཀྱི་ཚོགས་ཀྱི་ཆོ་ག་སྟོན་པའི་ལེའུ་སྟེ། དགུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་དགུ་པའི་བཤད་པའོ།།  །།དེ་ལྟ་རྩ་བའི་སྔགས་ཀྱི་ལས་བསྟན་ནས། དེ་ནས་ལེའུ་བཅུ་པས་ཀྱང་འབྲས་བུའི་གསང་བ་སྟོན་ཏེ། དེ་ཡང་འཇིག་རྟེན་ལས་འདས་པའི་འབྲས་བུ་སྐུ་གསུམ་དང༌། འཇིག་རྟེན་པའི་དངོས་གྲུབ་རིན་པོ་ཆེ་བཞི་ལས་བཅོམ་ལྡན་འདས་ཀྱི་སྙིང་པོའི་ལས་ཚོགས་སྟོན་ལ། ཡང་སྐུ་གསུམ་པོས་སྐུ་གསུམ་ལམ་དུ་བྱེད་པའི་ལམ་གྱི་གསང་བ་ལེའུ་དང་པོའི་གསང་བ་མཆོག་ལ་སོགས་པའི་རྒྱས་པར་བཤད་པ་ཡང་སྟོན་ཏོ། །ལེའུ་འདི་ལ་ཡང་གཞུང་དང་ལེའུའི་མཚན་གཉིས་ལས་དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་དང་པོ་སྐུ་གསུམ་སྟོན། དེ་ལ་སྐུ་གསུམ་ལས་དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་དགུ་པ་བཤད་པའི་རྗེས་ལའོ། །ཧེ་རུ་ཀ་ཞེས་པའི་ཧེས་ཆོས་ཀྱི་སྐུ་བསྟན། རུས་ལོངས་སྐུ། ཀས་སྤྲུལ་སྐུ་བསྟན་ལ། གཉིས་མེད་སྦྱོར་ནི་འབྲས་བུའི་དང༌། །ལམ་གྱི་སྐུ་གསུམ་དབྱེར་མེད་དུ་སྦྱོར་བའི་སྐུ་གསུམ་ལམ་དུ་བྱེད་པ་དེ། སྒྲུབ་པ་པོ་གང་གིས་ཤེས་པ་ཙམ་གྱིས་དངོས་གྲུབ་གཉིས་ཐོབ་པར་ཐེ་ཚོམ་མེད་པའི་སྐུ་གསུམ་པོ་དེ་བཤད་པར་བྱའོ། །བཤད་ཚུལ་གཉིས་པ་ནི། ཧེ་སྒྲུབ་པ་པོའི་སེམས། རུ་ངག ཀ་ལུས་ཏེ། དེ་གསུམ་དང་འབྲས་བུ་སྐུ་གསུམ་གཉིས་སུ་མེད་པར་སྦྱོར་བ་གང་གིས་ཤེས་པ་ཙམ་གྱིས་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་པའི་སྐུ་གསུམ་པོ་དེ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་གཉིས་པ་སྐུ་གསུམ་གྱི་བཤད་པ་དངོས་སྟོན་པ་ལ། འདི་ལ་བཤད་པ་གཉིས་སུ་གསུངས་ཏེ། རྟོགས་པ་ཡས་ཀྱིས་འཆར་བའི་འབྲས་བུའི་དབང་དུ་བྱས་པ་དང༌། སྒྲུབ་པ་པོས་ལམ་ཉམས་སུ་ལེན་པའི་དབང་དུ་བྱས་པའོ། །དང་པོ་ནི་འབྲས་བུ་མངོན་དུ་བྱས་པའི་ཚེ། དང་པོ་ཆོས་སྐུ་མངོན་དུ་བྱེད་པས་དེ་ཚིག་གསུམ་གྱིས་སྟོན་པ་ནི། ཆོས་ཀྱི་སྐུའི་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་ཆོས་ཀྱི་སྐུ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཡིན་ལ། ལུས་ཅན་ནི་དེའི་རང་བཞིན་ཅན་ནོ། །དེ་ལྟ་བུའི་འབྲས་བུ་ཆོས་སྐུ་དེར་གང་གི་ཚེ་སྒྲུབ་པ་པོ་འགྱུར་བ་དེའི་ཚེ་ངས་དེ་ལ་ཆོས་ཀྱི་སྐུ་ཞེས་བཤད་དོ། །ལོངས་སྤྱོད་རྫོགས་སྐུ་ནི། ཆོས་སྐུ་དེའི་ཐུགས་རྗེ་ལས་བྱུང་བ་འོག་མིན་ན་བཞུགས་པ་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བའོ། །དེའི་ལུས་ཅན་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཁ་སྦྱོར་གྱི་ཡན་ལག་དང་ལྡན་པར་བཞུགས་པའོ། །གང་གི་ཚེ་སྒྲུབ་པ་པོས་དེ་ཐོབ་པར་འགྱུར་བ་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་སྨྲའོ། །སྤྲུལ་པའི་སྐུ་ནི་ཆོས་སྐུ་དང་ལོངས་སྐུ་གཉིས་ཀྱི་ཐུགས་རྗེ་ལས་བྱུང་བ་སྟེ། གཙོ་བོར་འཛམ་བུ་གླིང་གི་ཞིང་སྐྱེས་ལ་བྱ་ལ། དེའི་ལུས་ཅན་ནི་སྐུ་མི་འདྲ་བ་དུ་མར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། གང་གི་ཚེ་སྒྲུབ་པ་པོས་དེ་ཐོབ་པར་འགྱུར་བ་དེའི་ཚེ་སྤྲུལ་པའི་སྐུ་ཞེས་ངས་བཤད་དོ། །གསུམ་པ་སྐུ་གསུམ་གྱི་མཇུག་བསྡུ་བ་ནི། ཆོས་ཏེ་ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་དབྱེར་མེད། ལོངས་སྤྱོད་རྫོགས་པ་ནི་ལོངས་སྐུ་མཚན་དང་དཔེ་བྱད་འབར་བ། སྤྲུལ་པ་ནི་སྤྲུལ་སྐུ་སྐུ་མི་འདྲ་བ་སྣ་ཚོགས་སུ་སྤྲུལ་པ་སྟེ། དེ་ལྟ་བུའི་འབྲས་བུའི་སྐུ་གསུམ་ཡང་དག་ཐོབ་པར་གདོན་མི་ཟའོ། །གཉིས་པ་སྒྲུབ་པ་པོས་ལམ་ཉམས་སུ་ལེན་པའི་དབང་དུ་བྱས་པའི་ལམ་གྱི་སྐུ་གསུམ་ལ་བསྐྱེད་པའི་རིམ་པ་ལ་སྦྱར་བ་དང༌། རྫོགས་པའི་རིམ་པ་ལ་སྦྱར་བ་གཉིས་ལས། དང་པོ་བསྐྱེད་པའི་རིམ་པ་དང་སྦྱར་བ་ལ་ལྔ་ལས། དང་པོ་མངོན་པར་རྟོགས་པ་རྫོགས་པ་ཅིག་ལ་སྐུ་གསུམ་དུ་སྦྱར་བའི་དབང་དུ་བྱས་ན་བསྐྱེད་ཚུལ་ལྷ་མངལ་སྐྱེས་དང༌། སྒོང་སྐྱེས་གང་ཡང་རུང་བ་ཅིག་གིས་སྐྱེད་པའི་དབང་དུ་བྱས་ནས་གཞུང་མས་བཟློག་ཏུ་སྦྱར་བར་བྱ་སྟེ། སྤྲུལ་པའི་སྐུའི་ལུས་ཅན་ནི་ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་སྐུ་ལམ་དུ་བྱེད་པ་སྟེ། གང་གི་ཚེ་སྒྲུབ་པ་པོས་སྤྲུལ་སྐུ་བསྒོམ་པར་འགྱུར་བ་དེའི་ཚེ་སྤྲུལ་པའི་སྐུ་ཞེས་ངས་བཤད་དོ། །དེ་ལྟར་ཡང་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དེ་ལྟར་སྤྲུལ་པར་ཤེས་ནས་སུ། །ཞེས་གསུངས་པས་སོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་བདུན་བསྒོམ་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་ལུས་ཅན་དུ་གང་གི་ཚེ། སྒྲུབ་པ་པོ་བསྒོམ་པར་འགྱུར་བ་དེའི་ཚེ། ལོངས་སྤྱོད་རྫོགས་པའི་སྐུ་བསྒོམ་པ་ཡིན་པར་སྨྲའོ། །དེ་ལྟར་ཡང་ཀུན་ཏུ་སྤྱོད་པའི་རྒྱུད་ལས། ལོངས་སྤྱོད་རྫོགས་པར་བཤད་པ་ནི། །ཡི་གེ་ཉི་ཤུ་རྩ་བཞི་ནི། །ལོངས་སྤྱོད་རྫོགས་པར་ཤེས་བྱ་སྟེ། །ཞེས་གསུངས་པས་སོ། །དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་ཆོས་ཀྱི་སྐུ་ཡིན་པས། ཆོས་ཀྱི་སྐུའི་ལུས་ཅན་ནི་རྫོགས་པའི་རིམ་པ་གང་ཡང་རུང་བ་ཅིག་བསྒོམ་པ་སྟེ། གང་གི་ཚེ་སྒྲུབ་པ་པོ་ཆོས་ཀྱི་སྐུ་བསྒོམ་པར་འགྱུར་བ་དེའི་ཚེ་ངས་ཆོས་སྐུར་བཤད་དོ། །དེའི་གཞུང་བསྡུ་བ་ནི། སྤྲུལ་པ་སྟེ་ཕྱིའི་དཀྱིལ་འཁོར་བསྒོམ་པ། ལོངས་སྤྱོད་རྫོགས་པ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ། ཆོས་དང་ནི་རྫོགས་པའི་རིམ་པ་བསྒོམ་པ་སྟེ། དེ་ལྟར་ཡང་ཀུན་ཏུ་སྤྱོད་པའི་རྒྱུད་ལས། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་དག་ནི་རྣམ་བསྒོམ་པ། །ཞེས་གསུངས་པས། དེ་ཡང་ལམ་དུ་སྐུ་གསུམ་བསྒོམས་པས་འབྲས་བུ་སྐུ་གསུམ་ཡང་དག་པར་ཐོབ་པར་གདོན་མི་ཟ། ཞེས་པའི་དོན་ནོ། །གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པ་ཅིག་ལ་སྐུ་གསུམ་དང་སྦྱར་ན་བདེ་བ་ཆེན་པོའི་འཁོར་ལོ་དང༌། ཐུགས་ཀྱི་འཁོར་ལོ། ཆོས་ཀྱི་སྐུའི་ཚིག་གསུམ་དང་སྦྱར། གསུང་གི་འཁོར་ལོ་ལོངས་སྤྱོད་རྫོགས་སྐུ་ལ་སོགས་པའི་ཚིག་གསུམ་གྱིས་བསྟན། སྐུའི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་སྤྲུལ་པའི་སྐུ་ལ་སོགས་པ་ཚིག་གསུམ་གྱིས་བསྟན། དེའི་གཞུང་བསྡུ་བ་ནི་ཆོས་དང་ཐུགས་ཀྱི་འཁོར་ལོ། ལོངས་སྤྱོད་རྫོགས་པ་གསུང་གི་འཁོར་ལོ། སྤྲུལ་པ་ནི་ཞེས་པ་ནི་སྐུའི་དམ་ཚིག་གི་འཁོར་ལོ་བསྟན་ཏོ། །གསུམ་པ་སྒྲུབ་པ་པོའི་བློའི་སྤྱོད་ཡུལ་རྫོགས་པ་ཅིག་ལ་སྐུ་གསུམ་དུ་སྦྱར་ན། སྒྲུབ་པ་པོའི་བློ་ལ་སྣང་བའི་ཕྱིའི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་གཉིས་ཀ་སྔགས་སྐྱེས་ཡིན་ཏེ། དེ་ཡང་འཛམ་བུའི་གླིང་གི་སྤྲུལ་སྐུ་ཞིང་སྐྱེས་ལས་བྱུང་བས་སྤྲུལ་པའི་སྐུའི་ཚིག་གསུམ་དང་སྦྱར། ཞིང་སྐྱེས་སྤྲུལ་སྐུ་དེ་འོག་མིན་གྱི་ལྷན་སྐྱེས་ལས་བྱུང་ཞིང༌། ཞིང་སྐྱེས་དེ་ལྷན་སྐྱེས་ལོངས་སྐུ་དང་ཐ་མི་དད་དུ་ཞེན་པ་བྱེད་པས་ལོངས་སྤྱོད་རྫོགས་པའི་ཚིག་གསུམ་དང་སྦྱར། ལོངས་སྐུ་དེ་ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ལས་བྱུང་བ། ཆོས་ཀྱི་སྐུའི་ཚིག་གསུམ་དང་སྦྱར། དེའི་གཞུང་བསྡུ་བ་ནི། ཆོས་དང་ལ་སོགས་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །སློབ་དཔོན་ཀཾ་པ་ལ་ལྟར་བཞི་པ་འཁོར་ལོ་གསུམ་གཙོ་བོ་འཕོ་བའི་དབང་དུ་བྱས་ནས་རེ་རེས་གཙོ་བོ་བྱས་ཏེ། གཉིས་པོ་ཕལ་པའི་ཚུལ་དུ་བྱས་པའི་དཀྱིལ་འཁོར་གསུམ་སྐུ་གསུམ་དང་སྦྱར་ན། དབུས་ཀྱི་གཙོ་བོས་སྐུ་མདོག་ནག་པོར་བྱས་ཏེ། ཐུགས་ཀྱི་འཁོར་ལོ་ནང་དུ་བྱུང་བའི་ཚེ། ཐུགས་ཀྱི་འཁོར་ལོ་གཙོ་བོ་གཉིས་པོ་ཕལ་ཕར་འགྲོ་བ་ཡིན་པས། དེ་ཆོས་ཀྱི་སྐུ་ལ་སོགས་པའི་ཚིག་གསུམ་དང་སྦྱར། དེའི་བར་ན་གནས་པའི་གསུང་གི་འཁོར་ལོ་ལོངས་སྐུ་དང་སྦྱར། ཕྱིའི་སྐུའི་འཁོར་ལོ་སྤྲུལ་སྐུ་དང་སྦྱར་རོ། །ཡང་དབུས་ཀྱི་གཙོ་བོ་སྐུ་མདོག་དམར་པོ་བྱུང་ནས་གསུང་གི་འཁོར་ལོ་ནང་དུ་བྱུང་བའི་ཚེ་གསུང་གི་འཁོར་ལོ་ལོངས་སྐུ། ཐུགས་ཀྱི་འཁོར་ལོ་བར་དུ་འབྱུང་བས་ཆོས་སྐུ། སྐུའི་འཁོར་ལོ་ཕྱིར་འབྱུང་བས་སྤྲུལ་སྐུ་དང་སྦྱར་རོ། །ཡང་གཙོ་བོ་སྐུ་མདོག་དཀར་པོ་བྱུང་སྟེ་སྐུའི་འཁོར་ལོ་ནང་དུ་བྱུང་བའི་ཚེ་སྤྲུལ་སྐུ། བར་གྱི་གསུང་གི་འཁོར་ལོ་ལོངས་སྐུ། ཕྱིའི་ཐུགས་ཀྱི་འཁོར་ལོ་ཆོས་སྐུ་དང་སྦྱར། དེ་དག་གི་གཞུང་བསྡུ་བ་ནི། ཆོས་དང་ལ་སོགས་པའི་ཚིག་གཉིས་དང་སྦྱར་རོ། །ལྔ་པ་བཤད་པའི་རྒྱུད་ཨ་བྷི་དྷ་ན་ནས་བཤད་པ་ལྟར། གཙོ་བོའི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྒྲུབ་ཐབས་རང་ལ་ཆོ་ག་རྒྱས་བསྡུས་གསུམ་ལ་སྐུ་གསུམ་དུ་བཞག་པའང་ཡོད་དེ། དེ་ནི་དེ་ཉིད་ལས་ཤེས་པར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་དང་སྦྱར་བ་ལ་གཉིས་ལས། དང་པོ་སཾ་པུ་ཊ་ནས་བཤད་པ་ལྟར། ཕྱག་རྒྱ་བཞིའི་རྫོགས་རིམ་ལ་སྐུ་གསུམ་དང་སྦྱར་ན། སྤྲུལ་པའི་སྐུའི་ཚིག་གསུམ་གྱིས་ལས་ཀྱི་ཕྱག་རྒྱའི་རྫོགས་རིམ་བསྟན། ལོངས་སྤྱོད་རྫོགས་པ་ལ་སོགས་པའི་ཚིག་གསུམ་གྱིས་ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་བསྟན། ཆོས་ཀྱི་སྐུའི་ཚིག་གསུམ་གྱིས་ཕྱག་རྒྱ་ཆེན་པོ་རྟོགས་པར་བསྟན་ཏོ། །ཏི་པ་ན་ནས་བཤད་པ་གཞན་དུ་ཡང་སྣང་སྟེ། དེ་ནི་སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔ་པ་ནས་བཤད་པ་ལྟར་ཤེས་པར་བྱ་བའམ། སཾ་པུ་ཊ་ནས་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་རིམ་པ་བཞི་དང་སྦྱར་བ་ནི། སྤྱི་བོ་ནས་སྙིང་གའི་བར་གྱིས་དགའ་བ་དང༌། མཆོག་དགའི་ཉམས་མྱོང་སྐྱེས་པ་དེ་ལོངས་སྤྱོད་རྫོགས་པའི་ཚིག་གསུམ་དང་སྦྱར། སྙིང་ག་ནས་ལྟེ་བའི་བར་གྱི་དགའ་བྲལ་གྱི་ཉམས་སུ་མྱོང་བ་དང་སྤྲུལ་སྐུར་སྦྱར། ལུས་ཐམས་ཅད་བདེ་སྟོང་གིས་ཁྱབ་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཉམས་མྱོང་ཆོས་སྐུ་དང་སྦྱར། དེ་གཉིས་ཀའི་གཞུང་བསྡུ་བ་ཡང་སོ་སོའི་བཤད་པ་དང་སྦྱར་བར་ཤེས་པར་བྱ་སྟེ། ལམ་དང་སྦྱར་བ་ཐམས་ཅད་ཀྱི་སྤྱི་གཞུང་བསྡུ་བ་ནི། དེ་ལྟ་བུའི་སྐུ་གསུམ་ལམ་དུ་བྱེད་པས་འབྲས་བུ་ཧེ་རུ་ཀ་དངོས་གྲུབ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་ཅེས་པའི་དོན་ཏོ། །དེ་ལྟར་མཆོག་གི་དངོས་གྲུབ་སྐུ་གསུམ་སྒྲུབ་པ་བསྟན་ནས། ད་ནི་གཉིས་པ་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་ཀྱི་འབྲས་བུའི་གསང་བ་སྒྲུབ་པ་བསྟན་པའི་ཕྱིར། གསང་སྔགས་འདིའི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང་གཉིས་ལས། དང་པོ་བཤད་པར་དམ་བཅའ་བ་ནི་གསང་སྔགས་འདིའི་སྙིང་པོ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །བཤད་ཀྱིས་ཞེས་པ་ནི་དེ་ལ་བརྟེན་ནས་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་སྒྲུབ་པ་ངས་བཤད་ཀྱིས། མ་འོངས་པའི་བདེ་མཆོག་གི་སྒྲུབ་པ་པོ་རྣམས་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་གདམས་པ་མཛད་པའོ། །དེ་ཉིད་གང་ཞེ་ན། སྙིང་པོ་བཟླས་པ་ལ་སོགས་པའི་དོན་ནི། དང་པོ་སྙིང་པོའི་སྔགས་ལ་བསྙེན་པ་འབུམ་ཚོ་བཞི་སྔོན་དུ་སོང་བས། འོག་ནས་འབྱུང་བ་བཞིན་སྐྱེ་བ་བདུན་པ་བཙལ་ལ། དེའི་གོ་རོ་ཙ་ན་བླངས་ཏེ་རང་གི་དཔྲལ་བར་ཐིག་ལེ་བྱས་ལ། སྙིང་པོའི་སྔགས་བཟླས་པ་བྱས་པས་ནམ་མཁའ་ལ་དཔག་ཚད་བྱེ་བ་ལ་སོགས་པ་འཕགས་པར་འགྱུར་ཞིང༌། སུམ་ཅུ་རྩ་གསུམ་གྱི་གནས་ལ་སོགས་པར་འགྲོ་བ་དང༌། དེ་ནས་སླར་འོང་ནུས་པར་འགྱུར་རོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་པ་ནི་གོ་རོ་ཙ་ན་དེ་ཉིད་དང༌། བ་ལང་ལ་སོགས་པ་གང་གི་གཟུགས་འཛིན་པར་འདོད་པ་དེའི་གོ་རོ་ཙ་ན་གང་རྙེད་པ་དང་བསྲེས་ནས། དཔྲལ་བར་ཐིག་ལེ་བྱས་ན་གཟུགས་བརྒྱ་སྟོང་དུ་མར་སྟོན་པར་བྱེད་ནུས་པར་འགྱུར་རོ། །གལ་ཏེ་མ་རྙེད་ན་ཐོད་པ་སྣ་ཚོགས་བཙལ་བའི་ནང་དུ་ས་བླུགས་པ་ལ་ཆུས་བྲན་ཏེ། ཡུངས་ཀར་བསྐྱེད་ལ་དེ་སྨིན་པ་དང་ས་ལ་མ་ལྷུང་བར་བླངས་ཏེ་མ་འདྲེས་པར་སྔར་གྱི་ཐོད་པ་སྣ་ཚོགས་ཀྱི་ནང་དུ་བཞག་ནས་སྙིང་པོའི་སྔགས་བཟླས་ན། གཟུགས་དུ་མར་སྟོན་པར་བྱེད་དོ། །ཁང་བཟངས་དང༌། ཤིང་དང༌། ཁྱིམ་ལ་འཛེགས་པ་ལ་སོགས་པ་ནི་འཁྲུལ་འཁོར་ལ་བརྟེན་པའི་ལས་ཚོགས་ཏེ། དེ་ཡང་བ་རུ་རའི་ཤིང་ལ་ཡི་གེ་ཉི་ཤུ་རྩ་གཉིས་པའི་འཁོར་ལོ་ཇི་ལྟ་བ་བཞིན་བྲིས་ལ་རབ་གནས་བྱས་ནས་རང་གི་ལུས་ལ་གྱོན་ཏེ། ཁང་བཟངས་དང་ཤིང་དང་ཁྱིམ་ལ་སོགས་པ་ལ་འཛེགས། དེ་ནས་རང་གང་ཡིད་ལ་འདོད་པའི་མིའི་བུ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་བ་དང༌། ནམ་མཁའ་ལ་འགྲོ་ཞིང་སླར་འོང་ལ། དེ་ནི་དེ་ལྟར་འགྲུབ་ངེས་པ་ལས་གཞན་དུ་མི་འགྲུབ་པར་མི་འགྱུར་རོ། །ཡང་རང་གི་དཔྲལ་བར་སྐྱེ་བ་བདུན་པ་ལ་སོགས་པའི་གོ་རོ་ཙ་ནའི་ཐིག་ལེ་བྱས་པས་རང་འདོད་ན་ལུས་སྣང་བར་འགྱུར་ཞིང༌། ཡང་རང་ཉིད་འདོད་ན་རང་གི་ལུས་མི་སྣང་བར་འགྱུར་རོ། །ཡང་སེམས་ཅན་སྣ་ཚོགས་ཀྱི་གོ་རོ་ཙ་ནས་དཔྲལ་བར་ཐིག་ལེ་བྱས་པས། རང་ཉིད་འདོད་ན་བྱིས་པ་ལ་སོགས་པ་གང་དང་གང་འདོད་པའི་གཟུགས་འཛིན་པར་འགྱུར་ཏེ། འདི་ནི་གཞན་དག་གསང་སྔགས་ཀྱི་ཐེག་པ་ལ་དད་ཅིང་གཞུག་པའི་དོན་དུ་བྱེད་པ་ཡིན་གསུང་ངོ༌། །ཚིག་འཕྲོག་པ་ལ་སོགས་པ་ཡང་འཁྲུལ་འཁོར་ལ་བརྟེན་པའི་ལས་ཚོགས་ཡིན་ཏེ། དེ་ཡང་བྲི་བའི་གཞི་གྲོ་ག་ལ་སྣག་ཚ་ལན་ཚྭ་དང༌། སྐེ་ཚེ་ལ་སོགས་པས་དབུས་སུ་པདྨ་འདབ་བརྒྱད་དུ་བྲིས་ལ། དེ་ལ་མུ་ཁྱུད་ཀྱིས་བསྐོར་ལ། དེ་ལ་དབྱངས་ཡིག་གཡོན་སྐོར་དུ་དགོད། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། དེ་ལ་ཡང་མུ་ཁྱུད་ཀྱིས་བསྐོར་ཏེ། དེ་ལ་ཀཱ་ལི་གཡས་སྐོར་དུ་དགོད། རྩིབས་བཅུ་དྲུག་པ་ལ་ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་ཨོཾ་ཤྲཱི་ལ་སོགས་པ་ཡི་གེ་བཅུ་དྲུག་གཡོན་སྐོར་དུ་དགོད། ནང་གི་པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིའི་འདབ་མ་ལ་ཡི་གེ་བཞི་གཡོན་སྐོར་དུ་དགོད། མཚམས་བཞིར་བསྒྲུབ་བྱའི་མིང་དང་ཚིག་འཕྲོག་པ་ལ་སོགས་པ་གང་འདོད་པའི་ལས་སྤེལ་ལ་དགོད། དབུས་ཀྱི་ལྟེ་བ་ལ་སྭཱ་ཧཱ་གཉིས་དགོད། དེ་ནས་དེ་ལ་རབ་ཏུ་གནས་པ་བྱ་བ་སྔོན་དུ་འགྲོ་བས། བསྒྲུབ་བྱའི་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་ལ་ཚིག་འཕྲོག་པར་འདོད་པ་དེའི་ལྕེ་ལ་མི་རུས་ཀྱི་ཚེར་མ་རྣོན་པོ་ཐམ་མེ་བཙུགས་ལ། ཨ་མུ་ཀ་སྱ་ཝཱ་ཀ་ཨ་བ་ཧ་ར་ཡེད་ཅེས་བྱ་བ་ལ་སོགས་པའི་སྤེལ་ཚིག་དང་བཅས་པའི་སྙིང་པོ་བཟླས་ན་ཕ་རོལ་པའི་ཚིག་འཕྲོག་པ་སྨྲ་མི་ཤེས་པར་རོ། །དེ་བཞིན་དུ་མིག་ལ་སོགས་པ་ལ་ཚེར་མ་བཙུགས་ཏེ་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ན། མཐོང་བ་འཕྲོག་པ་མིག་གིས་གཟུགས་མི་མཐོང་བ་དང༌། རྣ་བ་འཕྲོག་པ་སྒྲ་མི་ཐོས་པ་དང༌། སྣ་འཕྲོག་པ་དྲི་མི་ཚོར་བ་དང༌། ལྕེ་འཕྲོག་པ་རོ་མི་ཚོར་བར་བྱེད་དོ། །གང་གི་འདོད་པའི་ཁྲག་འདྲེན་པར་བྱེད་པ་ནི་དེའི་སྦྱོར་བ་སྔར་ལེའུ་དགུ་པར་བཤད་པ་དང་འདྲ་ལ། སྔགས་ཁྱད་པར་དུ་འདིའི་སྙིང་པོས་བྱའོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་སྐུ་གསུམ་འགྲུབ་པ་ནི་ལེའུའི་སྟོད་ཀྱི་མཚན་ཡིན་ལ། སྙིང་པོའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་ནི་སྨད་ཀྱི་མཚན་ཏེ། བཅུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་པའི་བཤད་པའོ།།  །།དེ་ལྟར་སྐུ་གསུམ་བསྒྲུབ་པའི་སྒོ་ནས་སྙིང་པོའི་ལས་ཚོགས་བསྟན་ནས། དེ་གྲུབ་ཀྱང་ལས་གཞན་བསྟན་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་སྟོན་ཏེ། དེ་ལ་ལེའུ་འདིས་སྙིང་པོའི་ལས་ཚོགས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་སྐྱེ་བ་བདུན་པའི་མཚན་ཉིད་བརྟག་པ་བསྟན་པ་ལས། དེ་ཡང་ལེའུ་བཅུ་གཅིག་པ་འདིས་མཚན་ཉིད་བརྟག་པ་མདོར་བསྟན། འོག་གི་ལེའུ་བཞི་བཅུ་རྩ་དགུ་པས་མཚན་ཉིད་བརྟག་པ་རྒྱས་པར་བཤད། འོག་གི་ལེའུ་བཅུ་བཞི་པས་སྡེ་སྒྲུབ་པར་སྟོན་ཏེ། དེ་ལྟར་ལེའུ་གསུམ་གྱིས་སྟོན་ཏེ། ལེའུ་འདི་ལ་ཡང་ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་ལ་གསུམ་ལས། དང་པོར་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་བཅུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ནི་སྔར་གྱི་ལེའུ་བཅུ་པའི་ལས་ལས་གཞན་དུ་གྱུར་པའོ། །སྒྲུབ་པ་པོས་ནི་སྙིང་པོ་ལ་བརྟེན་ནས་གཙོ་བོར་སྒྲུབ་པའི་སྒྲུབ་པ་པོ་དེ་གང་ཞིག་ནི་སྔར་གྱི་འཁྲུལ་འཁོར་ལ་སོགས་པས་ལས་ཚོགས་མ་གྲུབ་ན། སྐྱེ་བ་བདུན་པའི་གོ་རོ་ཙ་ན་བསྟེན་པ་ཙམ་གྱིས་ནི་འདིས་དངོས་གྲུབ་མི་འགྲུབ་མི་སྲིད་པས་ན། དངོས་གྲུབ་ལ་མྱུར་དུ་འཇུག་པ་ཞེས་བྱའོ། །དངོས་གྲུབ་ཐོབ་ཐབས་ནི་སྔར་མ་གྲུབ་ན། འདིས་སྤོགས་པའི་སྒོ་ནས་ཐོབ་པར་བྱེད་པའི་ཐབས་བཤད་པར་བྱའོ། །གཉིས་པ་མིའི་སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ་ནི། འདིར་མཚན་ཉིད་ལྔ་བསྟན་པ་ལས། དང་པོ་ནི་སྐྱེ་བ་བདུན་པའི་སྐྱེས་བུ་གང་གི་ལུས་ཀྱི་རྡུལ་གླ་རྩི་ལ་སོགས་པའི་དྲི་ཞིམ་པར་འགྱུར་བ་དང༌། གཉིས་པ་ཚིག་སྨྲ་བ་ཐམས་ཅད་བདེན་པར་སྨྲ་བ་དང༌། གསུམ་པ་གཞན་གྱི་མིག་འབྱེད་འཛུམས་བདུན་གྱི་བར་དུ་ཡུན་རིང་པོར་མིག་མི་འཛུམས་པ་དང༌། བཞི་པ་གཞན་ལ་ཁྲོ་བ་མེད་པར་འགྱུར་བ་དང༌། མཚན་ཉིད་ལྔ་པ་དེའི་ཁ་དང་སྣ་ནས་དབུགས་འབྱུང་བའི་ཚེ་ག་པུར་ལ་སོགས་པའི་དྲི་ཞིམ་པོར་བྱུང་བ་དེ་ནི་སྐྱེ་བ་བདུན་དུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་མིར་འགྱུར་བ་ཡིན་ཏེ། དེ་ནི་སྐྱེ་བ་བདུན་པའི་མཚན་ཉིད་དོ། །གསུམ་པ་དེའི་གོ་རོ་ཙ་ན་ལ་བརྟེན་ནས་ལས་བསྒྲུབ་པ་ཕན་ཡོན་དང་བཅས་པ་བསྟན་པ་ནི། དེ་ལ་སྒྲུབ་པ་པོའི་སྣས་མནམ་ན་དེའི་སྙིང་གའི་ནང་ལ་བརྟེན་པའི་གོ་རོ་ཙ་ན་ཡོད་དེ། དེ་བླངས་པ་ལ་ཞེས་པ་བླང་ཐབས་ནི། པཎྜི་ཏ་བགྲེས་པོ་རྣམས་ཀྱི་བཞེད་པས་དེ་བྱང་ཆུབ་སེམས་དཔའ་ཡིན་པས་དེ་ལ་སྒྲུབ་པ་པོས་བསྙེན་བཀུར་བྱས་ཏེ་གསོལ་བ་བཏབ་པས། དེས་ལུས་སྟེར་བ་ཡིན་གསུངས་ལ། བླ་མ་བལ་པོ་ཀ་ན་ཀ་ཤྲཱི་ཆེན་པོའི་རྗེས་སུ་འབྲངས་ནས་དེ་བསྒྲལ་བའི་ཐབས་དགོས་པར་བཞེད་དོ། །དེ་གཉིས་གང་གི་ལྟར་ཡིན་ཡང་དང་པོ་དེའི་གོ་རོ་ཙ་ན་བླངས་ལ། བསྙེན་པ་སྔོན་དུ་སོང་བས་དེ་ལ་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་རང་གི་དཔྲལ་བར་ཐིག་ལེ་བྱས་ནས། སྟེང་སྟེ་མཁའ་སྤྱོད་དུ་ལྡིང་བར་འགྱུར་ཞིང༌། དཔག་ཚད་བྱེ་བར་ཡང་སྐད་ཅིག་གིས་འགྲོ་བར་ནུས་པར་འགྱུར་རོ། །དེའི་ཤ་སྒྲུབ་པ་པོས་ཟོས་པ་ཙམ་གྱིས་དུས་གསུམ་མཁྱེན་པའི་ཡེ་ཤེས་ཅན་ཏེ་མངོན་ཤེས་དང་ལྡན་པར་འགྱུར་རོ། །དེ་ལས་རྐང་མགྱོགས་ཀྱི་དངོས་གྲུབ་འབྱུང་བ་ནི་དཔག་ཚད་ལྔ་བཅུར་སོང་ནས་ཉིན་མཚན་གཅིག་གིས་སླར་འོང་བར་འགྱུར་རོ། །ལྷའི་ལུས་ནི་སྐྲ་དཀར་དང་གཉེར་མ་ལ་སོགས་པ་མེད་པའམ། མངོན་ཤེས་དང་ལྡན་པའི་ལུས་ཀྱང་ཐོབ་པར་འགྱུར་རོ། །དཔལ་ཧེ་རུ་ཀའི་སྙིང་པོ་ལ་བརྟེན་ནས་སྐྱེ་བ་བདུན་པ་སྒྲུབ་པ་གང་གིས་ཤེས་པ་དེ་རང་དངོས་གྲུབ་གང་དང་གང་འདོད་པ་དེ་དང་དེ་ཚེགས་མེད་པར་ཐོབ་པར་འགྱུར་རོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་མིའི་སྐྱེ་བ་བདུན་པའི་མཚན་ཉིད་དང༌། དེའི་གོ་རོ་ཙ་ན་ལ་བརྟེན་པའི་ཆོ་ག་དང་ཕན་ཡོན་གྱི་ལེའུ་སྟེ། བཅུ་གཅིག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་གཅིག་པའི་བཤད་པའོ།།  །།ལེའུ་བཅུ་གཉིས་པས་འབྲས་བུའི་གསང་བ་རིན་པོ་ཆེ་བཞི་ལས། བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོ་ལ་བརྟེན་ནས་ལས་ཚོགས་ཉི་ཤུ་རྩ་དྲུག་སྒྲུབ་པ་སྟོན་ཏེ། ལེའུ་འདི་ལ་ཡང་ལེའུའི་གཞུང་དང་ལེའུའི་མཚན་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་དང་པོར་བཤད་པར་དམ་བཅའ་བ་སྔགས་ཀྱི་ཆེ་བ་དང་བཅས་ཏེ་བསྟན་པ་ནི་དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་བཅུ་གཅིག་པའི་སྙིང་པོའི་ལས་བཤད་པའི་རྗེས་ལའོ། །བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོ་ནི་འདིས་ལས་ཚོགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་ཅིང༌། འཇིག་རྟེན་གསུམ་ན་ལས་བསྒྲུབ་རྒྱུ་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་འདིས་མྱུར་དུ་འགྲུབ་པས་ན་སྐད་ཅིག་གིས་འགྲུབ་པར་བཤད་ཅེས་བྱའོ། །གཉིས་པ་ནི་ལེའུའི་གཞུང་བཤད་པ་དངོས་ལ་གཉིས་ལས། དང་པོ་ཉེ་བའི་སྙིང་པོ་ཉིད་བཟློག་སྟེ། བསྟན་པ་ནི་པུ་སྟི་མཐོང་བས་ཤེས་པར་འདོད་པ་དགག་པའི་དོན་དུ་བསྟན་པའོ། །ད་ནི་གཉིས་པ་ལས་ཀྱི་ཚོགས་ཀྱིས་དངོས་གྲུབ་སྒྲུབ་པ་དངོས་ལ་ཉི་ཤུ་རྩ་དྲུག་ཡོད་པ་ལས། འདི་ཐམས་ཅད་ཕལ་ཆེར་འཁོར་ལོ་ལ་བརྟེན་ནས་ལས་སྒྲུབ་པ་ཡིན་པས། འཁོར་ལོ་རྣམས་ཀྱི་སྤྱི་དོན་རྣམ་པར་གཞག་པ་ནི། བླ་མ་བལ་པོ་བྷ་དནྟ་ཞི་བ་དང་དྲག་པོ་ལ་ཡི་གེའི་མགོ་ནང་དུ་སྟོན། རྒྱས་པ་དང་དབང་དང་དགུག་པ་ལ་སོགས་པ་ལ་ཡི་གེའི་མགོ་ཕྱིར་སྟོན་པར་བཞེད་དེ། པཎྜི་ཏ་བགྲེས་པོ་རྣམས་སྤྱིར་ཞི་བ་དང་དྲག་པོ་གཉིས་སུ་ཕྱེ་ནས་ཞི་བའི་ཁོངས་སུ་རྒྱས་པ་དང་དབང་དང་དགུག་པ་རྣམས་སྡུད། དྲག་པོའི་ཁོངས་སུ་བརྒྱལ་བ་དང་རེངས་པ་དང༌། དབྱེ་བ་དང་བསྐྲད་པ་ལ་སོགས་པ་སྡུད། ཡི་གེ་ཡང་ཞི་བའི་འཁོར་ལོ་ཐམས་ཅད་ཀྱི་ཡི་གེའི་མགོ་ནང་དུ་སྟོན། དྲག་པོ་རྣམས་ཕྱིར་སྟོན་པར་བཞེད་དོ། །འཁོར་ལོ་བྲི་བའི་སྣག་ཚ་ནི་ཞི་བ་ལ་ཙནྡན་དང་ག་པུར་གྱིས་བྲི། རྒྱས་པ་ལ་གུར་གུམ་གྱིས་བྲི། སྲུང་བ་ལ་གི་ཝང་དང་རང་གི་ཁྲག་གིས་བྲི། དབང་དང་དགུག་པ་ལ་ཁྲག་དང་རྒྱ་སྐྱེགས་ཀྱིས་བྲི། མངོན་སྤྱོད་ལ་དུག་དང་ལན་ཚྭ་སྐེ་ཚེས་བྲི་བར་བྱའོ། །འཁོར་ལོ་ཐམས་ཅད་ཀྱི་སྤྱིའི་རབ་གནས་ནི། མདུན་གྱི་འཁོར་ལོ་དེ་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་འཁོར་ལོ་སོ་སོའི་ལྟེ་བ་ལ་བཀོད་པའི་ཡི་གེ་ལ་འཁོར་ལོ་སོ་སོར་བྲིས་པ་ཁོ་ན་བཞིན་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་ས་བོན་དང༌། འཁོར་ལོའི་ཡི་གེ་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དམ་ཚིག་གི་འཁོར་ལོ་ལ་བསྟིམ་ལ་མཆོད་པ་ལྔ་དང་བསྟོད་པ་བྱས་ནས་འཁོར་ལོ་རྣམས་ཀྱི་ནང་དུ་བཀོད་པའི་སྔགས་ནས་བརྩམས་ཏེ། སྔགས་ཐམས་ཅད་རིམ་པ་བཞིན་དུ་བརྒྱ་བརྒྱ་བཟླས་པས་རབ་ཏུ་གནས་པར་འགྱུར་རོ། །དེ་ནི་རབ་གནས་བསྡུས་པའི་དབང་དུ་བྱས་པ་ཡིན་ལ། རབ་གནས་རྒྱས་པ་ནི་སྔར་ཡང་བཤད་ལ་ཕྱིས་ཀྱང་བཤད་པར་འགྱུར་རོ། །ལས་ཚོགས་ཉི་ཤུ་རྩ་དྲུག་གི་དང་པོ་འཇིག་རྟེན་གསུམ་གཡོ་བར་བྱེད་པའི་ལས་ནི། དང་པོ་ཉེ་བའི་སྙིང་པོ་ལ་བསྙེན་པ་འབུམ་ཕྲག་བཞི་སྔོན་དུ་སོང་བས་ལས་སྦྱོར་གྱི་དུས་སུ་འཁྲུལ་འཁོར་བྲི་བ་ནི། ནང་དུ་པདྨ་འདབ་མ་དྲུག་པ་གེ་སར་དང་བཅས་པ་དེ་ལ་ཟླ་བས་ཉེ་བར་མཛེས་པར་བྱས་པ་བྲིས་ལ། དེའི་ཕྱི་ནང་གཉིས་ཀ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲི། འདི་ནི་སློབ་དཔོན་ཀཾ་པ་ལའི་ལུགས་ཡིན་ལ། བླ་མ་ནཱ་རོ་པ་ནི་ནང་མ་ལ་ཨཱ་ལི་ཕྱིའི་མུ་ཁྱུད་ལ་ཀཱ་ལིས་ཁ་སྐོར་བར་བཞེད་དོ། །དེའི་ཕྱི་རོལ་ཏུ་འཁོར་ལོ་ཟླ་བའི་འོད་དང་ལྡན་པ་རྩིབས་དྲུག་པ་བྲི། དེའི་ཕྱི་རོལ་དུ་ཡང་རྡོ་རྗེའི་ཕྲེང་བས་བསྐོར་བར་བྲིའོ། །པདྨའི་འདབ་མ་དྲུག་ལ་ཨོཾ་ལ་སོགས་པའི་ཡི་གེ་དྲུག་གཡོན་སྐོར་དུ་དགོད། ཧཱུྃ་གཅིག་དབུས་སུ་དགོད་དོ། །དེའི་ཕྱི་རོལ་གྱི་འཁོར་ལོའི་རྩིབས་དྲུག་པོ་ལ་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་གཡོན་སྐོར་དུ་དགོད། དེ་ལྟར་ཡི་གེ་བཀོད་ཅིང་རབ་གནས་ལ་སོགས་པ་བྱས་པས་བསྲུང་བའམ་ཕྱིར་བཟློག་པར་ཡང་འགྱུར་ལ། འདིར་ཁྱད་པར་དུ་འཇིག་རྟེན་གསུམ་གཡོ་བར་འདོད་ན་འཁོར་ལོ་དེ་རང་གི་ལུས་ལ་བཏགས་ནས་སྔགས་འདི་འབུམ་བཟླས་པས་སམ། ཡང་ན་རང་གི་ལག་པ་གཡོན་པའི་མཐིལ་དུ་ཇི་ལྟ་བ་བཞིན་བྲིས་ནས་རབ་གནས་བྱས་ཏེ་རང་གི་ལག་པ་གཡོན་ས་ལ་བརྡབ་ཅིང༌། ཉེ་བའི་སྙིང་པོའི་སྔགས་འདི་ལན་འབུམ་བཟླས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་གཡོ་བར་བྱེད་དོ། །བླ་མ་ནཱ་རོ་པས་འདི་གྲུབ་པ་ཡིན་གསུང༌། དགུག་པའི་ལས་ནི་ཙནྡན་དམར་པོ་དུར་ཁྲོད་ཀྱི་སེན་རྩི་གོ་རོ་ཙ་ན་རང་གི་ཁུ་བ་དང་བཅས་པས་འཁོར་ལོ་སྔ་མ་བྲིས་ལ་རབ་གནས་བྱས་ཏེ་བཅངས་པས་སམ། ཡང་ན་ཙནྡན་དམར་པོ་དང༌། སྐེ་ཚེ་ལན་ཚྭ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་དགྲའི་གཟུགས་བརྙན་བྱས་ལ་སྔ་མའི་འཁོར་ལོ་བྲིས་ནས་རབ་གནས་བྱས་ཏེ་དེའི་སྙིང་གར་བཅུག་ལ། བསྒྲུབ་བྱའི་མིང་ནས་སྨོས་པའི་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན་བསྒྲུབ་བྱ་ངེས་པར་འགུགས་པར་འགྱུར་ཏེ། དེ་ཡང་ལྷ་དང་ལྷ་མ་ཡིན་ཞེས་པ་ལ་སོགས་པ་ནི་གོ་བར་སླའོ། །དེ་ནི་མཚོན་པ་སྟེ། དེ་ཡང༌། གྲུབ་པའི་སྦྱོར་བ་འདི་ཡིས་ནི། །ས་ཡི་བདག་པོ་ཉིད་དང་ནི། །ནོར་དང་སྐྱེ་བོ་དབང་དུ་འགྱུར། །ཞེས་གསུངས་སོ། །ཆུ་རེངས་ཤིང་སྐེམས་པར་བྱེད་པ་ནི། འཁོར་ལོ་སྔ་མ་བྲིས་ཏེ་རབ་གནས་བྱས་ནས་དུམ་བུར་བཅག་སྟེ། རྒྱ་མཚོ་ལ་སོགས་པར་དོར་ན་དེ་དག་སྐེམས་ཤིང་རེངས་པར་བྱེད་དོ། །མཁའ་འགྲོ་མ་རྣམས་མངག་གཞུག་པར་སྒྲུབ་པ་ནི་ཟངས་ལ་སོགས་པའི་བྱང་བུ་ལ་སྔ་མའི་འཁོར་ལོ་ཇི་ལྟ་བ་བཞིན། གཟོང་བྲིས་བྱས་ལ་ཙནྡན་དམར་པོ་ལ་སོགས་པ་དང་རང་གི་སྲིན་ལག་གི་ཁྲག་གིས་རི་མོ་བཀང་ནས། རབ་གནས་ལ་སོགས་པ་བྱས་ཏེ། དེ་འཚང་ཞིང་སྔགས་བཟླས་ན། གནས་གང་དུ་ཉེ་བའི་སྙིང་པོ་ཟློས་པའི་གནས་དེར་མཁའ་འགྲོ་མ་དང༌། སྲུང་མ་མ་རུངས་པ་ཐམས་ཅད་སྒྲུབ་པ་པོ་གང་འདོད་པའི་ལས་སྒྲུབ་པའི་མངག་གཞུག་བྱེད་པར་འགྱུར་རོ། །སྐྱེ་བ་བདུན་པར་ཤེས་པར་བྱེད་པ་ནི། རང་གི་ལག་པ་གཡོན་པའི་མཐིལ་དུ་འཁོར་ལོ་སྔ་མ་ཙནྡན་དཀར་པོས་བྲིས་ཏེ་རབ་གནས་བྱས་ནས་དེ་ཆུ་གཙང་མས་བཀྲུས་ཏེ། ཆུ་ལ་ཡི་གེ་བདུན་པ་བཟླས་ནས་བདག་ཉིད་ཀྱི་མིག་བཀྲུས་ན་མིག་གསལ་བ་དང༌། སྐྱེ་བ་བདུན་པ་ཤེས་པར་ཡང་འགྱུར་རོ། །ཡང་སྔར་གྱི་སྦྱོར་བ་དེ་ཉིད་ཀྱིས་གཞན་ཚེ་ཟད་ཅིང་འཆི་བ་ཉིད་དུ་ཤེས་པ་དང༌། ཚེ་རིང་བ་དང་སྲོག་དང་བཅས་པར་ཡང་ཤེས་པར་འགྱུར་རོ། །ཡང་རང་གི་ལག་པ་ལ་ཡི་གེ་བདུན་པའི་འཁོར་ལོ་དང་ལྡན་པས་ཉེ་བའི་སྙིང་པོ་མིག་ལ་མངོན་པར་བསྔགས་ནས་སྟག་ལ་སོགས་པའི་གདུག་པ་ཅན་གང་ལ་མིག་མི་འཛུམས་པར་ཐད་ཀར་བལྟས་པས་དེ་རེངས་པར་འགྱུར་རོ། །རི་ལུའི་དངོས་གྲུབ་ནི་མི་རོའི་རྐང་མཐིལ་གྱི་པགས་པ་བླངས་ནི། དཔའ་བོ་གཡུལ་དུ་བསད་པའི་པགས་པ་དང༌། མིའི་ཁྲག་ཆག་ཅིག ལིག་བུ་མིག་ནི་ཟངས་གླིང་ལ་སོགས་པ་གླིང་གཞན་ནས་འབྱུང་བའི་རྡོའི་བྱེ་བྲག་ཡིན་ཏེ་དེ་ཆ་གཅིག ལྡོང་རོས་དང་གི་ཝང་དང་གུར་གུམ་གསུམ་ཁྲག་གིས་བསྲེས་ལ་ཆ་གསུམ། དེ་ལྟར་ཆ་ལྔ་པོ་དེ་ལས་རི་ལུའི་སྦྱོར་བ་བྱས་ལ་གྲིབ་མ་ལ་བསྐམས་ཏེ། དེ་ལ་ལྕགས་གསུམ་ནི་གསེར་དངུལ་ཟངས་གསུམ་གྱིས་དཀྲིས་ལ་ཟ་མ་ཏོག་ལ་སོགས་པའི་ནང་དུ་བཞག་སྟེ། ཡང་ལྷག་པར་གནས་པར་བྱས་ལ་ཞེས་པ་ནི། དང་པོར་རི་ལུ་སྟོང་པར་བྱས་ལ། དེ་ནས་སྟོང་པའི་ངང་ལས་རི་ལུ་རང་དུ་བསྐྱེད་ལ་ལྷའི་འཁོར་ལོ་སྤྱན་དྲངས་ཏེ་དེ་ལ་བསྟིམ་པའམ། ཡང་ན་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཆུ་རིས་བྱས་ལ་མཆོད་པ་ལ་སོགས་པ་ཡང་བྱས་ཏེ། དཀྱིལ་འཁོར་བསྒྲུབས་ནས་དཀྱིལ་འཁོར་དེའི་འགྲམ་དུ་རོ་སར་བ་མཚན་དང་ལྡན་པ་ཅིག་གཞག་ལ། སྐར་མ་རྒྱལ་ལ་བབ་པ་ན་བདག་གི་སྙིང་ག་ནས་ཡི་གེ་ཧཱུྃ་གཅིག་བཏོན་ཏེ་རོའི་སྙིང་གར་སྤྲོས་ལ། དེའི་འོད་ཟེར་གྱིས་ལྷ་སུམ་ཅུ་རྩ་བདུན་པོ་རྣམས་ཡི་གེ་བདུན་གྱི་རང་བཞིན་དུ་རོའི་སྙིང་གར་བཅུག་ནས་དཔལ་ཧེ་རུ་ཀ་སྟེ། རི་ལུ་དེ་ཡང་རོའི་ཁ་ནས་རོའི་སྙིང་གར་བཅུག་ལ། རང་གི་ལག་པ་གཡོན་པས་རོའི་ཁ་བཀབ་སྟེ། ལས་སྦྱོར་དུས་སུ་ཡི་གེ་བདུན་པ་སྟོང་རྩ་བརྒྱད་བཟླས་པས། རོ་དེའི་ལྕེས་རི་ལུ་ཕྱིར་ཕུལ་བ་དེ་དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་ལ་ནི། བདག་ཉིད་ཀྱི་ལྕེས་བླངས་ལ་ཁར་བཅུག་སྟེ་ཉེ་སྙིང་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པས་སྒྲུབ་པ་པོ་དེའི་ལུས་དེའི་མོད་ལ་མི་སྣང་བར་འགྱུར་ཞིང༌། རྒྱལ་པོའི་ཁྱིམ་ལ་སོགས་པར་ཕྱིན་ཀྱང་རང་གི་གྲིབ་མ་ཡང་གཞན་ལ་མི་སྣང་བར་འགྱུར་ཏེ། རང་གི་ལུས་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་རྣམས་ཀྱིས་མཐོང་བར་མི་འགྱུར་ན་མི་རྣམས་ཀྱིས་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་མཐོང་ངོ༌། །ཡང་རི་ལུ་དེ་ཁ་ནས་ཕྱིར་བཏོན་ན་ནི་སླར་སྣང་བར་འགྱུར་རོ། །དེ་ལྟ་བུའི་རི་ལུའི་དངོས་གྲུབ་དེ་བཅོམ་ལྡན་འདས་རང་གིས་གསུངས་པ་ཅི་ཡིན་སྙམ་ན། སྡུད་པ་པོས་མ་འོངས་པ་རྣམས་ཡིད་ཆེས་པ་བསྐྱེད་པའི་དོན་དུ་རྒྱུད་འདིར་མཁའ་སྤྱོད་སྒྲུབ་པའི་རི་ལུའི་དངོས་གྲུབ་གསུངས་པ་འདི། སྡུད་པ་པོ་ཕྱག་ན་རྡོ་རྗེས་གསུངས་པ་ནི་མ་ཡིན་ལ། དཔའ་བོ་སྟེ་བཅོམ་ལྡན་འདས་བདེ་མཆོག་རང་ཉིད་ཀྱིས་གསུངས་པ་ཡིན་པས་འདི་ལ་ཐེ་ཚོམ་མི་བྱའོ། །ཁྲག་འདྲེན་པ་འདིའི་སྦྱོར་བ་ནི་སྔར་ལེའུ་དགུ་པ་རྩ་བའི་སྔགས་ཀྱི་སྐབས་སུ་བཤད་པ་དང་འདྲ་ལ། འདིར་ཁྱད་པར་དུ་དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོ་སྔགས་ཟློས་ཤིང༌། རང་གི་མཛུབ་མོ་གཡས་པའི་རྩེ་མོས་མགོ་བོའི་ཐོད་པ་ཤ་མེད་པའི་ནང་དུ་བསྒྲུབ་བྱའི་ཁྲག་དྲངས་པའི་བསམ་པས་མཉེས་ན་དེའི་ཁྲག་འདྲེན་པར་བྱེད་དོ། །ཡང་མཛུབ་མོ་གཡོན་པས་ཡང་དང་ཡང་དུ་མཉེས་པས་སླར་ཁོ་རང་གི་ལུས་ལ་འཇུག་པར་བྱེད་དོ། །མངོན་པར་བཟླས་ཏེ་ནི་ཡི་གེ་བདུན་པ་ལས་སྔོན་དུ་བསྙེན་པ་སོང་བས་དཔའ་བོ་ཤི་བའི་ཐོད་པ་ལ་སྒྲུབ་པ་པོའི་ཁུ་ཚུར་གྱིས་བསྣུན་ཅིང་བསྒྲུབ་བྱའི་མིང་ནས་སྨོས་ཏེ། སྔགས་བཟླས་ན་བསྒྲུབ་བྱ་དེའི་ཀླད་པ་ན་བར་འགྱུར་རོ། །ཡང་དེ་གསོ་བའི་བསམ་པས་གསང་སྔགས་ཡིད་ལ་དྲན་པར་བྱས་ཏེ། དཔའ་བོའི་ཐོད་པ་འོ་མས་བཀང་ན་ཀླད་པ་ན་བ་དེ་ཉེ་བར་ཞི་བར་འགྱུར་རོ། །ཡང་དུད་འགྲོ་ལ་སོགས་པ་གང་ཡང་རུང་བའི་གི་ཝང་ལ་སྔགས་བཟླས་ཏེ། རང་གི་དཔྲལ་བར་ཐིག་ལེ་བྱས་ནས་གང་ལ་བལྟས་པ་དེ་རྒྱས་བཏབ་པ་སྟེ་རེངས་པ་ལ་སོགས་པར་འགྱུར་རོ། །ཡང་སྔར་གྱི་འཁོར་ལོ་དང་ལྡན་པས་མཛུབ་མོ་གཡོན་པ་ལ་ཉེ་བའི་སྙིང་པོ་བཟླས་ཏེ་གང་ལ་སྡིགས་མཛུབ་བྱས་པ་དེ་དེའི་མོད་ལ་ལྟུང་བར་འགྱུར་རོ། །ཡང་སྔར་གྱི་འཁོར་ལོ་དང་ལྡན་པས་གསང་སྔགས་བཟླས་ཏེ་འཁོར་ལོ་དང་ལྡན་པའི་ལག་པ་དེ་ལ་སྟེ་བསྒྲུབ་བྱའི་གཟུགས་བརྙན་ལ་བསྣུན་ན། གང་གི་མིང་ནས་སྨོས་པ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །ཡང་ཆུ་ལ་སྔགས་བཟླས་ཏེ། ས་ལ་ནི་དགྲའི་གཟུགས་བརྙན་ལ་གཏོར་ན་སླར་འཚོ་བར་འགྱུར་རོ། །ཡང་འཁོར་ལོ་དང་ལྡན་པའི་སྔགས་ཟློས་ཤིང་མཛུབ་མོའི་རྩེ་མོས་ཕ་རོལ་གྱི་དམག་སྟོང་ལ་ཡང་སྡིགས་མཛུབ་བྱས་ན་ཡང་དེ་ཐམས་ཅད་གནོན་ཅིང་རེངས་པར་འགྱུར་རོ། །ཡང་སྔགས་ཟློས་ཤིང་སོས་པར་གྱུར་ཅིག་པའི་སྨོན་ལམ་གྱི་ཚིག་གིས་གྲོལ་བར་འགྱུར་རོ། །སྨེ་ཤ་ཅན་ཤན་པའི་རོ་བསྲེགས་པའི་ཐལ་བ་ལས་བསྒྲུབ་བྱའི་གཟུགས་བྱས་ལ། གང་ཡིན་པའི་མིང་དང་ལྡན་པའི་འཁོར་ལོ་བྲིས་ནས་དེའི་སྙིང་གར་བཅུག་སྟེ། ལས་སྦྱོར་གྱི་དུས་སུ་དེ་ཉིད་ཀྱི་ཐལ་བ་ལ་སྔགས་བཟླས་བརྗོད་བརྒྱ་བྱས་ན་བསྒྲུབ་བྱ་སེམས་ཅན་གང་སྟེ་བྲམ་ཟེ་ལ་སོགས་པའི་རིགས་བཟང་པོ་གང་ཡང་རུང་བ་རྗེས་སུ་དྲན་པར་བྱས་ཏེ། དེའི་ལུས་ལ་ཐལ་བ་བསྣུན་ན་དེའི་རིགས་ངན་སྨེ་ཤ་ཅན་གྱི་གཟུགས་འཛིན་པར་འགྱུར་རོ། །གཞན་ཡང་བསྒྲུབ་བྱ་ལ་རིམས་ཀྱིས་ཐེབས་པར་བྱ་བ་ལ་ནི་ཡི་དྭགས་ཀྱི་ཁར་གང་ཞིག་གི་མིང་དང་སྤེལ་ནས་འཁོར་ལོ་བྲིས་པ་དེ་རིམས་ཀྱིས་འཛིན་པར་འགྱུར་རོ། །ལྟོ་བ་ན་བ་ལ་ནི་ཡི་དྭགས་ཀྱི་ཀླད་པ་ལའོ། །བརྗེད་བྱེད་ལ་ནི་རླུང་དང་སྤྲིན་གྱི་དཀྱིལ་འཁོར་ལའོ། །གཟེར་བ་ལ་ནི་མདུང་རྩེ་གསུམ་པའོ། །དུག་དང་མཛེ་ནད་ལ་ནི་ལྟོ་བ་ལའོ། །གཟའ་གང་དང་གང་ཡིན་པའི་མཚན་མའི་ནང་དུ་ཆུད་པར་བྲིས་ན་དེས་འཛིན་པར་འགྱུར་རོ། །སྦྱིན་སྲེག་གི་མེའི་ཐལ་བ་ནི། དྷ་དུ་ར་ལ་སོགས་པ་བསྲེགས་པའི་ཐལ་བ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ནས་སྙིང་གར་འཁོར་ལོ་བཅུག་པ་ལ། བཟླས་བརྗོད་བརྒྱ་བྱས་ཏེ་བསྒྲུབ་བྱའི་མིང་དང་སྔགས་སྤེལ་བ་ཟློས་ཤིང་ཐལ་བ་གཟུགས་བརྙན་ལ་བསྣུན་ན་བསྒྲུབ་བྱ་དེ་ལྷ་དེ་ཉིད་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ། །ཆུ་ལ་སྔགས་ལན་བདུན་བཟླས་ནས་གཟུགས་བརྙན་ལ་གཏོར་ན་སླར་སྣང་བར་འགྱུར་རོ། །ཐོད་པའི་ཕྱག་རྒྱ་ནི་ལག་པའི་ནང་དུ་འཁོར་ལོ་བྲིས་ཏེ་ཁ་སྦྱར་བཅིངས་ལ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་རང་གི་དབུགས་མི་འབྱིན་པར་བསྒྲུབ་བྱ་གང་གི་མིང་ནས་སྨོས་ཏེ་སྔགས་བཟླས་ན་བསྒྲུབ་བྱ་སྨྱོ་བར་འགྱུར་བའམ། ཡང་ན་ལག་པ་གཉིས་བརྡབ་པའི་དབུས་སུ་ཐོད་པ་བཅུག་སྟེ་མགོ་ཡང་ཡང་བསྒྱུར་ཞེས་ཀྱང་གསུང༌། ཡང་ན་ཐོད་པའི་ཕྱག་རྒྱ་ཁ་སྦྱོར་ནི་སྨྱོ་བྱེད་ལྔ་ལས་མིང་དང་སྤེལ་བའི་འཁོར་ལོ་བྲིས་ལ། ཁྱི་སྨྱོན་པའི་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཅུག་ལ། རང་གི་དབུགས་མི་འབྱིན་པར་བསྒྲུབ་བྱའི་མིང་ནས་སྨོས་ཏེ་སྔགས་ཟློས་ཤིང་དུར་ཁྲོད་དུ་ཐོད་པ་དེ་སྦས་ན་བསྒྲུབ་བྱ་དེ་སྨྱོ་བར་འགྱུར་རོ། །གཞན་ཡང་སྐྱེ་བོ་སྟོང་ཡང་མྱོས་པར་འགྱུར་རོ། །འཁྲུལ་འཁོར་བཏོན་ནས་འོ་མས་བཀྲུས་ཏེ། ཡང་ཡིད་ཀྱིས་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཙམ་གྱིས་གྲོལ་པར་འགྱུར་རོ། །ཡང་འཁོར་ལོ་དང་ལྡན་པར་གང་གི་མིང་ནས་སྨོས་ནས་རང་གི་གཙུག་ཕུད་ལ་སྔགས་ལན་བདུན་བཟླས་ཏེ་མདུད་པ་བྱས་ན་མཁའ་འགྲོ་མ་བུད་མེད་ཐམས་ཅད་འོང་བར་འགྱུར་རོ། །ཡང་འཁོར་ལོ་དང་ལྡན་པས་རྒྱལ་པོའི་དཀོར་ཁང་ལ་སོགས་པའི་ཁང་སྟོང་དུ་སོང་སྟེ་སྔགས་ལན་བརྒྱ་བཟླས་ཤིང་ལག་པ་གཉིས་ཀྱིས་སྐྲ་སྤྱི་བོར་བཅིངས་ལ་མིག་བགྲད་དེ་ཇི་སྲིད་དུ་སྔགས་བཟླས་པ་དེ་སྲིད་དུ་རང་མི་སྣང་བར་འགྱུར་རོ། །གཙུག་ཕུད་བཀྲོལ་ན་སླར་སྣང་བར་འགྱུར་རོ། །གཞན་བཅིངས་པའི་ལས་ནི་ཐོད་པའི་ནང་དུ་གསེག་མ་བླུགས་ལ་ནི་གྱོ་མོ་ལ་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ནས་བཅག་སྟེ། དཔའ་བོའི་ཐོད་པའི་ནང་དུ་བླུགས་ལ་ཆིངས་ཤིག་པ་དང་སྤེལ་བའི་སྔགས་མངོན་པར་བཟླས་ནས་ཁང་པའི་སྟེང་ནས་སྟེང་དང་འོག་དང་ཕྱོགས་དང་ཕྱོགས་མཚམས་སུ་གཏོར་ན་ལྷ་ལ་སོགས་པ་ཐམས་ཅད་བཅིངས་ནི་གནོད་པར་མི་ནུས་པར་འགྱུར་རོ། །ཡང་སྔར་གྱི་སྦྱོར་བ་དེ་ཉིད་ཀྱིས་མཁའ་འགྲོ་མའི་སྦྱོར་བ་སྟེ་གནོད་པ་དུ་མ་ཡང་འཕྲོག་པར་འགྱུར་རོ། །སྐྱེས་པ་དང་བུད་མེད་མི་འབྱེ་བར་བྱེད་ན་ཅེ་སྤྱང་གི་མཇུག་མ་ལ་སྔགས་བཟླས་ཏེ་ཉལ་བའི་མལ་ཁྲིའི་འོག་ཏུ་སྦས་ནས་སྟན་དང་མལ་ཁྲི་ལ་སྐྱེས་པ་དང་བུད་མེད་འདུག་པ་ལ་བལྟས་ཏེ། སྔགས་ནི་ཉེ་སྙིང་ལན་བརྒྱ་བཟླས་ན་ཁྱི་ལྟར་མི་འབྱེ་བར་འགྱུར་རོ། །ཡང་ཅེ་སྤྱང་གི་མཇུག་མ་རང་གི་རྐང་པ་གཡོན་པའི་འོག་ཏུ་མནན་ལ། རྐང་པ་གཡོན་པ་གཡས་པས་མནན་ཏེ་སྔགས་བཟླས་ན་མི་འབྱེ་བར་འགྱུར་རོ། །ཡང་ཡིད་ཀྱིས་གྲོལ་བར་སྨོན་ལམ་བཏབ་ན་གྲོལ་བར་འགྱུར་རོ། །ཆུ་བོ་གྱེན་ལ་བཟློག་པ་ནི་གྱོ་མོ་ལ་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ནས་དུམ་བུར་བཅག་ནས། གསེག་མ་ལ་སྔགས་བཟླས་ཏེ་ཆུ་བོར་བཅུག་ན་ཆུ་རྒྱུན་ཕྱོགས་ལས་བཟློག་ཏེ་འབབ་པར་འགྱུར་རོ། །གསེག་མ་དེ་ཉིད་ཀྱིས་གཏོར་བས་ཆུའི་རྦ་རླབས་ཀྱང་གནོན་པར་འགྱུར་རོ། །ཡང་རང་ཁ་སྟེང་དུ་བལྟས་ཏེ་ཉེ་སྙིང་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། །གཞན་གྱི་མཚོན་ཆ་བཟློག་པ་ནི་བསྙེན་པ་སྔོན་དུ་སོང་བས་ལྡོང་རོས་སམ་ཡུང་བས་ལག་པ་གཡོན་པའི་མཐིལ་ལ་འཁོར་ལོ་བྲིས་ལ་རབ་གནས་བྱས་ཏེ་ཉེ་བའི་སྙིང་པོ་སྟོང་བཟླས་ནས་ཁུ་ཚུར་བཅངས་ལ་གཡུལ་དུ་ཞུགས་ན་གཞན་གྱི་མཚོན་ཆས་གནོད་པར་མི་འགྱུར་རོ། །ཡང་ན་རྡོ་རྗེ་མཁའ་འགྲོ་ནས་བཤད་པ་ལྟར་དགྲའི་མཚོན་ཆ་ལྔ་བཟློག་པའི་སྨན་ལྔའི་ཆུས་འཁོར་ལོ་བྲིས་པ་ཡིན་ཏེ། དེ་ལ་དགྲའི་མཚོན་ཆ་ལྔ་ནི། འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང༌། །དེ་བཞིན་ལག་པས་འཕེན་པ་དང༌། །འཕངས་ནས་བཟུང་བ་ཉིད་དང་ནི། །ལག་པའི་མཚོན་ཆ་འགྱེད་དང་ལྔ། །འཇིག་རྟེན་གསུམ་པོ་མ་ལུས་ན། །མཚོན་ཆ་རྣམས་ནི་འདི་དག་གོ །ཞེས་གསུངས་པས། འཁྲུལ་འཁོར་གྱིས་འཕེན་མདའ་ལ་སོགས། །མི་འཕེན་རལ་གྲི་སོགས་གནས་པའོ། །ལག་པས་འཕེན་པས་འཁོར་ལོ་བརྗོད། །འཕངས་ནས་བཟུང་བ་ཞགས་སོགས་ཏེ། །ལག་པའི་མཚོན་ཆ་སྟོབས་འགྱེད་པའོ། །དེ་དག་བཟློག་པའི་སྨན་ལྔ་ནི། །འཁོར་ལོ་ནི་ལེགས་མཐོང་གིས་སོ། །མདའ་ལ་སོགས་པ་ནི་ཨ་ཀན་བི་ཏི་ཀས་སོ། །ཞགས་པ་ལ་སོགས་པ་ནི་དབྱིག་པའི་ཨུཏྤ་ལས་སོ། །ལག་པའི་མཚོན་ཆ་ནི་གཞན་གྱིས་མི་ཐུབ་པ་དཀར་པོས་སོ། །རལ་གྲི་ལ་སོགས་པ་སྨྱོ་བྱེད་ཀྱིས་བཟློག་པས་སོ། །སྨན་བཟང་པོ་ལྔ་པོ་དེ་རྣམས་ཉི་མ་བཟང་པོ་ལ་བླངས་ལ་བདུད་རྩི་ལྔར་བསྒོམས་ནས། སྨེ་ཤ་ཅན་གྱི་བུ་མོ་སྔོན་མོའི་རང་བྱུང་གི་མེ་ཏོག་གིས་བྱུགས་ལ། མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་བྲམ་ཟེའི་ཐོད་ཕོར་བསྲེགས་པའི་སས་བཀང་པར་བཙུགས་ལ། ཇི་ལྟར་བསྟན་པའི་ཆོ་ག་བཞིན་དུ་བླུགས་པ་དང༌། གཏོར་མ་སྦྱིན་པ་ལ་སོགས་པ་བྱས་ན་དེ་སྨིན་པའི་ལྕུག་མ་བཟང་པོ་སྐར་མ་རྒྱལ་དང་གཟའ་ཉི་མ་ལ་བླངས་ལ། རང་ལྷའི་སྐུ་ལ་མཉམ་པར་བཞག་པས་ས་ལ་མ་ལྷུང་བར་སྔགས་ཀྱི་རྒྱལ་པོས་ཤིན་ཏུ་བསྲུངས་ལ། དེ་དག་ཐམས་ཅད་ལྷན་ཅིག་ཏུ་གཡོན་སྐོར་གྱིས་སྒྲིལ་ཏེ་སྐུད་པ་བྱས་ནས་མགྲིན་པའམ། མགོར་བཅིངས་ན་གཞན་གྱི་མཚོན་ཆ་སླར་ལྡོག་ཅིང་མི་ཚུགས་པར་འགྱུར་རོ། །ཞེས་སློབ་དཔོན་ཀཾ་པ་ལས་བཤད་ལ། བླ་མ་ནཱ་རོ་པ་ནི་སྨན་ལྔ་ལ་གྲོ་ཏ་ཀ་བྱ་བ་ཁ་དོག་དམར་པོ་རྡོག་པོ་ཆེ་བ་ཁ་ཚ་བ་ཞིག་ཡོད་དེ། འཕགས་པ་ཤིང་ཀུན་གྱི་རི་ལ་ཡོད་དེ། འདིས་ཞགས་པ་ལ་སོགས་པ་བཟློག་པ་ཡིན། མོ་ཧ་ཏི་བྱ་བ་ད་དུ་ར་ཡིན་ཏེ། འདིས་རལ་གྲི་ལ་སོགས་པའི་བཟློག་པ་ཡིན། སུ་དར་པ་ཤན་བྱ་བའི་ཤིང་ཐོག་དཀྱིལ་དུ་བཅང་ན་འཁོར་ལོ་ལྟ་བུ་འོང་བ་ཞིག་ཡོད་དེ། འདིས་འཁོར་ལོ་ཟློག་པར་བྱེད། ཛ་ཡ་དནྟ་པ་ལ་བྱ་བ་མེ་ཏོག་ལུག་མིག་པ་ཡིན་ཏེ། འདིས་མདའ་ལ་སོགས་བཟློག་པར་བྱེད། ཨ་པ་རཱ་ཛི་ཏ་དཀར་པོའི་མེ་ཏོག་གིས་ལག་པའི་མཚོན་ཆ་ཟློག་པར་བྱེད་དོ། །ལྔ་པོ་དེའི་ཁུ་བས་ལག་པ་གཡོན་པའི་ཐིལ་དུ་འཁོར་ལོ་སྔ་མ་བཞིན་དུ་བྲིས་ཏེ་རབ་གནས་བྱས་ནས། ལག་པའི་ཁུ་ཚུར་བཅངས་ཏེ་གཞན་གྱི་དཔུང་ལ་མངོན་པར་ཕྱོགས་ནས་ཉེ་བའི་སྙིང་པོའི་བཟླས་བརྗོད་བྱེད་ཅིང་གཡུལ་དུ་ཞུགས་ན་གཞན་གྱི་མཚོན་ཆ་བརྒྱས་བསྣན་ཀྱང་གནོད་པའི་ཚོར་བ་མི་འབྱུང་ཞིང༌། གཞན་གྱི་མཚོན་གྱིས་རང་གི་ལུས་ཆོད་པར་མི་འགྱུར་ཏེ། རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །ལེའུའི་མཚན་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ཉེ་བའི་སྙིང་པོའི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ། བཅུ་གཉིས་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་གཉིས་པའི་བཤད་པའོ།།  །།དེ་ལྟར་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དང༌། སྙིང་པོ་དང༌། ཉེ་བའི་སྙིང་པོའི་ལས་ཀྱི་ཚོགས་རྣམས་བསྟན་ནས་ལེའུ་བཅུ་གསུམ་པ་འདིས་རིན་ཆེན་བཞི་ལས་དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་ཀྱིས་ལས་སྒྲུབ་པ་སྟོན་ཏེ། འདི་ཡང་ཕལ་ཆེར་འཁོར་ལོ་ལ་བརྟེན་པའི་ལས་ཚོགས་ཡིན་ནོ། །ལེའུ་འདི་ལ་ཡང་ལེའུའི་གཞུང་དང་ལེའུའི་མཚན་གཉིས་ལས། དང་པོ་གཞུང་སྟོན། དེ་ལ་གཉིས་ལས། དང་པོ་སྔགས་ཀྱི་ཆེ་བ་བསྟན་པའི་སྒོ་ནས་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པ་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་རྩ་བའི་སྔགས་དང་སྙིང་པོ་དང༌། ཉེ་བའི་སྙིང་པོའི་ལས་བཤད་པའི་རྗེས་ལའོ། །གོ་ཆ་ནི་དཔའ་བོ་དང་དཔའ་མོ་གཉིས་ཀའི་གོ་ཆ་ཡིན་ལ། དེའི་ལས་ཀྱི་ཚོགས་རྣམས་ཀྱིས་འཇིག་རྟེན་གསུམ་ན་ལས་བསྒྲུབ་རྒྱུ་གང་ཡོད་པ་སྒྲུབ་པ་པོ་ཡིད་ལ་འདོད་པའི་ལས་ཀུན་སྒྲུབ་པར་བྱེད་པ་དེའི་འོག་ནས་འབྱུང་བ་རྣམས་གོ་རིམ་བཞིན་དུ་བཤད་པར་བྱའོ། །ད་ནི་གཉིས་པ་བཤད་པ་དངོས་ལ་ལེའུ་འདི་ནས་ལས་ཚོགས་བཅུ་གཉིས་སྟོན་པ་ནི་འཁོར་ལོ་ལ་བརྟེན་པའི་ལས་ཡིན་པས། འཁོར་ལོ་བྲི་བའི་ཚུལ་ནི་ཟླ་བའི་དབུས་སུ་ཆུད་པའི་འཁོར་ལོ་དྲི་བ་ཡིན་ཏེ་དེ་ཡང་རས་ལ་སོགས་པའི་གཞི་ལ་སྣག་ཚ་གུར་གུམ་སེན་རྩི་དང༌། རང་གི་ཁྲག་གོ་རོ་ཙ་ན་དང་བཞིས་སྐར་མ་རྒྱལ་ལ་བབ་པ་ན་དབུས་སུ་པདྨ་འདབ་མ་ལྔ་པ་བྲིས་ལ། དབུས་ཀྱི་ལྟེ་བ་ལ་ཨོཾ་ཧ་བྲི། འདབ་མ་ལྔ་ལ་ན་མ་ཧི་ལ་སོགས་པ་ལ་གཡོན་སྐོར་དུ་བྲིའོ། །དེའི་མུ་ཁྱུད་ཨཱ་ལིའི་ཕྲེང་བས་གཡོན་དུ་བསྐོར་བ་བྲི། དེའི་ཕྱི་རོལ་དུ་རྡོ་རྗེ་ཁ་དྲུག་པ་བྲིས་ལ་དེའི་རྭ་རྣམས་ལ་དཔའ་མོའི་གོ་ཆ་རྣམས་གཡོན་སྐོར་དུ་དགོད། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཀཱ་ལིའི་ཕྲེང་བ་དགོད། དེའི་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་བྲི། ལྟེ་བ་ལ་ལས་གང་བྱེད་པའི་བསྒྲུབ་བྱའི་མིང་དང་སྤེལ་བ་བྲིས་ལ། རབ་ཏུ་གནས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་རང་གང་འདོད་པའི་ལས་ལ་སྦྱར་བར་བྱའོ། །དེ་ལ་དང་པོ་ལམ་གྱི་འཇིགས་པ་ལས་བསྲུང་བ་ནི། གོ་ཆའི་སྔགས་ལ་བསྙེན་པ་སྔོན་དུ་སོང་བས་སྔར་གྱི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བྲིས་ལ་རབ་གནས་བྱས་ཏེ། འཁོར་ལོ་དེ་ལུས་ལ་བཅངས་ན་གོ་ཆའི་སྔགས་ཟློས་བཞིན་དུ་ལམ་དུ་ཞུགས་ན་རྐུན་མ་ལ་སོགས་པས་འཇིགས་པར་མི་འགྱུར་བའམ། དེ་དག་ལ་རང་གི་ལུས་མི་སྣང་བར་འགྱུར་རོ། །ཡང་གློ་བུར་དུ་ལམ་དུ་ཞུགས་ནས་འགྲོ་ན་རང་གི་གོས་ཀྱི་མཐར་ཧ་ཞེས་བརྗོད་པའི་རྐྱེན་གྱིས་གོས་ལ་ཁ་རླངས་གོས་པ་དེ། གོ་ཆའི་སྔགས་སུ་གསལ་བར་འགྱུར་བར་བསམ་ཞིང་གོས་ཀྱི་མཐའ་མ་མདུད་ལ་སྔགས་ཟློས་ཤིང་ལམ་དུ་ཞུགས་ན་དེ་བཞིན་དུ་འགྱུར་རོ། །ཡང་ན་གློ་བུར་པ་མ་ཡིན་པ་ལ་ཐོད་པའི་དུམ་བུ་ལ་འཁོར་ལོ་བྲིས་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་པས་ཀྱང་དེ་བཞིན་དུ་འགྱུར་རོ། །ཡང་གོ་ཆའི་འཁོར་ལོ་དང་ལྡན་པས་གོ་ཆའི་སྔགས་ཟློས་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་དཀོར་མཛོད་དང༌། བཙུན་མོའི་སླས་ཀྱི་ནང་དུ་ཞུགས་ན་ཡང་རང་གི་ལུས་མི་སྣང་བར་འགྱུར་ལ་རྫས་ལ་སོགས་པ་གང་འདོད་པ་དེ་བླངས་ནས་སླར་འགྲོ་བར་འགྱུར་རོ། །རང་གི་ལུས་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ༌། །ཡང་ལག་པ་གཉིས་ལ་གོ་ཆའི་འཁོར་ལོ་བྲིས་ཏེ། རབ་ཏུ་གནས་པ་བྱས་ནས་གོ་ཆའི་སྔགས་ལན་བརྒྱ་བཟླས་པའི་ལག་པས་གང་ལ་རེག་པ་དེའི་ལུས་མདུང་བཞིན་དུ་རེངས་པར་འགྱུར་ཏེ། རེངས་པ་དེ་སུམ་ཅུ་རྩ་གསུམ་པས་ཀྱང་གཡོ་བར་མི་ནུས་སོ། །ཕ་རོལ་པོ་དེ་སླར་འགྲོ་བར་བྱ་བའི་དོན་དུ་ལག་པའི་འཁོར་ལོ་དེ་འོ་མའི་ཆུས་བཀྲུས་ནས། ཆུ་དེ་རེངས་པ་དེ་ལ་གཏོར་ཞིང་སྔགས་ཟློས་པས་རང་གི་རྐང་པས་རེངས་པ་དེའི་རྐང་པ་ལ་བསྣུན་ན་སླར་ཐར་བར་འགྱུར་རོ། །མིའི་ཐོད་པར་རང་གི་མཛུབ་མོ་གཡོན་པའི་ཁྲག་མཉེས་ཏེ་དེས་རང་གི་དཔྲལ་བར་ཐིག་ལེ་བྱས་ལ། གོ་ཆའི་སྔགས་སྤེལ་ཚིག་དང་བཅས་པ་ལན་གསུམ་ལ་སོགས་པ་བཟླས་ན་གང་གིས་མི་མཐོང་ཞིང་གང་མཐོང་བ་ཐམས་ཅད་ཀྱི་ཁྲག་འདྲེན་པར་བྱེད་དོ། །ཡང་ཟངས་ཀྱི་གླེགས་བུ་ལ་གོ་ཆའི་འཁོར་ལོ་གཟོང་རིས་བྱས་ཏེ། རབ་གནས་བྱས་ནས་དེ་ལུས་ལ་བཅངས་ལ་གང་གི་ཁྱིམ་དུ་ཁྲོ་བ་དང་བཅས་པས་གོ་ཆ་སྤེལ་ཚིག་དང་བཅས་པ་ལན་སྟོང་བཟླས་ན་དགྲ་བོ་ཐམས་ཅད་རིམས་ཀྱི་བཏབ་པར་འགྱུར་ལ། ཡང་འཁོར་ལོ་འོ་མས་བཀྲུས་པའི་ཆུ་ལ་སྔགས་ལན་ལྔ་བཟླས་ཏེ་བསྒྲུབ་བྱ་ལ་གཏོར་ན་སླར་འཚོ་བར་འགྱུར་རོ། །ཡང་བདག་གི་སྣ་བུག་གཡས་ནས་འོད་ཟེར་གོ་ཆའི་སྔགས་ཀྱི་རང་བཞིན་རི་རབ་ཙམ་དུ་སྤྲོས་ལ། དེས་བསྒྲུབ་བྱའི་ལྕེ་མནན་པར་བསམ་ཞིང་བསྒྲུབ་བྱ་གང་གི་གདོང་ལ་བལྟས་ཏེ་སྔགས་བཟླས་ན་དེའི་ཚིག་འཕྲོག་པར་འགྱུར་རོ། །ཆུ་ལ་མི་འབྱིང་བའི་ལས་ཚོགས་ནི། སོ་ན་ཀ་ཞེས་བྱ་བའི་ཤིང་འབྲས་བུ་རོ་སྐྱུར་པོ་ཞིག་ཡོད་པ་དེ་དང་སྲོག་ཆགས་པད་པའི་རོ་བསྲེགས་པ་དེ་གཉིས་ཞིབ་ཏུ་བཏགས་ནས་དེ་ལ་སྔགས་བཟླས་ཤིང་རང་གི་ལུས་ལ་བྱུགས་ནས་ཆུ་བོ་དང་རྫིང་བུར་གནས་ཏེ། གོ་ཆའི་སྔགས་ལན་སྟོང་བཟླས་ན་ཆུའི་སྟེང་དུ་འགྲོ་སྟེ། ཐང་ལ་ཇི་ལྟ་བ་བཞིན་དུ་ཆུ་ལ་ཡང་དེ་བཞིན་དུ་འགྲོ་བར་འགྱུར་རོ། །ཡང་ན་རང་ཁྲོ་བོའི་རྒྱལ་པོར་རྣམ་པར་བསྒོམས་ལ། འདི་ལྟར་ཆུའི་རྡུལ་ཕྲ་རབ་ཐམས་ཅད་དཀྱིལ་འཁོར་པའི་ལྷར་བསྐྱེད་ནས་ཆུའི་སྟེང་དུ་བཅགས་ན་སྔ་མ་བཞིན་དུ་འགྱུར་རོ། །ཡང་སྲོག་ཆགས་པད་པའི་རྐྱལ་བུའི་ཁ་ནས་ཉ་ལྕིབས་དང་སྦལ་ཞགས་པ་བཅུག་ལ། ཆུ་ལ་ཞུགས་ན་ནི་རང་འབབ་པའི་ཆུའི་སྟེང་དུ་སྡོད་པར་འདོད་ན་དེ་ལག་ཏུ་ཐོགས་ཏེ་ཆུའི་དཀྱིལ་འཁོར་དུ་བསྡད་ན་ཡང་ཆུ་ནང་དུ་མི་འཆི་བའམ། ཡང་ན་འབབ་པའི་ཆུ་བོ་ཡང་རྒྱ་མཚོའི་ཆུ་བཞིན་དུ་མི་འགྲོའོ། །ཡང་རྫས་དེ་པད་པའི་ཁར་བཏོན་ན་ཆུར་མི་འབྱིང་བར་ཆུའི་སྟེང་དུ་སྡོད་པར་འགྱུར་རོ། །ཡང་ཁྲག་དང་རྒྱ་སྐྱེགས་གཉིས་ཀྱིས་ལག་པ་གཉིས་ཀྱི་མཐིལ་ལ་གོ་ཆའི་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ལ། ལག་མཐིལ་དུ་ཉེད་བཞིན་དུ་གོ་ཆའི་སྔགས་ལན་སྟོང་བཟླས་ན་རྣལ་འབྱོར་མ་ཐམས་ཅད་དབང་དུ་འགྱུར་རོ། །རྣལ་འབྱོར་མ་ཉིད་གང་ཞེ་ན་མཁའ་འགྲོ་མ་དང་ལཱ་མཱ་ལ་སོགས་པ་སྟེ་གོ་བར་ཟད་དོ། །རས་བལ་གྱི་སྦྱོར་བས་མི་སྣང་བ་ལ་སོགས་པ་བསྒྲུབ་པ་ནི། སྦྲུལ་གྱི་རྒྱལ་པོ་བྱ་བ་པགས་པ་ལ་སོགས་པ་དཀར་ནག་ཁྲེའུར་ཡོད་པ་དེ་དཀར་ནག་མ་འདྲེས་པར་སོ་སོར་དུམ་བུར་གཏུབས་ལ་ཤ་དང་ཁྲག་དང་ཞག་ལ་སོགས་པ་སོ་སོར་བྱ་སྟེ། སྐར་མ་རྒྱལ་ལ་ཞེས་པ་ནི། རྒྱལ་གསུམ་ལ་རྒྱལ་དང་པོ་ལ་རབ་གནས་བྱས་ལ་ནི་ས་བོན་བཏབ་སྟེ། གཉིས་པ་ལ་རས་བལ་གྱི་ས་བོན་ཕྱིར་བླངས་ནས་དཀར་པོའི་ཟླ་བ་ལ་སྐར་མ་རྒྱལ་གྱི་ཉིན་པར་དུམ་བུ་དཀར་པོའི་ཁྲག་དང་ཞག་དང་ཤས་བསྒོས་ལ་ས་བོན་གདབ་སྟེ། དེ་ཉིད་ཀྱི་ཞག་དང་ཤས་ཞིང་ས་ལ་སྦག་པར་བྱའོ། །དེ་བཞིན་དུ་ནག་པོའི་དུམ་བུའི་ཁྲག་དང་ཞག་དང་ཤས་ཀྱང་རས་བལ་གྱི་ས་བོན་ལ་བསྒོ་ཞིང༌། ཟླ་བ་མར་ངོའི་རྒྱལ་གྱི་ཉིན་པར་དེ་ཉིད་ཀྱི་ཞག་དང་ཤས་ཞིང་ས་ལ་ཡང་སྦག་གོ །དེ་ནས་རས་བལ་དེ་སྨིན་པ་དང་དཀར་པོ་དང་ནག་པོའི་ཆའི་བྱེ་བྲག་གིས་བསྐྱེད་པའི་རས་བལ་བླངས་ལ། རས་བྱས་ལ་ཞེས་པ་ནི་རྒྱལ་གྱི་ཉིན་པར་གཞན་གསུམ་པ་ལ་དཀར་པོའི་ཆས་བསྐྱེད་པའི་རས་བལ་རྣལ་འབྱོར་མ་སེར་སྐྱས་བཀལ་ལ་རྒྱལ་གྱི་ཉིན་པར་ཐག་པ་སེར་སྐྱས་བཏགས་སོ། །དེ་བཞིན་དུ་ནག་པོའི་ཆས་སྐྱེད་པའི་རས་བལ་ཚེས་ནག་པོའི་སྐར་མ་རྒྱལ་ལ་རྣལ་འབྱོར་མ་སྔོན་མོས་བཀལ་ཞིང༌། དེ་ཉིད་ཀྱི་ཉི་མ་ལ་ཐ་ག་མ་སྔོན་མོས་ཇི་ལྟར་ལུས་ཡོགས་པར་གྱུར་པ་དེ་ལྟར་བཏགས་པར་བསལ། སྔོན་པོ་དང་དཀར་པོའི་ཆ་ཡིས་རྒྱལ་གྱི་ཉིན་པར་གཞན་ལ་བསྒྲུབ་པར་བྱ་སྟེ། དེ་གྱོན་པའི་ལུས་ཀྱི་ས་སྟོང་ཕྲག་བཅུ་བཟླས་ན་ཞེས་པ་ནི་རས་གཉིས་པོ་ལ་གོ་ཆའི་སྔགས་སྟོང་ཕྲག་སུམ་ཅུ་རྩ་དགུ་མངོན་པར་བསྔགས་ལ། སྔགས་བརྒྱད་བརྒྱ་ཟློས་ཤིང་དེ་ལ་བདུག་པར་བྱས་ཏེ། དེ་ཡང་ཨ་ག་རུ་ནག་པོ་དང༌། དུམ་བུ་ནག་པོའི་ཤ་དང་རུས་པས་ནི་ཟླ་བ་མར་ངོ་ལ་བསྐྱེད་པའི་རས་ལ་བདུག་གོ །དེ་བཞིན་དུ་ཟླ་བ་ཡར་ངོ་ལ་བསྐྱེད་པའི་རས་ལ་ནི་དུམ་བུ་དཀར་པོའི་ཤ་དང་རུས་པ་དང༌། ས་ག་པུཥྤ་དང་བཅས་པས་བདུག་པར་བྱའོ། །དེ་ནས་གུས་པས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་མཆོད་པ་རྒྱ་ཆེན་པོས་མཆོད་ལ། རང་ལྷའི་རྣལ་འབྱོར་དུ་དམིགས་ཏེ་རྒྱལ་ལ་བསྒྲུབས་པའི་རས་ཡུག་གཉིས་པོ་དེ་རས་དཀར་པོ་ཟླ་བ་དཀར་པོའི་ཕྱོགས་ལ་གྱོན། རས་ནག་པོ་ཟླ་བ་མར་ངོའི་ཕྱོགས་ལ་རྣལ་འབྱོར་མའི་བཀའ་ལུང་གིས་བགོ་བར་བྱའོ། །དེ་གྱོན་པའི་ལུས་ཀྱིས་གོ་ཆའི་སྔགས་སྟོང་ཕྲག་བཅུ་བཟླས་ན་དེའི་འོག་ཏུ་འགྲུབ་པར་འགྱུར་རོ། །དེ་ཡང་རང་གི་གྲིབ་མ་ཡང་མི་མཐོང་ཞིང་དེ་གྱོན་པའི་ལུས་དཔག་ཚད་སྟོང་གི་བར་དུ་ནམ་མཁའ་ལ་འགྲོ་ཞིང་འོང་བ་དང་ལུས་མི་སྣང་བར་ཡང་འགྱུར་རོ། །རང་གི་ལུས་ལྷ་ཉིད་ཀྱིས་ཀྱང་མི་མཐོང་བར་ཡུལ་ཕྱོགས་གང་དུ་སྡོད་པ་དེ་ཐོགས་པ་མེད་པར་འགྲོ་ཞིང༌། དེས་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་སུ་ཡང་ཐོགས་པ་མེད་པར་འགྲོ་བ་དང༌། སྟེང་གི་རྒྱུན་དེ་འོག་མིན་གྱི་མཐར་ཐུག་པར་ཡང་འགྲོ་བར་འགྱུར་རོ། །ཡང་ན་སྦྲུལ་གྱི་རྒྱལ་པོ་ནང་དུ་ཆུད་པར་ལིག་བུ་མིག་བསྲེགས་པའི་ཐལ་བ་དུ་བ་དང་བཅས་པར་རང་བྱུང་གི་མེ་ཏོག་གིས་སྦྲུས་པ་ལ་གོ་ཆའི་སྔགས་སྟོང་ཕྲག་སུམ་ཅུ་རྩ་དགུ་མངོན་པར་བསྔགས་ནས་མིག་སྨན་དུ་བྱས་ན་ཡང་མི་མཐོང་བར་འགྱུར་རོ། །ཡང་ན་མི་རོ་ཁམ་སའི་སྣོད་དུ་སྦྲུལ་གྱི་རྒྱལ་པོ་བཞག་སྟེ་རུལ་ནས་ཟགས་པའི་རུས་པ་བླངས་ལ། རྒྱ་མཚོར་འབབ་པའི་ཆུ་བོའི་འགྲམ་དུ་གནས་པ་དེའི་རུས་པའི་དུམ་བུ་ལ་སྔགས་སྟོང་ཕྲག་བཅུ་མངོན་པར་བཟླས་ནས་ཆུ་ལ་བདར་ཏེ་དཔྲལ་བར་ཐིག་ལེ་བྱས་ན་གྲིབ་མ་ཡང་མི་མངོན་པར་བྱེད་དོ། །ཡང་ན་དེའི་ཐོད་པ་ལ་མངོན་པར་བསྔགས་ནས་དེ་ཆུ་ལ་བདར་བའི་ཐིག་ལེས་ཀྱང་གྲིབ་མ་མི་མངོན་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་འགྲུབ་པ་དེའི་དཔེ་བསྟན་པའི་ཕྱིར། དབང་པོ་གང་དང་ཞེས་པའི་ཚིགས་བཅད་གཅིག་སྨོས་ཏེ། མིག་ལ་སོགས་པ་དབང་པོ་དྲུག་པོ་གང་དང་གང་གི་ལམ་དུ་ཡུལ་གཟུགས་ལ་སོགས་པ་གསལ་བར་གྱུར་པ་གཟུགས་ལ་སོགས་པ་དེ་དང་དེའི་ངོ་བོར་གསལ་བར་བྱ་ཞིང་རོ་མྱང་བར་བྱ་བ་དེ་བཞིན་དུ་མཆོག་ཏུ་བསྐྱེད་རྫོགས་གཉིས་སམ། གཙོ་བོར་བསྐྱེད་པའི་རིམ་པ་ལ་མཉམ་པར་གཞག་པའི་སྦྱོར་བས་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་ངོ་བོར་རྟོགས་པར་འགྱུར་རོ། །ཤིང་ཡོངས་འདུའི་ཁུ་བཅུད་ནི་སྔར་ཇི་ལྟར་བསྟན་པའི་ཆོ་གས་རོའི་ཁར་བསྐྱེད་པའི་ཤིང་ཡོངས་འདུའི་མེ་ཏོག་སྔོན་པོ་ཡོད་པའི་ཆོས་གང་ལ་ཡང་འཛིན་པའི་རྩི་ཡོད་པ་དེའི་ཁུ་བཅུད་བླངས་ལ། གོ་ཆའི་སྔགས་ལན་སྟོང་བཟླས་པ་བྱས་ཏེ་གང་ལ་ཐིག་ལེ་བྱས་ཤིང་དེ་ཤིང་དུ་བསམས་ན་ཤིང་རང་དུ་འགྱུར་བའམ། ཡང་ན་ཤིང་ལྟར་རེངས་པར་འགྱུར་རོ། །དེ་ཉིད་བཀྲུས་པའི་ཆུ་ལ་སྔགས་ལན་བདུན་བཟླས་ཏེ་གཏོར་ན་སླར་འཚོ་བར་འགྱུར་རོ། །འདི་དག་སྟེ་སྔར་གྱི་ཆོ་ག་དེ་ཉིད་ཀྱིས་ཡུངས་ཀར་གྱི་ས་བོན་བསྐྱེད་པ་བླངས་ལ། ཡང་གླང་པོ་ཆེའི་ཐོད་པར་བཙུགས་ལ་བསྐྱེད་པའི་འབྲས་བུའི་ཕྱེ་མ་དང༌། གླང་པོ་ཆེའི་རྐང་རྗེས་དང༌། སྨྱིག་མའི་དུམ་བུ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་སའི་རྡུལ་བླངས་ཏེ། དེ་རྣམས་བསྲེས་པ་ལ་གོ་ཆའི་སྔགས་ལན་སྟོང་བཟླས་ནས་བསྒྲུབ་བྱ་གང་ལ་བསྣུན་པ་དེ་གླང་པོ་ཆེར་འགྱུར་རོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ཡབ་ཡུམ་གྱི་གོ་ཆའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ། བཅུ་གསུམ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་གསུམ་པའི་བཤད་པའོ།།  །།དེ་ལྟར་གོང་དུ་བསྟན་པའི་ལས་ཚོགས་ཀུན་མི་འགྲུབ་པའི་བགེགས་བསལ་ནས། སྔར་གྱི་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་རྣམས་མྱུར་དུ་འགྲུབ་པར་བྱ་བའི་སྐྱེ་བ་བདུན་པ་སྒྲུབ་པའི་ཐབས་བོང་བུའི་རྣལ་འབྱོར་ལེའུ་བཅུ་བཞི་པས་སྟོན་ཏོ། །ལེའུ་འདི་ལ་ཡང་ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་གཞུང་སྟོན། དེ་ལ་གཉིས་ལས་དང་པོར་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པས་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་གོ་ཆའི་ལས་བཤད་པའི་རྗེས་ལའོ། །སྐྱེ་བ་བདུན་པ་བསྒྲུབ་པའི་དོན་དུ་བོང་བུའི་རྣལ་འབྱོར་གྱི་བདག་ཉིད་བྱས་པས་ཡིད་ཀྱི་ཤུགས་ནི་འདིས་མྱུར་དུ་དངོས་གྲུབ་ཐམས་ཅད་འགྲུབ་པས་སོ། །བཟློག་པའི་ཕྱིར་ནི་འདིས་དངོས་གྲུབ་མི་འགྲུབ་པ་ལས་བཟློག་ནས་མྱུར་དུ་འགྲུབ་པའི་ཕྱིར། ཐབས་གང་གིས་སྒྲུབ་པ་པོས་དངོས་གྲུབ་མྱུར་དུ་འགྲུབ་པའི་སྐྱེ་བ་བདུན་པའི་སྒྲུབ་པ་འདི་ནི་བཤད་པར་བྱའོ། །བཤད་པ་དངོས་ལ་གཉིས་ལས། དང་པོ་བོང་བུའི་རྣལ་འབྱོར་གྱིས་སྒྲུབ་པ་དངོས་ནི། སྒྲུབ་པ་པོ་ནགས་ཀྱི་དབུས་ལ་སོགས་པའི་གནས་སུ་ཕྱིན་ལ། ངེས་བརྗོད་བླ་མ་ནས་བྱུང་བའི་གོ་ཆའི་སྒྲུབ་ཐབས་ལྟར་ལྷར་བསྐྱེད་དེ་སྔོན་དུ་བསྙེན་པ་ལ་རྟགས་ཕྱིན་པར་བྱས་ལ། དེ་ནས་སློབ་དཔོན་ཀཾ་པ་ལས་བཤད་པ་ལྟར་བདེ་མཆོག་གི་དཀྱིལ་འཁོར་རྫོགས་པར་ཆུ་རིས་བྱས་ལ། སྙིང་པོའི་རྣལ་འབྱོར་མ་བཞི། རྣལ་འབྱོར་མ་ནི་ལཱ་མཱའི་གཟུགས་གཅིག དེ་བཞིན་དུ་མཁའ་འགྲོ་མ་ནི་གཉིས། ཁཎྜ་རོ་ཧཱ་དང་གསུམ། འདོད་གཟུགས་མ་དང་བཞི། འདིར་ཁྱད་པར་དུ་བོང་བུའི་རྣམ་པའི་གདོང་ཅན་ལ། ཁྲག་གི་གདོང་ནི་གདོང་ལ་ཁྲག་གིས་དམར་པོར་བྱུགས་པའམ། ཁ་ནས་ཁྲག་འཛག་པ་ཅན་ལ་དེ་དག་གི་ཕྱག་མཚན་ནི་མཁའ་འགྲོ་སྟེ་མཁའ་འགྲོ་མ་བཞིའི་ཕྱག་ན་རྩེ་གསུམ་ཐོགས་ནི། ཕྱག་དང་པོ་གཉིས་ཀྱིས་མདུང་རྩེ་གསུམ་སྟེང་དུ་འཛིན་པ། གཡས་ཀྱི་གཉིས་པ་ན་ཁ་ཊྭཱཾ་ག གཡོན་གྱི་གཉིས་པ་ན་ཐོད་པ་བསྣམས་པ་ཕྱག་བཞི་པ་རོའི་གདན་ལ་བཞུགས་པ། སྤྱན་གསུམ་པ་སྐྲ་གྲོལ་ཞིང་གཅེར་བུར་བྲིའོ། །འོན་ཀྱང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་ཐམས་ཅད་ནམ་མཁའ་ལྡིང་གི་གདོང་པ་ཅན། གསུང་གི་འཁོར་ལོའི་དཔའ་བོ་རྨ་བྱའི་གདོང་པ་ཅན། སྐུའི་འཁོར་ལོའི་དཔའ་བོ་སེང་གེའི་གདོང་པ་ཅན་དུ་བྲི། ཁྭ་གདོང་མ་ལ་སོགས་པ་བཞི་རང་རང་གི་གདོང་པ་ཅན། ཡ་མི་ནཱི་ལ་སོགས་པ་མཚམས་མ་བཞི་ནི་མ་ཧེ་དང༌། ཀྲྀཥྞ་ས་ར་དང༌། སྟག་དང༌། དོམ་གྱི་གདོང་པ་ཅན་དུ་བྲིའོ། །དཀྱིལ་འཁོར་པ་ཐམས་ཅད་ཀྱང་སྤྱན་གསུམ་པ་ལ། སྤྱན་དམར་ཞིང་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ་ཆོས་བདག་མེད་པའི་རང་བཞིན་ཅན་ནོ། །བྲིས་པའི་དཀྱིལ་འཁོར་དེའི་ལྷོ་ཕྱོགས་སུ་ཡང་འབྲས་ཕུབ་ལས་བྱས་པའི་མིའི་སྐྱེ་བ་བདུན་པ་ལ་སོགས་པ་གང་འདོད་ཀྱི་གཟུགས་བོང་བུའི་མགོ་བོ་ཅན་ཅིག་བྱས་ལ། དེའི་སྙིང་གར་ཡི་གེ་ཉི་ཤུ་རྩ་གཉིས་པའི་འཁོར་ལོ་རབ་གནས་བྱས་པ་བཅུག་ལ། དེ་ནས་དཀྱིལ་འཁོར་དེ་ཇི་ལྟ་བ་བཞིན་བསྒྲུབས་ཏེ་བོང་བུའི་གཟུགས་དེའི་མདུན་དུ་མེ་ལོང་གཡའ་དག་པ་ཅིག་ལ་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་ཀྱིས་བསྔགས་པ་བཞག་ལ། བོང་བུའི་གཟུགས་དེ་མེ་ལོང་ལ་འཆར་བར་བྱས་ཏེ། རང་བོང་བུའི་གཟུགས་དེའི་ནང་དུ་ཞུགས་ནས་དེའི་ཁ་ནས་ཕར་མེ་ལོང་གི་ནང་དུ་བལྟས་ན། དེའི་ནང་དུ་སྐྱེ་བ་བདུན་པ་གང་དང་གང་འདོད་པའི་གཟུགས་མཐོང་བ་དང༌། གཞན་ཡང་ཚེ་ཟད་པའི་གཟུགས་ནག་པོར་མཐོང་བ་ལ་སོགས་པ་དགེ་མི་དགེ་ལ་སོགས་པ་གང་འདོད་པ་དེ་མཐོང་བར་འགྱུར་རོ། །གཉིས་པ་དེའི་ཕན་ཡོན་བསྟན་པ་ནི་རང་གཞན་ཚེ་ཟད་པ་དང༌། ཚེ་རིང་བར་སྣང་བ་མཐོང་བ་ཡིན་ལ། གཞན་ཡང་ཡིད་དུ་སྟེ་ཡིད་ལ་འདོད་པ་ཀུན་འགྲུབ་པར་འགྱུར་བ་ཡིན་ཏེ། དེ་ལྟ་བུ་འདི་ནི་བོང་བུའི་རྣལ་འབྱོར་པས། དེ་ཚེ་བོང་བུའི་གཟུགས་དེའི་ནང་ནས་མེ་ལོང་ལ་བལྟ་བར་བྱའོ། །དེའི་ཚེ་མེ་ལོང་གི་ནང་དུ་གླང་པོ་ཆེའི་སྐྱེ་བ་བདུན་པ་མཐོང་བ་དང༌། གཞན་ཡང་མི་ལ་སོགས་པ་གང་དང་གང་གིས་སྐྱེ་བ་བདུན་པར་གྱུར་པ་དེ་ནི་མཐོང་བར་འགྱུར་རོ། །གཞན་ཡང་སྒྲུབ་པ་པོ་དེ་ནི་དངོས་གྲུབ་ཅི་འདོད་པ་གྲུབ་པའི་སྐྱེས་བུར་འགྱུར་རོ། །དེ་ལྟར་སྐྱེ་བ་བདུན་པ་རྙེད་པའི་རིམ་པས་དེའི་ཤས་མཁའ་འགྲོ་མ་རྣམས་ལ་གཏོར་མ་སྦྱིན་པར་བྱས་ན་སྒྲུབ་པ་པོ་དེས་ནི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཉིད་གང་ཞེ་ན་དཔག་ཚད་བརྒྱ་ཕྲག་སྟོང་གི་སྟེང་དུ་སྐད་ཅིག་གིས་འགྲོ་བ་མཁའ་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། དེ་སྔགས་གང་ལ་བརྟེན་ནས་འགྲུབ་ཅེ་ན། རྣལ་འབྱོར་སྔགས་མཆོག་དམ་པ་ནི་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་ལ་སྔོན་དུ་བསྙེན་པ་སོང་བ་དང༌། མཁའ་འགྲོ་མའི་སྦྱོར་པས་གྲུབ་པར་བྱེད་དོ། །རྣལ་འབྱོར་པ་བསྙེན་པ་ལ་མཚན་མ་ཐོབ་པས་སྙིང་པོའི་སྔགས་གང་ཟློས་པ་དེ་སྐྱེ་བ་བདུན་པ་གྲུབ་ན་ཟླ་བ་གཅིག་གིས་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །གསང་བའི་ནི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྙིང་པོ་འདི་ནི་སྐྱེ་བ་བདུན་པ་རྟོགས་པ་ལ་ཤིན་ཏུ་དགེ་ཞིང་ཁྱད་པར་དུ་ཤིས་པ་ཡིན་ནོ། །སྒྲུབ་པ་པོ་གང་ཞིག་སྙིང་པོའི་སྔགས་དེ་ཉིད་ཤེས་པའི་རྣལ་འབྱོར་པ་དེ་ནི་རྒྱུད་འདིར་རྣལ་འབྱོར་པ་ཉིད་དུ་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་ཉིད་ནི་སྟོན་པ་བཅོམ་ལྡན་འདས་བདེ་མཆོག་ངས། སྐྱེ་བ་བདུན་པ་སྒྲུབ་པའི་ཐབས་དེ་རྣམས་བསྟན་པ་ནི། མཁའ་འགྲོ་དྲྭ་བའི་བདེ་མཆོག་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་དང་པོ་བསྟན་ལ། ཕྱིས་བདེ་མཆོག་ཉུང་ངུ་འདི་ཡང་བསྡུས་ནས་བསྟན་པ་ཡིན་ནོ། །ལེའུའི་མཚན་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་བཅོམ་ལྡན་འདས་ཧེ་རུ་ཀ་བོང་བུའི་རྣལ་འབྱོར་མཛད་པའི་ཆོ་གའི་ལེའུ་སྟེ། བཅུ་བཞི་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པའི་རྒྱུ་སྐྱེ་བ་བདུན་པ་སྒྲུབ་པ་བསྟན་ནས། ད་ནི་ལེའུ་བཅོ་ལྔ་པ་ལ་སོགས་པའི་ལེའུ་བཅུས་ལམ་གྱི་གསང་བ་རྫོགས་པར་བྱེད་པའི་ཡན་ལག་རིགས་ལྡན་མ་མཆོད་པ་སྟོན་པ་ལས། དེ་ལ་དང་པོ་ལེའུའི་འབྲེལ་ནི། དེ་ལྟར་སྔར་བསྟན་པའི་ལམ་དང་འབྲས་བུའི་གསང་བ་དེ་ཡང་རིགས་ལྡན་མ་མཆོད་པ་ལས་འགྲུབ་ལ། རིགས་ལྡན་མ་མཆོད་པ་དང་བྲལ་ན་མི་འགྲུབ་པས་ལམ་དང་འབྲས་བུའི་གསང་བ་ལ་འཇུག་པའི་ཡན་ལག་རིགས་ལྡན་མ་མཆོད་པ་སྟོན། རིགས་ལྡན་མ་མཆོད་པ་ལ་ཡང་མཆོད་པའི་དོན་དུ་མཁའ་འགྲོ་མ་བཞུགས་པའི་གནས་ཡུལ་ཉི་ཤུ་རྩ་བཞི་དང༌། གྲོང་སྟོང་ཕྲག་བཅུ་གཉིས་ལ་སོགས་པར་ཕྱིན་ནས་མཁའ་འགྲོ་མ་འཚོལ་བའི་ཚེ་དང་པོ་རིགས་ལྡན་མ་ངོ་ཤེས་དགོས་ལ། ངོ་ཤེས་པར་བྱེད་པ་ལ་མཁའ་འགྲོ་མ་དང་འཕྲད་པའི་དུས་སུ་མཁའ་འགྲོ་མ་ཡིན་མིན་བརྟག་དགོས། བརྟག་པ་ལ་བརྡ་མ་བྱས་ན་མཁའ་འགྲོ་མར་ངོ་མི་ཤེས་པས་ཤེས་པར་བྱེད་པ་ལ་བརྡ་བྱ་དགོས། བརྡ་བྱས་པས་མཁའ་འགྲོ་མས་རང་གཟུགས་སྟོན་དུ་འོང་བ་ཡིན་པས། ལེའུ་བཅོ་ལྔ་པ་འདིས་ངག་བརྡ་བསྟན་ཏེ། དེ་ཡང་ཡི་གེ་རེ་རེའི་བརྡས་སྤྱིར་རིགས་ལྡན་མའམ་རྣལ་འབྱོར་མ་ཙམ་དུ་ངོ་ཤེས་པར་བྱེད་པ་བསྟན་པ་ཡིན་ནོ། །རིགས་ལྡན་མའི་རང་བཞིན་མི་ཤེས་པར་བརྟེན་ཅིང་མཆོད་པ་ལ་སོགས་པ་མི་རུང་བའི་ཕྱིར་དང༌། དེ་བཞིན་དུ་དམ་ཚིག་ཅན་རྣམས་ཀྱང་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ནང་དུ་སྣོད་མ་ཡིན་པ་ལ་གསང་བའི་དོན་དུ་ཕན་ཚུན་བརྡའི་སྒོ་ནས་སྨྲ་བར་བྱའོ། །ལེའུ་མདོར་བསྟན་པ་དང་རྒྱས་པར་བཤད་པའི་འབྲེལ་ནི། ལེའུ་དང་པོར། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། །ཞེས་པ་ལ་སོགས་པས་རིགས་ལྡན་མ་མཆོད་པ་མདོར་བསྟན་པ་དེ། ལེའུ་བཅོ་ལྔ་པ་ལ་སོགས་པའི་ལེའུ་བཅུས་རྒྱས་པར་བཤད་དོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལའང་གཉིས་ལས། དང་པོ་བརྡའི་དགོས་པ་བསྟན་པའི་སྒོ་ནས་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་བཅུ་བཞི་པ་བསྟན་པའི་རྗེས་ལའོ། །སྡོམ་པ་ཐམས་ཅད་ལ་སྟེ་རྩ་བའི་རྒྱུད་དཔལ་ནམ་མཁའ་དང་མཉམ་པ་དང༌། དེ་ལས་བསྡུས་པ་བདེ་མཆོག་ཉུང་ངུ་དང༌། བཤད་པའི་རྒྱུད་མངོན་པར་བརྗོད་པ་རྒྱུད་བླ་མ་དང༌། ཧེ་རུ་ཀ་མངོན་འབྱུང་ལ་སོགས་པའི་རྒྱུད་ཐམས་ཅད་དུ་དངོས་གྲུབ་བསྒྲུབ་པ་ལ། སྒྲུབ་པ་པོ་གང་ཞིག་གིས་སྤྱིར་མཁའ་འགྲོ་མ་ཙམ་དུ་ངོ་ཤེས་པར་བྱེད་པ་ལ། ལུས་ངག་གི་བརྡ་ནི་ཤེས་པར་འགྱུར་བ་དེ་ཉིད་ཀྱིས་མཁའ་འགྲོ་མ་ཡིན་པར་ངོ་ཤེས་པ་དེ་འགྲུབ་པར་ནི་ཐེ་ཚོམ་མེད་པར་བཤད་པ་ཡིན་ནོ། །གཉིས་པ་གཞུང་བཤད་པ་དངོས་ལ་གཉིས་ལས། དང་པོ་ཡི་གེ་རེ་རེའི་བརྡ་དངོས་བསྟན་པ་ནི་བརྡ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་བརྡ་འདི་རྣམས་ནི་གོང་མ་གོང་མ་བརྡ་ཡིན་ལ། འོག་མ་འོག་མ་ནི་བརྡའི་ལན་ཡིན་གྱི། བརྡ་ལ་སོགས་པ་ཡི་གེ་རེ་རེ་བརྗོད་པ་ཙམ་གྱིས་དོན་དེ་དང་དེ་ཡིན་པར་གོ་བར་བྱེད་པར་ཤེས་པར་བྱའོ། །ཡི་གེའི་དོན་ནི་ཕལ་ཆེར་གཞུང་ཉིད་ན་གསལ་བ་ལས། འདིར་དོན་མ་ངེས་པ་རྣམས་བཤད་པ་ནི། མ་ནི་མ་དང་འདྲ་བར་ཡོན་ཏན་ཐམས་ཅད་བསྐྱེད་པས་སོ། །ཆུང་མ་ནི་གྲོས་མཐུན་པའོ། །སྲིང་མོ་ནི་ཡོན་ཏན་འབྱུང་བས་སོ། །མཛའ་མོ་ནི་སྙིང་ཉེ་བའི་དོན་ཏོ། །བུ་མོ་ནི་སྨྲ་བ་ཉན་པའོ། །ཞིམ་པའི་བཏུང་བ་ནི་བྱིན་རླབས་བྱས་པའི་ཆང་ངོ༌། །ཐུག་པ་ནི་འབྲས་ཀྱི་ཐུག་པའོ། །ཤ་ནི་ཤ་ཆེན་པོ་མ་ཡིན་ཏེ། ཐ་མལ་པའི་ཤ་ཉིད་དོ། །ཕྲད་པ་ནི་དཔའ་བོ་དང་དཔའ་མོའོ། །དེ་ཡང་གནས་གང་དུ་ཞེ་ན། དུར་ཁྲོད་དུ་འདུ་ཞེས་པའོ། །རོ་ནི་མཆོག་ཏུ་གྱུར་པའི་རོའོ། །རྣལ་འབྱོར་མ་ནི་ཕག་མོའོ། །བྱིན་པ་གཉིས་ཐབས་ཤེས་རབ་འཁྱིལ་པའི་བརྡའོ། །དཔུང་པ་ནི་བོལླཱི་བརྡ་ཡིན་གསུང༌། གསོང་པོར་སྨྲ་བ་ནི་བཀྲ་ཤིས་པའི་ཚིག་སྨྲ་བའོ། །མི་ཤེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་པོ་འདི་བླ་མ་བ་དན་ཏའི་རྒྱ་དཔེ་ལ་མི་འདུག་གསུང་ངོ༌། །སྐལ་བཟང་མོ་ནི་དབང་རྣམས་ཇི་ལྟ་བ་བཞིན་ཐོབ་པའོ། །སྐལ་ངན་མོ་ནི་དབང་མ་ཐོབ་པའི་བརྡ་བསྟན་པའོ། །དེ་ལྟ་བུའི་ཡི་གེ་དེ་དག་ཀྱང་ཡི་གེ་རེ་རེས་དོན་གཉིས་སྟོན་པར་འདོམས་པའམ། ཡི་གེ་སོ་སོས་དོན་གཅིག་སྟོན་པར་འདོམས་པ་བྱུང་ཡང་བརྡ་དེས་དོན་རེ་རེ་སྟོན་པར་གོ་བས་ཆོག་གསུང་ངོ༌། །གཉིས་པ་བརྡའི་དགོས་པ་བསྟན་པའི་སྣོད་དང་སྣོད་མ་ཡིན་པ་བསྟན་པ་ནི། འདི་དག་ནི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་བརྡ་དེ་བྱས་པས་དངོས་གྲུབ་འདོད་པ་རྣམས་ཀྱིས་དཔའ་བོ་དང་སྲིང་མོར་ཤེས་ཏེ་ཕན་ཚུན་ཡིད་མཐུན་པར་གྱུར་ནས་མཉེས་པར་འགྱུར་རོ། །ཞེས་པའི་དོན་ཏོ། །དེ་ལྟ་བུའི་བརྡ་དེ་སྐྱེ་བོ་ཐམས་ཅད་ལ་བསྟན་ནམ་ཞེ་ན། དད་པ་དང་མི་ལྡན་པ་རྣམས་ལ་བརྡ་འདི་སྦྱིན་པར་མི་བྱའོ། །འོ་ན་གང་ལ་བྱིན་ཞེ་ན་སྒྲུབ་པ་པོ་དམ་ཚིག་དང་ལྡན་ཞིང་དགོས་པ་དང་ལྡན་པ་སྟེ། རིགས་ལྡན་མ་མཆོད་པར་འདོད་པའི་སྒྲུབ་པ་པོ་རྣམས་ལ་སྦྱིན་པར་བྱའོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ཡི་གེ་རེ་རེའི་བརྡའི་ལེའུ་སྟེ། བཅོ་ལྔ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་ཡི་གེ་རེ་རེའི་བརྡས་སྤྱིར་རྣལ་འབྱོར་མ་ཙམ་དུ་ཤེས་ཀྱང༌། ད་དུང་སོ་སོའི་རིགས་གང་ཡིན་མ་ཤེས་པས་བདག་ཉིད་གང་འདོད་ཀྱི་རིགས་དང་མཐུན་པར་ཤེས་པར་བྱ་བའི་ཕྱིར། ལེའུ་བཅུ་དྲུག་པ་འདིས་མཁའ་འགྲོ་མ་བདུན་པོ་སོ་སོའི་རིགས་ཀྱི་རྟགས་བསྟན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་ཡང་གཉིས་ལས། དང་པོ་བཤད་པར་དམ་བཅའ་བའི་སྒོ་ནས་བསྟན་པའི་སྣོད་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་ལྔ་སྨོས་ཏེ། དེ་ནས་ནི་ལེའུ་བཅོ་ལྔ་པས་ཡི་གེ་རེ་རེའི་བརྡ་བསྟན་པའི་རྗེས་ལའོ། །དངོས་གྲུབ་ཆེན་པོ་ནི་ཞར་ལ་ཐུན་མོང་དང༌། དངོས་སུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་སམ་རྒྱུ་རིགས་ལྡན་མ་མཆོད་པ་ཡིན་ལ། གསང་ཞེས་པ་ནི་རིགས་ལྡན་མའི་རྟགས་དང་མཚན་ཉིད་དེ་སྐལ་བ་མེད་པའི་སེམས་ཅན་རྣམས་ལ་མི་བསྟན་ཞེས་པའི་དོན་ཏོ། །འོ་ན་གང་ལ་བསྟན་ཞེ་ན་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པ་རྣམས་ལ་བཤད་པར་བྱའོ། །དེ་ཉིད་གང་ཞེ་ན། དད་པ་རབ་དང་ལྡན་པ་ནི་སྒྲུབ་པ་པོ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་དང༌། མཆོག་ཏུ་དམ་ཚིག་བསྟེན་པ་ནི་རིགས་ལྡན་མ་བསྟེན་པའི་སྣོད་དུ་གྱུར་པ་དེ་ལ་བསྟན་པར་བྱའོ། །བཤད་པ་དངོས་ལ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི། ཡིད་ནི་ཞེས་པ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་གཉིས་སྨོས་ཏེ། རིགས་ལྡན་མའི་མཚན་ཉིད་བསྟན་པ་དེ་ཡང་སྒྲུབ་པ་པོ་ཡིད་དགའ་བ་དང་ལྡན་པས་གཞན་ལ་ཕན་པར་བྱེད་པའི་བློ་དང་ལྡན་པ། དད་པ་ཅན་རྣམས་ལ་རབ་ཏུ་སྦྱིན་པར་བྱའོ། །རིགས་ལྡན་མའི་རྟགས་དང་མཚན་ཉིད་གང་ཞེ་ན། ཁ་དོག་ཅེས་པ་སོ་སོའི་ཁ་དོག་གི་རྟགས་དང༌། དྲི་སྟེ་སོ་སོའི་དྲིའི་རྟགས་དང་སོགས་ཀྱིས་དབྱིབས་དང༌། གོས་དང༌། དགའ་བའི་ཡུལ་དང༌། སྤྱོད་ལམ་གྱི་རྟགས་ཀྱང་ཤེས་པར་བྱས་ཏེ། དེ་ལྟ་བུའི་རིགས་ལྡན་མ་དེ་དག་གཉིས་མེད་དཔའ་བོས་བསྟན་པར་བྱའོ། །དེའི་ཕན་ཡོན་ནི་དེ་ཉིད་དེ། དེ་ལྟ་བུའི་རིགས་ལྡན་མའི་མཚན་ཉིད་ཤེས་པར་བྱས་ནས། ཚུལ་བཞིན་དུ་ཚོགས་ཀྱི་ལོངས་སྤྱོད་དང་སྙོམས་འཇུག་ལ་སོགས་པས་བསྟེན་པ་ཙམ་གྱིས་སྒྲུབ་པ་པོས་དངོས་གྲུབ་གཉིས་མྱུར་དུ་ཐོབ་པར་འགྱུར་རོ། །ད་ནི་གཉིས་པ་རིགས་བདུན་པོ་སོ་སོའི་རྟགས་སྟོན་ཏེ། དེ་ཡང་རིགས་ལྡན་མ་དེ་དག་ནི་དབྱེ་གཞི་ལ་ཡང་སྤྱིར་གཉིས་ཏེ། སོ་སོའི་རིགས་ཀྱི་སྒོ་ནས་དབྱེ་བ་དང༌། སྤྱོད་ལམ་གཙོ་བོར་བྱས་པའི་སྒོ་ནས་དབྱེ་བའོ། །དེ་ལ་དང་པོ་སོ་སོའི་རིགས་ཀྱི་དབྱེ་བ་ནི་ལྔ་སྟེ། སོ་སོའི་ཁ་དོག་དང༌། དབྱིབས་དང༌། གོས་དང༌། དྲི་དང༌། དགའ་བའི་ཡུལ་རྣམས་སོ། །རིགས་དེ་དག་ཀྱང༌། བྲམ་ཟེ་རྣམ་སྣང་བཤད་པ་སྟེ། །རིན་ཆེན་ཙཎྜཱ་ལཱིར་ཤེས་བྱ། །གར་མཁན་དཔག་མེད་མགོན་པོ་སྟེ། །ཚོས་མ་དོན་ཡོད་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཌོཾ་བི་སྟེ། །དྲུག་པ་རྡོ་རྗེ་སེམས་དཔའ་ཡི། །རྒྱལ་རིགས་སུ་ནི་ཤེས་པར་བྱ། །བདུན་པ་ཧེ་རུ་ཀ་ཡིན་ཏེ། །སྣ་ཚོགས་རིགས་བྱུང་དམངས་རིགས་སོ། །ཞེས་པའི་དོན་གྱིས་གཞུང་རང་ན་རིགས་བདུན་དུ་གསལ་མོད་ཀྱང༌། རྡོ་རྗེ་སེམས་དཔའི་རིགས་དང་ཧེ་རུ་ཀའི་རིགས་གཉིས་གཅིག་ཏུ་བྱས་ཏེ།   རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*