དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ། ༣

རྡོ་རྗེ་སེམས་དཔའ་ནི་རྒྱུ་རྡོ་རྗེ་འཛིན་པ་ཡིན་ལ། ཧེ་རུ་ཀ་ནི་འབྲས་བུ་རྡོ་རྗེ་འཛིན་པ་ཡིན་པས་དེ་ཙམ་གྱི་ཁྱད་པར་ལས་མེད་པས་སོ་གསུང༌། སྤྱོད་ལམ་གཙོ་བོར་སྟོན་པའི་སྒོ་ནས་དབྱེ་བ་ནི་གཉིས་ཏེ། སྤྱི་དང་སོ་སོའི་བྱེ་བྲག་གོ །སྤྱི་ནི་དྲུག་ཀ་ཡང་གཡོན་གྱི་ཀུན་སྤྱོད་དང་ལྡན་པ་ཡིན་ལ། བྱེ་བྲག་ནི་རིགས་དྲུག་ཁོ་ནའི་སོ་སོའི་སྤྱོད་ལམ་གྱི་བྱེ་བྲག་གིས་བསྟན་ཏོ། །རིགས་དྲུག་པོ་སོ་སོའི་རྟགས་ཉིད་གང་ཞེ་ན། དྲུག་པ་རེ་རེའང་ལྔ་ལྔ་ཡོད་པ་ལས། དང་པོ་ཐ་མལ་པའི་རིགས་ཀྱི་དབང་དུ་བྱས་ན་རྒྱལ་རིགས་ཀྱི་བུ་མོ་འཇིག་རྟེན་ལས་འདས་པའི་ལྷའི་རིགས་ཀྱི་དབང་དུ་བྱས་ན་རིགས་ཀྱི་བདག་པོ་གཙོ་བོར་བྱས་པ་ལ་དགོངས་ནས། རྡོ་རྗེ་སེམས་དཔའི་རིགས་ལ་ཁ་དོག་གི་རྟགས་ལ་སོགས་པའི་དབྱེ་བ་ལ་ལྔ་ཡོད་པ་ལས། དང་པོ་ཁ་དོག་གི་རྟགས་ཀྱི་དབང་དུ་བྱས་ན་བུད་མེད་གང་ཞིག་ཁ་དོག་པདྨ་དཀར་པོའི་རྩ་བ་ལྟར་ཁ་དོག་དཀར་བ་དང༌། གཉིས་པ་དབྱིབས་ནི་པདྨའི་འདབ་མ་ལྟར་དཀྱུས་རིང་བའི་མིག་ཡོད་པ་དང༌། གསུམ་པ་གོས་ཀྱི་རྟགས་ནི་རྟག་ཏུ་གོས་དཀར་པོ་གོན་པ་ལ་དགའ་བ་དང༌། བཞི་པ་དྲིའི་རྟགས་ནི་ཁའི་དྲི་དང་རྔུལ་ལ་སོགས་པ་ཙནྡན་སར་པའི་དྲི་དང་ལྡན་པ་དང༌། ལྔ་པ་དགའ་བའི་ཡུལ་ལམ་རང་གི་ཁྱད་པར་གྱི་སྤྱོད་ལམ་གྱི་རྟགས་ནི། བདེར་གཤེགས་འདུས་པ་ནི་སྐུ་གཟུགས་ལ་སོགས་པའི་རྟེན་མང་པོ་བཞུགས་པ་ཉིད་ལ་དགའ་ཞིང་དེ་ལ་མཆོད་པ་བྱེད་པའོ། །དེ་ལྟ་བུའི་རྟགས་ལྔ་དང་ལྡན་པའི་མཁའ་འགྲོ་མའམ་བུད་མེད་དེ་ནི་འཇིག་རྟེན་ལས་འདས་པའི་ལྷའི་རིགས་རྡོ་རྗེ་སེམས་དཔའ་དང༌། ཕག་མོའི་རིགས་རྒྱུད་དེ་ལས་བྱུང་བའི་རིགས་ཡིན་པར་ཤེས་པར་བྱས་ཏེ། འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །ཐ་མལ་པའི་མིའི་རིགས་གདོལ་པའི་བུ་མོ་འཇིག་རྟེན་ལས་འདས་པའི་ལྷའི་རིགས་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་མཁའ་འགྲོ་མའི་རྟགས་ལྔ་ནི། བུད་མེད་གང་ཞིག་ཁ་དོག་བཙོ་མའི་གསེར་འདྲ་བ་ཁ་དོག་གི་རྟགས། ཁ་དོག་དམར་དང་སེར་བའི་གོས་ལ་དགའ་བ་གོས་ཀྱི་རྟགས། རྔུལ་ལ་སོགས་པ་ཛཱ་ཏི་དང་མེ་ཏོག་ཙམ་པ་ཀ་ལྟ་བུའི་དྲི་དང་ལྡན་པ་དྲིའི་རྟགས། དབྱིབས་དང་དགའ་བའི་ཡུལ་གཉིས་ནི་སྔ་མ་ལས་བསྒྲེས་ནས། འདིར་ཡང་ཤེས་པར་བྱ་སྟེ། གང་མེད་པ་དེ་སྔ་མ་ལ་ལྟོས་པར་འོག་མ་ཀུན་ལ་ཡང་ཤེས་པར་བྱའོ། །དེ་ལྟ་བུའི་བུད་མེད་དེ་ཡང་དཔའ་བོ་སྟེ་རིན་པོ་ཆེའི་རིགས་ཀྱི་རྗེས་སུ་འགྲོ་བར་ཤེས་པར་བྱའོ། །ཐ་མལ་པའི་མིའི་རིགས་ཀྱི་དབང་དུ་བྱས་ན། དམངས་རིགས་ཀྱི་བུ་མོ་འཇིག་རྟེན་ལས་འདས་པའི་ལྷའི་རིགས་ཀྱི་དབང་དུ་བྱས་ན་ཧེ་རུ་ཀའི་རིགས་ཀྱི་མཁའ་འགྲོ་མའི་རྟགས་ལྔ་ནི། བུད་མེད་གང་ཞིག་ལུས་ཐམས་ཅད་ཨུཏྤ་ལའི་འདབ་མ་ལྟར་ཁ་དོག་སྔོ་བསངས་སུ་ཡོད་པ་ཁ་དོག་གི་རྟགས། དྲི་དང་གོས་ནི་སྔོ་བ་ལ་དགའ་བ་གོས་ཀྱི་རྟགས། ལུས་ལ་ཨུཏྤལ་སྔོན་པོའི་དྲི་ཡོད་པ་དྲིའི་རྟགས། ཡང་དབྱིབས་དང་དགའ་བའི་ཡུལ་གཉིས་སྔ་མའི་ཤུགས་ལས་ཤེས་ཏེ། བུད་མེད་དེ་ནི་དཔའ་བོ་བཟང་པོ་མི་བསྐྱོད་པ་སྒྲུབ་པ་པོའི་རྗེས་སུ་འགྲོ་བའི་མཁའ་འགྲོ་མ་ཡིན་ནོ། །ཐ་མལ་པའི་མི་ལ་གར་མཁན་མའི་རིགས། འཇིག་རྟེན་ལས་འདས་པའི་ལྷ་ལ་པདྨ་གར་དབང་གི་རིགས་ཀྱི་མཁའ་འགྲོ་མའི་རྟགས་ལྔ་ནི་ཤིན་ཏུ་རྣམ་དག་བུད་མེད་གང་ཡིན་པ་དེ་ནི་ཁ་དོག་གི་རྟགས། པདྨ་དཀར་པོ་འདྲ་བའི་མདོག་གང་ཡིན་པ་དང༌། རྟག་ཏུ་ལུས་ལ་པདྨའི་རྩ་བའི་དྲི་ཡོད་པ་དྲིའི་རྟགས། འདིའི་གོས་དང༌། དབྱིབས་དང༌། དགའ་བའི་ཡུལ་གསུམ་སྔ་མ་ལས་ཤེས་པར་བྱ་སྟེ། དེ་ཡང་དེ་བཞིན་དུ་དཔའ་བོའི་བློ་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཀྱི་སྒྲུབ་པ་པོའི་མཁའ་འགྲོ་མ་ཡིན་ནོ། །དམར་ཞིང་སེར་བའི་བུད་མེད་གང༌། །ཞེས་པ་ལ་སོགས་པ་འདི་ཡང་རྡོ་རྗེ་སེམས་དཔའི་རིགས་གཡུང་མོའི་བུ་མོ་ལ་མཚན་ཉིད་བརྟག་གསུང༌། དེ་ཡང་དམར་ཞིང་སེར་བ་ནི་ཁ་དོག་གི་རྟགས་སོ། །གཟུགས་བཟང་ཞིང་གོས་དམར་བ་ལ་དགའ་བ་ནི་གོས་ཀྱི་རྟགས་སོ། །ལུས་ལ་མེ་ཏོག་མ་ལི་ཀ་དང་ཨུཏྤལ་གྱི་དྲི་ཡོད་པ་དྲིའི་རྟགས། ཡང་དབྱིབས་དང་དགའ་བའི་ཡུལ་གཉིས་ནི་སྔ་མ་ལས་ཤེས་པར་བྱའོ། །བུད་མེད་དེ་ནི་རྡོ་རྗེའི་རིགས་བྱུང་བ་ནི་རྡོ་རྗེ་སེམས་དཔའ་དང་ཕག་མོའི་རིགས་ཏེ། འོ་ན་འདིར་སྔར་ཡང་བཤད་པས་ན་ཟློས་པའི་སྐྱོན་དུ་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ། སྔ་མ་ནི་རྒྱུ་རྡོ་རྗེ་འཛིན་པའི་རིགས་ཀྱི་དབང་དུ་བྱས་པ་ཡིན་ལ། འདི་ནི་འབྲས་བུ་རྡོ་རྗེ་འཛིན་པའི་རིགས་ཀྱི་དབང་དུ་བྱས་ཏེ། དེ་གཉིས་དོན་གཅིག་པ་ཡིན་པས་རིགས་གཅིག་ཏུ་འགྲོ་བ་ཡིན་གསུང་ངོ༌། །ཐ་མལ་པའི་མི་ལས་ཚོས་མིའི་རིགས། འཇིག་རྟེན་ལས་འདས་པའི་ལྷའི་དབང་དུ་བྱས་ན། དོན་ཡོད་གྲུབ་པའི་རིགས་ཀྱི་མཁའ་འགྲོ་མའི་རྟགས་ལྔ་ནི་སེར་ཞིང་ལྗང་བ་ཁ་དོག་གི་རྟགས། གོས་ནི་དཀར་ལ་དགའ་བ་གོས་ཀྱི་རྟགས། ཤིར་ཤའི་མེ་ཏོག་གི་དྲི་དང་ལྡན་པ་དྲིའི་རྟགས། དབྱིབས་དང་དགའ་བའི་ཡུལ་སྔ་མ་ལས་ཤེས་པར་བྱ་སྟེ། དེ་ལྟ་བུའི་བུད་མེད་དེ་དེ་བཞིན་གཤེགས་པའི་རིགས། རྗེས་འགྲོ་ཡིན་གྱི་དོན་ཡོད་གྲུབ་པའི་རིགས་ཀྱིས་མཁའ་འགྲོ་མའོ། །ཐ་མལ་པའི་མི་ལས་བྲམ་ཟེའི་རིགས། འཇིག་རྟེན་ལས་འདས་པའི་ལྷ་ལས་རྣམ་སྣང་གི་རིགས་ཀྱི་མཁའ་འགྲོ་མའི་རྟགས་ལྔ་ནི། བུད་མེད་གང་ཞིག་ཁ་དོག་དམར་བ་ཁ་དོག་གི་རྟགས། དེའི་མདོག་ཅན་གྱི་གོས་འཆང་བ་ནི་གོས་ཀྱི་རྟགས། ལུས་ལ་རྟག་ཏུ་ག་པུར་གྱི་དྲི་དང་ལྡན་པ་ནི་དྲིའི་རྟགས། དབྱིབས་དང་དགའ་བའི་ཡུལ་གཉིས་ནི་སྔ་མ་ལས་ཤེས་པར་བྱ་སྟེ། དེ་ལྟ་བུའི་བུད་མེད་དེ་རྣམ་སྣང་གི་རིགས་ཀྱི་རྗེས་སུ་འགྲོ་བའི་མཁའ་འགྲོ་མ་ཡིན་ནོ། །དེ་དག་གི་གཞུང་བསྡུ་བ་ནི། མིའི་བུ་མོ་ལ་མཁའ་འགྲོ་མའི་མཚན་མས་བཏབ་པའི་རྣལ་འབྱོར་མའི་རིགས། དེ་རྣམས་ནི་དེ་ལྟར་སོ་སོར་དབྱེ་ན་བདུན། བསྡུ་ན་རིགས་དྲུག་ཏུ་ངེས་པར་བཤད་པ་ཡིན་ནོ། །དེ་ཐམས་ཅད་ཀྱི་སྤྱིའི་སྤྱོད་ལམ་གྱི་མཚན་ཉིད་བསྟན་པ་ནི། བུད་མེད་དེ་དག་བྱ་བ་གང་བྱེད་པ་ཐམས་ཅད་ཀྱི་ཚེ་ལག་པ་དང་རྐང་པ་གཡོན་པས་བྱེད་པའི་གཡོན་གྱི་ཀུན་ཏུ་སྤྱོད་པ་ལ་རྟག་ཏུ་དགའ་བ་དང༌། སོ་སོའི་མཚན་ཉིད་ནི་མཁའ་འགྲོ་མ་འདི་དག་སོ་སོའི་རང་རང་གི་མདོག་གིས་ཁྱབ་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །རིགས་ཀྱི་རིག་པའི་ཞེས་པ་ལ་སོགས་པ་འདི་རྣམས་ཀྱིས་ནི་མཁའ་འགྲོ་མ་རིགས་དྲུག་ཏུ་བྱས་པའི་རྟགས་བསྟན་པ་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་རིགས་ལ་ནི་རིགས་དྲུག་པོ་ཐམས་ཅད་ཀྱི་རྟགས་སམ་མཚན་ཉིད་ཚང་བ་ཡིན་ལ། ལྷག་མ་ལྔ་ལ་ནི་སོ་སོ་རང་རང་གི་ཁ་དོག་དང་ཕྱག་རྒྱ་བཅིང་བ་དང༌། སྔགས་ཟློས་པ་ལ་སོགས་པ་ལས་ཤེས་པར་བྱའོ། །དེའི་ཡན་ལག་གི་དོན་ནི་རིགས་ཐམས་ཅད་ཀྱི་རིག་པའི་ཡི་གེ་དང་མཚན་མ་གཉིས་ཀ་ཡང་ཁ་དོག་སྟེ། ཝརྞ་ཞེས་པ་རིགས་ལའང་འགྲོ་བས་རིགས་དྲུག་ཏུ་གྱུར་པ་ཡིན་ནོ། །དེ་ལ་སྤྱི་རྡོ་རྗེ་སེམས་དཔའི་རིགས་དེའི་བྱེ་བྲག་རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མ་དེ་ལུས་ཀྱི་རང་གི་རིགས་ཀྱི་ཕྱག་རྒྱ་རིན་པོ་ཆེ་ལྟ་བུ་འཆིང་བ་དང༌། ངག་ཏུ་རང་གི་རིག་སྔགས་ལས་བྱུང་བའི་སྔགས་ཡི་གེ་ཏྲཱཾ་ཞེས་པ་དང༌། རཏྣ་དྷྲྀ་ཀ་ཅེས་པ་ལ་སོགས་པའི་ཚིག་ཏུ་སྨྲ་བ་དང༌། ཕྱོགས་གཡོན་ནས་བསྐོར་ཏེ་འགྲོ་བའི་བུད་མེད་གང་ཡིན་པ་དེ་གཡོན་ནས་ལམ་གནོན་པར་བྱེད་པས་རྣལ་འབྱོར་པའི་ཡང་གཡོན་ལ་བརྟག་ཅེས་བྱའོ། །བུད་མེད་དེ་ལག་པ་གཡོན་གྱི་བརྡས་ཐམས་ཅད་མཚོན་པ་དང༌། མིག་གཡོན་ནས་རྣམ་པར་ལྟ་བ་དང༌། ལྷ་མོ་རྣམས་ཏེ་བུད་མེད་གང་དུ་འཚོགས་པའི་སར་དགའ་བས་གཏམ་མང་དུ་སྨྲ་བ་གང་ཡིན་པ་དེ་ནི་དམ་ཚིག་དང་ལྡན་པའི་མཁའ་འགྲོ་མ་ཡིན་པར་བཤད་དོ། །རྡོ་རྗེ་སེམས་དཔའི་རིགས་ཀྱི་པདྨའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ནི་བུད་མེད་གང་ཞིག་གུས་པར་བྱེད་པས་རང་གི་རིགས་ཀྱི་ས་བོན་ཡི་གེ་ཧྲཱིཿལ་སོགས་པ་རབ་ཏུ་སྨྲ་བར་སྟོན་ཅིང་རང་གི་པདྨའི་རིགས་ཀྱི་བྱ་བ་མི་འདོར་ལ། པདྨའི་རིགས་རང་གི་གཙུག་ལག་གི་ཚིག་ནི། པདྨའི་རིགས་ཀྱི་དོན་སྟོན་པའི་གཞུང་རྣམས་མི་སྤོང་བ་དང༌། རང་གི་རིག་པ་ཨ་རོ་ལིཀ་དང་ཧྲཱིཿལ་སོགས་པ་ཟློས་པར་བྱེད་པ་དེ་ནི་པདྨའི་རིགས་ཀྱི་དམ་ཚིག་དང་ལྡན་པའི་མཁའ་འགྲོ་མར་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་རིགས་ཀྱི་མི་བསྐྱོད་པའི་རིགས་ཀྱི་མཁའ་འགྲོ་མ་ནི་ལུས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱ་ཐལ་མོ་གཉིས་སྦྱར་ཏེ་སྤྱི་བོར་འཇོག་པ་དང༌། གཡོན་པའི་ལུས་སམ་ལག་པས་རྟག་ཏུ་འདུད་པ་བྱས་པ། ལྷ་མོ་བུད་མེད་འདུས་པ་རྣམས་དང་རྟག་ཏུ་གང་སྨྲ་བ་དེ་ནི་ངེས་པར་བདེན་པར་འགྲོ་ནི་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ་ཡིན་ནོ། །རྡོ་རྗེ་སེམས་དཔའི་རིགས་ཀྱི་ལས་རིགས་ཀྱི་མཁའ་འགྲོ་མ་ནི་མཐེ་བོང་གཡོན་པས་ས་ལ་ནི་རྟག་པར་སྣ་ཚོགས་རྡོ་རྗེའམ། རལ་གྲིའི་རི་མོ་བྲི་བར་བྱེད་ཅིང༌། སྐྱེས་པ་དང་ཕྲད་ན་མགོ་ནི་ཕྲུག་པར་བྱེད་པ་དང་མི་གཟུར་གྱིས་སྒྲུབ་པ་པོ་ལྟ་ཞིང་ལག་པ་སྟོན་པ་དེ་སྒྲུབ་པོའི་ཡུལ་ལ་ཕན་པ་ནི། རང་དངོས་གྲུབ་གང་འདོད་པ་མྱུར་དུ་སྐྱེད་པ་རང་དང་རྗེས་སུ་མཐུན་པའི་རིགས་ཏེ། དེའི་རང་བཞིན་སྒྲུབ་པ་པོས་དྲན་པར་བྱ་ཞིང་དེ་ནན་དུ་བསྟེན་པར་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའི་རིགས་ཀྱི་རྣམ་སྣང་གི་རིགས་ཀྱི་མཁའ་འགྲོ་མ་ནི་རང་གི་མཁུར་བ་དང༌། ཀོ་ས་ཀོ་དང༌། རྣ་ལྟག་ཏུ་ལག་པ་གཡོན་པའི་སོར་མོས་རེག་ནས་སྟོན་ཅིང་སྐྱེས་པ་ལ་ཟུར་གྱིས་བལྟ་བ་དང༌། ལན་ཅིག་རང་གི་རིགས་ཀྱི་སྔགས་ཨོཾ་ཛི་ན་ཛིཀ་ལ་སོགས་པ་ཟློས་ཤིང༌། རིག་པ་དེ་སྒྲུབ་པ་པོ་ལ་རྟག་པར་ལྟ་བ་དང༌། བདེན་པ་ནི་དངོས་གྲུབ་སྟེར་བའི་རྒྱུར་འགྲོ་བའི་རྣལ་འབྱོར་མ་དེ་ནི་ངེས་པར་དམ་ཚིག་ཅན་ཡིན་ལ། མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་མ་དེ་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་ཡིད་ཆེས་པར་འགྱུར་བ་ཡིན་ནོ། །ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་ལེའུ་འདིའི་བྱེ་བྲག་གི་མཚན་ནི་རིགས་བདུན་གྱི་རྣལ་འབྱོར་མ་བདུན་གྱི་མཚན་ཉིད་ངེས་པར་བརྟག་པའི་ཆོ་གའི་ལེའུ་སྟེ། བཅུ་དྲུག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས་ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ། །དེ་ལྟར་མཁའ་འགྲོ་མའི་རིགས་བདུན་ནམ་དྲུག་གི་དབྱེ་བ་དང་མཚན་ཉིད་བསྟན་ནས། ད་ནི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་པོ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་བདག་ཉིད་ལྷའི་བྱེ་བྲག་གང་འདོད་ལ་མཆོད་པའི་མཚན་ཉིད་ནི་ལེའུ་བཅུ་བདུན་པ་ལས་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་གསུམ་སྨོས་ཏེ། དེ་ནས་ནི་མཁའ་འགྲོ་མ་རིགས་བདུན་གྱི་དབྱེ་བ་དང་མཚན་ཉིད་བསྟན་པའི་རྗེས་ལའོ། །རྙེད་དཀའི་རྣལ་འབྱོར་མ་ནི་རྣལ་འབྱོར་མ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་འདི། འདོད་ཆགས་དང་བྲལ་བའི་རྟེན་གྱི་གང་ཟག་རྣམས་ཀྱིས་རྙེད་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་མཁའ་འགྲོ་མ་སྟེ་བུད་མེད་དེ་རྣམས་རང་གི་རིགས་སུ་ངོ་ཤེས་པར་བྱས་ཏེ། བསྙེན་བཀུར་ཞིང་བསྟེན་པ་ལས་དེ་རྣམས་ཀྱི་ནང་གི་བདུད་རྩི་ལྔ་རྣམས་ཡང་དག་པར་འབྱུང་བ་དེ་སྒྲུབ་པ་པོས་དངོས་གྲུབ་ཀྱི་དོན་དུ་བསྟེན་པར་བྱའོ། །གཉིས་པ་བཤད་པ་དངོས་ལ་གཉིས་ལས། དང་པོ་མཁའ་འགྲོ་མ་རྣམས་ཀྱི་མིང་གི་རྣམ་གྲངས་སྟོན་པ་ནི་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་སོ། །དེ་ཡང་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་ནི་ཡ་མི་ནཱི་ལ་སོགས་པ་བརྒྱད་དེ། འདི་རྣམས་འཇིག་རྟེན་ལས་འདས་པ་ཁོ་ན་ལས་གྲགས་པ་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་དང་ལྡན་པས་སོ། །གཟུགས་ཅན་མ་ལ་སོགས་པ་བདུན་ནི་འཇིག་རྟེན་པ་ལས་གྲགས་པའི་མིང་གི་རྣམ་གྲངས་ཏེ། དེ་ཡང་འདི་དག་འཇིག་རྟེན་པ་ཁོ་ན་ལ་གྲགས་ཤིང་འཇིག་རྟེན་པའི་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་དང་པོ་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་ནི་བྲམ་ཟེའི་རིགས་ལ་སོགས་པའི་རིགས་ཅན་ཅིག་ལ་ཡང་མིང་གི་རྣམ་གྲངས་འདི་རྣམས་ཚང་བ་ཡིན་ཏེ། དེ་ཡང་ཡ་མི་ནཱི་དང་གཅིག སྐྲག་བྱེད་མ་དང་གཉིས། འདོད་ལྡན་མ་དང་གསུམ། འཇིགས་གཟུགས་མ་དང་བཞི། ཀུན་དུ་སྤྱོད་མ་དང་ལྔ། མཛེས་མ་དང་དྲུག བྷ་སུ་ར་དང་བདུན། དེ་རྣམས་ཀྱིའང་སྡུད་བྱེད་ནི་སྡུད་པ་མོ་སྟེ། རྡོ་རྗེ་ཕག་མོ་ཡིན་པར་འདིར་བཤད་པར་བྱའོ། །དེ་ཡང་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་བསྡུ་བྱ། སྔར་གྱི་བདུན་པོ་སྡུད་བྱེད། ཡང་བདུན་པོ་རང་བསྡུ་བྱ། དེ་རྣམས་ཀྱི་ཡང་སྡུད་བྱེད་རྡོ་རྗེ་ཕག་མོ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་པ་ལ་གྲགས་པའི་མིང་གི་རྣམ་གྲངས་ནི་གཟུགས་ཅན་མ་ལ་སོགས་པ་སྟེ། འཇིག་རྟེན་ལས་འདས་པ་ལས་མ་གྲགས་པའི་མིང་ནི་འཇིག་རྟེན་ལས་འདས་པའི་མིང༌། ཡ་མི་ནཱི་ལ་འཇིག་རྟེན་པའི་གཟུགས་ཅན་མ་ཞེས་མིང་འདོགས་པ་ནི་བདུན་གྱི་དང་པོ་སྟེ། དེ་བཞིན་དུ་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ཙུམྦི་ཀ གསུམ་པ་ལཱ་མཱ། བཞི་པ་ཡོངས་སུ་གྱུར་མ། ལྔ་པ་བྱིས་བཅས་མོ། དྲུག་པ་མི་ལྡོག་མོ། བདུན་པ་ཨེ་ཧི་ཀ་ལྷ་མོ་སྟེ། དེ་ལྟར་འཇིག་རྟེན་པ་ལས་གྲགས་པའི་ལྷ་མོ་སྟེ་མཁའ་འགྲོ་མ་བདུན་དུ་བཤད་དོ། །དེ་ནི་མདོར་བསྟན་པའོ། །ད་ནི་བདུན་པོ་རེ་རེའི་རྟགས་སམ་མཚན་ཉིད་སོ་སོར་རྒྱས་པར་བཤད་པ་ནི་དང་པོ་གཟུགས་ཅན་མའི་རྟགས་སམ་མཚན་ཉིད་གང་ཞེ་ན། མངོན་པར་ཞེན་པའི་ཆགས་པས་སྒྲུབ་པ་པོ་ལ་བལྟ་བ་དང༌། སྐྱེས་པ་མཐོང་ན་སྨིན་མ་གཡས་འདེགས་ཤིང༌། བུད་མེད་མཐོང་ན་གཡོན་འདེགས་པ་དང༌། སྔར་ཆགས་པ་སྐྱེས་པའི་ཚེ་སྔོན་གྱི་བཞིན་ཏེ། དང་པོའི་གཟུགས་མི་འཛིན་ཅིང་སྡུད་པ་དང༌། ཕྱིས་ཆགས་པ་མེད་པའི་ཚེ་སྔར་གྱི་གཟུགས་དེ་འཇོག་པར་བྱེད་པ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པར་ཤེས་པར་བྱས་ལ། དཔའ་བོ་རྣལ་འབྱོར་དེས་རྣལ་འབྱོར་མ་དང་གཉིས་སྙོམས་འཇུག་གི་མཆོད་པས་གཉིས་སུ་མེད་པར་བསྟེན་པར་བྱའོ། གཉིས་པ་ཙུམྦཱི་ཀའི་མཚན་ཉིད་ནི། སྡུག་པ་དང་མི་སྡུག་པ་གང་ཡང་རུང་བའི་བྱིས་པ་མཐོང་ན་དེ་ལ་ལག་པས་འཁྱུད་ཅིང༌། ཙུམྦ་ན་སྟེ་འོ་བྱེད་པ་དེ་ནི་ཙུམྦི་ཀའམ་འོ་བྱེད་པའི་མཁའ་འགྲོ་མར་ཤེས་པར་བྱ་སྟེ། མཁའ་འགྲོ་མ་དེ་བསྟེན་པས་སྒྲུབ་པ་པོའི་རྒྱུད་ལ་ཡོད་པའི་སྡིག་པ་ཐམས་ཅད་ཟད་པར་བྱེད་པ་ཡིན་ཏེ། དེ་བསྟེན་དུ་རུང་ངོ༌། །གསུམ་པ་ལཱ་མཱའི་མཚན་ཉིད་ནི། ཟས་ཟ་བའི་ཚེ་ན་འཕྲོ་བཅད་ནས་ཟུར་དུ་བལྟ་བ་དང༌། བཞིན་ལ་ཁྲོ་གཉེར་དུ་ཡོད་པ་དང་གཡས་གཡོན་གྱི་སྨིན་མ་འགྱུར་ཞིང༌། ལག་པ་གཡོན་པས་སྡིགས་མཛུབ་བྱེད་པ་དང༌། མཁའ་འགྲོ་མ་འདི་ནི་སྔར་གྱི་གཟུགས་དེ་ཉིད་ལས། རྣམ་པ་གཞན་དུ་མི་འབྱིན་ཅིང་མི་འགྱུར་བ་དང༌། སྐྱེ་བོ་གཞན་དག་དེས་འཇིགས་པར་བྱེད་པ་གང་ཡིན་པ་དེ་ལཱ་མཱའི་མཚན་ཉིད་ཡིན་པར་བསྟན་ཏེ། འདི་མཆོད་དུ་ནི་རུང་ལ་བསྟེན་དུ་ནི་མི་རུང་ངོ༌། །བཞི་པ་ནི་ཕག་ལ་སོགས་པ་མཐོང་ན་དེར་འཇིགས་པར་བྱེད་པ་ནི། གསོད་པ་དང༌། སྐྲོད་པ་དང༌། སྐྲག་པར་བྱེད་པ་དེ་ནི་ཡོངས་གྱུར་མའི་མཚན་ཉིད་དུ་དེ་ལ་བཤད་དེ། དེས་མང་པོ་སྐྲག་ཅིང་སྒྱུར་བར་བྱེད་པས་དེ་ནི་བསྟེན་དུ་མི་རུང་ངོ༌། །ལྔ་པ་ནི་སེམས་ཤིན་ཏུ་དགའ་བས་གད་མོ་ཆེར་དགོད་པ་དང༌། གར་སོང་བར་བསྡད་ནས་སླར་མི་ལྡོག་པས་བྱ་བ་གང་ཡང་བརྗེད་པ་ལྟ་བུས་གནས་པ་དང༌། སྒྲུབ་པ་པོ་ལ་རྗེས་སུ་ཆགས་ནས་དགོད་པ་དེ་ནི་བྱིས་པའི་སྤྱོད་པ་དང་ལྡན་པས་བྱིས་བཅས་མོའམ། ཁཎྜ་རོ་ཧཱ་ཞེས་པ་དེ་ལ་བཤད་དེ། དེ་ནི་མཆོད་ཅིང་བསྟེན་དུ་རུང་ངོ༌། །དྲུག་པ་ནི་བུད་མེད་དེའི་གཟུགས་གང་གིས་མཐོང་བ་དེས་བལྟ་བར་མི་འདོད་ཅིང་ཡིད་ཀུན་ཏུ་སྐྱོ་བ་དང༌། དེའི་རྐང་པ་ལ་སོགས་པས་གང་ལ་རེག་པ་དེ་འཚོ་བར་མི་འགྱུར་ཏེ་འཆི་བས། དེ་ནི་མི་ལྡོག་མར་ནི་ཤེས་པར་བྱས་ཏེ་དེ་བསྟེན་དུ་མི་རུང་ངོ༌། །སྔར་གྱི་གྲོགས་དྲུག་པོ་མེད་པར་དེ་གཅིག་པུ་མཆོད་ཅིང་བསྟེན་དུ་མི་རུང་བས་སྒྲུབ་པ་པོས་བསྟེན་པ་མིན་པར་དེ་གྲགས་སོ། །བདུན་པ་ནི་དགོད་དང་སྟེ་རང་གི་འཕྲོ་ལ་རྒྱུ་མཚན་མེད་པར་ངུ་ཞིང་ཁྲོ་བ་དེ་ནི། ཨེ་ཧི་ཀའི་ལྷ་མོའི་མཚན་ཉིད་ཡིན་པར་དྲན་པར་བྱ་ཞིང༌། དེ་ལྷ་མོ་སྟེ་བུད་མེད་རྣམས་དང་གསོང་པོར་སྨྲ་བ་ཡིན་ཏེ་བསྟེན་དུ་མི་རུང་ངོ༌། །འདི་ནི་སྡུད་པ་མོའི་དོད་ཡིན་ཏེ། དེ་ཡང་སངས་རྒྱས་པ་དང་རྟག་ཏུ་ལྷན་ཅིག་སྨྲ་ནི་ནང་པ་སངས་རྒྱས་པ་གང་ན་ཡོད་པའི་སར་ཕྱིན་ཅིང་དེར་གཏམ་སྨྲ་བའམ། ཡང་ན་སངས་རྒྱས་པ་ནི་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་གང་ན་ཡོད་པའི་སར་སོང་ཞིང་དེ་དག་དང་རྟག་ཏུ་གཏམ་སྨྲ་བ་ལ་དགའ་བ་དེ་ཉིད་རྡོ་རྗེའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ཏེ། འདི་བསྟེན་དུ་རུང་བ་ཡིན་གསུང་ངོ༌། །གཉིས་པ་སྒྲུབ་པ་པོ་འབྱོར་པ་དང་མི་ལྡན་པས། མཁའ་འགྲོ་མ་བརྒྱད་པོའི་མཚན་མ་བྲིས་ཏེ་མཆོད་ནས་བསྟན་པ་ནི་མཁའ་འགྲོ་མའི་ཞེས་པ་ལ་སོགས་པ་ཚིག་བདུན་སྨོས་ཏེ། དེ་ཡང་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོས་སྡུད་བྱེད་བརྒྱད་ཀྱིས་བསྡུས་པའི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་པོ་མཆོད་པ་ན་སྒྲུབ་པ་པོ་འབྱོར་པ་ཆུང་བས་རྟེན་བྲིས་སྐུ་ལ་སོགས་པ་མ་འབྱོར་ན་ཇི་ལྟར་བྱ་ཞེ་ན། མཁའ་འགྲོ་མ་བརྒྱད་པོའི་མཚན་མ་བརྒྱད་བྲིས་ཏེ་མཆོད་པ་བྱ་བར་བསྟན་པ་ནི། སྡུད་བྱེད་མཁའ་འགྲོ་མ་རིགས་བརྒྱད་ཀྱི་ཕྱག་རྒྱ་བརྒྱད་པོ་འདི་རྣམས་དཔའ་བོ་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོས་མཁའ་འགྲོ་མ་རྣམས་ལ་བསྙེན་བཀུར་བྱ་བའི་ཕྱིར་མཁའ་འགྲོ་མ་རྣམས་ལ་དངོས་སུ་བསྙེན་བཀུར་བྱ་བར་མི་ནུས་པས་མཚན་མ་འདི་རྣམས་མཁའ་འགྲོ་མར་བལྟས་ལ་མཆོད་དོ། །དེ་དག་ཉིད་གང་ཞེ་ན། ཐོད་པ་ལ་སོགས་པ་སྟེ་བུད་མེད་ཐམས་ཅད་ལ་མཚན་མ་བརྒྱད་པོ་འདིས་སྐྲ་མཚམས་སམ་སྲིན་ལག་གི་རྩ་བ་ལ་རྒྱས་མ་བཏབ་པ་མེད་དོ། །དེ་ཡང་ཐོད་པ་དང་གཅིག དགྲ་སྟྭ་དང་གཉིས། མཆེ་བ་དང་གསུམ། འཁོར་ལོ་དང་བཞི། རྒྱལ་མཚན་དང་ལྔ། རལ་གྲི་དང་དྲུག སྐྲག་བྱེད་རྡོ་རྗེ་དང་བདུན། དུང་དང་བརྒྱད་དེ། འདི་དག་རྩིག་པ་ལ་སོགས་པ་ལ་བྲིས་ལ། ཚེས་བཅུ་གཉིས་ལ་སོགས་པའི་དུས་སུ་མཆོད་པར་བྱའོ། །དེ་བརྒྱད་ནི་དཔའ་བོ་སྟེ། ཉི་ཤུ་རྩ་ལྔ་པོ་ཡིན་ལ། དེ་དག་གི་དབང་ཕྱུག་ནི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་ཡིན་ལ། དེ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ཕྱག་མཚན་བརྒྱད་པོ་འདིར་བསྡུས་པ་ཡིན་པར་བཤད་དོ། །འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་མིང་གི་རྣམ་གྲངས་ཀྱིས་བསྟན་པའི་ལྷ་མོ་འདི་དག་སློབ་དཔོན་ཀཾ་པ་ལས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་འགོད་པའི་ཚེ་ལྷ་བཅུ་གསུམ་དུ་བསྒོམ་ན། དབུས་སུ་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ་ལ་གཙོ་བོ་ཡབ་ཡུམ་དང་མཁའ་འགྲོ་མ་ལ་སོགས་པ་བཞི་སྟེ་ལྷ་ལྔ་དགོད། སྒོ་མཚམས་བརྒྱད་དུ་ཡ་མི་ནཱི་ལ་སོགས་པ་བརྒྱད་དགོད་པར་འདོད། ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་བསྒོམ་པའི་ཚེ། དབུས་སུ་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ་ལ་གཙོ་བོ་ཡབ་ཡུམ་དེ་བཞིན་གཤེགས་པ་བཞི་སྟེ་ལྔ་དགོད། དེའི་ཕྱི་རོལ་དུ་འཁོར་ལོའི་རྩིབས་བརྒྱད་ལ་གཟུགས་ཅན་མ་ལ་སོགས་པ་བརྒྱད་དགོད། དེའི་ཕྱི་རོལ་དུ་ཐུགས་དང་གསུང་དང་སྐུ་དང་དམ་ཚིག་གི་འཁོར་ལོ་སྒོ་མ་བཞི་དང་བཅས་པ་བཀོད་ནས། ཐོད་པ་ལ་སོགས་པའི་མཚན་མ་བརྒྱད་པོ་འདི་ནི་གཟུགས་ཅན་མ་ལ་སོགས་པ་ལྷ་མོ་བརྒྱད་པོ་ཞལ་གཅིག་ཕྱག་གཉིས་པར་ཡོད་པའི་ཕྱག་གཡས་རྣམས་ན་ཡོད་པར་རིམ་པ་བཞིན་སྦྱོར་ལ། གཡོན་རྣམས་ན་ནི་གྲུ་མོ་ན་ཁ་ཊྭཱཾ་ག་དང་ཕྱག་གཉིས་ན་ཐོད་པ་ཁྲག་དང་ཁུ་བས་བཀང་བ་བསྣམས་པར་བཞེད་དོ། །ཡང་གཟུགས་ཅན་མ་ལ་སོགས་པ་བརྒྱད་པོ་འདི་སྒྲ་ཇི་བཞིན་པར་བཤད་པའི་ཚེ། མིའི་བུ་མོ་ཕྱག་རྒྱ་རིགས་བརྒྱད་དང་སྦྱར་རོ། །དེ་ཡང༌། དུང་ཅན་འོ་བྱེད་མར་གསུངས་ཏེ། ལཱ་མཱ་ཉིད་ནི་གླང་ཆེན་མ། །ཡོངས་སུ་གྱུར་མ་པདྨ་ཅན། །མི་ལྡོག་པི་ལ་བིར་ཤེས་བྱ། །དྷི་པ་མོ་ན་ཕུར་བུ་མ། །རེ་རེ་ཡང་ནི་གཉིས་གཉིས་སུ། །སོ་སོ་ཡི་ནི་མཚན་ཉིད་འགྱུར། །ཞེས་པས་ཕྱག་རྒྱ་པདྨ་ཅན་དང༌། གླང་པོ་ཅན་དང༌། དུང་ཅན་མ་དང༌། རི་མོ་ཅན་དང༌། བདེ་བ་ཅན་དང༌། པི་ལ་བི། ཕུར་བུ་མ། རི་དྭགས་ཅན་ཏེ། བརྒྱད་པོའི་སོ་སོའི་མཚན་ཉིད་བཤད་ནས་ཡོད་དེ། འདི་ཡང་རྒྱུད་ཀྱི་དགོངས་པ་ལ་ལེགས་པར་སེམས་སོ། །དེ་ལྟར་སྔར་བསྟན་པའི་སྡུད་བྱེད་ལྷ་མོ་བརྒྱད་པོ་དེ་བསྡུ་བྱ་བདེ་མཆོག་གི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་བསྡུས་པའི་བསྡུ་བྱ་སྡུད་བྱེད་ཀྱི་རྣམ་གཞག་འོག་ལེའུ་བཞི་བཅུ་རྩ་གཅིག་པ་དང༌། ལེའུ་བཅུ་བདུན་པ་འདི་གཉིས་དགོངས་པ་གཅིག་ཏུ་རྒྱུད་ཀྱི་དོན་བསྡེབས་ནས་འདིར་བཤད་པ་མཛད་དོ། །སྤྱིར་རིགས་ལྡན་མ་ལ་གསུམ། ཕྱིའི་ཕྱིའི་རིགས་ལྡན་མ་ཞེས་བྱ་བ་མཁའ་འགྲོ་མ་བུད་མེད་རྣམས་ཀྱི་རྟེན་ལ་རིགས་རྣམ་པ་ལྔའི་མཚན་མའམ། རྟགས་ཀྱིས་ཁྱབ་ཅིང་བྱིན་གྱིས་བརླབས་པ་དང༌། ཕྱིའི་ནང་གི་རིགས་ལྡན་མ་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་འོག་མིན་ན་བཞུགས་པ་དང༌། ཞིང་སྐྱེས་སྤྲུལ་སྐུ་མཆོག་འཛམ་བུ་གླིང་ན་བཞུགས་པ་དང༌། སྤྲུལ་སྐུ་མཆོག་མ་ཡིན་པ་སྒྲུབ་པ་པོའི་བློ་ལ་སྣང་བ་སྟེ་སྤྱིར་གསུམ་མོ། །ནང་གི་རིགས་ལྡན་མ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ། རང་གི་ལུས་ལ་རྩ་སུམ་ཅུ་རྩ་བདུན་ལ་སོགས་པའི་རྣམ་པར་གནས་པའོ། །དེ་ལྟ་བུའི་ཕོ་ཉ་འདི་རྣམས་ལ་བསྡུ་བྱ་སྡུད་བྱེད་ཀྱི་རྣམ་པར་གཞག་པ་དངོས་ནི། སྔགས་སྐྱེས་དང་ཞིང་སྐྱེས་གཉིས་ལ་གཏན་ལ་ཕབ་པས་གཞན་རྣམས་ལ་ཡང་དེ་ཉིད་ཀྱིས་ཁོང་དུ་ཆུད་པར་ནུས་པ་ཡིན་ཏེ། དེ་ལས་སྡུད་བྱེད་ཅེས་བྱ་བ་ནི་གཙོ་མོའམ། བདག་མོའམ། སྤྲུལ་ནས་སྤྲུལ་པར་བྱེད་པའམ། བསྡུས་ནས་སྡུད་པར་བྱེད་པས་སྡུད་བྱེད་ཅེས་བྱའོ། །བསྡུ་བྱ་ནི་ཕལ་པའམ་དེས་སྤྲུལ་པའམ་འཁོར་དུ་གྱུར་པ་ལ་བྱའོ། །དེ་དག་ཀྱང་རིམ་གྱིས་བསྡུ་བྱ་དང་སྡུད་བྱེད་དུ་ལྟོས་ནས་བཞག་པ་ཡིན་ཏེ། འཛམ་བུ་གླིང་ན་སྤྲུལ་སྐུ་བྱེ་བ་ཕྲག་བདུན་ལ་སོགས་པ་བསྡུ་བྱ་འཁོར་གཙོ་བོ་སྡུད་བྱེད་སྟོང་ཕྲག་ཉི་ཤུ་རྩ་གཅིག ཡང་ལྟོས་ནས་མིང་ཐོབ་པ་ཡིན་པས་སྟོང་ཕྲག་ཉི་ཤུ་རྩ་གཅིག བསྡུ་བྱ་འཁོར། གཙོ་མོ་སྡུད་བྱེད། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱིས་བསྡུས་པའོ། །ཡང་ལྟོས་ནས་མིང་ཐོབ་པ་ཡིན་པས་སུམ་ཅུ་རྩ་བདུན་པོ་བསྡུ་བྱ་འཁོར། སྡུད་བྱེད་ཀྱི་གཙོ་མོ་ནི་གཟུགས་ཅན་མ་ལ་སོགས་པ་རྣལ་འབྱོར་མ་བརྒྱད་དོ། །དེ་བཞིན་དུ་ལྟོས་ནས་རྣལ་འབྱོར་མ་བརྒྱད་བསྡུ་བྱ་འཁོར་དེ་དག་གི་སྡུད་བྱེད་གཙོ་མོ་ནི་ཕག་མོའི་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །སྡུད་བྱེད་འདི་ལ་ལུགས་གསུམ་ལས། དང་པོ་དཔལ་ནཱ་རོ་ཏ་པའི་སློབ་མ་པྲ་ཛྙཱ་རཀྵི་ཏས་གཉིས་ཀའི་བཤད་སྦྱང་ལས་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་གཙོ་ཆེ་བའི་དབང་དུ་བྱས་ནས་སྡུད་བྱེད་ནི་གཤིན་རྗེ་མ་ལ་སོགས་པ་བཞིས་སྙིང་པོའི་རྣལ་འབྱོར་མ་བཞི་གོ་རིམ་བཞིན་དུ་བསྡུས་ལ། དེ་བཞིན་དུ་གཙོ་མོ་ཀུན་ཏུ་སྤྱོད་མ་ལ་སོགས་པ་བཞིས་འཁོར་ལོ་བཞི་བསྡུས་པར་བཞེད་དེ། འདི་ལྟར་གཙོ་མོ་ཀུན་ཏུ་སྤྱོད་མས་སྐུའི་འཁོར་ལོའི་རྣལ་འབྱོར་མ་བརྒྱད་བསྡུས། མཛེས་མས་གསུང་གི་འཁོར་ལོའི་དཔའ་མོ་བརྒྱད་བསྡུས། བྷ་སུ་རས་ཐུགས་ཀྱི་འཁོར་ལོའི་རྣལ་འབྱོར་མ་བརྒྱད་བསྡུས། སྡུད་པ་མོས་དམ་ཚིག་གི་འཁོར་ལོའི་རྣལ་འབྱོར་མ་བརྒྱད་བསྡུས་པར་བཞེད་དེ། འདི་ནི་འོག་གི་ལེའུ་བཞི་བཅུ་རྩ་གཅིག་པ་དང་འགལ་བའི་ཕྱིར་དང༌། བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཀྱང་ཚུལ་གཞན་དུ་རྣམ་པར་བཀྲོལ་བའི་ཕྱིར། དེས་དཔལ་ནཱ་རོ་ཏ་པའི་དགོངས་པ་སྐོང་བ་མ་ཡིན་ནོ། །ཡང་གཉིས་པ་དཔལ་ནཱ་རོ་ཏ་པའི་དགོངས་པ་ཀ་ན་ཀ་ཤྲཱི་ཆེན་པོ་དང༌། པཎྜི་ཏ་སུ་མ་ཏི་ཀཱིརྟི་ལ་སོགས་པ་རྣམས་ཀྱིས་བསྐངས་ཏེ། འཇིག་རྟེན་པའི་མིང་གི་རྣམ་གྲངས་ཀྱི་དབང་དུ་བྱས་ན་གཟུགས་ཅན་མས་སྙིང་པོའི་རྣལ་འབྱོར་མ་ལྔ་བསྡུས་ལཱ་མཱས་སྐུའི་འཁོར་ལོའི་ཕྱོགས་བཞི་བསྡུས། ཡོངས་གྱུར་མས་གསུང་གི་འཁོར་ལོའི་ཕྱོགས་བཞི་བསྡུས། བྱིས་བཅས་མོས་ཐུགས་ཀྱི་འཁོར་ལོའི་ཕྱོགས་བཞི་བསྡུས་ཏེ། དེ་ནི་གཙོ་མོ་དང་འཁོར་གྱི་དབང་དུ་བྱས་པའོ། །དེ་ནས་མི་ལྡོག་མས་སྐུའི་འཁོར་ལོའི་མཚམས་བཞི་བསྡུས། ཨེ་ཧི་ཀས་གསུང་གི་འཁོར་ལོའི་མཚམས་བཞི་བསྡུས། ཙུམྦི་ཀས་ཐུགས་ཀྱི་འཁོར་ལོའི་མཚམས་བཞི་བསྡུས་ཏེ། དེ་དག་ཀྱང་བསྡུ་བྱ་སྡུད་བྱེད་དང་གཙོ་མོ་དང་འཁོར་གྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་བཞེད་པ་དེ་དག་གིས་ཀྱང་རྒྱུད་ཀྱི་བཞེད་པ་མ་བསྐངས་པ་ཡིན་ཞིང༌། ནཱ་རོ་པའི་དགོངས་པ་ཡང་སྐོང་བ་མ་ཡིན་ཏེ། འོག་ཏུ་ལེའུ་བཞི་བཅུ་རྩ་གཅིག་པར་བསྡུ་བྱ་ནི་སྐུའི་འཁོར་ལོའི་མཚམས་ནས་བཟུང་ལ། སྡུད་བྱེད་ལཱ་མཱས་བསྡུས་པར་བཤད་པའི་ཕྱིར་རྒྱུད་ཀྱི་དགོངས་པ་དང་འགལ་བ་ཡིན་ནོ། །དེས་ན་བསྡུ་བྱ་སྡུད་བྱེད་དེ་དག་གཙོ་མོ་གང་གིས་འཁོར་གང་ཡིན་པ། བླ་མ་ཕམ་ཐིང་པ་དང་བླ་མ་དུས་ཀྱི་འཁོར་ལོ་པ་ལ་སོགས་པཎྜི་ཏ་བགྲེས་པོ་རྣམས་ཀྱི་བཞེད་པས་འོག་གི་ལེའུ་བཞི་བཅུ་རྩ་གཅིག་པ་དཔང་པོར་བྱས་ནས། དང་པོ་བསྡུ་བྱ་ཞིང་སྐྱེས་གཙོ་བོའི་དབང་དུ་བྱས་ཏེ་མཁའ་འགྲོ་མ་ཉི་ཤུ་བཞི་ཡིན་པ་ལ། སྡུད་བྱེད་གཙོ་མོ་ནི་མཁའ་འགྲོ་མ་བརྒྱད་ལས་ཙུམྦི་ཀ་དང་སྡུད་པ་མོ་གཉིས་བོར་བས་ལཱ་མཱ་ལ་སོགས་པ་དྲུག་གི་བསྡུས་པར་གསུངས་ཏེ། དེ་ཡང་བསྡུ་བར་བྱ་རྒྱུ་སྐུའི་འཁོར་ལོའི་མཚམས་མ། བརྩོན་འགྲུས་ཆེན་མོ་ནས་བཟུང་སྟེ། མས་རིམ་དུ་ཤིན་ཏུ་དཔའ་མོའི་བར་དུ་བཞི་པོ་དེ། སྡུད་བྱེད་ལཱ་མཱས་བསྡུས་པར་བཤད། སྐུའི་འཁོར་ལོའི་ཕྱོགས་བཞི་མས་རིམ་དུ་སྦྱར་ལ། འཁོར་ལོའི་གོ་ཆ་མ་ནས་བཟུང་སྟེ། འཁོར་ལོའི་ཤུགས་ཅན་མའི་བར་དུ་བཞི་སྡུད་བྱེད་གཟུགས་ཅན་མས་བསྡུས་པར་བཤད་དོ། །དེ་ནི་སྐུའི་འཁོར་ལོ་བསྡུ་བྱ་དང་སྡུད་བྱེད་དོ། །དེ་ནས་བསྡུ་བྱ་གསུང་གི་འཁོར་ལོ་ལ་དང་པོ་མཚམས་ཀྱི་བཞི་ནི་ཁ་ག་ན་ནས་བཟུང་སྟེ། ཤྱཱ་མ་དེ་བའི་བར་དུ་རྣལ་འབྱོར་མ་བཞི་སྡུད་བྱེད། གཙོ་མོ་བརྟུལ་ཞུགས་འཛིན་མ་ཞེས་བྱ་བ་ཡོངས་གྱུར་མའི་མིང་གི་རྣམ་གྲངས་ཏེ་དེས་བསྡུས་པར་བཤད། གསུང་གི་འཁོར་ལོའི་ཕྱོགས་བཞི་ལས་ཆང་འཐུང་མ་ནས་བརྩམས་ཏེ། རླུང་གི་ཤུགས་ཅན་མའི་བར་དུ་བཞི་སྡུད་བྱེད་བྱིས་བཅས་མོས་བསྡུས་པར་བཤད་དེ། གསུང་གི་འཁོར་ལོའི་བསྡུ་བྱ་སྡུད་བྱེད་དོ། །ཐུགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་མ་བརྒྱད་བཞུགས་པ་ལས། ལེའུ་བཞི་བཅུ་རྩ་གཅིག་པའི་རྒྱུད་རང་ནས། པུལླི་ར་མཱ་ལ་ཡ་དང༌། ཛཱ་ལན་དྷ་ར་ཞེས་པའི་ཡུལ་གཉིས་དང༌། དེ་གཉིས་ཀྱིས་མཁའ་འགྲོ་མ་ཤུགས་ཀྱིས་བསྟན་པ་ནི། རབ་ཏུ་གཏུམ་མོ་དང་གཏུམ་པའི་མིག་ཅན་མ་གཉིས་གསུངས་ཏེ། དེ་བས་ན་ཐུགས་ཀྱི་འཁོར་ལོའི་ཕྱོགས་ནས་མགོ་བཟུང་ནས་བསྟན་ཡང་རྒྱུད་ལ་རང་དགར་འཇུག་པ་རྣམས་བླ་མ་ལ་རག་ལས་སུ་གཞུག་པའི་ཕྱིར་ཡིན་ལ། དོན་ནི་མཚམས་ནས་བསྡུས་པར་ཤེས་པར་བྱ་སྟེ། དེ་ལ་ཤིང་གྲིབ་མ་ནས་བཟུང་བའི་རྣལ་འབྱོར་མ་བཞི་སྡུད་བྱེད་མི་ལྡོག་མས་བསྡུས། ཕྱོགས་བཞི་ལ་སྣ་ཆེ་མོ་ནས་བཟུང་སྟེ། རབ་ཏུ་གཏུམ་མོའི་བར་དུ་བཞི་སྡུད་བྱེད། ཨེ་ཧི་ཀའི་ལྷ་མོས་བསྡུས་པར་ཤེས་པར་བྱའོ། །སྡུད་བྱེད་དྲུག་ཡོད་པ་ལས་འདིར་བཞི་སྨོས་ཀྱི་གཉིས་དངོས་སུ་མ་སྨོས་པ་ནི་དོན་གྱིས་བསྟན་པ་དེ་ལས་འོས་མེད་དོ་ཞེས་གསུང་ངོ༌། །དེ་ལྟར་བསྡུ་བྱ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་སྡུད་བྱེད་དྲུག་གི་བསྡུས་པ་ཡིན་ལ། སྙིང་པོའི་རྣལ་འབྱོར་མ་བཞི་ནི་ཙུམྦི་ཀས་བསྡུས་པར་དོན་གྱིས་ཤེས་ཏེ། བསྡུ་བྱ་སྡུད་བྱེད་གཉིས་ཀ་འདིར་མ་སྨོས་ཀྱང་དོན་གྱིས་དེ་ལས་འོས་མེད་དོ། །ཀཱ་ཀཱ་སྱ་ལ་སོགས་པ་རྣལ་འབྱོར་མ་བརྒྱད་ནི་སྡུད་བྱེད་སྡུད་པ་མོ་ཞེས་བྱ། པདྨའི་དྲྭ་བ་ཅན་ཞེས་བྱ། ཡུམ་རྡོ་རྗེ་ཕག་མོ་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་པས་དེས་བསྡུས་པ་ཡིན་ཏེ། རྒྱུད་འདི་ཉིད་ལས་དེ་ལས་ལྷག་པ་ཇི་སྙེད་པ་ཞེས་པ་ནས། དེའི་དཀྱིལ་འཁོར་གཙོ་མོ་ཡིན་ཞེས་བྱ་བའི་བར་གྱིས་བསྟན་པ་དང༌། ཡང་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། ཝ་གདོང་ལ་སོགས་བརྒྱད་པོ་ནི། །སྡུད་པ་མོར་ནི་ངེས་པར་བརྗོད། །ཅེས་གསུངས་པས་ཀྱང་ཤེས་ཏེ། དེ་ལྟར་ན་སྡུད་བྱེད་གཙོ་མོ་རྣལ་འབྱོར་མ་བརྒྱད་ཀྱིས་བསྡུ་བར་བྱ་བ་ཞིང་སྐྱེས་དང༌། སྔགས་སྐྱེས་གཙོ་བོའི་དབང་དུ་བྱས་ནས་བསྡུ་བྱ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་བསྡུས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་དག་ལ་ནི་ལེའུ་བཅུ་བདུན་པ་འདི་དང་ལེའུ་བཞི་བཅུ་རྩ་གཅིག་པ་གཉིས་རྒྱུད་ཀྱི་དགོངས་པ་གཅིག་ཏུ་སྦྱར་ནས། བསྡུ་བར་བྱ་བ་དང་སྡུད་པར་བྱེད་པའི་མན་ངག་བསྟན་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ལེའུའི་སྟོད་ཀྱིས་མིང་བཏགས་པ་རྣལ་འབྱོར་མ་བརྒྱད་པོ་ཐམས་ཅད་ཀྱི་གཟུགས་སྔ་མ་ལས་ཕྱི་མར་ཡོངས་སུ་བརྗེ་བ་དང༌། ཕྱག་མཚན་བརྒྱད་ཀྱི་ཕྱག་རྒྱ་བསྟན་པའི་ཆོ་གའི་ལེའུ་སྨད་ཀྱི་མིང་སྟེ། བཅུ་བདུན་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་གིས་རྣམ་གྲངས་བསྟན་ནས། ལེའུ་བཅོ་བརྒྱད་པས་ནི། ཙུམྦི་ཀས་བསྡུས་པའི་མཁའ་འགྲོ་མ་ནང་ཚན་གྱིས་དབྱེ་བས་རིགས་དྲུག་ཏུ་དབྱེ་བ་བསྟན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་ཡང་གཉིས་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་བཅུ་བདུན་པས་མིང་གི་རྣམ་གྲངས་བཤད་པའི་རྗེས་ལའོ། །མིང་གི་རྣམ་གྲངས་ལས་གཞན་ཡང་བཤད་པར་བྱ་བ་གང་བཤད་ཅེ་ན། མཁའ་འགྲོ་མ་ལ་ནང་ཚན་རིགས་དྲུག་ཏུ་དབྱེ་བ་རྣམས་ཀྱི་མཚན་ཉིད་ནི་སྒྲུབ་པ་པོ་གང་གིས་ཡང་དག་ཤེས་པ་དེ་ཡིས། མཁའ་འགྲོ་མའི་དམ་ཚིག་ནི་དཔའ་བོ་ཤེས་པར་བྱ་སྟེ་མཆོད་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་ལས་མི་འདའ་བར་གནས་པ་དེ་བཤད་དོ། །ད་ནི་བཤད་པ་དངོས་སྟོན་པ་ལས། ལེའུ་འདིར་ནི་སྔར་ལེའུ་བཅུ་དྲུག་པར་མཚན་ཉིད་དམ། རྟགས་བཤད་པ་དང་མི་འདྲ་བར་མཁའ་འགྲོ་མའི་ཁ་དོག་དང༌། དྲི་དང༌། ཤའི་གཉེར་མ་ལ་སོགས་པའི་རྟགས་ཀྱི་སྒོ་ནས་བསྟེན་པ་ཡིན་ནོ། །མཁའ་འགྲོ་མའི་ནང་ཚན་གྱི་པདྨའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ནི། ཁ་དོག་དམར་ཞིང་སེར་བའི་བུད་མེད་གང་ཡིན་པ་དེ་ཁ་དང་སྣ་ནས་པདྨའི་དྲི་གཏོང་བ་དང༌། ལྟ་སྟངས་ཞི་བས་ལྟ་བ་དང༌། སྐྱེས་པ་ལ་ཆགས་པས་ཞེན་པའི་ལྟ་བ་བྱེད་པ་དང༌། སོ་སོའི་ཁ་དོག་བུད་མེད་གང་གི་སེན་མོའི་ཁ་དོག་དམར་བ་དང༌། མིག་དམར་བ་དང༌། རང་གི་མཆོད་པའི་རྟེན་གྱི་རྟགས་རང་གི་ཁྱིམ་དུ་པདྨའི་རི་མོ་འདྲི་བ་དེ། པདྨ་གར་དབང་གི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ནི་བུད་མེད་གང་གིས་སྨིན་མའི་དབུས་ན་གཉེར་མ་རྩེ་གསུམ་པའི་རི་མོ་ཡོད་པ་དང༌། ལུས་ཀྱི་ཁ་དོག་སྔོ་བསངས་དང༌། རྟག་ཏུ་རྡོ་རྗེ་རིགས་ཀྱི་ལྷ་སྒོམ་པ་མཆོད་པའི་རྟེན་གང་གི་ཁྱིམ་དུ་རྡོ་རྗེ་བྲི་ཞིང༌། དེ་ལ་རྟག་ཏུ་མཆོད་པ་བྱེད་པའི་མཁའ་འགྲོ་མ་དེ་དཔལ་ཧེ་རུ་ཀ་སྟེ། རྡོ་རྗེ་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ནི། བུད་མེད་གང་གི་དཔྲལ་བ་སྟེ་སྨིན་མ་བས་བག་ཙམ་མཐོ་བ་ན་རྡོ་རྗེ་རྩེ་གསུམ་པའམ་མདུང་གི་རི་མོ་ཡོད་པ། མིག་དམར་ཞིང་ཤའི་མདོག་དམར་སེར་དུ་ཡོད་པས། རྐང་པ་དང་ལག་པའི་མཐིལ་དམར་བ་དེ་རང་གི་ཁྱིམ་དུ་རྟེན་ར་སྐྱེས་དང་ཁྱིམ་བྱ་རྟག་ཏུ་བསྟེན་པ་ལ་དགའ་བ། དེའི་ཁྱིམ་དུ་མཆོད་པའི་རྟེན་རྡོ་རྗེའམ་མཚན་མ་བྲིས་ཏེ། དེས་ལ་རྟག་ཏུ་གང་ཞིག་མཆོད་པ་བྱེད་དེ་ཤྲཱི་ཧེ་རུ་ཀའི་རིགས་ནི་རིན་པོ་ཆེའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་པར་གདོན་མི་ཟའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ནི། བུད་མེད་གང་གི་དཔྲལ་བ་དང་ལག་པའི་མཐིལ་ན་འཁོར་ལོའི་རི་མོ་ཡོད་པ་དང༌། ལུས་སྤྱིའི་ཁ་དོག་སྤྲིན་སྔོན་པོ་དག་དང་འདྲ་བ་དང༌། རྟག་ཏུ་དཔྲལ་བར་གོས་འཆང་ནི་ཐོད་དམ། སྟོད་གཡོགས་སམ་མགོ་བོ་གོས་ཀྱིས་གཡོགས་པར་བྱེད་པ་དང༌། བསོད་ནམས་སམ་བུ་ཁྱོ་བཟང་པོ་དང་བུ་མང་པོའི་སྐལ་པ་ཆེན་པོ་ཕུན་སུམ་ཚོགས་ཤིང༌། ངག་བདེན་པར་སྨྲ་བ་དང༌། རང་གི་ཁྱིམ་དུ་མཆོད་པའི་རྟེན་འཁོར་ལོ་བྲི་བར་བྱེད་ཅིང་རྟག་ཏུ་དེ་ལ་མཆོད་པར་བྱེད་པ་དེ་རྡོ་རྗེ་ཕག་མོ་སྟེ། དེ་བཞིན་གཤེགས་པའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ལ། དེ་ཡང་སྟོབས་ཀྱིས་དྲེགས་ནི་ཁྱད་པར་དུ་ང་རྒྱལ་ཆེ་བའོ། །གང་ཞིག་མིག་སྨན་ཞེས་པ་ལ་སོགས་པ་འདི་ཡང་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ཡིན་ཏེ། དེ་ཡང་སྔ་མ་ནི་རྒྱུ་རྡོ་རྗེ་འཆང་གི་རིགས་ཀྱི་དབང་དུ་བྱས་པ་ཡིན་ལ། འདི་ནི་འབྲས་བུ་རྡོ་རྗེ་འཆང་གི་དབང་དུ་བྱས་པ་ཡིན་གསུང་ངོ༌། །བུད་མེད་གང་ཞིག་སྤྱིའི་ཁ་དོག་མིག་སྨན་ནག་པོ་དང་འདྲ་ཞིང༌། ཁྱད་པར་དུ་སོ་དཀར་ཞིང་མཐོ་བ་སྟེ་རྟོས་པ་དང༌། རྟག་ཏུ་སེམས་གདུག་པ་ཞེ་སྡང་གི་རྒྱུན་རིང་བ་དང༌། སེམས་སྟོབས་དང་ལྡན་པ། རྟག་ཏུ་ཁྲུས་ལ་དགའ་བ། གཏམ་མང་དུ་སྨྲ་བར་མི་བྱེད་ཅིང་མཆོད་པའི་རྟེན་རང་ཁྱིམ་དུ་རྡོ་རྗེ་བྲི་ཞིང༌། དེ་ལ་རྟག་ཏུ་དགེ་བ་ལ་དགའ་བས་མཆོད་པ་བྱེད་པའི་བུད་མེད་གང་ཡིན་པ་དེ་རྡོ་རྗེ་ཕག་མོ་སྟེ། རྡོ་རྗེ་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ཏེ་དེ་ལ་འཁོར་སྟོང་ཕྲག་བཅོ་ལྔ་དང་ལྡན་པ་ཡིན་ནོ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ནི། ཁ་དོག་སེར་ཞིང་གསེར་གྱི་མདོག་དང་འདྲ་བ་མིག་མི་གཡོ་བར་ཧ་རེ་ལྟ་བ་ལུས་ལ་བ་སྤུའི་ཚོགས་མང་ཞིང་བུད་མེད་གང་གི་དཔྲལ་བའམ་ལག་པ་ལ། རྡོ་རྗེ་རྩེ་གཅིག་པའི་རི་མོ་སྣང་བར་གྱུར་པ་གདུག་པ་སྟེ་གསོད་པའི་ལས་ལ་ངེས་པར་དགའ་བ། རྟག་ཏུ་རྒྱལ་སྲིད་དེ་འདོད་པའི་ལོངས་སྤྱོད་དག་ལ་དགའ་བས་གནས་པ། སྙེམས་པ་སྟེ་ང་རྒྱལ་ཆེ་ཞིང་བདེན་པར་སྨྲ་བ། ལུས་ལ་མེ་ཏོག་མ་ལི་ཀའི་དྲི་འབྱུང་ཞིང་བུད་མེད་གང་གི་ཁྱིམ་དུ་མཆོད་པའི་རྟེན་རྡོ་རྗེ་ནི་རྟག་པར་འདྲི་ཞིང༌། དེ་ལ་ཆེར་མཆོད་པ་བྱེད་པ་དེ་ཁཎྜ་རོ་ཧཱ་སྟེ་ལས་ཀྱི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག །ཅེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའི་རིགས་ཀྱི་མཁའ་འགྲོ་མ་བསྟན་པ་ཡིན་ཏེ། རྣལ་འབྱོར་མའི་དབང་ཕྱུག་མཆོག་གི་བུད་མེད་གང་ཞིག་རྟག་པར་ཤ་ལ་དགའ་བ། ལུས་སྐེམས་ཤིང་མིག་སྨན་ནག་པོའི་མདོག་ནི། མདོག་ནག་པ། དཔྲལ་བ་ན་གཉེར་མའི་རི་མོ་མདུང་རྩེ་ལྟ་བུ་ཡོད་པ། གདུག་པའི་ལས་ཏེ་གསོད་པ་ལ་དགའ་བ་རྟག་ཏུ་གནས་དུར་ཁྲོད་དག་ཏུ་འགྲོ་བ་སེམས་གཞན་ལ་འཇིགས་པ་མེད་ཅིང༌། རོ་ལ་སོགས་པ་ལ་བག་མེད་པར་འཇུ་བས་གཙང་སྦྲ་མེད་པ། བུད་མེད་གང་གི་དཔྲལ་བར་ཙནྡན་དཀར་དམར་གྱི་ཐིག་ལེ་དང༌། ཁྱིམ་དུ་མཆོད་པའི་རྟེན་ཐོད་པ་བྲི་ཞིང་དེ་ལ་མཆོད་པ་བྱེད་པ་དེ་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །སྤྲིན་གྱི་མདོག་འདྲ་བ་ལ་སོགས་པ་འདིས་ཀྱང་རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་བསྟན་པ་ཡིན་ནོ། །ལུས་ཀྱི་ཁ་དོག་སྤྲིན་ནག་པོའི་མདོག་དང་འདྲ་བའི་བུད་མེད་གང་ཡིན་པ་སོ་མི་མཉམ་པ་རིང་འཐུང་ཡོད་པ། རྟག་ཏུ་གདུག་པའི་ལས་གསོད་པ་ལ་དགའ་བ་གཡོན་པའི་མཆེ་བ་གཙིགས་པ་མཆོད་པའི་རྟེན་དེའི་ཁྱིམ་དུ་དགྲ་སྟྭ་ནི་བྲི་ཞིང༌། རྟག་ཏུ་དེ་ལ་མཆོད་པ་བྱེད་པའི་མཁའ་འགྲོ་མ་གང་ཡིན་པ་དེ་རྣམ་པར་འདྲེན་པ་སྟེ་རིན་པོ་ཆེའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་པར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་མཁའ་འགྲོ་མའི་ཚོགས་དེ་ཐམས་ཅད་ཀྱང་དགོས་ཆེད་ཅིའི་ཕྱིར་བསྟན་ཞེ་ན། ཐམས་ཅད་ཧེ་རུ་ཀའི་རིགས་ལས་བྱུང་བ་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་ལ་ཕན་པའི་ཕྱིར་སྣོད་མ་ཡིན་པ་ཉན་ཐོས་ལ་སོགས་པ་ལ་གསང་བའི་མཚན་ཉིད། རིགས་ལྡན་མ་མཆོད་པར་འདོད་པ་རྣམས་ལ་མཁའ་འགྲོ་མའི་མཚན་ཉིད་བཤད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བའི་རྒྱུད་ལས། ལེའུ་འདིའི་བྱེ་བྲག་གི་མཚན་སྤྱི་ཙུམྦི་ཀས་བསྡུས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱི་ཁ་དོག་ལ་སོགས་པའི་མཚན་ཉིད་དང༌། རང་གི་ཁྱིམ་དུ་མཆོད་པའི་རྟེན་པདྨ་འདྲི་བ་ལ་སོགས་པ་མཚན་མའི་ཆོ་གའི་ལེའུ་སྟེ། བཅོ་བརྒྱད་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་ལེའུ་བཅོ་བརྒྱད་པ་ཙུམྦི་ཀས་བསྡུས་པའི་མཁའ་འགྲོ་མ་དེ་ཉིད་ཀྱང༌། ནང་ཚན་རིགས་དྲུག་གི་དབྱེ་བས་ཕྱེ་བ་བསྟན་ནས། ལེའུ་བཅུ་དགུ་པས་སྡུད་བྱེད་ཙུམྦི་ཀས་བསྡུས་པའི་བསྡུ་བྱ་ལཱ་མཱའི་ནང་ཚན་གྱི་དབྱེ་བ་རིགས་ལྔར་དབྱེ་བ་སྟོན་ཏོ། །དེ་ལྟར་ན་གཉིས་པོ་དེ་མཚོན་པ་ཙམ་དུ་ཟད་ཀྱི། དོན་གྱིས་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་ཀྱང་རིགས་ལྔའམ་དྲུག་གི་དབྱེ་བས། གནས་པར་རྟོགས་པར་བྱ་སྟེ། དེ་ཡང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལ་སོགས་པར་བསྟན་གསུང་ངོ༌། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་མཁའ་འགྲོ་མ་རིགས་ལྔའམ་དྲུག་གི་མདོག་དང་མཚན་མ་ལ་སོགས་པ་བཤད་པའི་རྗེས་ལའོ། །དེ་ལས་གཞན་ཡང་བཤད་པར་བྱའོ། །གང་བཤད་ཅེ་ན། སྒྲུབ་པ་པོའི་ཁྱད་པར་གྱི་སྡུད་བྱེད་ལཱ་མཱའི་མཚན་ཉིད་ཀྱི་ནང་ཚན་གྱི་ཁྱད་པར་ལྔས་དབྱེ་བ་དང༌། དེ་ཡང་ཡན་ལག་གི་དབྱེ་བའི་ཚོགས་ནི་ལྔར་ཤེས་པར་བྱའོ། གཉིས་པ་བཤད་པ་དངོས་ལ་རིན་པོ་ཆེའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་ནི་བུད་མེད་གང་ཞིག་གི་བཞིན་གྱི་དཀྱིལ་འཁོར་ཟླུམ་པ་ཁ་ལ་རྟག་ཏུ་སྨ་ར་ཡོད་པ། བ་སྤུ་དང་སྨིན་མའི་སྤུ་རིང་བ། གོས་བཟང་ཞིང་གཙང་བ་ལ་དགའ་བ། རྒྱུད་ཞི་བ་སྤྱོད་པ་མི་གཡོ་ཞིང་བདེན་པར་སྨྲ་བ། རྟག་ཏུ་དམ་པའི་ཆོས་ལ་དགའ་བའི་མཁའ་འགྲོ་མ་དེ་དཔའ་བོ་སྒྲུབ་པ་པོའི་སྲིང་མོར་དེ་ཤེས་པར་བྱའོ། །དེ་མཐོང་ནས་པདྨའི་ཕྱག་རྒྱ་སྦྱིན་པར་བྱ་ནི། ལག་པ་གཉིས་པདྨར་བསྐོར་བའམ། ཡང་ན་ལག་པ་གཉིས་སྙིམ་པ་ཁ་ཕྱེ་བར་བྱས་ཏེ་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་བསྟན་ཏོ། །ཡང་ན་རུས་སྦལ་གྱི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་བའམ། ཡང་ན་ལག་པ་གཡས་པ་ཁ་ཐུར་དུ་བསྟན་ཏེ་གུང་མོ་ཅུང་ཟད་བརྐྱང་ལ་ལྷག་མ་ཁུ་ཚུར་བྱས་ནས་ཆོས་གོས་གྱོན་པའི་ཚུལ་བསྟན་པར་བྱའོ། །དེའི་ཕྱག་རྒྱའི་ལན་ནི། རྒྱལ་བའི་བུམ་པ་སྤྱི་བླུགས་ཏེ། །ལག་པ་གཡས་པས་བུམ་པ་སྤྱི་བླུགས་འཛིན་པའི་ཚུལ་དུ་བྱ་བ་ནི། ཕྱག་རྒྱའི་ལན་དུ་ཤེས་པར་བྱའོ། །བུད་མེད་དེ་ནི་ཚེས་བཅུ་གཉིས་པོའི་རེས་འགའ་ལ་རང་གི་ཁྱིམ་དུ་མཆོད་པའི་རྟེན་པདྨ་འདྲི་བར་བྱེད་པ་དེ་རིན་པོ་ཆེའི་རིགས་ཀྱི་ལཱ་མཱའི་བུད་མེད་ཀྱི་མཚན་ཉིད་དོ། །པདྨའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་ནི། མཆུ་འཕྱང་ཞིང་མིག་གི་དཀྱུས་རིང་བ། མིག་དམར་ཞིང་སེར་སྐྱར་གནས་པ། ནོར་ཕྱུག་ཅིང་སྐལ་བཟང་དཔལ་ནི། ཁྱོ་བཟང་པོ་དང་བུ་མང་པོ་ཡོད་པ་ཁ་དོག་སེར་བ་དེ་མེ་ཏོག་ཙམ་པ་ཀ་ལྟ་བུར་ཡོད་པ། མཆེ་བ་རིང་མིན་ཐུང་བ་མིན་པ་དང༌། ཁ་དོག་སྣ་ཚོགས་པའི་གོས་ལ་དགའ་བ། དཔྲལ་བ་ན་རི་མོ་གསུམ་ཡོད་ཅིང་འཚམ་སྟེ་དཔྲལ་བའི་རི་མོ་གྱེན་དུ་བལྟས་པ། དགོད་པ་ལ་དགའ་བ། སྐྱེས་པ་ལམ་དུ་འགྲོ་བ་དང་ཕྲད་ན་ལམ་རྣམ་པར་གནོན་ཅིང་བགེགས་པ། གཡུལ་དུ་འཆི་བའི་གཏམ་ཇི་ལྟར་འཐབ་པ་དང༌། ཇི་ལྟར་བསད་པ་ལ་སོགས་པའི་གཏམ་དག་ལ་རྟག་ཏུ་དགའ་བ། དེ་ལྟར་རབ་དྲེགས་ནི་ང་རྒྱལ་ཆེ་བ་སྟེ། དེ་མཐོང་ནས་ནི་མདུང་གི་ཕྱག་རྒྱ་ནི་ལག་པ་གཡས་པའམ་གཡོན་པའི་མཛུབ་མོ་མདུང་ལྟར་བྱས་པའི་ཕྱག་རྒྱ་བསྟན་པར་བྱའོ། །རྐང་པ་གཡས་པ་བརྐྱང་པ་དང༌། གཡོན་པ་བསྐུམ་པའི་གར་ཉིད་ཀྱང་ཕར་བསྟན་པར་བྱའོ་གསུངས་ཏེ། སྒྲུབ་པ་པོ་ལ་ཚུར་སྟོན་པ་འདྲ། དེའི་ལན་སྒྲུབ་པ་པོས་ལག་པ་གཡོན་པ་དག་ནི་ཡོངས་སུ་བཟློག་པ་སྟེ། ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །ཡར་ངོ་མར་ངོའི་ཚེས་བཅུ་བཞི་དང་ནི་ཚེས་བརྒྱད་ནི་དེའི་མཆོད་པའི་དུས་ཚིགས་ཡིན་ལ། དུས་དེས་མཆོད་པའི་རྟེན་གྱི་ཁྱིམ་དུ་མདུང་རྩེ་གསུམ་པ་བྲིས་ནས། དེ་ལ་རྟག་ཏུ་མཆོད་པ་བྱེད་པ་དེ་དང་འཇིག་རྟེན་དབང་ཕྱུག་སྟེ། པདྨ་རིགས་ཀྱི་ལཱ་མཱའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་ནི། བུད་མེད་གང་ཞིག་མཁུར་ཚོས་དག་ཏུ་ནི་ཅུང་ཟད་ཀྱོང་བའི་ཁུང་བུ་ཡོད་ཅིང༌། དེ་བཞིན་རྟག་ཏུ་གོས་ཁ་དོག་དམར་ཞིང་སེར་བ་ལ་དགའ་བ། མིག་ཀྱང་ལྗང་སེར་དུ་ཡོད་པ་སྐྲ་འཁྱིལ་བ། མགོ་བོ་དང་དཔྲལ་བ་ལ་རྟག་ཏུ་དར་འཆིང་བ། དཔྲལ་བ་ན་གྱེན་དུ་འགྲེང་བའི་རི་མོ་གཅིག་གནས་པ། མགྲིན་པ་རིང་བ། རྟག་ཏུ་གོས་དམར་པོ་ལ་དགའ་བ། རྟག་ཏུ་དགོད་ཅིང་གླུ་ལེན་པ། ལན་འགའ་ཞིག་ན་ཁྲོ་བ་སེམས་རྣམ་པར་གཡོ་བ། རེས་གང་ལ་དགའ་རེས་གང་ལ་དགའ་བར་འོང་བ། རྟག་ཏུ་དགོད་པ་ལ་དགའ་བ་སྟེ། དེ་ལྟ་བུའི་བུད་མེད་དེ་མཐོང་ན་མདུང་གི་ཕྱག་རྒྱ་ནི། ལག་པ་གཉིས་མདུང་འཛིན་པའི་ཚུལ་དུ་བྱེད་པའམ། ཡང་ན་གཡས་པའི་མཛུབ་མོ་མདུང་ལྟར་བྱས་ཏེ་བསྟན་པར་བྱའོ། །ཡང་ཕྱག་རྒྱ་གཉིས་པ་ཉིད་ནི་འབད་པ་ཡིས། དྲིལ་བུ་ཕྱག་རྒྱ་རབ་བསྟན་བྱ་ནི་ལག་པ་གཉིས་ཀྱི་སོར་མོ་རྣམས་ཐུར་ལ་དཔྱངས་ཏེ། སྨད་ཆེ་བའི་ཚུལ་དུ་བྱས་པས་བསྟན་པར་བྱའོ། །དེའི་ལན་ནི་ལུས་གཡོན་གྱི་ཕྱོགས་སུ་ལྡོག་པ་ནི་ཕྱག་རྒྱའི་ལན་ཡིན་པར་བཤད་དོ། །མི་བསྐྱོད་པའི་ལཱ་མཱའི་མཚན་ཉིད་བསྟན་པ་ནི། ལུས་ཐུང་ཞིང་བྱིན་པ་སྒོམ་པ་ལ་སོགས་པ་དང༌། ཕྲག་པ་གོས་འཕྱང་ནི་གོས་ཡོན་པོར་གྱོན་པ་སྟེ། དེ་ལྟ་བུའི་བུད་མེད་དེ་མཐོང་ན་འཁོར་ལོའི་ཕྱག་རྒྱ་བསྟན་པར་བྱ་ནི། ལག་པ་གཉིས་ཀྱི་སོར་མོ་ནང་དུ་ལྷོད་པར་བསྣོལ་ཏེ་ཚིགས་དབུས་མ་རྣམས་རོང་ངེ་བྱས་ལ་སྟེང་འོག་ཏུ་རྩིབས་བཞི་བཞི། འཁོར་ལོའི་རྩིབས་བརྒྱད་ཀྱི་ཚུལ་དུ་བྱས་ལ་བསྟན་ཏོ། །འབད་པ་ཡིས་གཉིས་པ་ཡང་ནི་དུང་གི་ཕྱག་རྒྱ་བསྟན་པར་བྱ་བ་ནི། ལག་པ་གཡས་པའི་གུང་མཛུབ་གཉིས་བརྐྱང་སྟེ་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་གི་སོར་མོ་མནན་ལ་གྱེན་ལ་བསྟན་ཏེ། དུང་ཆོས་ལྟར་བྱས་ལ་བསྟན་པར་བྱའོ། །གཡོན་བཟློག་པ་ནི་དེའི་ལན་ནོ། །ཚེས་བཅུ་བཞི་ནི་དེའི་མཆོད་པའི་དུས་ཡིན་ལ། དེའི་དུས་སུ་མཆོད་པའི་རྟེན་རང་གི་ཁྱིམ་དུ་རྡོ་རྗེ་འབྲི་བ་ནི། ཧེ་རུ་ཀ་མི་བསྐྱོད་པའི་ལཱ་མཱའི་མཚན་ཉིད་དོ། །ལས་ཀྱི་རིགས་ཀྱི་ལཱ་མཱའི་མཚན་ཉིད་ནི། གཞན་རྒྱུད་ཉིད་ནས་གསལ་ལ་ལུས་སྦོམ་ཞིང་བཞིན་རྣམ་པར་འགྱུར་བ་བཞིན་འཕེལ་ཆེ་ཞིང་རྒྱས་པའོ། །གདུལ་བྱའི་ངོ་བསྟན་པའི་འདི་འདྲའི་རབ་དྲེགས་ཀྱི་མཁའ་འགྲོ་མ་མཐོང་ན་དེ་ལ་ཀླུའི་ཕྱག་རྒྱ་རབ་བསྟན་བྱ་ནི། ལག་པ་གཡས་པའི་སོར་མོ་རྣམས་སྦྲུལ་མགོའི་གདེངས་ཀ་བྱས་ལ་བསྟན་པར་བྱའོ། གཉིས་པ་མདུང་གི་ཕྱག་རྒྱ་ནི། ལག་པ་གཉིས་མདུང་འཛིན་པ་ལྟར་བྱས་ལ་བསྟན་པར་བྱའོ། །གཡོན་པ་བཟློག་པ་ནི་དེའི་ལན་གྱི་ཕྱག་རྒྱའོ། །དེའི་མཆོད་པའི་དུས་ནི་ཚེས་བཅུ་གཅིག་ཡིན་ལ། དེའི་དུས་སུ་མཆོད་པའི་རྟེན་རང་གི་ཁྱིམ་དུ་མཆེ་བ་བྲིས་ནས་མཆོད་པ་དེ་རྡོ་རྗེ་ཕག་མོ་སྟེ། ཙུམྦི་ཀས་བསྡུས་པའི་ལས་ཀྱི་རིགས་ཀྱི་ལཱ་མཱའི་མཚན་ཉིད་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ཙུམྦི་ཀས་བསྡུས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ། བཅུ་དགུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཅུ་དགུའི་རྣམ་པར་བཤད་པའོ།།  །།དེ་ལྟར་རིགས་ཀྱི་མཚན་མ་དང༌། ཁ་དོག་གི་མཚན་མ་ལ་སོགས་པ་སོ་སོར་རིགས་ཀྱི་སྒོ་ནས་ཁྱད་པར་དུ་བདག་ལ་བྱིན་གྱིས་རློབ་བྱེད་དུ་ངོ་ཤེས་པར་བྱས་ཀྱང༌། བརྡ་དང་བརྡའི་ལན་གྱིས་རྣལ་འབྱོར་མ་རྣམས་མཉེས་པར་མ་བྱས་ན་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པར་མི་འགྱུར་བས། དེ་དག་གིས་རྗེས་སུ་འཛིན་པར་བྱ་བའི་ཕྱིར་བརྡ་དང་བརྡའི་ལན་བྱས་པས་དཔའ་བོ་དང་སྲིང་མོར་ངོ་ཤེས་ཏེ། དེ་དག་མཉེས་པས་སེམས་གདུང་བའི་དབང་དུ་གྱུར་ནས་བྱིན་གྱིས་རློབ་པ་དང༌། རང་གིས་གང་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་བས། ལེའུ་ཉི་ཤུ་པས་ལག་པའི་བརྡ་གཙོ་བོར་བྱས་ཏེ་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོ་བཤད་པར་དམ་བཅའ་བའི་སྒོ་ནས་བརྡའི་དགོས་པ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་བཅུ་དགུ་པས་རིགས་ཀྱི་མཚན་མ་དང་ཁ་དོག་གི་མཚན་མ་ལ་སོགས་པ་བཤད་པའི་རྗེས་ལའོ། །དེ་ལས་གཞན་ཡང་བཤད་པར་བྱའོ། །དེ་ཡང་གང་བཤད་ཅེ་ན། མཁའ་འགྲོ་མ་མཉེས་པར་བྱེད་པའི་ལག་པའི་བརྡ་རྣམས་བཤད་པར་བྱ་སྟེ། དེའི་དགོས་པ་གང་ཞེ་ན། ལག་པའི་བརྡ་བྱས་པ་གང་གིས་དཔའ་བོས་ཤེས་ན་སྤུན་དང༌། དཔའ་མོས་ཤེས་ན་སྲིང་མོར་ཡང་དག་པར་ཤེས་པས་མཁའ་འགྲོ་མ་རང་གི་གཟུགས་སྟོན་དུ་འོང་ལ། དེས་རྣལ་འབྱོར་པ་ལ་བྱིན་གྱིས་རློབ་པར་འགྱུར་བའོ། །གཉིས་པ་བརྡ་དངོས་སྟོན་པ་ནི་གང་ཞིག་ཅེས་པ་ལ་སོགས་པས་སྟོན་ཏེ། མཁའ་འགྲོ་མ་གང་ཞིག་ལག་པ་གཡོན་པ་སྟོན་པ་ནི་གསོང་པོར་སྨྲ་བ་ཡིན་པར་གོ་བར་བྱེད་དོ། །དེ་བཞིན་དུ་གང་ཞིག་ཅེས་པ་ཐམས་ཅད་མཁའ་འགྲོ་མ་ལ་སྦྱར་ཏེ་སྲིན་ལག་སྟོན་པ་ནི་གསོང་པོར་སྨྲ་བའི་ལན་ཏེ་དེ་ལྟར་ཡིན་ནོ། །ཞེས་སྟོན་པའོ། །ལྟོ་བ་ལ་ལག་པ་རེག་སྟེ་བརྡེབས་པ་ནི། བདག་བཀྲེས་པས་ཟས་སྦྱིན་དགོས་སོ་ཞེས་སྟོན་པ་ཡིན་ཏེ། བརྡ་དེ་ལྟར་སྟོན་ཀྱང་དོན་ལ་བཀྲེས་པ་ནི་མེད་དོ། །དཔྲལ་བ་སྟོན་པ་ནི་སྤྲུལ་སྐུ་ནམ་མཁའ་ལ་འོངས་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་བརྡའོ། །ཁར་སོར་མོ་བཅུག་པ་ནི་ངས་ཚོགས་ཟོས་ཟིན་ཞེས་པའི་བརྡའོ། །ལྕེ་རིལ་རིལ་བསྐྱོད་པ་ནི་ངས་ཚོགས་ཟའོ་ཞེས་པའོ། །པུས་མོ་ལ་ལག་པས་རེག་པ་ནི་སེམས་ཅན་གྱི་དོན་ལ་ངལ་ལོ་ཞེས་སྟོན་པའོ། །ལག་པ་གཅིག་གི་མཛུབ་མོའི་སོར་མོས་མཛུབ་མོ་གཅིག་གི་རྩེ་མོ་ལ་རེག་པ་ནི་སེམས་ཅན་གྱི་དོན་བྱས་པ་ལས་ངལ་སོས་སོ་ཞེས་སྨྲ་བའོ། །སོ་འཆའ་བ་ནི་ངས་ཤ་ཟའོ་ཞེས་པའི་བརྡའོ། །པ་ཏི་ས་སྟེ་མགོ་ལ་ཐོད་འཆིང་བའི་ཚུལ་དུ་སྟོན་པ་ནི་གང་བྱེད་པ་དེ་ལ་མ་ཤོལ་བར་དེ་ལྟར་གྱིས་ཞེས་སྟོན་པ་སྟེ་ཚིག་དེ་གཉིས་ནི་དཔེ་ལ་ལ་ན་མེད་པའང་ཡོད་དོ། །ཁྲོ་གཉེར་གྱི་བཞིན་སྟོན་པ་ནི་ཡན་ལག་བཅིངས་སོ་ཞེས་སྟོན་པའོ། །ལག་པ་གཉིས་ནམ་མཁའ་ལྡིང་གི་གཤོག་པ་ལྟར་དེང་ངེ་བྱས་ནས་སྟོན་པ་ནི་འཁོར་བའི་འཆིང་བ་ལས་གྲོལ་ལོ་ཞེས་སྟོན་པ་ཡིན། དེ་ཡན་ཆད་ནི་བརྡའི་དགོས་པ་ཡིན་གསུང་ངོ༌། །གང་ཞིག་ཁུ་ཚུར་སྟོན་པ་ནི་ཞེས་པ་མན་ཆད་ལ་ཕལ་ཆེར་འདིའི་དོན་འདི་ཡིན་བྱ་བའི་བརྡའི་དོན་མེད་དེ། བརྡ་དང་བརྡའི་ལན་བྱེད་པ་རང་ཡིན་ལ། དེ་ཡང་མཁའ་འགྲོ་མ་གང་ཞིག་ལག་པའི་ཁུ་ཚུར་བཅངས་ནས་སྟོན་པ་དེ་ལ། བར་ལ་ལན་དུ་པ་ཏི་ས་སྟེ་ཐོད་པ་ལ་རེག་སྟེ་བསྟན་པར་བྱའོ། །སྐྲ་སྟོན་པ་ལ་ཁ་ཊྭཱཾ་ག་ཕྱར་བའམ་འཛིན་པའི་ཚུལ་བསྟན་ཏོ། །ཡན་ལག་གང་བསྐྱོད་པ་དེ་ལ་མཆེ་བ་གཉིས་བསྟན་ཏོ། །གང་ཞིག་ལག་པས་ལག་པ་ལ་བརྡེབས་ཞེས་པ་ལ་སོགས་པ་ལ་ཡང་དོན་ཡོད་པ་ཡིན་ཏེ། ལག་པ་གཅིག་གིས་ལག་པ་གཅིག་ལ་བརྡེབས་ན་གཏོར་མ་ཟ་ཞེས་པའི་དོན་ཏོ། །ལག་པ་གཡས་པ་སྟོན་ན་དེ་ལྟར་གྱིས་ཞེས་པའོ། །ལག་པས་རྣ་བ་ལ་རེག་ན་ཁྱོད་དང་ང་གཉིས་གནས་གང་ཡང་རུང་བ་དེར་ལྷན་ཅིག་གནས་པར་བྱའོ་ཞེས་པའོ། །ལག་པའི་སེན་མོས་ལག་པའི་སེན་མོ་ལ་རེག་ན་ཤི་བར་ངེས་ཞེས་པའི་བརྡའོ། །མཐེ་བོ་གཡོན་པས་ས་ལ་རི་མོ་ཟླུམ་པོར་བྲི་ན་ཁྱོད་དང་ང་གཉིས་དཀྱིལ་འཁོར་འདི་རུ་འཚོགས་ཞེས་པའི་བརྡའོ། །ཀོས་ཀོ་ལ་ལག་པས་རེག་ན་བདག་བུ་ཆེ་བས་བསྲུངས་སོ་ཞེས་པའོ། །མཐེ་བོང་གཡོན་པས་ས་ལ་རི་མོ་བྲི་ན། བླ་མའི་སྐྱེ་བོས་བསྲུངས་ནི་ང་ལ་ཁྱོ་ཡོད་ཞེས་པའི་བརྡའོ། །མིག་ཕྱེ་ནས་སྟོན་པ་ནི། དེ་ལྟར་བྱ་ཞེས་སྟོན་པའོ། །ཡན་ལག་གི་ཚིགས་ལ་རེག་པ་ནི་ཁྱོད་དང་ང་གཉིས་བདེ་བར་ཉལ་ལོ་ཞེས་སྨྲ་བ་སྟེ། དོན་ལ་སྙོམས་འཇུག་བྱས་ལ་དངོས་གྲུབ་སྦྱིན་ནོ་ཞེས་པའི་དོན་ཏོ། །ཕོ་ཉ་མོ་ནི་གང་ཡང་རུང་བ་དེ་དག་ཀུན་གྱི་བརྡ་དང་བརྡའི་ལན་ཡང་དག་པར་སྤྱད་པར་བྱའོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི། རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་ཕྱག་རྒྱའི་བརྡ་དང་བརྡའི་ལན་གྱི་ཆོ་གའི་ལེའུ་སྟེ། ཉི་ཤུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་གཅིག་པས་ནི། དེ་ལྟར་བསྟན་པའི་ལག་པའི་བརྡ་དེ་ཡང་གཞན་ལ་སྟོན་པ་གཙོ་བོར་བྱས་ནས་བསྟན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་གཉིས་སྨོས་ཏེ། དེ་ནས་ནི་ལེའུ་ཉི་ཤུ་པས་ལག་པའི་བརྡ་བསྟན་པའི་རྗེས་ལའོ། །དེ་ལྟ་བུའི་ཡན་ལག་གི་ཕྱག་རྒྱའི་བརྡ་དེ་དག་གཞན་ལ་བསྟན་པའི་མཚན་ཉིད་དེ་སྟོན་པ་རྡོ་རྗེ་འཆང་ངས་བཤད་པར་བྱའོ། །གཉིས་པ་བཤད་པ་དངོས་ནི་བུད་མེད་གང་ཞིག་རང་གི་སྤྱི་གཙུག་ཏུ་ལག་པས་རེག་ནས་སྟོན་པས་དེ་ལ་ལན་དུ་མགོ་བོ་བསྟན་པར་བྱའོ། །གང་ཞིག་དཔྲལ་བ་སྟོན་པ་ནི་ཞེས་པ་མན་ཆད་ནི་གཞུང་ཉིད་ན་གསལ་བས་བཤད་དུ་མེད་དེ་གཞུང་ཉིད་དུ་བལྟའོ། །གསང་བའི་གནས་སྟོན་པ་དེ་ལ་སྒྲུབ་པ་པོའི་ལིངྒ་བསྟན་པར་བྱའོ། །ནམ་མཁའ་སྟོན་པ་དེ་ལ་ཉི་མ་བསྟན་པར་བྱ་བ་ནི། ཉི་མའི་དབྱིབས་ནམ་མཁའ་ལ་མཛུབ་མོས་ཟླུམ་པོར་དྲིས་ལ་བསྟན་པར་བྱའོ། །བུད་མེད་གང་ཞིག་ལག་པ་གཉིས་ཀྱིས་གཡོན་ནས་གཡས་སུ་ཆུ་བོ་ལྟར་ན་ར་ར་སྟོན་པར་བྱེད་པ་དེ་རང་གི་ལག་པ་གཉིས་ཀྱིས་མདུན་དུ་རླབས་སྐྱོད་པ་ལྟར་བྱེད་པའི་རྒྱ་མཚོར་ལྟར་བསྟན་པར་བྱའོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ལག་པའི་ཕྱག་རྒྱའི་མཚན་ཉིད་གཞན་ལ་སྟོན་པ་གཙོ་བོར་བྱས་པའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་གཉིས་པས་ནི་ལག་པའི་བརྡ་འབའ་ཞིག་ཏུ་མ་ཟད་དེ། ལྕེ་དང་སྤྱི་བོ་སྟོན་པ་ལ་སོགས་པ་ཡན་ལག་དུ་མའི་བརྡ་གཙོ་བོར་བྱས་པ་བསྟན་ཏེ། དེ་ལྟར་ལེའུ་གསུམ་གྱིས་ལག་པའི་བརྡ་ལ་སོགས་པ་བསྟན་པས་བརྡ་དང་བརྡའི་ལན་གྱི་སྒོ་ནས་མཁའ་འགྲོ་མ་རྣམས་མཉེས་པར་བྱས་པས་མཉེས་པའི་མཁའ་འགྲོ་མ་དེ་རྣམས་ཀྱིས་ང་ནི་ཞིང་སྐྱེས་མའོ་ཞེས་བྱ་བ་ལ་སོགས་པའི་རང་གི་རང་བཞིན་རང་གཟུགས་སྟོན་པར་འགྱུར་བ་ཡིན་ཏེ། དེ་ཡང་བརྡ་བྱེད་པ་ལ་བྱིན་གྱིས་རློབ་པ་ནི་མཁའ་འགྲོ་མའི་དམ་ཚིག་ཡིན་པའི་ཕྱིར་རོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོར་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་ལག་པའི་བརྡ་དེ་ཡང་གཞན་ལ་སྟོན་པ་གཙོ་བོར་བྱས་པ་བཤད་པའི་རྗེས་ལའོ། །གཞན་ཡང་རབ་ཏུ་བཤད་པ་ནི། གང་བཤད་ཅེ་ན། ཡན་ལག་སྟེ་ཡན་ལག་སོ་སོའི་བརྡ་དུ་མ་བསྟན་པ་གསང་བ་ཆེན་པོའི་མཚན་ཉིད་ཇི་ལྟ་བ་བཞིན་གྱི་ཕྱག་རྒྱ་མཆོག་བཤད་པར་བྱའོ། །དེའི་དགོས་པ་ནི་གང་ཞིག་གིས་བརྡ་ཤེས་པས་སྤུན་ནམ་སྲིང་མོར་ཐེ་ཚོམ་མེད་པར་ཤེས་པར་འགྱུར་རོ། །གཉིས་པ་ཡན་ལག་དུ་མའི་བརྡ་དངོས་ནི། སོར་མོ་གཅིག་གི་སྟོན་པ་ཡིས། །ཞེས་པ་ལ་སོགས་པ་སྟེ་སྒྲ་ཇི་བཞིན་པའོ། །དེ་དག་གི་ཚིག་དོན་ནི་ཕལ་ཆེར་རྒྱུད་ཉིད་ན་གསལ་ལ། ལེགས་འོངས་ལན་ནི་སྨྲ་བ་ནི། ངས་སེམས་ཅན་ལ་ཕན་འདོགས་པ་ལ་ལེགས་པར་འདོད་པ་ཡིན་ནོ་ཞེས་སྨྲ་བའོ། །ཡན་ལག་དུ་མའི་བརྡ་སྟོན་པའི་སྐབས་འདིར་ནི་རྣལ་འབྱོར་མ་སྟེ་མཁའ་འགྲོ་མ་ཀུན་གྱི་ཡན་ལག་དུ་མའི་ཕྱག་རྒྱའི་བརྡ་སོ་སོར་རབ་ཏུ་བཤད་དོ། །དེ་ཡང་མཐེ་བོང་གཉིས་དང་མཛུབ་མོ་གཉིས་བཀུག་སྟེ་མིག་ལྟར་བྱས་པའི་ཕྱག་རྒྱ་སྔགས་པས་ཏེ། སྒྲུབ་པ་པོས་རྣལ་འབྱོར་མ་ལ་བསྟན་པ་དེའི་མོད་ལ་ཇི་སྲིད་འཚོའི་བར་ཁྱོད་ཀྱི་དབང་དུ་བདག་འགྱུར་རོ། །ཞེས་གསང་ཞིང་གདམས་པར་ཐེ་ཚོམ་མེད་དོ། །པ་ཏི་ས་སྟེ་ཐོད་པ་སྟོན་པ་དེ་ལ་ལག་པ་གཉིས་མདུང་འཕེན་པ་ལྟར་བྱེད་པ་བསྟན་པར་བྱའོ། །སྤྱི་བོ་སྟོན་པ་ལ་སྐྲ་མཚམས་ཀྱི་མཐའ་བསྟན་པར་བྱའོ། །ཁྲོ་གཉེར་སྟོན་པ་ལ་ཡང་སྐྲ་མཚམས་བསྟན་གསུང་ངོ༌། །དེ་དག་གི་གཞུང་བསྡུ་བ་ནི། འདི་ནི་ལ་སོགས་པ་སྟེ་ཡན་ལག་གི་ཕྱག་རྒྱ་ལྔར་བསྟན་པ་འདི་དག་ནི་དཔའ་བོ་དང་རྣལ་འབྱོར་མའི་མིང་པོ་དང་སྲིང་མོར་གོ་བར་བྱེད་པའི་རྟགས་སུ་བསྟན་པ། ཉན་ཐོས་ལ་སོགས་པ་ལ་གསང་བ་ཡིན་ལ། ཡང་དག་ལྟ་བ་ནི་ཡན་ལག་གི་བརྡ་བྱས་པས་དཔའ་བོ་དང་རྣལ་འབྱོར་མར་ངོ་ཤེས་པར་འགྲོ་བ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ཡན་ལག་དུ་མའི་བརྡའི་ཁྱད་པར་གྱི་མཚན་ཉིད་ཆོ་ག་སྟོན་པའི་ལེའུ་སྟེ། ཉི་ཤུ་རྩ་གཉིས་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་བརྡ་བྱས་པས་བྱིན་གྱིས་རློབ་བྱེད་ཀྱི་རྣལ་འབྱོར་མར་ངོ་ཤེས་ཤིང་སྒྲུབ་པ་པོ་ལ་མཉེས་ཀྱང་རྣལ་འབྱོར་མ་དང་ཆགས་པར་བྱས་ནས་མ་མཆོད་ན། སྒྲུབ་པ་པོ་ལ་བྱིན་གྱིས་མི་རློབ་ཅིང་དངོས་གྲུབ་མི་འབྱུང་བས་ངོ་ཤེས་པའི་རྣལ་འབྱོར་མ་རྣམས་དང་སྒྲུབ་པ་པོ་གཅིག་ལ་གཅིག་ཆགས་པའི་རྒྱུ་སོ་དང་སེན་མོས་འདེབས་པ་ལ་སོགས་པ་བྱ་བས་ཆགས་པའི་རྟགས་དངོས་རྣལ་འབྱོར་མ་དེ་སྔར་བས་བཞིན་འགྱུར་བ་ལ་སོགས་པ་ནི་ལེའུ་ཉི་ཤུ་རྩ་གསུམ་པས་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་ཡང་གཉིས་ལས། དང་པོ་ལ་བཤད་པར་དམ་བཅའ་བའི་སྒོ་ནས་ཆགས་པར་བྱ་བའི་དགོས་པ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ནི་བརྡ་བྱས་པས་རྣལ་འབྱོར་མ་རྣམས་ངོ་ཤེས་པར་བྱས་པའི་རྗེས་ལའོ། །དེ་ལས་གཞན་ཡང་ཆགས་པར་བྱ་བ་དང་ཆགས་པའི་རྟགས་ལ་སོགས་པ་བཤད་པར་བྱའོ། །དེ་ཉིད་གང་ཞེ་ན། མཁའ་འགྲོ་མ་ནི་བརྡའི་སྒོ་ནས་ངོ་ཤེས་པར་བྱས་པ་རྣམས་སོ། །དེའི་རྣམ་རོལ་ནི་གཅིག་ལ་གཅིག་ཆགས་པའི་སྒོ་ནས་འདོད་པ་ལ་རོལ་བར་བྱས་ནས་འཁོར་ལོ་བདེ་མཆོག་ཏུ་དབང་རྫོགས་པར་ཐོབ་པའི་སྒྲུབ་པ་པོ་གང་གིས་ཡུལ་ཐག་རིང་པོ་ནས་མཁའ་འགྲོ་མས་བརྡ་བྱེད་པ་མཐོང་ན། དཔའ་བོས་དཔའ་མོ་དེ་བདག་ལ་ཆགས་ཤིང་བྱིན་གྱིས་རློབ་པའི་སྲིང་མོར་ཤེས་པར་འགྱུར་བའོ། །བཤད་པ་དངོས་ལ་གཉིས་ལས། དང་པོ་ཕན་ཚུན་ཆགས་པར་བྱ་བ་དང་ཆགས་པའི་རྟགས་བསྟན་པ་ནི་དམ་ཚིག་ཅན་ཞེས་པ་ནས་རྟག་ཏུ་འགྱུར་ཞེས་པའི་བར་གྱིས་སྟོན་ཏེ། དམ་ཚིག་ཅན་ནི་རིགས་ལྡན་མ་དེ་ཡང་མ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལྔ་ཀ་དང་ལྡན་པའམ། ཡང་ན་ཡོན་ཏན་ལྔ་པོ་གང་ཡང་རུང་བ་གཅིག་དང་ལྡན་པ་ལ། སྒྲུབ་པ་པོས་རྗེས་སུ་ཆགས་པར་བྱས་པ་སྟེ། དཔའ་བོ་སྟེ་སྒྲུབ་པ་པོའི་ལོངས་སྤྱོད་ནི་སྒྲུབ་པ་པོའི་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་སྐྱེད་པར་བྱེད་པའི་རྒྱུར་ལོངས་སྤྱོད་ཅིང༌། བསྟེན་པ་ནི་དཔེར་ན་ས་གཞི་བཞིན་ཏེ། དེ་བསྟེན་པ་ལས་སྒྲུབ་པ་པོའི་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་མང་པོ་སྐྱེད་པར་བྱེད་པས་སོ། །དེ་ཉིད་བཤད་པ་ནི་གཞིར་ཏེ་རྣལ་འབྱོར་མའི་ཆོས་འབྱུང་ངོ༌། །དེ་ཉིད་སྒྲུབ་པ་པོའི་རྒྱུད་ལ་ཡོན་ཏན་བསྐྱེད་པའི་གཞི་ཡིན་པས་ན་ས་གཞིར་བྱས་ནས་ནི་ཞེས་བྱའོ། །དེ་ལྟ་བུ་དེ་ལ་རྣལ་འབྱོར་པས་སྙོམས་པར་འཇུག་པའི་སྒོ་ནས་སྡོམ་པ་སྟེ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་རོ། །མཆོད་ཅེས་པ་ནི་ཆགས་པ་སྐྱེ་བའི་རྒྱུ། སོ་དང་སེན་མོ་གདབ་པ་དང་འཁྱུད་པ་དང་འོ་བྱ་བ་ལ་སོགས་སྔོན་དུ་འགྲོ་བས་མཆོད་དོ། །དེ་ནི་ཆགས་པ་སྐྱེ་བའི་རྒྱུའི་སྒོ་ནས་རྣལ་འབྱོར་མ་དེ་སྒྲུབ་པ་པོ་མ་ཆགས་པར་བྱ་བ་བསྟན་པ་ཡིན་ལ། རྣལ་འབྱོར་མ་དེ་སྒྲུབ་པ་པོ་ལ་ཚུར་ལ་ཆགས་པའི་རྟགས་དངོས་བསྟན་པ་ནི་གོ་བཟློག་པ་སྟེ། རྣལ་འབྱོར་མ་དེ་སྒྲུབ་པ་པོ་ལ་ཟུར་མིག་གིས་ལྟ་བ་དང༌། བཞིན་རྣམ་པར་འགྱུར་བ་ནི་སྔར་དཀར་བ་ལས་ཕྱིས་དམར་བ་དང་སེར་བར་འགྲོ་བ་དང་རྟག་ཏུ་བདེ་བ་སྟེ། བདེ་བ་སྐྱེ་བའི་རྒྱུ་ཆགས་པ་སྐྱེ་བས་སྨིན་མ་གཡོ་ཞིང་ཅུང་ཟད་ངོ་ཚ་བའི་ཕྱིར་དང༌། སེན་མོས་འདེབས་པ་ལ་སོགས་པ་ཕུལ་དུ་བྱུང་བའི་བདེ་བ་སྒྲུབ་པའི་སྤྱོད་ལམ་སྣ་ཚོགས་བྱེད་པ་དེ་མྱུར་དུ་ཆགས་པ་སྐྱེས་པར་བྱ་བ་ཡིན་ལ། དེ་བཞིན་དུ་མཁའ་འགྲོ་མ་ལས་ཆགས་པའི་རྟགས་བྱུང་བའི་ཚེ། རྣམ་འགྱུར་སྐོར་བ་ནི་ཁབ་ལྟ་བུ་དང༌། དཔྱང་ཐག་ལྟ་བུ་ལ་སོགས་པ་བདེ་བ་སྐྱེད་པའི་སྦྱོར་བ་བཞི་བྱ་བར་ཤེས་པར་བྱས་ཏེ། མཁའ་འགྲོ་མ་དེའི་ལྟེ་བའི་སྟེང་ན་རི་མོ་གསུམ་པོ་ཟླ་གམ་ལྟ་བུ་ཡོད་པ་ཡིན་ལ། དེ་ཉིད་ལ་ཡོངས་སུ་ཟླུམ་ཞེས་བྱའོ། །དེ་ནི་མཁའ་འགྲོ་མར་ངེས་པར་ཤེས་པར་འགྲོ་བའི་དེའི་མཚན་མ་དེ་ལ་བརྟེན་ནས་བདེ་བའི་ཡེ་ཤེས་སྐྱེ་བར་ཤེས་པར་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་སྡོམ་པའི་འཁྲུལ་འཁོར་གྱིས་ཡང་དག་པའི་ཕུལ་དུ་བྱུང་བའི་བདེ་བ་ཆེན་པོ་ལྟེ་བའི་དཀྱིལ་འཁོར་དུ་སྟོང་པའི་དབུས་སུ་འབར་བས་སྒྲུབ་པ་པོ་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་ལྷན་ཅིག་ཏུ་འདྲེ་བ་ཡིན་ཏེ། དེ་ཡང༌། ས་དང་ཆུ་དང་རླུང་ཉིད་དང༌། །མེ་དང་ནམ་མཁའ་དེ་བཞིན་ཏེ། །བདག་དང་གཞན་དུ་རྟོག་པ་ནི། །སྐད་ཅིག་དེ་ལ་ཀུན་མི་དམིགས། །ཞེས་གསུངས་སོ། །ཡང་མཁའ་འགྲོ་མ་དེ་ཆགས་པ་སྐྱེས་པའི་རྟགས་བསྟན་པ་ནི། གློ་བུར་དུ་ལྡོག་པ་སྟེ་ཆགས་པ་སྐྱེས་པས་སྔར་ལས་གཟུགས་དང་བཞིན་ལྡོག་པར་འགྱུར་བ་དང༌། སྔར་བཤད་ཚིག་ཉམས་པ་ནི་སྔ་མ་ལས་ཕྱི་མར་འགྱུར་ཞིང་སྨྲ་བ་དང༌། དེའི་གདོང་འཇིགས་པ་ནི་གདོང་དམར་བ་དང༌། རྔུལ་འབྱུང་བ་དང༌། མཆུ་འགས་པ་ལ་སོགས་པར་འགྱུར་བའོ། །དེ་ལྟ་བུའི་ཕོ་ཉ་དེ་བསྟེན་པ་ལ་བརྟེན་ནས་རྡོ་རྗེ་ལྟ་བུར་གསལ་བ་ཡིན་ཞེས་པ་ནི། རྣལ་འབྱོར་མ་རྣམས་དང་སྒྲུབ་པ་པོ་སྙོམས་པར་ཞུགས་པ་ལས་བདེ་བ་མི་རྟོག་པ་སྐྱེ་སྟེ། དེ་ཡང་དང་པོར་དཔེའི་ཡེ་ཤེས་རེག་བྱ་བདེ་བ་དང་བཅས་པ་སྐྱེ། དེ་ལས་མི་རྟོག་པའི་བདེ་བ་སྐྱེ། དེ་གོམས་པ་ལས་དོན་གྱི་ཡེ་ཤེས་ཆོས་ཀྱི་སྐུའི་རྟོགས་པ་སྐྱེ་ལ། དེ་ལས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་འབྱུང་བ་ཡིན་པས་བདེ་བའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་དེ་ཐ་མལ་གྱི་རྣམ་རྟོག་གིས་མི་ཕྱེད་པར་གསལ་བར་སྐྱེས་པས་ན་རྡོ་རྗེ་ལྟ་བུར་གསལ་བ་ཡིན་ཞེས་བྱའོ། །དེའི་ཚེ་རང་འབྱུང་གི་ཆགས་པའི་སྒྲ་ཧ་ཧ་ལ་སོགས་པ་སྨྲ་བ་དེ་སྒྲ་ནི་ཁུ་བྱུག་སྐད་ལྟ་བུ་ཞེས་བྱ་ལ། དེ་ལ་བརྟེན་ནས་དཔེའི་ཡེ་ཤེས་བདེ་ལ་མི་རྟོག་པ་ཉམས་སུ་མྱོང་བ་དེ་ནི་གསལ་བ་རུ་ནི་རྟག་ཏུ་འགྱུར་ཞེས་བྱའོ། །གཉིས་པ་ནི་དང་པོ་ཕོ་ཉ་ལ་བརྟེན་ནས་དཔེ་ལས་མཚོན་པ་དེ་ཕྱིས་ཕྲ་མོ་དང་ཐིག་ལེ་ལས་མཚོན་ནས་བདེ་བར་མྱོང་བ་བསྒོམ་པ་བསྟན་པ་ནི། འདིའི་མཚན་མ་སྟེ་སྒྲུབ་པ་པོ་དང་རྣལ་འབྱོར་མའི་མཚན་མ་ཉིད་དོ། ཁྱིམ་དུ་ནི་ཞེས་པ་དཔའ་བོ་ཡིན་ན་རྡོ་རྗེ་ནོར་བུའི་ནང་དུ། རྣལ་འབྱོར་མ་ཡིན་ན་པདྨའི་ནང༌། མེ་ལོང་བཅས་ནི་དཔའ་བོས་ཉི་མའི་དཀྱིལ་འཁོར་ཁ་སྦྱོར་བསྒོམས་ལ། དེའི་ནང་དུ་རྡོ་རྗེ་ལྟ་བུ་ནི་རྡོ་རྗེ་རིགས་ཀྱི་སྒྲུབ་པ་པོ་དང་རྣལ་འབྱོར་མ་གཉིས་ཀྱི་རྡོ་རྗེ་སྔོན་པོ་ཕྲ་མོ་ནས་སམ། ཡུངས་ཀར་རམ། སྲན་མ་ཙ་ན་ཀ་ཙམ་བསྒོམ། འོག་གི་སོགས་ཞེས་པའི་བསྡུ་བ་ནི། དེ་བཞིན་དུ་རིགས་སོ་སོའི་མཚན་མ་འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་བསྡུ་ལ། ལས་ཀྱི་རིགས་ཀྱི་མཚན་མ་རལ་གྲི་འདྲ་བ་སྟེ། རལ་གྲི་དང་སྣ་ཚོགས་རྡོ་རྗེ་ཡང་མེ་ལོང་བཅས་ནི་ཉི་མ་ཁ་སྦྱོར་གྱི་ནང་དུ་བསྒོམ་པ་དང༌། གཞན་ཡང་རྒྱལ་མཚན་དང༌། མདུང་ཐུང་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་རྟག་ཏུ་འབྱུང་ལས་ཤེས་ནི་ཉི་མའི་བར་དུ་བསྒོམ་པར་བྱའོ། །ཁ་སྦྱོར་སྦྱོར་བ་ལས་ཤེས་བྱ། །ཞེས་པ་འདི་བླ་མ་ལོ་ཙཱ་བ་ལ་དྲིས་པས་སྔར་བཤད་པའི་ཐོད་པ་དང༌། དགྲ་སྟྭ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་ཁ་སྦྱོར་གྱི་བར་དུ་བསྒོམ་པར་རིགས་པ་ཡིན་ན་ཡང་འདིར་དེ་བཞིན་གཤེགས་པ་ལྔའི་མཚན་མ་ལ་སེམས་བཟུང་སྟེ་ཕྲ་མོ་ལ་བསླབ་པ་དང་པོའི་གདམས་པ་ཡིན་གསུང་ངོ༌། །མཚན་མ་དང་ནི་གཟུགས་སུ་བྱ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་དང༌། དེ་ལྟ་བུའི་གཟུགས་སུ་བྱ་སྟེ། དེ་ཡང་རྡོ་རྗེ་དང༌། རྒྱལ་མཚན་དང༌། རལ་གྲི་དང༌། མདུང་ཐུང་ནི་ནས་ཀྱི་འབྲུ་ཚད་ཙམ་དུ་བསྒོམས་ལ། འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་རྣམས་ནི་ཡུངས་ཀར་རམ། སྲན་མ་ཙ་ན་ཀའི་ཚད་ཙམ་སྟེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་པོ་རིམ་པ་ཇི་ལྟ་བ་བཞིན་རང་རང་གི་མཚན་མ་ཁ་དོག་ལྔ་པོ་དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཚུད་པར་བྱས་ཏེ། དེ་ལ་སེམས་བརྟན་པར་བྱས་པས་དང་པོ་རེག་བྱ་བདེ་བ་སྐྱེ། དེ་ནས་མི་རྟོག་པ་བདེ་བ་སྐྱེ། དེ་ནས་དཔེའི་ཡེ་ཤེས་སྐྱེ། དེ་གོམས་པ་ལ་དོན་གྱི་ཡེ་ཤེས་མཐར་ཆོས་སྐུ་ཐོབ་པ་ཡིན་ནོ། །དེ་དག་གི་དོན་བསྡུ་བ་ནི་ཕྲ་མོ་བསྒོམ་པའི་མཚན་ཉིད་འདི་དག་དང་ལྡན་པ་དེ་ནི་མཁའ་འགྲོ་མ་རྣམས་ཀྱི་མཆོག་ནི་དང་པོ་དཔེའི་ཡེ་ཤེས་སྐྱེ། དེ་རིམ་གྱིས་གོམས་པ་ལས་མཐར་ཕྱག་རྒྱ་ཆེན་པོ་རྟོགས་པས་མཁའ་འགྲོ་མ་རྣམས་ཀྱི་ཡང་མཆོག་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་རིགས་ལྔའི་མཚན་མའི་ཕྱག་རྒྱ་ལ་བརྟེན་ནས་དཔེའི་ཡེ་ཤེས་མཚོན་པའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་གསུམ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་བཞི་པས་ནི་ལེའུ་བཅོ་ལྔ་པར་ཡི་གེ་རེ་རེའི་བརྡ་བསྟན་པའི་འཕྲོའི་ཡི་གེ་འདུས་པའི་བརྡ་བསྟན་པ་ཡིན་ཏེ། དེ་ཡང་ལེའུ་ཐ་དད་དུ་དཀྲུགས་ནས་བསྟན་པ་ནི། རྟོག་གེ་བ་ལ་སོགས་པའི་སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པ་དགག་པར་མཛད་པ་ལ་དགོངས་པ་ཡིན་ནོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་དང་པོ་བཤད་པར་དམ་བཅའ་བའི་སྒོ་ནས། བརྡའི་དགོས་པ་བསྟན་པ་ནི་དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་ལེའུ་ཉི་ཤུ་རྩ་གསུམ་པ་བཤད་པའི་རྗེས་ལའོ། །ཚིག་གཞན་གྱིས་སྒྲུབ་པ་ནི་སྔར་བཤད་པའི་ལེའུ་བཅོ་ལྔ་པའི་ཡི་གེ་རེ་རེའི་བརྡ་ལས་གཞན་དུ་གྱུར་པའི་སྒྲུབ་པ་སྟེ་ཡུལ་སྣ་ཚོགས་ཀྱི་ཁྱད་པར་གྱི་སྐད་ཀླ་ཀློའི་སྐད་དེ། རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའི་བརྡ་ནི་རབ་ཏུ་བཤད་པར་བྱའོ། །དེ་ཡང་དགོས་པ་གང་གི་ཕྱིར་ཞེ་ན། སྤུན་དང་སྲིང་མོར་ནི་ངེས་པར་དཔའ་བོ་དང་དཔའ་མོ་གང་གིས་ཤེས་པར་འགྱུར་བའོ། །གཉིས་པ་བཤད་པ་དངོས་ལ་གཉིས་ལས། དང་པོ་ཡི་གེ་སོ་སོའི་བརྡ་དངོས་བསྟན་པ་ནི། བོ་ཏྭཾ་གི་ལ་སོགས་པ་སྟེ། འདི་དག་རང་གིས་ཕར་སྨྲ་བའམ། ཕོ་ཉས་ཚུར་སྨྲ་བ་གཉིས་ཀ་ལ་ཤེས་པར་བྱ་བ་སྟེ། དེ་ཡང་ལག་པའི་གཤམ་ནས་བཟུང་སྟེ་བོ་ཏྭཾ་གི་ཞེས་སྨྲ་ན་གསོང་པོར་སྨྲ་བ་སྟེ་ཕྱག་འཚལ་བའི་དོན་ཏོ། །ལག་པའི་གཤམ་ནས་བཟུང་བ་སྟེ་སྤྲུགས་ནས་པྲ་ཏི་བོ་ཏྭཾ་གི་ཞེས་སྨྲ་བ་ནི་གསོང་པོར་སྨྲ་བའི་ཕྱག་གི་ལན་ནོ། །སྙིང་པོ་ནི་ཕོ་བོ། སྒྲ་ངན་ནི་འཆི་འཕོ་བའོ། །གྷཎྜ་ནཾ་དྲིལ་བུའོ། །བརྫུན་ནི་གྲལ་ལོ། །ན་ར་ནི་དཔའ་བོ་དང་དཔའ་མོ་མཉམ་པར་འདུས་པའོ། །ཕྱག་རྒྱས་བཏབ་པ་ནི་ང་ལ་བདག་པོ་ཁྱོ་ཡོད་ཅེས་པའི་དོན་ནོ། །རྣམ་གྲངས་ནི་རྒྱལ་མཚན་གྱི་རྣམ་གྲངས་སོ། །ཧོ་ནི་བཟའ་བའི་རྣམ་གྲངས་སོ། །མེ་ཐུ་ནི་སྙོམས་འཇུག འོག་ན་མེད་པ་ནི་སྒྲུབ་པ་པོ་ཁྱོད་སྒྲུབ་པ་པོ་གཞན་གྱི་འོག་ན་མེད། ཅེས་པའི་དོན་ཏོ། །གཉིས་པ་སྔ་མ་རྣམས་ཀྱི་གཞུང་བསྡུ་བ་ནི། ཕྱག་རྒྱ་ནི་སྔ་མ་སྔ་མ་ཡིན་ལ། ཕྱག་རྒྱའི་ལན་ནི་ཕྱི་མ་ཕྱི་མ། གསང་བའི་བརྡ་ཅན་ནི་འབྲེལ་པ་མེད་པ། བསྒྲིགས་པས་སྒྲ་ཇི་བཞིན་མ་ཡིན་པ་ཡིན་ལ། དཔའ་བོའི་བཙུན་མོ་ནི་རང་གི་རིགས་ཀྱི་མཚན་མས་རྒྱས་བཏབ་པའི་ཕོ་ཉ་མོའོ། སྡེ་ཚན་བཞི་རྣམས་ནི་གཟུགས་དང་ཁ་དོག་སྟོན་པའི་སྡེ་ཚན་མཁའ་འགྲོ་མ་དང༌། ལཱ་མཱ་གཉིས་ཀྱི་མཚན་ཉིད་གཉིས་བསྟན་པ་དང༌། དེ་ནས་ལག་པའི་བརྡའི་སྡེ་ཚན་དང༌། ངག་གི་བརྡའི་སྡེ་ཚན་དང་བཞི་ཡིན་གསུང་ངོ༌། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་སྡེ་ཚན་བཞིའི་མཚན་ཉིད་ཅན་གྱི་ངག་གི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་བཞི་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་ལྔ་པས་ནི་འབྲས་བུའི་གསང་བ་ལ་འཇུག་པ་དང༌། དེའི་ཡན་ལག་ཏུ་ལེའུ་ལྔ་པས་རྩ་བའི་སྔགས་ཀྱི་ལུས་བཏུ་བ་བསྟན། ལེའུ་བདུན་པས་ཡན་ལག་བསྟན་པའི་འཕྲོས་འདིར་རྐང་པ་བརྒྱད་ཀྱི་ཧཱུྃ་ཕཊ་བརྒྱད་བཏུ་བ་དང༌། རྩ་བའི་སྔགས་རང་བསྟན་ཏེ་དེ་ལྟ་བུའི་རྩ་བའི་སྔགས་དེ་ཡང་ལེའུ་གསུམ་དུ་སོ་སོར་བསྟན་པ་ནི། སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར་རོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་དང་པོ་རྐང་པ་བརྒྱད་ཀྱི་ཧཱུྃ་ཕཊ་བརྒྱད་བཏུ་བ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་དེ་ལྟར་ལེའུ་བཅུས་རིགས་ལྡན་མ་མཆོད་པ་བསྟན་པའི་རྗེས་ལའོ། །ཀུན་དོན་འདོད་པ་ནི་དངོས་གྲུབ་གཉིས་ཡིན་ལ། དེ་སྒྲུབ་པར་བྱེད་པའི་སྔགས་རྩ་བའི་སྔགས་འདི་ཡིན་པས་དེའི་སྦ་བྱ་བརྒྱད་ནི་སྔར་མ་བཏུས་པའི་ཧཱུྃ་ཧཱུྃ་བརྒྱད་དང་ཕཊ་ཕཊ་བརྒྱད་དོ། །མཐར་སྦྱར་བྱས་ནི་མཆོད་པའི་སྔགས་བྱེད་པའི་དུས་སུ་རྐང་པ་བརྒྱད་པོའི་རེ་རེའི་མཐར་ཧཱུྃ་ཕཊ་སྦྱར་བར་བྱས་ཏེ་སྔགས་ཀྱི་མཆོད་པ་བྱེད་པ་ཡིན་ལ། བཟླས་པ་བྱེད་པའི་དུས་སུ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཧཱུྃ་ཕཊ་བརྒྱད་པོ་སྔར་སྔགས་བཏུ་བའི་སྐབས་སུ་མི་སྟོན་པར་འདིར་སྟོན་པ་རང་ཅིའི་ཕྱྀར་ཞེ་ན། དེ་ནི་མོས་པ་དམན་པའི་སེམས་ཅན་བླ་མའི་གདམས་ངག་དང་བྲལ་བ་དག་རྨོངས་ཤིང་མི་ཤེས་པ་རྣམས་རང་དགར་འཇུག་པ་དགག་པའི་དོན་དུ་ལེའུ་འདིར་བསྟན་པ་ཡིན་ནོ། །གཉིས་པ་རྩ་བའི་སྔགས་དངོས་བསྟན་པ་ནི། དེ་ལ་ཞེས་པ་ལ་སོགས་པ་སྟེ་སྔགས་རང་ནི་གཞུང་ཉིད་གསལ་བས་ན་བཤད་དུ་མེད་དོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི། རྩ་བའི་སྔགས་རྐང་པ་བརྒྱད་པ་ཐམས་ཅད་ཀྱི་ཧཱུྃ་ཕཊ་བརྒྱད་སྦས་པའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་ལྔ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་དྲུག་པས་ནི་དེ་ལྟར་གོང་དུ་བསྟན་པའི་ཚུལ་གྱིས་ལམ་དང་འབྲས་བུའི་གསང་བ་རྣམས་སྒྲུབ་པའི་དོན་དུ་རིགས་ལྡན་མ་རྣམས་མཆོད་དགོས་པས་རིགས་ལྡན་མ་རྣམས་ངོ་ཤེས་པར་བྱ་བ་དང༌། དེ་དག་གི་བྱེ་བྲག་བསྟན་ཅིང་རྣལ་འབྱོར་པས་མཆོད་ཅིང་བསྟེན་པར་བྱ་བའི་རྣལ་འབྱོར་མ་རྣམས་རྗེས་སུ་ཆགས་ཤིང་བརྩེ་བ་དང་ལྡན་པའི་མཚན་མ་རྣམས་བསྟན་ཀྱང༌། རྣལ་འབྱོར་མ་དེ་རྣམས་ཚུལ་ཇི་ལྟར་བསྟེན་པར་བྱ་བའི་ཚུལ་སྔར་མ་བསྟན་པས་ཚུལ་ཇི་ལྟར་བསྟེན་པར་བྱ་བའི་ཚུལ་དང༌། ལམ་གྱི་གསང་བ་སྒྲུབ་པའི་ཡན་ལག་གམ། གྲོགས་འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་བསྲུང་བའི་དམ་ཚིག་བརྒྱད་སྟོན་ཏེ། དེ་ཡང་ལེའུ་དང་པོར་དམ་ཚིག་ཉམས་པས་དཀྱིལ་འཁོར་དུ་ཞེས་པ་ལ་སོགས་པས་བསྲུང་བའི་དམ་ཚིག་གསུངས་པའི་རྒྱས་པར་བཤད་པ་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་ཡང་གཉིས་ལས། དང་པོ་བཤད་པར་དམ་བཅའ་བའི་སྒོ་ནས་རྒྱུད་འདིའི་སྔགས་ཀྱི་ཆེ་བ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་སྨོས་ཏེ། དེ་ནས་ལེའུ་ཉི་ཤུ་རྩ་ལྔ་པ་བཤད་པའི་རྗེས་ལའོ། །གཞན་ཡང་འཇིག་རྟེན་གསུམ་པོ་དག་ན་རྒྱུད་འདིའི་སྔགས་རྣམས་ཤིན་ཏུ་རྙེད་པར་དཀའ་བས་འཇིག་རྟེན་གསུམ་པོ་ན་ཡོད་པ་མ་ཡིན་པའི་ཕྱིར། དཔལ་ཧེ་རུ་ཀའི་སྔགས་ཁྱད་པར་དུ་རྩ་བའི་སྔགས་སམ། འདིའི་ལྷ་ཤེས་པ་ཡིན་ན་རྒྱུད་གཞན་ནས་བཤད་པའི་སྔགས་དང༌། ལྷ་ཐམས་ཅད་རིང་བའི་རྒྱུ་ཡིན་པས་གསང་སྔགས་གཞན་དང་ལྷ་ཐམས་ཅད་ཡོངས་སུ་འདོར་བར་བྱའོ། །གཉིས་པ་བཤད་པ་ལ་གསུམ་སྟེ། ཕོ་ཉ་མོ་བསྟེན་པའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་དམ་ཚིག་བསྟན་པ་དང༌། སྒྲུབ་པ་པོའི་དབྱེ་བ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་ཕོ་ཉ་གསུམ་པོ་རང་བསྟན་པ་ནི། རིམ་དང་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་དང་ཚིག་རྐང་གཅིག་སྨོས་ཏེ། དེ་ཡང་སྔགས་སྐྱེས་ཀྱི་དབང་དུ་བྱས་ནས། རིམ་དང་ནི་རབ་ཏུ་གཏུམ་མོ་ནས་བཟུང་སྟེ་ལྷ་རྣམས་ཡས་རིམ་མམ་ཕྱོགས་གཡོན་སྐོར་དུ་བསྟན་པ་དང༌། རིམ་ལས་བཟློག་པ་ནི་བརྩོན་འགྲུས་ཆེན་མོ་ནས་མས་ཀྱི་བཟློག་པའམ་མཚམས་རྣམས་གཡས་སྐོར་དུ་དགོད་པའོ། །ཡང་འདིས་སྔགས་དང་སྒོམ་པའི་གསང་བ་ལུགས་འབྱུང་དང་ལུགས་བཟློག་ཏུ་བསྟན་པ་ཡང་རྟོགས་པར་བྱའོ། །དེ་ལྟར་བསྟན་པའི་ལྷ་རྣམས་རང་གང་ཞེ་ན། ཕོ་ཉ་མོ་རྣམས་ནི་སྔགས་སྐྱེས་ཀྱི་དཀྱིལ་འཁོར་བའི་ལྷ་རྣམས་སྒོམ་པར་ཡང་དག་པར་གནས་པའོ། །དེ་ཙམ་ཁོ་ནའམ་ཞེ་ན་མ་ཡིན་ཏེ། འོག་ནི་ཕོ་ཉ་གཉིས་པ་འཛམ་བུ་གླིང་གི་ཞིང་སྐྱེས་ཡིན་ལ། སྟེང་དུ་ནི་ཕོ་ཉ་གསུམ་པ་འོག་མིན་གྱི་ལྷན་སྐྱེས་པ་སྟེ། དེ་ལྟ་བུའི་ཕོ་ཉ་གསུམ་པོ་དེས་སྒྲུབ་པ་པོ་རྣམས་ལ་རྟག་ཏུ་དངོས་གྲུབ་སྟེར་བར་བྱེད་དོ། །དེའི་རྒྱུ་དངོས་ནི་བདག་གི་ཕོ་ཉ་མ་སྟེ་དངོས་སུ་སྔགས་སྐྱེས་མ་ཡིན་ལ། དེས་སྒྲུབ་པ་པོ་ལ་དངོས་གྲུབ་ཀུན་བསྐྱེད་པའི་རྒྱུར་འགྲོའོ། །དེ་ཡང་ཇི་ལྟར་འགྲོ་ཞེ་ན། སྔགས་སྐྱེས་མ་བསྒོམས་པས་དེས་ཞིང་སྐྱེས་མ་བསྐུལ། དེས་ལྷན་སྐྱེས་མ་བསྐུལ་ནས་ཕོ་ཉ་གསུམ་པོ་དེ་ཀུན་གྱིས་སྒྲུབ་པ་པོ་ལ་འབྲས་བུ་དངོས་གྲུབ་གསུམ་མམ་བཞི་སྟེར་བར་བྱེད་དོ། །ཡང་ན་འོག་ནི་ས་འོག་གི་དངོས་གྲུབ་ལ་སོགས་པ་གང་ཅི་ཡོད་པའོ། །སྟེང་ནི་སྟེང་གི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེ་གང་གིས་སྟེར་ཞེ་ན། སྔར་ཕོ་ཉ་རྣམས་ནི་ཡང་དག་གནས། ཞེས་པ་ནི་ཕོ་ཉ་དང་འདྲ་བར་གྱུར་པས་ནི་ཕོ་ཉ་སྟེ་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་དུ་ངེས་ཤིང་ཐམས་ཅད་དུ་གཉིས་སུ་མེད་པའི་དགའ་བའི་རང་བཞིན་གྱིས་ལེགས་པར་གནས་པའོ། །དེ་ཉིད་གང་ཞེ་ན་བདག་གི་ཕོ་ཉ་མ་ནི་ལྷན་ཅིག་སྤྱོད་པའོ། །ཀུན་འགྲོ་སྟེ་སྐལ་བ་དང་ལྡན་པ་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པར་བྱ་བ་དང༌། རབ་ཏུ་འཁྱུད་པ་ལ་སོགས་པ་བྱས་པས་ཕོ་ཉ་མ་དེ་ཀུན་གྱིས་དངོས་གྲུབ་སྟེར་བའོ། །འོ་ན་སྔར་གྱི་སྔགས་སྐྱེས་མ་དེ་ཚུལ་ཇི་ལྟར་བསྟེན་པར་བྱ་ཞེ་ན། གཉིས་པ་སྔགས་སྐྱེས་ཀྱི་ཕོ་ཉ་བསྟན་པའི་ཚུལ་བསྟན་པ་ནི། མཐོང་དང་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་དང་པོ་གནས་དབེན་པར་ཟླ་བ་ཕྱེད་དུ་འཇམ་རླུང་སྦྱང་ཞིང་བསླབ་པར་བྱ་བ་ནི། མཐོང་བ་སྟེ་སྐར་ཁུངས་ལ་སོགས་པ་ནས་ཕྱག་རྒྱའི་གཟུགས་མཐོང་བ་ཙམ་གྱིས་བདེ་བ་སྐྱེ་བ་ལ་ཞག་གསུམ་དུ་བསླབ་ཅིང་རླུང་སྦྱང་ངོ༌། །དེ་ནས་རེག་པ་ནི་ཕོ་ཉའི་ལུས་ལ་རེག་ཅིང་ཞག་གསུམ་དུ་རླུང་སྦྱང་ངོ༌། །དེ་ནས་ཙུམྦ་ན་བྱ་བ་ནི་དེ་དང་འོ་བྱ་ཞིང་ཞག་གསུམ་དུ་རླུང་སྦྱང་ངོ༌། །དེ་ནས་རྟག་པར་འཁྱུད་པ་ནི་ལུས་ཐམས་ཅད་ལ་འཁྱུད་ཅིང་བདེ་བ་ལ་བསླབ་པ་ལ་ཞག་གསུམ་ཏུ་རླུང་སྦྱང་ངོ༌། །དེ་ནས་རྣལ་འབྱོར་གྱིས་གནས་ནི་རྡོ་རྗེ་དང་པདྨ་བསྲུབས་ཏེ་ཐིག་ལེ་ཕྱུང་ལ་ཡང་གྱེན་ལ་སོ་སོར་དྲངས་ཏེ་ལུས་ཐམས་ཅད་བདེ་བས་ཁྱབ་པར་མྱོང་བར་བྱ་ཞིང་ཞག་གསུམ་དུ་རླུང་ལ་བསླབ་པར་བྱ་སྟེ། དེས་བདེ་བས་བརྒྱལ་བ་འབྱུང༌། དེ་ནས་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས་པས་དེས་དོན་གྱི་ཡེ་ཤེས་བཞི་པ་རྟོགས་པར་འགྱུར་བ་ནི་ཁྱད་པར་ཉིད་ཅེས་པའོ། །དེ་སྐད་དུ་ཡང༌། གནས་ནི་ས་རུ་རབ་ཏུ་བརྗོད། །པདྨ་སྙིང་པོའང་གནས་སུ་གསུངས། །གཉིས་མེད་དགའ་བའི་རང་བཞིན་རྒྱལ། །བདེ་ཆེན་གང་དུ་གནས་པ་ན། །དེ་ཕྱིར་མཆོག་གི་པདྨར་གནས། །ཁུ་ཁྲག་འདྲེས་ཤིང་གང་བ་ནི། །ཁྱད་པར་དུ་ནི་འོ་བྱས་ནས། །ལྕེ་ཡིས་ཡང་ཡང་ཟིན་ནས་བླངས། །ཆང་འཐུང་རབ་ཏུ་དགའ་བ་ཡིས། །རྡོ་རྗེ་པདྨ་ཉམས་དགར་སྦྱར། །ཞེས་གསུངས་སོ། །གསུམ་པ་ཕོ་ཉ་བསྟེན་པའི་ཕན་ཡོན་དང༌། སྦྱིན་པའི་སྣོད་དང་སྣོད་མ་ཡིན་པ་བསྟན་པ་ནི། ཇི་སྲིད་ལ་སོགས་པ་སྟེ་ཇི་སྲིད་རྣལ་འབྱོར་མའི་ཚོགས་ནི་སྔར་བཤད་པ་དེ་ལྟ་བུའི་ཚུལ་གྱིས་དངོས་སུ་སྔགས་སྐྱེས་མ་བསྟེན་པས་གཅིག་གིས་གཅིག་བསྐུལ་ཏེ། སྔགས་སྐྱེས་དང་ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱི་དངོས་གྲུབ་ནི། ཐུན་མོང་དང༌། མཆོག་དང༌། ཕྱག་རྒྱ་ཆེན་པོ་མཆོག་ཐམས་ཅད་སྟེར་བར་བྱེད་པར་བཤད་དོ། །དེ་ལྟ་བུའི་ཕོ་ཉ་བསྟེན་པའི་ཐབས་དེ་ཐམས་ཅད་ལ་སྦྱིན་ནམ་ཞེ་ན་མ་ཡིན་ཏེ། བདེ་ཅན་ཀུན་ལ་ནི་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་དམ་ཚིག་ཅན་རྣམས་ལ་སྦྱིན་པར་བྱའི། གཞན་དུ་དམ་ཚིག་མེད་པ་རྣམས་ལ་དུས་ནམ་ཡང་སྦྱིན་པར་བྱ་བ་མ་ཡིན་ནོ། །བཞི་པ་ཕོ་ཉ་མོའི་མཚན་ཉིད་སྦྱང་བའི་ཆོ་ག་དང་བཅས་པ་བསྟན་པ་ནི། མ་དང་ཞེས་པ་ལ་སོགས་པ་སྟེ་ཕོ་ཉ་མོ་བསྟེན་པ་འདི་ནི་ལས་དང་པོ་པས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པའི་དུས་སུ་རང་གི་རིགས་གང་ཡིན་པའི་བཙུན་མོ་བྲམ་ཟེའི་རིགས་ལ་སོགས་པ་བཅུ་གཅིག་ལ། ཡོན་ཏན་འདི་རྣམས་ཚང་བ་ཅིག་བསྟེན་དགོས་ལ། སྒྲུབ་པ་པོ་སེམས་བརྟན་པ་ཐོབ་པས་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་དུས་སུ་ཕོ་ཉ་མོ་འདི་ལྔ་ཀ་དངོས་སུ་བསྟེན་པ་ཡིན་ནོ། །དེ་ཡང་མ་དང་ནི་རང་གི་རིགས་ཀྱི་ཕོ་ཉ་མོ་དེ་སྒྲུབ་པ་པོ་ལ་མ་དང་འདྲ་བར་ཕན་པར་བྱེད་པས་སོ། །སྲིང་མོ་ནི་སྲིང་མོ་དང་འདྲ་བར་བརྩེ་བས་སོ། །བུ་མོ་ནི་བུ་མོ་དང་འདྲ་བར་སྒྲུབ་པ་པོའི་ངག་ཉན་པས་སོ། །ཆུང་མ་ནི་ཆུང་མ་དང་འདྲ་བར་བདེ་བ་སྐྱེད་པར་བྱེད་པས་སོ། །ཕོ་ཉ་མ་ནི་རིགས་ལྡན་མ་དེས་རྣལ་འབྱོར་པའི་བྱ་བ་མྱུར་དུ་སྒྲུབ་པར་བྱེད་པས་ཕོ་ཉ་དང་འདྲ་བས་ལྔ་པོ་དེ་ཀུན་ལ་གནས་པའོ། །དེ་ལྟར་ཕོ་ཉའི་མཚན་ཉིད་བསྟན་ནས། དེ་སྦྱང་བ་བསྟན་པ་ནི་དེ་ལྟར་བསྟེན་པར་བྱ་རྒྱུའི་ཕོ་ཉ་གང་ཞིག་རྟག་ཏུ་སྔགས་སྦྱིན་པ་ནི་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་དམ་ཚིག་དང་བསྐྱེད་རྫོགས་ལ་གོམས་པར་བསླབ་པ་སྟེ། དེ་ལྟ་བུ་དེ་ནི་ཕོ་ཉ་མོ་དེ་བསྟེན་པའི་ཕོ་ཉ་མོའི་དེ་ཉིད་ཀྱི་ཆོ་གར་བཤད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་དམ་ཚིག་བསྟན་པ་ལ་གསུམ་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ནི་ཕོ་ཉ་མོ་བསྟེན་པའི་ཚུལ་བཤད་པའི་རྗེས་ལའོ། །རྣལ་འབྱོར་རྒྱུད་དེ་རྣལ་འབྱོར་མའི་རྒྱུད་དུ་ནི་རྙེད་པར་དཀའ་བའི་བསྲུང་བའི་དམ་ཚིག་ཐུན་མོང་མ་ཡིན་པ་བརྒྱད་པོ་སྟོན་པ་རྡོ་རྗེ་འཆང་ང་ཡིས་བསྟན་ཏེ་བཤད་དོ། །གཉིས་པ་བསྲུང་བའི་དམ་ཚིག་དངོས་བསྟན་པ་ལ་གཉིས་ལས། དང་པོ་གཡོན་གྱི་ཀུན་སྤྱོད་གཙོ་བོར་བྱས་ཏེ་སྤྱིར་བསྟན་པ་ནི། འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་སྐྱེས་པ་དང་བུད་མེད་རྣམས་ཀྱིས་དུས་སྐབས་གང་དུ་ཅི་བྱེད་ཀྱང་གཡོན་ནས་འགྲོ་ནི། བྱ་བ་ཐམས་ཅད་ལུས་ཀྱི་གཡོན་པས་བྱེད་པའམ་ཡང་ན་འགྲོ་བའི་ཚེ་སྐྱེས་པ་དང་བུད་མེད་ཐམས་ཅད་གཡོན་ཕྱོགས་སུ་བཞག་ནས་འགྲོ་བ་དེ། ཀུན་རྫོབ་ཏུ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་དེས་སྒྲུབ་པ་པོ་དེ་ལ་འདོད་པའི་དོན་དངོས་གྲུབ་གསུམ་པོ་སྟེར་བར་བྱེད་དོ། །གཞན་ཡང་གཡོན་གྱི་ཀུན་སྤྱོད་བྱེད་པའི་སྒྲུབ་པ་པོ་དེ་ལ་བཞུགས་པ་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་ཁྱིམ་དང༌། ཡོན་ཏན་སྐྱེད་པས་ཞིང་དུ་རྣམ་པར་གནས་པའི་མཁའ་འགྲོ་མ་རྣམས་ཀྱིས་ཤིན་ཏུ་ཐག་རིང་ཡང་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་མ་དང༌། རྣལ་འབྱོར་པར་ཤེས་པར་འགྱུར་རོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད་ནི། རྣལ་འབྱོར་མར་ཤེས་ན་ཧེ་རུ་ཀའི་སྦྱོར་བ་ལས་གཞན་མེད་དེ། ཧེ་རུ་ཀ་རང་ཡང་དེ་རང་ཡིན་ཞེས་པའམ་ཡང་ན་གང་ཞིག་སྔར་བསྟན་པ་དེ་ཐམས་ཅད་རང་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་སྦྱོར་བས་བྱའི། གཞན་གྱིས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །གཞན་ཡང་སློབ་དཔོན་ཡང༌། ཞིང་སྐྱེས་ལ་སོགས་པའི་རྣལ་འབྱོར་མ་དེ་ཉིད་རང་ཡིན་ལ། དེའི་ཕྱིར་ན་རྒྱུད་འདི་རུ་གཡོན་གྱིས་ཀུན་སྤྱོད་བྱེད་པ། དེས་སྤྱོད་ལམ་དེ་ལྟར་བྱ་ཞིང་རྣལ་འབྱོར་མ་བསྟེན་ན་ལེགས་པ་སྟེ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་པ་ཉིད་ཡིན་ཏེ། དེའི་ཕྱིར་ན་རྣལ་འབྱོར་མ་བུད་མེད་ཐམས་ཅད་ལ་བརྙས་པར་མི་བྱ་ཞིང༌། ལུས་ངག་སེམས་གསུམ་གྱིས་སྤང་བར་ཡང་མི་བྱའོ། །སླར་ཅི་ནུས་པས་མཆོད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཞན་ཡང་ཁྭ་གདོང་ལ་སོགས་པ་བརྒྱད་པོས་མཚོན་ནས། དུད་འགྲོ་མོ་ལ་སོགས་པ་འདི་ཐམས་ཅད་ལ་ཡང་བརྙས་པ་དང་བརྡེག་པ་ལ་སོགས་པ་མི་བྱ་ཞིང༌། དེ་དག་ལ་སླར་མོས་པ་དང་དད་པ་འཕེལ་བར་བྱ་སྟེ། དེ་ལྟ་བུ་དེ་ནི་རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ་ཡིན་པས་སྔར་བཤད་དང༌། ཕྱིར་འབྱུང་བའི་དམ་ཚིག་རྣམས་ཀྱང་མ་ཉམས་པར་བསྐྱང་བར་བྱའོ། །དེ་ལྟར་གཡོན་གྱི་ཀུན་ཏུ་སྤྱོད་པ་གཙོ་བོར་བྱས་ཏེ་བསྲུང་བའི་དམ་ཚིག་རྣམས་སྤྱིར་བསྟན་ནས། ད་ནི་གཉིས་པ་བསྲུང་བའི་དམ་ཚིག་ཐུན་མོང་མ་ཡིན་པ་བརྒྱད་སོ་སོར་བསྟན་པ་ནི། ལྷ་མོ་གཞན་དང་ཤེས་པ་ལ་སོགས་པས་སྟོན་ཏོ། །དེ་ལ་བརྒྱད་པོ་ཉིད་གང་ཞེ་ན། བརྒྱད་ཀྱི་དང་པོ་ནི་ལྷ་མོ་གཞན་ཏེ་རང་གི་རིགས་སྔར་བརྟགས་ཤིང་དབང་ལ་སོགས་པས་རྒྱུད་སྦྱངས་པ་དེ་བོར་ནས། གཞན་རིགས་བཟང་བ་ལ་སོགས་པར་བརྟགས་ཏེ། བྲམ་ཟེ་མོ་ལ་སོགས་པ་རང་གིས་མ་བརྟགས་ཤིང་མ་སྦྱངས་པ་དང༌། ཀུན་ཏུ་སྦྱོར་བ་བྱེད་ན་དམ་ཚིག་ཉམས་པ་ཡིན་ཏེ། དེ་སྐད་དུ་ཡང༌། སྙིང་རྗེ་ཆེན་པོས་དགའ་བ་ཡི། །རྣལ་འབྱོར་མཆོག་གི་ཐབས་སྤངས་ནས། །འདོད་ལྷའི་དངོས་གྲུབ་སྒྲུབ་དོན་དུ། །རྣལ་འབྱོར་གཞན་ལ་བརྟེན་བྱས་པས། །གང་ཞིག་དངོས་གྲུབ་འདོད་གྱུར་པ། །དམུས་ལོང་བཞིན་དུ་དེ་དག་རྨོངས། །རྒྱལ་སྲིད་ལས་ཉམས་སྐྱེས་བུ་བཞིན། །ངེས་པར་སྡུག་བསྔལ་གྱིས་གདུང་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི་ཕོ་ཉ་མོ་བསྟེན་པའི་དུས་ཐ་མལ་པའི་འདོད་པ་ལ་ཆགས་པའི་བསམ་པས་བསྟེན་པར་འགྱུར་ཞིང༌། དེ་ལ་འགྲོ་བར་བྱེད་ན་དམ་ཚིག་ཉམས་སོ། །གསུམ་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལས་མི་གཡོ་བ། བདག་དང་གཞན་གཉིས་སུ་མེད་པར་ཤེས་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་བསམ་པས་མ་བསྟེན་ན་དམ་ཚིག་ཉམས་སོ། །བཞི་པ་ནི་རིགས་ངན་པ་གཡུང་མོ་ལྟ་བུ་བོར་ནས། རིགས་བཟང་བ་ལ་བསམ་པས་དགའ་བར་མི་བྱེད་པའི་བཟང་ངན་ལ་གཉིས་སུ་མེད་པ་དང༌། བཟང་ངན་ལ་ཐོགས་པ་མེད་པའི་བསམ་པས་མ་བསྟེན་ན་དམ་ཚིག་ཉམས་སོ། །དེ་ལྟར་ན་དང་པོ་དང་ཁྱད་པར་མེད་དེ་ཟློས་སོ་སྙམ་ན་མ་ཡིན་ཏེ་དང་པོ་དེ་ནི་བླང་དོར་དངོས་སུ་བྱས་པའི་དབང་དུ་བྱས་པ་ཡིན་ལ། འདི་ནི་བླང་དོར་གྱི་བསམ་པ་གཏོང་བ་ལ་བཞག་པ་ཡིན་པས་ཟློས་སྐྱོན་མེད་གསུང་ངོ༌། །ལྔ་པ་ནི་དམ་ཚིག་སྟེ་དབང་བཞི་པ་ཡིན་ལ། སྤྱད་པའི་སྤྱོད་པ་སྟེ་དོན་གྱི་དབང་བཞི་པ་རྟོགས་པར་བྱ་བའི་བསམ་པ་དང་ལྡན་པས་སྤྱད་པར་བྱའི། དེ་དང་བྲལ་བས་བསྟེན་ན་དམ་ཚིག་ཉམས་པར་འགྱུར་བ་ཡིན་ཏེ། དེ་སྐད་དུ་ཡང༌། སྤྱོད་པ་སྣ་ཚོགས་གསུངས་པ་སྟེ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རིགས་རྣམས་ཐམས་ཅད་མཉམ་པར་སྤྱད། །དབང་པོ་གཉིས་ནི་རབ་སྦྱོར་བས། །ཉན་པ་ལ་སོགས་དབང་པོ་ཀུན། །བསྲེ་ཞིང་བདེ་བར་བསྡུ་བར་བྱ། །གཙོ་བོ་གང་དུ་སྤྱད་པ་ཡིས། །ཚངས་སྤྱོད་སྟོང་པ་ཉིད་དུ་འགྱུར། །བརྗེད་མེད་དྲན་པའི་སྦྱོར་བ་ཡིས། །ཐོག་མ་ཐ་མའང་བདེར་འགྲོ་བ། །རྫོགས་པའི་བྱང་ཆུབ་ལམ་དག་པའི། །དེ་ཉིད་བླ་ན་མེད་པ་ཡི། །དམ་ཚིག་སྤྱོད་པ་རབ་ཏུ་གསུངས། །ཞེས་སོ། །དྲུག་པ་ནི་བུད་མེད་དབང་ཕྱུག་སྟེ། སྐྱེས་པ་མང་པོའི་སྐྱོན་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། ཤིན་ཏུ་སྦྱོར་བ་ནི་དེ་དང་སྤྱོད་པ་ལ་སོགས་པའི་དུས་སུ་སྦྱོར་བ་ཡིན་གྱི། དེ་མ་ཡིན་པ་ལ་སྦྱོར་ན་དམ་ཚིག་ཉམས་ཞེས་པའི་དོན་ཏོ། །བདུན་པ་ནི་ཚངས་སྤྱོད་དེ། སྔར་བསྟན་པའི་མ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང༌། ཡོན་ཏན་གཞན་དང་ལྡན་པ་ལ་བྱང་ཆུབ་ཀྱི་སེམས་མི་འཆོར་བར་བཟུང་ནས་བསྟེན་པ་དེ་ལ་མི་ཚངས་པར་སྤྱོད་པ་མེད་པའི་ཕྱིར་དང༌། དེ་བཞིན་བསམ་གཏན་གནས་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་བསམ་གཏན་ལ་གནས་པས་བསྟེན་པར་བྱའོ། །བླ་མ་སུ་མ་ཏི་ཀཱིརྟི་ནི་རིམ་པ་གཉིས་ལ་སེམས་གནས་པའི་རྟེན་གྱི་གང་ཟག་གིས་བསྟེན་པས་ན། བསམ་གཏན་ལ་གནས་པ་ཞེས་བྱ་ཞེས་ཀྱང་གསུང་ངོ༌། །བརྒྱད་པ་ནི་ཁྲོ་མེད་རྒྱུན་གྱི་ཀུན་ཏུ་སྤྱོད་ཅེས་པ་རང་གི་རྒྱུད་ལ་ཁྲོ་བ་མེད་པར་རྒྱུན་དུ་སྤྱོད་པའི་ཀུན་ཏུ་སྤྱོད་པ་ལ་གནས་པ་ཡིན་ནོ། །གསུམ་པ་བསྲུང་བའི་དམ་ཚིག་གཞུང་བསྡུས་ཏེ་བསྟན་པ་ནི། འདི་བརྒྱད་ཅེས་པ་ལ་སོགས་པ་སྟེ། དེ་ལྟར་སྔར་བཤད་པའི་དམ་ཚིག་བརྒྱད་པོ་འདི་འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་བསྲུང་བའི་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ཡིན་པའི་ཕྱིར། རྒྱུད་འདིའི་ལམ་གྱི་དངོས་གྲུབ་བསྒྲུབ་པ་ལ་གནས་པའི་སྒྲུབ་པ་པོ་དེ་ཡིས་རྟག་ཏུ་མི་ཉམས་པར་བསྲུང་བར་ཤེས་པར་བྱའོ། །འོ་ན་བརྒྱད་པོ་དེ་ལས་གཞན་མི་སྲུང་ངམ་ཞེ་ན་མ་ཡིན་ཏེ། ཐུན་མོང་གི་དམ་ཚིག་རྣམས་ཀྱང་སྲུང་བར་བསྟན་པའི་ཕྱིར། རྒྱུད་ཀུན་གྱི་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་རྒྱུད་ཀུན་ནི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་རྣམས་དང༌། རྣལ་འབྱོར་མའི་རྒྱུད་ཆེན་པོ་རྣམས་ཡིན་ལ། དེ་རྣམས་ཀྱི་དམ་ཚིག་ཐུན་མོང་སྟེ་ཞེས་པ་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ཉེས་པ་བརྒྱད་དེ་ཉི་ཤུ་རྩ་གཉིས་པོ་རྣམས་ལ་བྱའོ། །དེ་ལྟ་བུའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་སུམ་ཅུ་པོ་དེ་ཐམས་ཅད་དོན་མེད་པར་ཉམས་པར་མི་བྱ་སྟེ། དེ་ཡང་གཏོང་བའི་རྒྱུའམ་དགོས་པ་ཁྱད་པར་ཅན་མེད་པས་ནི་གཏང་བ་མ་ཡིན་ནོ། །ཞེས་འོག་མ་དང་སྦྱར་རོ། །འོ་ན་ཇི་ལྟར་བསྲུང་ཞེ་ན། དད་པ་ཁྱད་པར་ཅན་ཉིད་ཀྱིས་རང་གི་རྒྱུད་ལ་བླང་བར་བྱ་ཞིང་བསྲུང་བར་བྱ་སྟེ། དེ་ཡང༌། ཆོས་རྣམས་དད་པས་གཟུང་བྱ་སྟེ། །ཤེས་རབ་ལྡན་པས་དེ་ཉིད་རག །ཅེས་གསུངས་པའོ། །དམ་ཚིག་དེ་དག་ཀྱང་མིག་གིས་བལྟ་བ་དང༌། ལག་པས་བཟུང་དུ་ཡོད་པ་ལྟ་བུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟ་བུའི་གསང་བ་སྟེ་དམ་ཚིག་སུམ་ཅུ་ཐམ་པའོ། །འདི་ནི་སྣོད་དང་མི་ལྡན་པ་རྣམས་ལ་མི་བསྟན་ཅིང་རབ་ཏུ་འབད་དེ་སྦ་བར་བྱའོ། །དེ་ཡང༌། དམ་ཚིག་མི་སྤྱོད་ཤིན་ཏུ་སྦས། །སྐལ་མེད་སེམས་ཅན་ལ་མི་བཤད། །ཅེས་གསུངས་སོ། །སྔར་བཤད་པའི་སྔགས་སྐྱེས་ཀྱི་ཕོ་ཉ་བསྟེན་པའི་དུས་སུ་བདེ་བ་སྐྱེ་བའི་རྒྱུ་སྔགས་སྐྱེས་ཀྱི་ཕོ་ཉའི་གསང་རྩ་རྒྱས་པའི་ཐབས་བསྟན་པ་ནི། བློ་ལྡན་ཏེ་སྒྲུབ་པ་པོ་ཤེས་རབ་དང་ལྡན་པས་ཕོ་ཉ་བསྟེན་པའི་དུས་སུ་མཐེའུ་ཆུང་སྟེ་ཕོ་ཉའི་རྩ་ཁ་ཁྭ་མུ་ཁ་བསྐྱོད་པ་ནི། མཛུབ་མོ་སེན་མོ་མེད་པས་བྲུད་པ་ཡིན་ལ། དེ་ལྟ་བུ་དེ་སྔགས་སྐྱེས་ཀྱི་ཕོ་ཉ་རྣམས་ཡང་དག་པར་བསྟེན་པ་ལ་གནས་པར་བྱའོ། །བླ་མ་སུ་མ་ཏིའི་བཞེད་པས་མཐེའུ་ཆུང་ཞེས་པ་སྔགས་སྐྱེས་སྒྲུབ་པ་པོའི་སྤྱོད་ཡུལ་ཡིན་པས། སྔགས་སྐྱེས་ལ་སྤྱད་པ་མཚོན་པ་ཡིན་ལ། སོར་མོ་ལྷག་མ་རྣམས་ཀྱིས་ཞིང་སྐྱེས་དང་ལྷན་སྐྱེས་མཚོན་ནོ། །ཞེས་གསུང་ཡང་སྐབས་འདིར་དེ་མི་དགོས་གསུང་ངོ༌། །དེ་ལྟར་ཐུན་མོང་མ་ཡིན་པའི་བསྲུང་བའི་དམ་ཚིག་བསྟན་ནས། ངག་དང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་སྤྱི་དོན་གསུམ་པ། ཕོ་ཉ་བསྟེན་པ་དང་དམ་ཚིག་སྐྱོང་བའི་སྒྲུབ་པ་པོའི་དབྱེ་བ་དང་མཚན་ཉིད་སྟོན་ཏེ། དེ་ཡང་དག་པ་ནི་རྫོགས་པའི་རིམ་པ་བསྒོམ་པ་སྟེ། སྒྲུབ་པ་པོ་འབྲིང་པོ་བསྟན། མ་དག་པ་ནི་བསྐྱེད་རིམ་བསྒོམ་པ་སྟེ། སྒྲུབ་པ་པོ་ཐ་མ་བསྟན། འདྲེས་པ་ནི་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་པ་སྟེ་སྒྲུབ་པ་པོ་མཆོག་བསྟན་པ་ཡིན་ཏེ། དེ་ལྟར་ན་རྒྱུད་འདིའི་སྒྲུབ་པ་པོའི་དབྱེ་བ་སྤྱིར་གསུམ་དུ་གནས་ལ་དེ་ནི་མདོར་བསྟན་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི་སྔར་གྱི་དག་པའི་སྒྲུབ་པ་པོ་ཉིད་རྣམ་པར་དག་པ་སྟེ། རྫོགས་པའི་རིམ་པས་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་རྩ་རྣམས་མཉེས་པར་བྱེད་པའོ། །སྔར་གྱི་མ་དག་པ་ནི་མཉེས་བྱེད་ཅེས་པ་སྟེ། བསྐྱེད་རིམ་བསྒོམས་པས་ལྷ་མཉེས་པར་བྱེད་པའོ། །སྔར་གྱི་འདྲེས་པས་ཞེས་པ་དེ་བཤད་པ་ནི། གསལ་བྱེད་ཡོན་ཏན་ལྡན་པའི་མི་ནི་བསྐྱེད་རྫོགས་ཟུང་དུ་འབྲེལ་པར་བསྒོམ་པའི་སྒྲུབ་པ་པོས་དངོས་གྲུབ་གསུམ་པོ་ཐམས་ཅད་འགྲུབ་པས་འདི་ནི་སྒྲུབ་པ་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་སློབ་མ་སྟེ་རྒྱུད་འདིའི་སྒྲུབ་པ་པོའི་དབྱེ་བ་དང་མཚན་ཉིད་མི་འདྲ་བ་གསུམ་དུ་ཡོངས་སུ་བརྟགས་པ་དང༌། སྡོམ་པ་སྟེ་ཐུན་མོང་མ་ཡིན་པའི་བསྲུང་བའི་དམ་ཚིག་བརྒྱད་སྟོན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་རྣལ་འབྱོར་མ་བསྟེན་ཅིང་དམ་ཚིག་སྐྱོང་བས་ཀྱང་སྤྱོད་པ་གསུམ་མམ་བཞི་ལ་གནས་ནས་དམ་ཚིག་བསྐྱང་བར་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་བདུན་པས་སྤྱོད་པ་བསྟན་ལ། དེ་ལ་ཡང་སྤྱིར་བཞི་སྟེ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་དང༌། རྫོགས་རིམ་བརྟན་པར་བྱེད་པའི་གསང་སྤྱོད་སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་ཏེ་གསུམ། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བཞི་ཡོད་པ་ལས། ལེའུ་འདི་ནས་སྤྲོས་བཅས་ཀྱི་སྤྱོད་པ་སྟོན་ཏོ། །ལེའུ་མདོར་བསྟན་དང་རྒྱས་པར་བཤད་པའི་འབྲེལ་ནི། ལེའུ་དང་པོ་ལས་བདེ་བས་ཀྱང་ནི་བསྒྲུབ་པར་བྱ་ཞེས་པ་དང༌། རྣལ་འབྱོར་པ་ཉིད་བསོད་ནམས་ཚོགས། །ཞེས་གསུངས་པ་དེ་ལེའུ་བཞིས་རྒྱས་པར་འཆད་དོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་བཞི་སྟེ། ཕོ་ཉ་མོ་གཟུང་བ་དང༌། སྤྱོད་པའི་དུས་ཀྱི་བསམ་པའི་ཁྱད་པར་ལ་སོགས་པ་བསྟན་པ་དང༌། སྤྱོད་པའི་ཕན་ཡོན་དང༌། གཏོར་མའི་ཆོ་ག་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་ཕོ་ཉ་མོ་བཙལ་བ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ནས་ནི་དམ་ཚིག་དང་སྡོམ་པ་བཤད་པའི་རྗེས་ལའོ། །སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་བརྟུལ་ཞུགས་ཏེ། དེའི་དུས་སུ་རུས་པའི་རྒྱན་དྲུག་ལ་སོགས་པ་དང་ལྡན་པའི་དཔའ་བོ་སྟེ་སྒྲུབ་པ་པོ་དེས། དང་པོ་སྤྱོད་པའི་གྲོགས་ཐ་མལ་པའི་ཕོ་ཉ་མོ་རྣམས་རབ་ཏུ་སྒྲུབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕོ་ཉ་མོ་བསྟེན་པས་མྱུར་དུ་དངོས་གྲུབ་བསྒྲུབ་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །ཕོ་ཉ་དེ་ཡང་མཚན་ཉིད་ཇི་ལྟ་བུ་ཞིག་བསྟེན་ཅེ་ན། མཚན་ཉིད་ཐམས་ཅད་ནི་སྔར་བཤད་པའི་མཁའ་འགྲོ་མ་རིགས་དྲུག་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་བསྟེན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཕོ་ཉ་དེ་བཙལ་བའི་དོན་དུ་ཡུལ་དང་ཡུལ་དུ་འགྲོ་བ་ནི། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་འགྲོ་བས་ཕོ་ཉའི་གཟུགས་ནི་མཚོན་ཅིང་བཙལ་བར་བྱ་བ་ཡིན་ཏེ། དཔེར་ན་སློབ་དཔོན་པདྨ་བཛྲས་བཤད་པ་ལྟ་བུའོ། །གཉིས་པ་ཕོ་ཉ་དེ་བསྟེན་པར་དཀའ་བར་བསྟན་པ་ནི། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང༌། །ཞེས་སྨོས་ཏེ། ཕོ་ཉ་མོ་ནི་སྤྱིར་གཉིས་ལས། ཐ་མལ་པའི་ཕོ་ཉ་མོ་མ་ཡིན་པ་གྲུབ་པའི་ཕོ་ཉ་མོ་ནི་དཔེ་རལ་གྲིའི་སོ་དང་འདྲ་སྟེ། དཔེར་ན་རལ་གྲིས་བསྐོར་ལེགས་ན་གཞན་གཅོད་ལ་བསྐོར་མ་ལེགས་ན་རང་གཅོད་པ་ལྟར། ཕོ་ཉ་མོས་ཀྱང་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་ཚུལ་བཞིན་དུ་མཉེས་པར་བྱས་ན་དངོས་གྲུབ་མྱུར་དུ་སྟེར་ལ། དམ་ཚིག་དང་མི་ལྡན་ཞིང་ཚུལ་བཞིན་དུ་མཉེས་པར་མ་བྱས་ན་སྒྲུབ་པ་པོ་རང་གསོད་པས་སོ། །གསུམ་པ་ལ་མཚན་ཉིད་དང་ལྡན་པའི་ཕོ་ཉ་མོ་ཚུལ་བཞིན་དུ་བསྟེན་པའི་ཕན་ཡོན་ནི། དག་བྱེད་ཅེས་པ་ལ་སོགས་པའི་ཚིགས་ལྔས་སྟོན་ཏེ། ཕོ་ཉ་དེ་ཚུལ་བཞིན་དུ་བསྟེན་ཅིང་མཉེས་པར་བྱས་ན་སྒྲུབ་པ་པོའི་སྡིག་པ་ཐམས་ཅད་དག་པར་བྱེད་ཅིང༌། བསོད་ནམས་དངོས་གྲུབ་ཐམས་ཅད་འཕེལ་བར་བྱེད་པ་ཡིན་ནོ། །དེ་ཡང་བསྟེན་ལུགས་ཇི་ལྟར་བསྟེན་ཅེ་ན། དེ་བཞིན་ཕོ་ཉ་ལེགས་འདྲེས་པ་སྟེ། དེ་ཡང་དངོས་སུ་སྔགས་སྐྱེས་བསྟེན་པ་དེ་ལ་ཞིང་སྐྱེས་སུ་མོས་པ་བྱ་སྟེ། དེ་ལྷན་སྐྱེས་སུ་མོས་པ་བྱས་ཏེ། ཕོ་ཉ་གསུམ་སྒྲུབ་པ་པོའི་བློ་ལ་ལེགས་པར་འདྲེས་པར་བྱས་ནས་བསྟེན་ན་བསྟེན་པའི་སྒྲུབ་པ་པོས་དངོས་གྲུབ་ཐམས་ཅད་འཐོབ་བོ། །སྔགས་སྐྱེས་མ་བསྟེན་པས་དཔེའི་ཡེ་ཤེས་དངོས་སུ་ཉམས་སུ་མྱོང་བ་དེས་དོན་གྱི་ཡེ་ཤེས་རྟོགས་པར་བྱས་ན་དེའི་ཕན་ཡོན་ནི། དེ་ལ་ཕྱིའི་བཟླས་བརྗོད་བསམ་གཏན་ཏེ། ལྷ་བསྒོམ་པ་ལ་སོགས་པ་མེད་པར་ཡང་མྱུར་བ་སྟེ་ཚེ་འདི་ཉིད་དུ་དངོས་གྲུབ་གསུམ་འགྲུབ་པར་འགྱུར་ཏེ། དེ་ཡང་ཕོ་ཉའི་ངེས་ཚིག་ནི་ཕོ་ཉ་དང་འདྲ་བར་དངོས་གྲུབ་འགྲུབ་པ་ལ་མགྱོགས་པ་ཡིན་པས་སོ། །བཞི་པ་ཕོ་ཉ་མོ་ཚུལ་ཇི་ལྟར་བསྟེན་པ་ནི་སྔགས་དང་ཞེས་པ་ནས། ཡང་དག་པར་རྫོགས་ཀྱི་བར་གྱིས་བསྟེན་ཏེ། དེ་ཡང་བསྟེན་ལུགས་ནི་སྔགས་ཏེ་སྒྲུབ་པ་པོ་དང་ཕྱག་རྒྱ་ནི་ཕོ་ཉ་མོ་ཡིན་ལ། དེ་དང་ལྷན་ཅིག་སྒྲུབ་པ་པོ་དེས་སྙོམས་པར་འཇུག་པའི་མཆོད་པ་ལ་རབ་ཏུ་འཇུག་པར་བྱ་བ་ཡིན་ལ། དེ་ལྟ་བུའི་ཚུལ་བཞིན་དུ་བསྟེན་པའི་ཕོ་ཉ་བསྟེན་པའི་ལམ་འདི་ལས་གཞན་མཆོག་ཏུ་གྱུར་པའི་ལམ་མེད་དེ། དེ་ནི་བསྟན་བཅོས་ཉིད་དུ་སྟེ་འཁོར་ལོ་བདེ་མཆོག་གི་རྒྱུད་འདི་ཉིད་དུ་ཕོ་ཉ་མོ་བསྟེན་པའི་ལམ་འདི་ཐེ་ཚོམ་མེད་པར་མཆོག་ཏུ་ངེས་པ་ཡིན་ནོ། །ཡང་རྒྱུད་འདི་ལས་གཞན་པའི་རྒྱུད་མཆོག་ཏུ་གྱུར་པ་མེད་ཅེས་ཀྱང་གསུངས་ཏེ་སྔ་མ་མཆོག་ཏུ་བཟུང་ངོ༌། །དེ་བས་ན་སྒྲུབ་པ་པོ་ཕོ་ཉའི་ལམ་ལ་དགའ་བ་དང༌། སྒྲུབ་པ་པོ་དངོས་གྲུབ་སྒྲུབ་པ་ལ་བརྩོན་པ་དེས་ཕོ་ཉ་བསྟེན་པའི་ཚེ་ཟས་ཀྱི་རྣལ་འབྱོར་བྱ་བ་ནི་རིགས་སྔགས་ནི་ཨོཾ་ཨཱཿཧཱུྃ་གསུམ་ཡིན་ལ། དེའི་ཕྱག་རྒྱར་ཡང་དག་ལྡན་ནི་མཐེ་བོང་དང་སྲིན་ལག་གཉིས་སྦྱར་ཏེ། མཐེ་བོང་ལ་ཟླ་བ་ལ་ཧཱུྃ་བསམས་ལ་གསེར་གྱི་ས་གཞིར་བསམ། མཛུབ་མོ་ལ་ཟླ་བ་ལ་སུྃ་བསམས་ལ་རི་རབ་ཏུ་བསམ། ཆང་རྒྱ་མཚོར་བསམ་སྟེ་མཐེ་བོང་དང་མཛུབ་མོ་སྦྱར་ནས་རྒྱ་མཚོ་བསྲུབས་པས་བདུད་རྩིར་བསམས་ལ་ཟས་ལ་རྟག་ཏུ་ལོངས་སྤྱད་པར་བྱའོ། །དེ་སྐད་དུ་ཡང༌། ཕྱག་རྒྱ་ཆེ་ལ་བཞུགས་པ་ནི། །དེ་ཡི་མཛའ་བ་ཀུན་དུས་ཡིན། །རིགས་ཀུན་ལ་ནི་ཀུན་སྤྱོད་པ། །དེ་བཞིན་སྔགས་ཀྱིས་ཁ་ཟས་འགྲུབ། །ཨོཾ་སརྦ་བཛྲ་ག་མི་ནི་སརྦ་བྷཀྵ་མ་ཤོ་དྷ་ཡ་གྷུ་ཧྱ་ཛ་བཛྲི་ནི་ཧཱུྃ་སྭཱ་ཧཱ། མི་འཆི་བཅུ་ཕྱེད་མར་དང་ནི། །སྦྲང་རྩིར་ལྷན་ཅིག་ལྡན་བྱས་ལ། །འཐུངས་ན་སྨན་གྱི་དམ་པ་སྟེ། །རྒ་དང་འཆི་བ་རིང་དུ་སྤོང༌། །གཞོན་ཞིང་ནད་མེད་དཔལ་དང་ལྡན། །གཟུགས་བཟང་འདོད་ལྷ་འགྲོ་བའི་བདག །ཅེས་གསུངས་སོ། །དེའི་དུས་སུ་རྣལ་འབྱོར་ཀུན་གྱིས་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་རྫོགས་པར་བསྒོམ་པ་ལ་འཇུག་པས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམས་པ་ལ་ལེགས་པར་མཉམ་པར་གཞག་པར་བྱའོ། །སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་དུས་སུ་གཡུང་མོ་དང་བྲམ་ཟེའི་རིགས་ལ་སོགས་པའི་རིགས་རྣམས་ཀུན་ལ། བཟང་ངན་གྱི་རྟོག་པ་མེད་པར་སྤྱད་པར་བྱ་ཞིང་བདུད་རྩི་ལྔ་དང་ཆང་ལ་སོགས་པ་ཐམས་ཅད་ལ་བཟའ་བྱ་དང༌། བཟའ་བྱ་མིན་པར་བཟང་ངན་དུ་མི་བརྟག་གོ །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དུ་ནི། དེ་སྟེ་རིགས་བཟང་ངན་ལ་སོགས་པ་ཐམས་ཅད་དབྱེར་མེད་པའི་ཕྱིར་རོ། །དེ་ལྟ་བུའི་ཕོ་ཉ་མོ་བསྟེན་པའི་དུས་སུ་ཕོ་ཉ་མོའི་བསྒྲུབ་པ་གཉིས་ནི། ཞིང་སྐྱེས་མ་དང་ལྷན་སྐྱེས་མ་གཉིས་ཡིན་ལ། དེ་གཉིས་བསྒྲུབ་པ་ཡང་དང་པོ་སྔགས་སྐྱེས་མ་བསྐུལ་བས་འགྲུབ་ཅེས་པའོ། །འོ་ན་སྒྲུབ་པ་པོ་ལས་དང་པོ་པས་ཕོ་ཉ་གང་བསྟེན་ཞེ་ན། དངོས་གྲུབ་མཆོག་ནི་སྔགས་སྐྱེས་མ་བསྟེན་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་སྤྱོད་པའི་ཚེ། ཕོ་ཉ་སྟེ་སྔགས་སྐྱེས་མ་གཅིག་པུ་བསྟེན་པ་ཡིན་ལ། རབ་དགའ་སྟེ་མཆོག་སྒྲུབ་པ་དང༌། དངོས་གྲུབ་ནི་ཐུན་མོང་གི་དངོས་གྲུབ་བོ། །དེ་གང་གིས་བསྟེན་ན་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་ཞིང་རྣམས་ཀྱི་གནས་སུ་གྲུབ་པའི་མཁའ་འགྲོ་མ་དག་རྣམ་པར་གནས་པས། སྒྲུབ་པ་པོ་དེར་ཕྱིན་ཏེ་དེར་གནས་པའི་བཟླས་པ་ནི། སྔགས་སྐྱེས་མ་བསྟེན་ཅིང་བཟླས་པར་བྱའོ། །དེར་ཟས་ཏེ་སྔགས་སྐྱེས་མ་དངོས་སུ་རྙེད་ནས་དེ་ལས་བདེ་བ་བརྙེད་པ་བསྟེན་ལུགས་གཉིས་པ་ཡིན་གསུང་ངོ༌། །གཞུང་ནི་ཕོ་ཉའི་སྒྲུབ་པ་གཉིས་ནི་སྔགས་སྐྱེས་དང་ཞིང་སྐྱེས་གཉིས་ཡིན་ལ། དངོས་གྲུབ་ཆོ་ག་ལ་སོགས་པའི་ཚིག་གཉིས་ཀྱིས་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་སྔགས་སྐྱེས་ཀྱི་ཕོ་ཉ་བསྟེན་པའི་ཕོ་ཉ་གཅིག་ཡིན་ལ། རང་དགའ་ཉིད་དང་དངོས་གྲུབ་ནི་མཆོག་གི་དངོས་གྲུབ་ཡིན་ཏེ། དེ་སྒྲུབ་པའི་ཚེ་ཞིང་རྣམས་ཞེས་པ་ལ་སོགས་པ་ཡུལ་ཉི་ཤུ་རྩ་བཞིར་ཕྱིན་ཏེ་ཞིང་སྐྱེས་བསྟེན་པ་འདྲའོ། །ལས་དང་པོ་པས་སྔགས་སྐྱེས་བསྟེན་པའི་དབང་དུ་བྱས་ནས། དེར་ནི་སྔགས་སྐྱེས་མ་རྙེད་ནས་བསྟེན་པའི་སྐབས་དེར་ནི། ཕན་ཚུན་རོལ་པས་ཡང་དག་པར་གནས་པ་ཡིན་ན་སྒྲུབ་པ་པོ་དང༌། དངོས་གྲུབ་ཉེ་བ་སྟེ་མྱུར་དུ་འགྲུབ་པ་ཡིན་ནོ། །དེ་ཡང་ཇི་ལྟར་བསྟེན་ཅེ་ན། ཕོ་ཉ་རྣམས་ནི་ཡང་དག་བསྐུལ་ཏེ་སྔགས་སྐྱེས་དངོས་སུ་བསྟེན་པ་དེས་ཞིང་སྐྱེས་བསྐུལ། དེས་ལྷན་སྐྱེས་བསྐུལ་བས་མྱུར་དུ་འགྲུབ་པ་ཡིན་ནོ། །དེ་ལྟར་སྔགས་སྐྱེས་མ་བསྟེན་པ་དེ་ཐབས་གང་གིས་བསྟེན་ཅེ་ན། བླ་མའི་གདམས་ངག་གི་བརྒྱུད་པའི་རིམ་པ་ཐོབ་པའི་སྒྲུབ་པ་པོས། དང་པོ་ཕོ་ཉ་དེ་དབང་བཞི་ཚུལ་བཞིན་དུ་བསྐུར་བ་དང༌། སྔགས་དེ་ལྷ་བསྒོམ་པ་དང་ལེགས་པར་ལྡན་པར་བྱས་ཏེ་བསྟེན་ཏོ། །སྔགས་སྐྱེས་མ་ལ་ཅིའི་ཕྱིར་ཕོ་ཉ་ཞེས་བྱ་ཞེ་ན། ཕོ་ཉའི་ངེས་ཚིག་ནི་དངོས་གྲུབ་མྱུར་དུ་བསྒྲུབ་པས་ཕོ་ཉ་རྣམས་སུ་ཡང་བཤད་ཅེས་བཤད་དོ། །སྔགས་སྐྱེས་ཀྱི་ཕོ་ཉ་མོ་དེའི་མཚན་ཉིད་བསྟན་པ་ནི། ཕྱག་རྒྱ་སྟེ་རི་དྭགས་ཀྱི་མིག་དང་གླང་པོའི་སྣ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །དེ་དང་ལེགས་པར་སྦྱོར་བའི་ངང་ཚུལ་ནི་སྦྱོར་ལུགས་ཁབ་རྩེ་ལྟ་བུ་དང༌། དཔྱང་ཐག་ལྟ་བུ་དང༌། ངང་པའི་གཤོག་པ་ལྟ་བུ་དང༌། ཁྱོགས་ལྟ་བུའི་ཀ་ར་ན་བཞིས་བསྟེན་པའོ། །གཞན་ཡང་ཕོ་ཉ་མོ་དེ་ལཱ་མཱའི་མཚན་ཉིད་ལ་སོགས་པ་བཞི་དང་ལྡན་པའི་སྟེང་དུ་མཚན་ཉིད་གཞན་ཡང་ཐ་མལ་པའི་ཆགས་པའི་བསམ་པ་མེད་ལ། རྫས་ལ་སོགས་པ་གཏོང་བར་ནུས་པ། རང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུངས་པ། ཚུལ་ཁྲིམས་དང་ལྡན་ལ། ཡེ་ཤེས་རྒྱུ་སྐྱེས་ནི་དེ་ལ་དང་པོ་དཔེའི་ཡེ་ཤེས་སྐྱེ། དེ་ལས་དོན་གྱི་ཡེ་ཤེས་སྐྱེ་ལ། དེ་ལས་འབྲས་བུ་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་སྐྱེ་བས་ཡང་དག་རྫོགས་ཞེས་བྱའོ། །གཉིས་པ་སྤྱོད་པའི་དུས་ཀྱི་བསམ་པ་ལ་སོགས་པའི་ཁྱད་པར་ལ་དོན་བརྒྱད་ལས། དང་པོ་བསམ་པའི་ཁྱད་པར་ནི། བསམ་པའི་བདག་ཉིད་ནི་ནུབ་མོ་འོད་གསལ་སྟོང་པའི་ངང་ལ་ཉལ་བ་ཡིན་ལ། ནང་པར་ལངས་ཞེས་པའི་ཐོ་རངས་ཀྱི་དུས་སུ་རང་གཞན་གྱི་དོན་དུ་སྤྱོད་པ་བྱ་སྙམ་པའི་བསམ་པས་སྟོང་པའི་ངང་ལས་རང་གི་ལྷའི་ང་རྒྱལ་གྱིས་ལྡང་བའོ། །གཉིས་པ་སྤྱོད་པའི་དུས་ཀྱི་ལུས་ཀྱི་ཀུན་སྤྱོད་བསྟན་པ་ནི། ལུས་ཀྱི་བྱ་བ་ཀུན་བྱ་སྟེ། དེ་ཉིད་གང་ཞེ་ན། ཐ་མལ་པའི་ལུས་ཀྱི་ཡན་ལག་འདས་པའི་མཚོན་ཆ་སྟེ་ལྷའི་ང་རྒྱལ་དུ་བྱ་བའོ། །དེ་ཉིད་བསྟན་པ་ནི་ལུས་ལ་ལྷ་རྫོགས་པར་དགོད་པ་ལ་སོགས་པ་ལུས་ལ་གནས་པ་ཀུན་དུ་དཔྱད་དེ། ལུས་ལྷར་བྱས་པ་དེ་ཉིད་ལ་དག་བྱེད་བྱས་པའི་ལུས་ཞེས་བྱའོ། །གསུམ་པ་སྤྱོད་ལམ་གྱི་ཁྱད་པར་ནི་རྟག་ཏུ་སྔགས་བརྗོད་པ་ནི། ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནཱི་ལ་སོགས་པ་ལུས་ཀྱི་དཀྱིལ་འཁོར་བརྟན་པར་བྱེད་པའི་སྔགས་སམ། ཡང་ན་ངེས་བརྗོད་ནས་གསུངས་པ་ལྟར། ཨོཾ་ན་ན་ཡ་ས་མ་ཡ་ཤུདྡྷོ྅ཧཾ་དང༌། ཨོཾ་སརྦ་བི་ཤུདྡྷ་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་ལ་སོགས་པའི་སྔགས་གསུམ་བརྗོད་པར་བྱའོ། །རྟག་ཏུ་སྔར་བསྟན་པའི་སྔགས་ནི་བརྗོད་ནས། རྣལ་འབྱོར་གནས་རྣམས་ནི་པུ་ཙ་ལ་སོགས་པས་རྣལ་འབྱོར་པའི་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་པོ་རྣམས་དེས་བསྟན་ཅིང་ནི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་སྟེ། གཞན་ཡང་གོ་ཆ་ལ་སོགས་བར་ཆད་བསྲུང་བའི་མཚོན་ཆ་རྣམས་ནི་བསྒོམ་པར་མི་བྱའོ། །བཞི་པ་དམ་ཚིག་གི་ཁྱད་པར་ནི་དམ་ཚིག་ཅན་གྱི་མི་དེ་སྒྲུབ་པ་པོ་རྣམས་ལ་ཁྲོ་བར་མི་བྱ། དབང་བསྐུར་བ་ནི་དབང་བཞི་པའི་དོན་རྟོགས་པར་བྱ་བ་ལས་འདའ་བར་མི་བྱ། བཞི་པའི་དོན་རྟོགས་པ་དེ་དང་ལྷན་ཅིག་བདེ་བར་བྱ་ནི་བཞི་པའི་དོན་རྒྱུད་ལ་བསྟེན་པར་བྱ་བའོ། །ལྔ་པ་དགོས་པའི་ཁྱད་པར་ནི་གྲོལ་བའི་དོན་ནི་རང་དོན་ཡིན་ལ། དེ་དོན་དེ་གཞན་གྱི་དོན་དུའམ། ཡང་ན་གྲོལ་བ་ནི་མཆོག་གི་དངོས་གྲུབ་ཡིན་ལ། དེ་དོན་ནི་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དོན་དུ་དམ་ཚིག་སྤྱོད་པ་སྟེ་ཕོ་ཉ་མོ་བསྟེན་པ་ཉིད་དུ་བྱའོ། །དེའི་ཚེ་སྒྲུབ་པ་པོ་རྨོངས་པས་ཐ་མལ་པའི་འཁྲུལ་པ་ཐམས་ཅད་རྣམ་པར་སྤང་ངོ༌། །ཡང་ཚེ་འདི་ལ་ཇི་ལྟར་འདོད་པར་ངེས་པར་འགྲོ་ཞེས་པ་དང༌། འདི་དང་ལྷན་ཅིག་སྤྱོད་བྱ་ཞེས་པའི་འགྱུར་ཡང་ཡོད་དོ། །དྲུག་པ་ཁ་དོག་ལ་སོགས་པའི་ཁྱད་པར་མཚན་མོ་ཕོ་ཉ་མོ་མཆོད་པའི་དུས་སུ་རྟག་པར་ནམ་མཁའི་གོས་ནི་གཅེར་བུར་བྱའོ། །གནག་དང་དམར་བར་རྟག་འགྱུར་བྱ་ནི་གོས་དམར་ནག་གྱོན་པར་བྱ་གསུངས་ལ། ཡང་ན་གནག་པ་ནི་རང་ཧེ་རུ་ཀའི་གཟུགས་སུ་བྱ་བ་ཡིན་ལ། དམར་བ་ནི་ཕོ་ཉ་མོ་རྡོ་རྗེ་ཕག་མོར་རྟག་ཏུ་གྱུར་པར་བྱ་བའོ། །སྲོག་ཆགས་ལས་བྱུང་བའི་ཡན་ལག་ནི་སྤྱོད་པའི་དུས་སུ་སྟག་གི་པགས་པ་གྱོན་པའོ། །དེའི་ཚེ་སྒྲུབ་པ་པོ་དེ་ཕྱག་རྒྱ་དང་བདེ་བ་ཅི་དགར་སྤྱོད་པས་རང་གི་རྒྱུད་ལ་བདེ་བ་ཐོབ་འགྱུར་ཞེས་བྱའོ། །ཡང་ན་བདེ་བར་སྤྱོད་པའི་རང་ཉིད་ལ་ཇི་ལྟར་འཐོབ་པའི་བདེ་བ་སྟེ། བདེ་བ་དེ་ཉིད་ཀྱི་རང་བཞིན་གྱིས་ཕྱོགས་བཅུར་གསལ་བར་བྱེད་པ་འདི་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མར་མེའི་སྣང་བ་ལ་ཤིན་ཏུ་ཆགས་པའི་དགའ་བ་དང་ལྡན་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་སྙིང་རྗེ་ཆེན་པོས་སྤྱད་པར་བྱའོ། །བདུན་པ་སྤྱོད་པའི་དུས་སུ་བྱ་བ་མ་ཡིན་པ་དོར་བར་བསྟན་པ་ནི། སྤྲོས་བཅས་ཀྱི་སྤྱོད་པའི་དུས་སུ་འཇིག་རྟེན་པའི་ཐ་མལ་པའི་གསེར་ལ་སོགས་པ་ལས་བྱས་པའི་མཆོད་ཕྱིར་ཐོགས་ལུས་ལ་འདོགས་པ་ཡོངས་སུ་སྤངས་ལ། གཙང་ནི་རུས་པའི་རྒྱན་ཆ་བསྟེན་པར་བྱའོ། །དེའི་ཚེ་རང་གི་ང་རྒྱལ་དཔལ་ཧེ་རུ་ཀ་ཕྱག་བཅུ་གཉིས་པའི་ང་རྒྱལ་དུ་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ལྔ་ནི་རུས་པའི་འཁོར་ལོ་ལ་སོགས་པ་དང་ལྡན་པས་དུས་ཀུན་ཏུ་སྤྱད་པར་བྱའོ། །ཕྱག་རྒྱ་ལྔ་ནི་གང་ཞེ་ན། མགུལ་རྒྱན་ཅེས་པ་ལ་སོགས་པ་སྟེ་རྒྱུད་ཉིད་ན་གསལ་ལོ། །བརྒྱད་པ་ཞར་ལ་གསང་བར་བྱ་བའི་སྤྱོད་པ་དང༌། གཙང་སྦྲ་ལ་སོགས་པའི་ཁྱད་པར་སྟོན་པ་ལས། དང་པོ་གསང་བར་བྱ་བའི་སྤྱོད་པ་ནི། སྤྱོད་པ་བྱེད་པའི་ཚེ་མཚན་མོའི་དུས་སུ་རུས་པའི་རྒྱན་ལ་སོགས་པ་དང་ལྡན་པས་སྤྱོད་པ་དང༌། བསྒོམ་པ་དང་བཟླས་པ་ལ་སོགས་པ་གསལ་བར་བྱ་ཞིང༌། ཉིན་པར་ནི་བྲམ་ཟེ་དང་དགེ་སློང་ལ་སོགས་པ་རང་གི་སྤྱོད་པ་བྱེད་པས་རྣལ་འབྱོར་གྱི་སྤྱོད་པ་གསང་བ་ཉིད་དུ་བྱ་སྟེ། འདི་ནི་བར་འདིར་ཞར་ལས་བྱུང་བ་ཡིན་གསུངས། བྱེད་པའི་ཡེ་ཤེས་ལ་སོགས་པའི་ཚིག་གཉིས་པོ་འདི་རྒྱ་དཔེ་ལ་མེད་པས་ན་འདིར་བཤད་པ་མི་མཛད་དོ། །གཉིས་པ་གཙང་སྦྲ་བསྟན་པ་ལ་གཉིས་ལས། དང་པོ་གཙང་སྦྲ་གསུམ་མདོར་བསྟན་པ་ནི་སྤྱིར་གཙང་སྦྲ་གསུམ་དུ་ཤེས་པར་བྱ་ཞིང༌། ཞར་བྱུང་གི་སྤྱོད་པ་མ་བཅོས་པའི་རྣལ་མ་རང་གི་རྒྱུན་བཞིན་རྣམ་པར་གནས་པའོ། །སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པའི་དུས་སུ་རིགས་དང་ཕོ་ཉ་འདི་ནི་བྲམ་ཟེ་ལ་སོགས་པའི་རིགས་བཟང་པོ་ཡིན་ལ། རིགས་མིན་ཏེ་འདི་ནི་གཡུང་མོ་ལ་སོགས་པའི་རིགས་བཟང་པོ་མིན་པར་བཟུང་ནས། གཉིས་པོ་དེ་ལ་བཟང་ངན་གྱི་ངོར་མི་ལྟ་བ་དང༌། གྲོང་མི་ཐ་མལ་ལྟར་སྐྲ་སྤྱི་གཙུག་ཏུ་བཅིང་བ་དང་སོགས་ཀྱིས་མེ་ཏོག་གི་ཕྲེང་བ་འཆིང་བ་ལ་སོགས་པ་ཡང་སྤང་ངོ༌། །གཉིས་པ་གཙང་སྦྲ་རྒྱས་པར་བཤད་པ་ནི་སྔར་གྱི་གཙང་སྦྲ་གསུམ་ཞེས་པ་ཉིད་གང་ཞེ་ན། དེ་ཡང་གང་ཟག་དབང་པོ་རབ་ཀྱིས་རང་གི་རྒྱུད་ལ་དེ་ཁོ་ན་ཉིད་གོམས་པར་བྱེད་པའི་ཕོ་ཉ་བསྟེན་པ་དེ་གཙང་སྦྲ་དང་པོའོ། །གཙང་སྦྲ་གཉིས་པ་ཟླ་བ་ནི་གང་ཟག་དབང་པོ་འབྲིང་གིས་བདུད་རྩི་ལྐོག་ཏུ་བསྟེན་ཅིང་དེ་ཁོ་ན་ཉིད་གོམས་པར་བྱེད་པའོ། །གང་ཟག་དབང་པོ་ཐ་མས་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་བྱིན་བརླབས་བྱས་པའི་ཟས་ཐམས་ཅད་འབགས་པ་དང༌། བཙོག་པ་མེད་པར་ལྷན་ཅིག་ཏུ་ཟ་བ་དེ་གཙང་སྦྲ་གསུམ་པ་ཡིན་པར་བཤད་དོ། །ད་ནི་སྤྱི་དོན་གསུམ་པ་སྤྱོད་པའི་ཕན་ཡོན་བསྟན་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ནི་རྟག་པ་ཉིད་དུ་སྔར་གྱི་གཙང་སྦྲ་གསུམ་པོ་འདི་དག་རབ་ཏུ་བསྐྱངས་པས་གཙང་མ་དག་པའི་རིམ་པ་ནི་ཐུན་མོང་དང༌། མཆོག་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གསུམ་རིམ་པས་ཐོབ་པར་འགྱུར་ཏེ། དངོས་གྲུབ་གསུམ་པོ་གཙང་སྦྲ་གསུམ་པོ་འདི་ཁོ་ན་ལས་བྱུང་གི དེ་ལ་མ་ཡིན་པ་གཞན་གང་ལས་ཀྱང་འབྱུང་བར་མ་འགྱུར་རོ། །དེ་ལྟ་བུའི་གཙང་སྦྲ་གསུམ་པོ་བསྟེན་པ་ལས་དངོས་གྲུབ་ཐམས་ཅད་འབྱུང་བ་དེ་འཁོར་ལོ་བདེ་མཆོག་གི་རྒྱུད་འདི་ཁོ་ན་ལས་བསྟེན་པས་ཞར་ལ་རྒྱུད་འདིའི་ཆེ་བ་བསྟན་པ་ནི། དེ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དུ་བཟླས་པ་ལ་སོགས་པས་དངོས་གྲུབ་འགྲུབ་པར་གང་གསུངས་པ་དང༌། དེ་བཞིན་དུ་དཔལ་བདེ་མཆོག་གམ་ནམ་མཁའ་དང་མཉམ་པ་དང༌། གསང་བ་འདུས་པ་དང༌། ཐམས་ཅད་གསང་རྒྱུད་དང༌། དཔལ་མཆོག་དང་པོ་དང༌། རྡོ་རྗེ་འཇིགས་བྱེད་ནི་གཤིན་རྗེའི་རྒྱུད་རང་ངམ། ཡང་ན་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་ཡིན་ལ། རྒྱུད་དེ་དག་ནས་གསུངས་པའི་སོ་སོའི་བཟླས་པ་དང༌། བརྟུལ་ཞུགས་ལ་སོགས་པས་དངོས་གྲུབ་འགྲུབ་པར་གསུངས་པ་དེ་ཐམས་ཅད་བདེ་མཆོག་ཉུང་ངུའི་རྒྱུད་འདིར་བསམ་གཏན་ནི། ཏིང་ངེ་འཛིན་ཙམ་གྱིས་སྐད་ཅིག་གིས་ཏེ་མྱུར་དུ་འགྲུབ་པར་འགྱུར་རོ། །འོ་ན་སྒྲུབ་པ་པོ་ཕོ་ཉ་བསྟེན་པ་མ་ཡིན་པ། ཕག་མོ་ལ་སོགས་པ་ཡིད་ཀྱིས་སྤྲུལ་པའི་རིག་མ་བསྟེན་པ་རྣམས་ཀྱིས་གཙང་སྦྲ་གསུམ་པོ་དེ་མི་བྱའམ་ཞེ་ན། རྣལ་འབྱོར་གྱི་ལམ་ཡིད་ཀྱིས་རིག་མ་བསྟེན་པ་ལ་དགའ་བའི་གང་ཟག་རྣམས་ཀྱིས་ཀྱང༌། གཙང་སྦྲ་ཐ་མ་སྣོད་གཅིག་ཏུ་ཟས་ལ་ལོངས་སྤྱོད་པ་འདི་ཡང་དག་པར་སྤྱད་པར་བྱའོ། །དེའི་དུས་སུ་གཙང་སྦྲ་ཐ་མ་བསྟེན་པའི་བསོད་ནམས་སམ། དངོས་གྲུབ་གཙང་སྦྲ་གསུམ་མམ་གཙང་སྦྲ་ཐ་མ་ལས་བྱུང་བ་གང་ཡིན་པ་ཚོགས་ཀྱི་འཁོར་ལོ་དང་གསང་བའི་མཆོད་པ་ལ་གནས་པའི་སྒྲུབ་པ་པོའི་ཡོན་ཏན་རྒྱ་ཆེན་པོ་དེའི་ཡོན་ཏན་བརྗོད་པ་ཡིན་ན། །བརྟག་པའི་མཐའ་བཟུང་ན་སྟོང་ཕྲག་གཅིག་ཡོད་པའི་གདོང་པ་ལ། རེ་རེ་ལ་ཡང་ལྕེ་བརྒྱ་བརྒྱ་ཡོད་པས་བརྗོད་པར་ནུས་པ་ཡིན། ཁ་གཅིག་དང་ལྕེ་གཅིག་གིས་ནི་བརྗོད་པར་མི་ནུས་སོ། །ཡོན་ཏན་དེ་ཙམ་འབྱུང་བ་དེ་ཡང་གང་གི་མཐུ་ཡིན་ཞེ་ན། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེན་པོའི་ང་རྒྱལ་གྱིས་ཕོ་ཉ་བསྟེན་པ་ལ་སོགས་པའི་མཚན་ཉིད་ཀུན་སྒྲུབ་པའི་ནུས་པའི་མཐུ་ཡིན་ནོ། །གཙང་སྦྲ་ཐ་མ་ཚོགས་ཀྱི་འཁོར་ལོ་བྱས་པའི་ཕན་ཡོན་ནི། བདེ་བའི་བསོད་ནམས་ཆུ་འཐུང་བ་ནི་དེའི་དུས་སུ་བྱིན་བརླབས་བྱས་པའི་ཆང་འཐུང་བ་ཡིན་ཏེ། དེས་སྒྲུབ་པ་པོའི་སྒྲིབ་པ་དག་པར་བྱེད་ཅིང་སྡིག་པ་འཇིག་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་པ་ཉིད་དམ་ཡོན་བདག་ལ་ཕན་ཡོན་འབྱུང་བ་ལྟ་ཞོག་གི བྱིན་བརླབས་བྱས་པའི་ཚོགས་ཀྱི་ཡོ་བྱད་ལ་སུས་ལག་པས་རེག་པ་དང༌། དེའི་དུས་སུ་གཏམ་སྨྲ་བ་བྱས་པས་ཀྱང་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་ཞིང༌། སྒྲུབ་པ་པོ་ལས་དང་པོ་པས་མི་དགེ་བ་བཅུ་བསྡམས་ཏེ། ལུས་ངག་སེམས་གསུམ་སྐྱོན་མེད་པའི་གང་ཞིག་སྤྱོད་པ་བྱེད་པའི་མིའི་མཆོག་དེའི་སྡིག་པ་ཐམས་ཅད་རྣམ་པར་དག་ནས། སྒྲུབ་པ་པོ་བདག་ཉིད་བདེ་གཤེགས་ཀྱི་ས་རྣམས་ནི་ས་བཅུ་གསུམ་ཡིན་ལ། དེ་རིམ་གྱིས་བགྲོད་དེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་ཏེ། དེ་ཡང་ས་བཅུ་གསུམ་དུ་བཤད་པ་ནི་གདུལ་བྱ་བྲོད་པ་བསྐྱེད་པ་ལ་དགོངས་ནས་བསྟན་པ་ཡིན་གྱི། དངོས་སུ་བགྲོད་པར་བྱ་བའི་ས་རང་བཅུ་གཅིག་ལས་མེད་གསུང་ངོ༌། །ཡང་གང་ཟག་ཁ་ཅིག་བརྩོན་འགྲུས་དམན་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མ་གྱུར་ན་ཡང༌། དེ་མ་ཐོབ་ཀྱི་བར་དུ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་བདེ་གཤེགས་ཀྱི་རིགས་སུ་གྱུར་པ་ནི། དཔེར་ན་སྤྲུལ་བཞིན་དུ་ཐ་མལ་གྱི་ལུས་འདི་ཡོངས་སུ་བཏང་ནས། གཙང་མའི་གནས་ལ་སོགས་པར་དེ་བཞིན་གཤེགས་པ་ལྟ་བུ། བྱང་ཆུབ་སེམས་དཔའ་ལྟ་བུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། རིགས་ལ་གནས་པར་སྐྱེ་བར་འགྱུར་རོ། །དེ་མ་ཐོབ་པའི་བར་དུ་མིའི་འཇིག་རྟེན་དུ་སྐྱེས་ནས་ཆོས་སྤྱོད་པ་དང་ལྡན་པའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །དོན་བཞི་པ་གཏོར་མའི་ཆོ་ག་བསྟན་པ་ནི། སྤྱིར་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོའི་བྱ་བ་གཉིས་ལས། སངས་རྒྱས་ལ་མཆོད་པ་ཚོགས་ཀྱི་འཁོར་ལོས་མཆོད་པ་བསྟན་ནས། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་སྟོན་པ་ལ་དྲུག་ལས། དང་པོ་གཏོར་མ་སྦྱིན་པའི་ཆོ་ག་བསྟན་པ་ནི། དེ་ལྟར་རྟག་ཏུ་སངས་རྒྱས་ལ་ཚོགས་ཀྱི་མཆོད་པ་བྱས་ནས་སྒྲུབ་པ་པོ་དད་པས་ནི་འཇིག་རྟེན་པ་ལ་གཏོར་མ་སྦྱིན་ནོ། །དེ་ཡང་ཇི་ལྟར་སྦྱིན་ཞེ་ན། ཇི་ལྟ་བ་བཞིན་རྒྱུད་དུ་བཤད་པའི་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་གའི་སྦྱོར་བས་ཅི་འདོད་པའི་གཏོར་མ་སོ་སོའི་སྔགས་ཀྱིས་སྦྱིན་པར་བྱའོ། །གཉིས་པ་དུས་ནི་ཟླ་བ་མར་གྱི་ངོའི་ཚེས་བཅུ་དང༌། ཡར་གྱི་ངོའི་ཚེས་བཅུ་ལ་འབད་པའི་སྒོ་ནས་གཏོར་མས་མཆོད་པར་བྱའོ། །གསུམ་པ་གཏོར་མ་དབུལ་བའི་ཡུལ་ནི། རྡོ་རྗེ་ལྷ་མོ་སྟེ་དཔའ་མོ་དང་དཔའ་བོ་ལ་སོགས་པ་རྣམས་ལ། རྫས་ནི་མྱོས་བྱེད་དེ་ཆང་དང་ཤ་ལ་སོགས་པས་མཆོད་པར་བྱའོ། །དེ་སྒྲུབ་པ་པོ་སུས་མཆོད་ཅེ་ན། སྐྱེ་བོ་དད་པ་སྟེ་སྒྲུབ་པ་པོ་དད་པ་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱའོ། །བཞི་པ་དགོས་པའམ་ཕན་ཡོན་བསྟན་པ་ནི་གཏོར་མ་སྦྱིན་པས་ཧེ་རུ་ཀ་དཔལ་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའི་མགྲོན་རྣམས་མངོན་པར་དགའ་ཞིང་མགུ་བའི་སེམས་མཆོག་ཏུ་གྱུར་པས་དེ་རྣམས་ཀྱིས་ལག་པའི་མཐིལ་ན་གནས་པའི་དཔལ་དང༌། དངོས་གྲུབ་མཆོག་ལ་སོགས་པ་སྒྲུབ་པ་པོ་ལ་སྟེར་བར་བྱེད་དོ། །དེ་ཡང་དུས་གང་ལ་ཆ་ལུགས་ཇི་ལྟ་བུས་གཏོར་མ་སྦྱིན་ཞེ་ན། ལྔ་པ་ཉིན་མཚན་གྱི་དུས་ནི་མཚན་མོ་སྟེ་མཚན་ཕྱེད་ཀྱི་དུས་སུ་སྒྲུབ་པ་པོ་བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན་ནོ། །དྲུག་པ་ཆ་ལུགས་ནི་རྣལ་འབྱོར་མ་རྣམས་མཉེས་པར་འགྱུར་བས་ན། སྐྲ་གྲོལ་ཞིང་གཅེར་བུར་གྱུར་པས་སྦྱིན་ནོ། །དེ་ལྟར་དཔལ་ཧེ་རུ་ཀའི་བདག་ཉིད་ཀྱི་ང་རྒྱལ་གྱིས་གཏོར་མ་སྦྱིན་པར་ཤེས་པར་བྱ་སྟེ། གཏོར་མ་སྦྱིན་པའི་སྦྱོར་བ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་རྣམས་མཉེས་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ཕོ་ཉ་མོ་མ་དང་སྲིང་མོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་སྤྱོད་པའི་སྤྱོད་པ་དང༌། སྤྱོད་པའི་དུས་སུ་རུས་པའི་རྒྱན་དྲུག་འདོགས་པའི་བརྟུལ་ཞུགས་དང༌། སངས་རྒྱས་ལ་ཚོགས་ཀྱི་མཆོད་པ་དང༌། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་བརྒྱད་པས་ནི་གོང་དུ་བསྟན་པའི་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པའི་རྟེན་གྱི་གང་ཟག་གི་བྱ་བ་དང༌། བྱ་བ་མ་ཡིན་པའི་བྱེ་བྲག་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་དྲུག་ལས། དང་པོ་བདག་དང་གཞན་གཉིས་ཀ་མཆོད་པའི་བྱེ་བྲག་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ནི་སྤྲོས་བཅས་ཀྱི་སྤྱོད་པ་བཤད་པའི་རྗེས་ལའོ། །མཆོད་པ་སྟེ་སྤྱོད་པ་བྱེད་པའི་དུས་སུ་ཚེས་བཅུ་གཉིས་ལ་སོགས་པ་ལ་རྫས་བཟའ་བ་དང༌། བཏུང་བ་ལ་སོགས་པས་མཆོད་པ་རྣམ་པར་དག་པའི་བདག་ཉིད་བྱས་ན། མཆོད་པའི་དགོས་པ་ནི་འབྲས་བུ་མྱ་ངན་ལས་འདས་པར་ངེས་པར་འགྱུར་བའི་དཔའ་བོ་འབྱུང་ཞེས་པའོ། །ཡང་ན་མཆོད་པ་རྣམ་པར་དག་པའི་བདག་ཉིད་ནི། དངོས་པོ་ཐམས་ཅད་སོ་སོ་མ་ཡིན་པ་ཉིད་ཀྱིས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །མྱ་ངན་ལས་འདས་ངེས་གྲོལ་དཔའ། །ཞེས་བྱ་བ་ནི། སྲིད་པ་དང་ཞི་བ་དག་ལ་མི་གནས་པའི་ཕྱིར་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཡང་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སྤྱོད་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ལས་བྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཚོགས་འཕྲོས་ནས་སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་ནི་སྤྲུལ་པའི་སྐུ་ཞེས་བྱ་བ་སྟེ། དེའི་ངོ་བོ་ཉིད་ཀྱི་བདག་ཉིད་མཆོད་པར་བྱ་བ་ནི་རང་གི་ལྷའི་སྦྱོར་བས་ཇི་ལྟར་འབྱོར་པས་མཆོད་དོ། །མཆོད་པ་དེ་ཡང་ཡུལ་གང་ལ་མཆོད་ཅེ་ན། མཆོད་པའི་ཡུལ་དང་པོར་རང་ལ་མཆོད་པ་ནི། དེ་བཞིན་བདག་ཉིད་ནི་སྒྲུབ་པ་པོ་བདག་ཉིད་ཧེ་རུ་ཀ་ལ་སོགས་པའི་ལྷ་ཐམས་ཅད་དང་ཐ་མི་དད་པར་བྱས་ཏེ། ཁ་ཟས་ལ་སོགས་པས་མཆོད་པ་དང༌། མཆོད་པའི་ཡུལ་གཉིས་པ་གཞན་མཆོད་པའི་དབང་དུ་བྱས་ནས་རིགས་ལྔའི་སངས་རྒྱས་ཀུན་དང༌། སོགས་ཀྱིས་བསྡུ་བ་ལྷ་མོ་ལ་སོགས་པ་དང༌། སྲས་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་ལ་སོགས་པ་དང༌། ཡུལ་གསུམ་པ་དམ་ཚིག་ཅན་གྱི་སྐྱེ་བོའི་དཔའ་བོ་ཀུན་དང༌། རྣལ་འབྱོར་མ་དང༌། གཞན་ཡང་བརྟེན་པ་གཞལ་ཡས་ཁང་དང༌། གཡོ་བ་བརྟེན་པ་ལྷ་དང་བཅས་པ་ཐམས་ཅད་མཆོད་དོ། །དེ་ཡང་རྣལ་འབྱོར་མ་རྣམས་ཇི་ལྟར་མཆོད་ཅེ་ན། ལེགས་གནས་ཟླ་བ་འདུས་པ་ཞེས་བྱ་སྟེ། དེ་ཡང་ལེགས་གནས་ཏེ་ཕྱག་རྒྱ་དང་ལྷན་ཅིག་ཏུའོ། །ཟླ་བ་འདུས་པ་ནི་ཐབས་ཤེས་རབ་སྙོམས་པར་ཞུགས་པའི་བདེ་བས་མཆོད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་རྣམས་མ་གཏོགས་པར་དངོས་གྲུབ་ཀྱི་ཕུན་སུམ་ཚོགས་པར་མི་འགྱུར་བའི་ཕྱིར་རོ། །དམ་ཚིག་ཅན་གྱི་སྐྱེ་བོ་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱུད་འདིའི་ཆེ་བ་དང༌། ཚོགས་ཀྱི་འཁོར་ལོས་ཀྱང་ཚིམ་པར་བྱའོ། །ཡང་ཡུལ་བཞི་པ་ནི་འཇིག་རྟེན་པའི་འབྲེལ་པ་རང་གི་སྤུན་དང་སྡུག་པ་སྟེ། བུ་ལ་སོགས་པ་དེ་དག་ལ་བཟའ་བ་ལ་སོགས་པས་མཆོད་པར་བྱའོ། །ཡང་ན་སྤུན་ནི་རང་དང་ལྷན་ཅིག་ཏུ་ཆོས་མཉན་པ་དང་བསམ་པ་དག་པ་དང་སྦྱོར་བ་གཅིག་ཏུ་བྱས་པ་སྟེ། དེ་དག་ལ་ཡང་མཆོད་དོ། །འོ་ན་འཇིག་རྟེན་པའི་འབྲེལ་པ་ལ་ཇི་ལྟར་བྱ་ཞེ་ན། དེ་ཡང་སྤུན་དང་བུ་ལ་སོགས་པ་ལ་ལྷན་ཅིག་ཏུ་བརྩེ་གདུང་གི་དབང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདེ་བ་ནི་ཐུན་མོང་དུ་བཟའ་བ་ལ་སོགས་པའི་བདེ་བ་ལ་ལྷན་ཅིག་སྤྱད་པ་དང༌། སྡུག་བསྔལ་ཀུན་འབྱུང་བ་ཡང་དེ་དག་དང་ལྷན་ཅིག་ཏུ་སྤྱད་པར་བྱ་བ་ཡིན་ནོ། །དེ་ལྟར་བྱ་བའི་ཆ་བསྟན་ནས་འོ་ན་དེ་དག་ལ་གང་མི་བྱ་ཞེ་ན། བྱ་བ་མ་ཡིན་པའི་ཆ་བསྟན་པ་ནི་ཨོཾ་ལ་སོགས་པའི་སྔགས་དང༌། འབར་བའི་ཕྱག་རྒྱ་འཆིང་བ་ལ་སོགས་པའི་ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། ཚོགས་ཀྱི་འཁོར་ལོ་བསྟན་པ་དང༌། རྡོ་རྗེའི་གླུ་ལ་སོགས་པ་དང༌། ཡེ་ཤེས་ཏེ་རྫོགས་པའི་རིམ་པ་བཞི་ལ་སོགས་པ་རྣམས་འཇིག་རྟེན་པའི་འབྲེལ་པ་དེར་ནི་སྟེ་དེ་དག་ལ་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་འབྲེལ་པ་དེ་དག་ཉེ་སྙེམས་པས། བླ་མ་ལ་མ་དད་པ་ཐམས་ཅད་བསྐྱེད་ཅིང་སྨོད་པ་དང༌། བླ་མ་དང་སེམས་ཅན་ཐམས་ཅད་སུན་འབྱིན་པར་བྱེད་དེ། རྒྱུ་དེས་ན་དེ་དག་ཀྱང་དམྱལ་བར་འགྲོ་བར་འགྱུར་ཞིང༌། དེའི་ཕྱིར་འདུས་པའི་སེམས་ཅན་གཞན་ཡང་བྱང་ཆུབ་ཀྱི་སེམས་དྲི་མ་ཅན་དུ་འགྱུར་རོ། །འོན་ཀྱང་དེ་དག་ཡོངས་སུ་གཟུང་བའི་ཕྱིར་ཟས་ལ་སོགས་པ་ལ་ལྷན་ཅིག་ཏུ་སྤྱད་པར་བྱའོ། །གཉིས་པ་དམ་ཚིག་གི་བྱེ་བྲག་བཟའ་བའི་དམ་ཚིག་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་བསྟན་པ་ནི། དག་བྱེད་ཟས་ཏེ་སྔར་ལེའུ་ཉི་ཤུ་རྩ་བདུན་པར་བཤད་པའི་གཙང་སྦྲ་གཉིས་པ་བྱིན་གྱིས་བརླབ་པའི་བདུད་རྩི་ལྔ་ཡིན་ལ། དེ་ལ་ལོངས་སྤྱོད་པ་ནི་རྟག་ཏུ་བཟའ་བའི་དམ་ཚིག་ལ་སྤྱད་པར་བྱས་པར་འགྱུར་རོ། །ཡང་དག་བྱེད་ཀྱི་རྫས་བདུད་རྩི་ལྔ་པོ་འདི་རིགས་ལྔའི་ངོ་བོ་ཡིན་པས་འདི་དག་བསྟེན་པ། དེ་བསྲུང་བའི་དམ་ཚིག་ལ་གནས་པར་ཡང་འགྱུར་བ་ཡིན་གསུང་ངོ༌། །གཞན་ཡང་སྔགས་ཏེ་རྒྱུད་འདིའི་རྩ་བའི་སྔགས་ལ་སོགས་པ་དམ་ཚིག་མ་ཐོབ་ཅིང༌། སེམས་ཅན་སྣོད་ཡོངས་སུ་མ་སྨིན་པ་སུ་ལ་ཡང་སྦྱིན་པར་མི་བྱ་ཞིང༌། དབང་བསྐུར་ཞིང་དམ་ཚིག་དང་ལྡན་པ་རྣམས་ལ་སྦྱིན་པར་བྱའོ། །མན་ངག་ནི་དབང་བཞི་པའི་དེ་ཁོ་ན་ཉིད་ལ་སོགས་པ་ཡིན་ལ། དེ་རྣམ་པར་ཉམས་པར་མི་བྱ་ནི་དབང་མ་རྫོགས་པ་ལ་མི་བསྟན་པའོ། །དམ་ཚིག་ལ་གནས་པ་དབང་རྫོགས་པ་ཐོབ་པ་རྣམས་ལ་ཇི་ལྟར་རིགས་པས། བཞི་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་རྣམས་སྦྱིན་པར་བྱའོ། །གསུམ་པ་ཕོ་ཉའི་བྱེ་བྲག་བསྟན་པ་ནི་ཕོ་ཉ་སྟེ་རང་གིས་དབང་བསྐུར་ཞིང་དམ་ཚིག་ལ་སོགས་པ་བསླབས་པའི་ཕྱག་རྒྱ་མོ་ཌོམྦི་ནཱི་ལ་སོགས་པ་ཡིན་ལ། དེ་མ་གཏོགས་པ་ཐ་མལ་པའི་བུད་མེད་གཞན་དག་དབང་ལ་སོགས་པ་མ་ཐོབ་པ་ལ་འདོད་པ་ནི། ཐ་མལ་པའི་ཆགས་པ་ཡིན་ལ་རྨོངས་པ་ནི་དེ་ལ་ཆགས་པས་འགྲོ་ཞིང་བགྲོད་པས་བསྟེན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕོ་ཉ་བསྟེན་པའི་འཐད་པ་ནི་རང་གི་རྒྱུད་ཇི་ལྟ་བ་བཞིན་དུ་སྦྱངས་པའི་ཕོ་ཉ་མོ་དེས་རྟག་ཏུ་ཐར་པའི་འབྲས་བུ་སྟེར་བའི་ཕྱིར་དེ་ལྟ་བུ་འབད་པ་སྟེ། རྩོལ་བ་དྲག་པོས་ཀྱང་ལོངས་སྤྱོད་ཅིང་བསྟེན་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། སྐྱེ་གནས་དམན་པ་གདོལ་བའི་བུ་མོ་ལྟ་བུ་ལ་ཆགས་པའི་སྒོ་ནས་བསྙེན་བཀུར་བ་དང་བསྟེན་པར་མི་གནང་ལ། བྲམ་ཟེ་མོ་ལ་སོགས་པ་རིགས་བཟང་བ་ལ་ཡང་ཆགས་པའི་སྒོ་ནས་བསྙེན་བཀུར་ཉིད་བྱ་བ་མ་ཡིན་ཏེ། དེས་ནི་དོན་གྱིས་སྔར་གདོལ་པ་མོ་ལྟ་བུ་མཚན་ཉིད་དང་ལྡན་པ་བསྟེན་ན་དེ་ཉིད་ལ་བསྙེན་བཀུར་བྱའི། བྲམ་ཟེ་མོ་ལ་སོགས་པ་རིགས་བཟང་པོ་ཕྱིས་མི་གཟུང་བ་ཡིན་གསུང་ངོ༌། །བསྟེན་པར་བྱ་བའི་ཕོ་ཉ་མོའི་མཚན་ཉིད་དང་ཡོན་ཏན་གྱི་བྱེ་བྲག་བསྟན་པ་ནི། མ་དང་ཞེས་པ་ལ་སོགས་པ་སྟེ་འདི་དག་གི་མཚན་ཉིད་སྔར་བཤད་ཟིན་ཏོ། །ཕོ་ཉ་བསྟེན་པའི་སྒྲུབ་པ་པོ་རང་ཇི་ལྟ་བུ་ཞིག་གིས་བསྟེན་ཅེ་ན། རྟེན་གྱི་གང་ཟག་ལས་དང་པོ་པའི་དུས་སུ་བྲམ་ཟེའི་རིགས་ལ་སོགས་པའི་ཕོ་ཉ་མོ་གཅིག་གཅིག་ལ་ཡང་སྔ་མའི་ཡོན་ཏན་ལྔ་ཆར་དང་ལྡན་པ་བསྟེན་པའི་ཚེ། ལྷའི་ང་རྒྱལ་དང་ལྡན་པས་བསྟེན་པར་སྟོན་པ་ནི། འཁོར་ལོ་ནི་སྔོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་སོང་བས། དེ་བཞིན་གྲུབ་པ་ནི་ལྷའི་ང་རྒྱལ་ལ་གནས་པས་བྱའི། གཞན་དུ་སྟེ་སྔོན་དུ་ལྷར་མ་བསྐྱེད་པས་བསྟེན་པར་བྱ་བ་མ་ཡིན་ནོ། །ཡང་བཤད་པ་གཉིས་པ་ནི་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་དུས་སུ་སྔར་གྱི་ཕྱག་རྒྱ་མ་ལྔ་ཀ་དངོས་སུ་རང་བསྟེན་པ་དེ་ཡང་འཇིག་རྟེན་པའི་མདུན་དུ་བསྟེན་ན་ནུས་པ་ཐོབ་པ་གཅིག་གིས་བསྟེན་པར་བསྟན་པ་ནི། འཁོར་ལོས་དེ་བཞིན་གྲུབ་པ་སྟེ་གཞན་གྱི་མི་མོས་པ་བཟློག་པ་ལ་སོགས་པ་ནུས་པ་ཐོབ་པ་གཅིག་གིས་བསྟེན་པར་བྱའི། གཞན་དུ་སྟེ་ནུས་པ་མ་ཐོབ་ཅིང་ཐིག་ལེ་འཛིན་པར་མི་ནུས་པས་ནི་བསྟེན་པར་བྱ་བ་མ་ཡིན་ནོ། །བཤད་པ་གསུམ་པ་ནི་འདི་ལ་བརྟེན་ནས་རྫོགས་པའི་རིམ་པ་འཁོར་ལོ་བསྐོར་བའི་མན་ངག་འཛིན་པ་ཡིན་ཏེ། དེ་ཡང་འཁོར་ལོས་དེ་བཞིན་དུ་གྲུབ་པའི་འཁོར་ལོ་བསྐོར་བའི་མན་ངག་གིས་ཐིག་ལེ་འཛིན་པ་ཡིན་ལ་གཞན་དུ་སྟེ། འཁོར་ལོ་བསྐོར་བའི་མན་ངག་མེད་པ་རྣམས་ཀྱིས་ནི་ཕོ་ཉ་དངོས་སུ་བསྟེན་པ་མ་ཡིན་ནོ། །ལས་དང་པོ་པ་ནུས་པ་མ་ཐོབ་པའམ། འཁོར་ལོ་བསྐོར་བའི་མན་ངག་མེད་པས་དངོས་སུ་ཕོ་ཉ་བསྟེན་ན་སྐྱོན་ཅི་ཡོད་སྙམ་ན། དཀའ་ཐུབ་ངེས་པར་ཟད་པར་འགྱུར་ནི་རང་གི་དཀའ་ཐུབ་དང་སྡོམ་པ་ངེས་པར་ཟད་པར་འགྱུར་ཞིང་ཏིང་ངེ་འཛིན་ཉམས་པའི་རྒྱུར་འགྱུར་རོ། །དེ་སྐད་དུ་ཡང༌། དཀའ་ཐུབ་བདག་ཉིད་ཆེན་པོ་ཡིས། །གང་ཞིག་རྟག་ཏུ་མཆོད་བྱེད་པ། །བཤུང་ཞིང་དམན་པའི་སེམས་ཀྱིས་ནི། །དཀའ་ཐུབ་ངེས་པར་ཟད་པར་འགྱུར། །ཞེས་གསུངས་སོ། །ནུས་པ་ཐོབ་པས་སྤྱོད་པའི་དུས་སུ་ཕོ་ཉ་བསྟེན་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། དེའི་ཕན་ཡོན་ནི་མཆོག་སྟེ་ལྷན་ཅིག་སྐྱེས་པ། དབུས་ཞིང་ལས་སྐྱེས་པ། ཐ་མ་ནི་སྔགས་སྐྱེས་མ་སྟེ། དེ་ཐམས་ཅད་ལྷན་ཅིག་འགུགས་ཏེ་གང་ཡང་གནས་ལ་སོགས་པར་སྔོན་གྲུབ་པ་རྣམས་ཀྱི་བྱིན་གྱིས་རློབ་པའི་གོ་འཕང་མཛད་པར་འགྱུར་རོ། །དེ་ཡང་ཇི་ལྟར་བྱས་པས་ཤེ་ན། དེ་ལྟར་ཏེ་སྔགས་སྐྱེས་ལས་ཞིང་སྐྱེས་སུ་ཞེན་པ་བྱས་པ་ལ་སོགས་པས་ལྷན་ཅིག་སྐྱེས་མ་བསྐུལ་བས། མཐར་ཆོས་སྐུའི་རྟོགས་པ་འབྱུང་བ་ཡིན་ལ། དེ་ཡང་རྫས་ནི་ཞེས་པ་ནུས་པ་ཐོབ་པས་དངོས་སུ་སྔགས་སྐྱེས་བསྟེན་པས་དེས་རིམ་གྱིས་ཕོ་ཉ་གཉིས་པོ་བསྐུལ་བར་གསུངས་པ་དེ་རྣམ་པར་ངེས་པ་ཡིན་ནོ། །བཞི་པ་སྤྱོད་པའི་དུས་སུ་སྤྱོད་ལམ་ཇི་ལྟར་བྱ་བའི་བྱེ་བྲག་བསྟན་པ་ནི། བྱ་བ་ཅི་བྱེད་ཐམས་ཅད་གཡོན་གྱི་ཀུན་ཏུ་སྤྱོད་པས་བྱའོ། །ཞེས་བསྟན་པའི་ཕྱིར་འཇིག་རྟེན་ཞེས་པ་ལ་སོགས་པ་སྨོས་ཏེ། འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་དེས་འཇིག་རྟེན་ན་རྒྱུ་བའི་ཚེ། གང་དུ་འགྲོ་བ་ལ་སོགས་པ་བྱེད་ཀྱང་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལས་བྱུང་བར་མཚོན་པ་དང༌། འཇིག་རྟེན་པ་ལས་གོ་བཟློག་པའི་དོན་དུ་རྟག་ཏུ་གཡོན་ནས་བསྐྱོད་ཅིང་རྐང་པ་གཡོན་པ་སྔོན་ལ་འདོར་བ་དང༌། ལག་པ་གཡོན་པ་སྔོན་ལ་སྐྱོད་པར་བྱེད་པ་དང༌། མཆོད་པ་བྱེད་པའི་ཚེ་ཡང་ལག་པ་གཡོན་པས་བྱེད་པ་དང༌། གོས་ལ་སོགས་པ་གྱོན་པ་ན་ཡང་ལུས་ཀྱི་གཡོན་ངོས་འཁྲི་བ་དང༌། ཟས་ལ་སྤྱོད་པའི་ཚེ་ཡང་ལག་པ་གཡོན་པས་ནི་ཚིམ་པར་བཟའ་བ་ཡིན་ཏེ། དེ་སྐད་དུ་ཡང༌། ཕྱག་རྒྱ་ཆེན་པོས་མཆོད་མེད་པར། །གང་ཞིག་དེ་བཞིན་གཤེགས་པས་མཆོད། །དེ་ཡི་ངལ་བ་དོན་མེད་དོ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་ལྷ་བསྒོམ་པ་དང༌། ཕོ་ཉ་བསྟེན་པ་དང༌། གཡོན་གྱི་ཀུན་སྤྱོད་ལ་སོགས་པ་བྱས་པས་བརྟུལ་ཞུགས་མ་ཉམས་ལ། བརྟུལ་ཞུགས་རྫོགས་ནི་དུས་ཀྱི་ངེས་པ་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པས་བསྐལ་པ་དུ་མས་བརྒྱ་ལམ་ན་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་ཅད་བརྟུལ་ཞུགས་སྔར་བཤད་པ་དེས་ཟིལ་གྱིས་གནོན་ཅིང་སྤོང་བ་སྟེ། བརྟུལ་ཞུགས་འདིས་ཚེ་འདི་ཉིད་ལ་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱེད་པའི་སྒྲུབ་པ་པོ་དེ་འཁོར་ལོ་བདེ་མཆོག་གི་དམ་ཚིག་ལ་བརྩོན་པར་བྱེད་པ་ཡིན་ལ། གཞན་ཡང་སྤྱོད་པ་བྱེད་པའི་རྣལ་འབྱོར་པ་དེ་ལ་ཐ་མལ་པའི་རིགས་གཙོ་བོ་མིན་ཏེ། དམ་ཚིག་གི་རིགས་གཙོ་བོ་ཡིན་པས་དམ་ཚིག་ཅན་གྱི་རིགས་ཏེ། དེ་ལ་རིགས་སུ་བྱེད་པས་དམ་ཚིག་ཅན་གྱི་རིགས་ལ་སྤྱོད་པའི་སྒྲུབ་པ་པོ་དེས་རང་གི་ཐ་མལ་པའི་རིགས། རྒྱལ་རིགས་ལ་སོགས་པ་ལ་རྒྱལ་རིགས་ཀྱི་ང་རྒྱལ་དུ་མི་བྱེད་པར་རིགས་བཟང་ངན་མེད་པར་ཐམས་ཅད་དང་ལྷན་ཅིག་ཏུ་ཟས་ལ་ལོངས་སྤྱད་པར་བྱེད་དོ། །སྒྲུབ་པ་པོ་ནུས་པ་ཐོབ་པས་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་དུས་སུ་རིགས་ལྔ་ནི་རྒྱལ་རིགས། བྲམ་ཟེའི་རིགས། རྗེའུའི་རིགས། དམངས་རིགས། མཐར་སྐྱེས་སམ་གདོལ་པ་མོ་སྟེ་ཕོ་ཉའི་རིགས་ལྔ་ལ་ཀུན་སྤྱོད་པའི་ཚེ། རིགས་ནི་རྣམ་པ་བཞི་རུ་བསྒྲགས་ནི། མཐར་སྐྱེས་མ་གདོལ་པ་མོ་དང༌། དམངས་རིགས་གཅིག་ཏུ་བྱས་པས་རིགས་བཞིའོ། །རིགས་གཅིག་ནི་དང་པོ་རྒྱལ་རིགས་དང༌། བྲམ་ཟེའི་རིགས་གཅིག་ཏུ་བྱས་ཏེ་རིགས་གསུམ་དུ་བྱ། དེ་གསུམ་རང་ཡང་རྡོ་རྗེ་སེམས་དཔའི་རིགས་སུ་བྱས་པའི་རིགས་བརྒྱའི་མཐར་ཐུག་པ་ཡང་སེམས་ཀྱི་རིགས་སུ་གཅིག་པས། རིགས་གཅིག་སྟེ་དེ་ལ་ཀུན་ཏུ་སྤྱོད་པའི་རྣལ་འབྱོར་པ་དེས་དངོས་གྲུབ་འགྲུབ་པའི་དོན་དུ་དེ་དག་དང་སྙོམས་པར་ཞུགས་ཏེ། བདེ་བ་སྐྱེད་པས་རབ་ཏུ་མཆོད་དོ། །དེ་སྐད་དུ་ཡང༌། དེ་དག་དཀྱིལ་འཁོར་དག་ཏུ་མཉམ། །རྣམ་པར་མི་རྟོག་ཀུན་སྤྱོད་བྱ། །འདུ་འཛི་ཡོངས་སུ་འཛིན་མེད་ཅིང༌། །དོགས་པ་མེད་པར་གང་རྙེད་པའི། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །སྐྱོན་མེད་པར་ནི་བསྟེན་པར་བྱ། །ཞེས་གསུངས་སོ། །ལྔ་པ་སྦྱིན་སྲེག་གི་བྱ་བ་བསྟན་པ་ནི་སྤྱིར་སྦྱིན་སྲེག་གསུམ་ལས། འདིར་དང་པོ་ཕྱིའི་སྦྱིན་སྲེག་སྟོན་པ་ལ་ཡང་བཞི་ལས་དྲག་པོའི་སྦྱིན་སྲེག་སྟོན་ཏེ། དེ་ཡང་འོག་ནས་དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། ཞེས་པ་དྲག་པོའི་ཐབ་དཀྱིལ་འཁོར་གྲུ་གསུམ་པ་རྒྱར་སོར་ཉི་ཤུ་པ་ལ་སོགས་པ་བྱ་བ་དང༌། བསྲེག་རྫས་ལ་སོགས་པ་ཐམས་ཅད་སློབ་དཔོན་ཀཾ་པ་ལས་བཤད་པ་ལྟར་བྱས་ལ། མེ་ཐབ་ཏུ་མེའི་ནང་དུ་མེ་ལྷ་ཆོ་ག་ཇི་ལྟ་བའམ། སྐད་ཅིག་མས་བསྐྱེད་པ་ལ་མཆོད་པ་སྔོན་དུ་འགྲོ་བས་བསྲེག་རྫས་དབུལ་བའི་ཚེ། ཡི་གེ་བདུན་པའི་སྔགས་ལ་མཱ་ར་ཡ་ཕཊ་བཏགས་ཏེ་བ་ལང་གི་ཤ་ལ་སོགས་པ་དང༌། ཁྱིམ་བྱ་ལ་སོགས་པ་བྱ་སྣ་ཚོགས་པའི་ཤས་དྲག་པོའི་སྦྱིན་སྲེག་བྱས་ན་སངས་རྒྱས་རྣམས་ཀྱང་ངེས་པར་འཇིགས་ཞེས་པ་ནི། ལ་འདོར་བའི་ཚིག་སྨོས་པར་ཟད་དོ། །གཉིས་པ་ནི་ནང་གི་སྦྱིན་སྲེག་ཁ་ཟས་སམ་ཚོགས་ལ་ལོངས་སྤྱོད་པའི་ཚུལ་བསྟན་པ་ནི། ཕྱིའི་སྦྱིན་སྲེག་བཤད་པ་དེ་བཞིན་དུ་ནང་གི་སྦྱིན་སྲེག་གི་རྫས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཟས་ཏེ་སྔར་བཤད་པའི་བ་ལང་གི་ཤ་ལ་སོགས་པའོ། །དེ་དག་བྱིན་གྱིས་བརླབ་པ་ནི་སྔགས་ཨོཾ་ཨཱཿཧཱུྃ་ལ་སོགས་པ་དང༌། མཐེབ་སྲིན་སྦྱར་བའི་ཕྱག་རྒྱ་དང་ལྡན་པས་སྨན་ནི་རྫས་དེ་དག་བདུད་རྩིར་བྱིན་གྱིས་བརླབས་ལ། མེ་ལྷའི་དོད་ནི་བདག་དཔལ་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་ཡབ་ཡུམ་དུ་བསམས་ལ། རང་གི་སྙིང་གར་ཟླ་བའི་སྟེང་དུ་དཀྱིལ་འཁོར་གྱི་ལྷ་སྤྲུལ་ནས་ཟས་ལ་ཉེ་བར་ལོངས་སྤྱོད་པ་འདི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ཀུན་ལས་སྤངས་ནི། དེ་དག་དུ་མ་གྲགས་ཤིང་མེད་དོ། །དེ་སྐད་དུ་ཡང༌། ཉོན་མོངས་ཐམས་ཅད་ཞི་བ་དང༌། །ཏིང་ངེ་འཛིན་ནི་རྒྱས་པའི་ཕྱིར། །སྲིད་གསུམ་སྙིང་པོའི་ཐབ་ཁུང་དུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་བྱ། །ཞེས་གསུངས་སོ། །རྣལ་འབྱོར་རྟག་ཏུ་བསྲུང་བར་བྱ། །ཞེས་པ་ནི་རྒྱུན་དུ་བྱ་བའི་རྣལ་འབྱོར་བཞི་སྟེ། མཉམ་པར་གཞག་པའི་རྣལ་འབྱོར་ལ་སོགས་པ་རྟག་ཏུ་བསྲུང་བར་བྱའོ། །དེ་ལ་གནས་ན་ཞི་བ་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པས་ན་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ལ། ནང་གི་སྦྱིན་སྲེག་དང་ལྡན་པ་ལ་བར་ཆད་མི་འཇུག་པས་ན། བགེགས་མེད་པར་ཇི་ལྟ་བ་བཞིན་འགྲུབ་པར་འགྱུར་བ་ཡིན་གྱི། འདིར་ནི་གཞན་དུ་འགྲུབ་པ་ཁོ་ན་ལས་མི་འགྲུབ་པར་གཏོགས་པ་མ་ཡིན་ནོ། །དོན་གྲུབ་པ་ཕོ་ཉ་བསྟེན་པའི་ཕན་ཡོན་དཔེ་དོན་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འགྱུར་བར་བསྟན་པ་ནི། འདི་ནི་ཞེས་པ་ལ་སོགས་པ་སྨོས་ཏེ་འདིས་སྦྱིན་སྲེག་གསུམ་འབྲེལ་པ་ཅན་གྱི་དབང་དུ་བྱས་ན་བླ་ན་མེད་པའི་སྦྱིན་སྲེག་བསྟན་པ་ཡིན་ལ། དེ་ཡང་ལེའུ་དང་པོའི་མཆོད་བཞི་དཔའ་བོ་ཆེན་པོ་ནི། ཞེས་པས་ཕྱག་རྒྱ་བཞིའི་རྫོགས་པའི་རིམ་པ་སྟོན་པ་ལས། འདིར་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ཡང་བསྟན་པ་ཡིན་གསུང་ངོ༌། །དེ་ཡང་འདི་ནི་ཕོ་ཉ་མོ་མཆོག་བཟང་པོ་ནི་རང་གིས་དབང་བསྐུར་ཞིང་དམ་ཚིག་ལ་བསླབ་པའོ། །སྒྲུབ་པ་པོས་དེ་བསྟེན་པ་ལ་བརྩོན་ཞིང་དེ་དང་ལྷན་ཅིག་ལྡན་པར་བྱ་བ་ཡིན་ནོ། །དེ་ཇི་ལྟར་བསྟེན་ཞེ་ན། ཕོ་ཉ་དང་ཆགས་པ་སྟེ་དཔེའི་ཡེ་ཤེས་ཀྱི་བདེ་བ་ལ་དགའ་བའི་ལོངས་སྤྱོད་རྫོགས་པར་བྱའོ། །དེ་ཉིད་གང་ཞེ་ན། རྣལ་འབྱོར་རྫས་ཀྱི་རྣམ་འབྱེད་ཉིད་ནི། དགའ་བ་གསུམ་གྱི་དབྱེ་བ་སྔོན་དུ་སོང་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱའོ། །དེ་ཡང་གང་ལ་བརྟེན་ཞེ་ན། བླ་མའི་གདམས་ངག་ལ་བརྟེན་ནས་དོན་གྱི་བཞི་པའི་རྟོགས་པ་སྐྱེ་བས་ན། དེ་རྟོགས་པར་འདོད་པ་ལ་དགའ་ཞིང་དོན་གྱི་བཞི་པ་གོམས་པ་ལས་མཐར་ཐུག་ཆོས་སྐུ་རྟོགས་ལ། དེ་ལས་གཟུགས་ཀྱི་སྐུ་དུ་མས་གདུལ་བྱ་ཅི་དང་ཅི་འདོད་པ་ལ། དེ་དང་དེའི་རྣམ་པར་སྣང་བ་བྱུང་བས། དེ་ནི་སྦྱིན་བདག་མཆོག་ཏུ་གསུངས་ཞེས་བྱ་སྟེ། དེས་ནི་ཕོ་ཉ་བསྟེན་པའི་དགོས་པའམ་ཕན་ཡོན་བསྟན་པ་ཡིན་ལ། དེ་ལྟར་བསྟན་པ་འདི་ཐམས་ཅད་ཀྱིས་ཀྱང་ལམ་གྱི་གསང་བ་བསྒྲུབ་པའི་ཡན་ལག་བསྟན་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ཕྱི་དང༌། ནང་དང༌། བླ་ན་མེད་པའི་སྦྱིན་སྲེག་དང༌། རིགས་ལྡན་མ་མཆོད་པའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་བརྒྱད་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།།  །།ལེའུ་ཉི་ཤུ་རྩ་དགུ་པས་ནི་སྔར་བསྟན་པའི་ཚུལ་གྱིས་ཕོ་ཉ་མོ་བསྟེན་པ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བས་དེའི་གྲོགས་སམ། ཡན་ལག་གམ་རྐྱེན་ཕོ་ཉ་མོའི་མཚན་ཉིད་བསྟན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོར་བཤད་པར་དམ་བཅའ་བའི་སྒོ་ནས་ཕོ་ཉའི་མཚན་ཉིད་མདོར་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་སྔར་བཤད་པའི་ཕོ་ཉ་མོའི་མཚན་ཉིད་བསྟེན་པའི་ཚུལ་ལས། གཞན་ཡང་སྔར་བཤད་པ་ལས་ཚུལ་གཞན་གྱིས་བསྟན་པ་ནི། ཕོ་ཉའི་མཚན་ཉིད་སྔར་གྱི་ལེའུ་རྣམས་སུ་མ་གསུངས་ལ། ཕྱིས་ཀྱི་ལེའུ་རྣམས་སུ་ཡང་མི་འབྱུང་ལ་གོང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་དམ་རྟགས་ལས་ལེའུ་འདིར། གཞན་ཡང་བ་ལང་ཅན་གསང་རྩ་ཁྱད་པར་ཅན་དང་ལྡན་པའི་ཁྱད་པར་གྱི་མཚན་ཉིད་ཤེས་པར་བྱའོ། །དེ་ལྟ་བུའི་མཚན་ཉིད་འདིར་བསྟན་པའི་དགོས་པ་ནི་དབང་དང་དམ་ཚིག་ལ་གནས་པའི་མཁའ་འགྲོ་མ་རིགས་ཀྱི་རྟགས་དང༌། ལུས་ཀྱི་བརྡ་དང༌། ངག་གི་བརྡ་ལ་སོགས་པ་གང་གིས་ཡང་དག་པར་ཤེས་པར་འགྱུར་བ་དེ་བཤད་དོ། །གཉིས་པ་བཤད་པ་དངོས་ལ་ལྔ་ལས། དང་པོ་ཕོ་ཉའི་མཚན་ཉིད་བསྟན་པ་ནི། ངོ་ཤེས་པ་ནི་རྣལ་འབྱོར་མ་དེ་རྣམས་ཀྱིས་སྒྲུབ་པ་པོ་མཐོང་བ་ན། འདི་ལྟར་བརྩེ་ཞིང་ཡིད་དུ་འོང་བ་མིང་པོ་དང༌། ཕ་དང༌། བདག་པོ་སྟེ་ཁྱོ་ཉིད་དུ་སྐད་ཅིག་གིས་མཐོང་བར་འགྱུར་རོ། །ཕོ་ཉ་མོའི་མཚན་ཉིད་དངོས་ནི། ལྕེ་སྦོམ་པ་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་མཚན་ཉིད་འདི་ནི་པཎྜི་ཏ་ནཱ་རོ་ཏ་པའི་དགོངས་པའི་སྤྱིར་གླང་པོ་ཅན། རི་དྭགས་ཅན། པདྨ་ཅན། དུང་ཅན་མ། སྣ་ཚོགས་ཅན་མ་དང་ལྔ་ལས་འདིར་གླང་པོ་ཅན་མ་ཞེས་བྱ་བ་ནི་རྣལ་འབྱོར་མའི་མཚན་ཉིད་དུ་བཞེད་ལ། ཕོ་ཉ་མོ་དེ་དང་རྗེས་སུ་མཐུན་པའི་སྦྱོར་བ་ཡང༌། ཁབ་ལྟ་བུའི་སྦྱོར་བས་བསྟེན་པར་བྱས་ན་དགའ་བའམ་བདེ་བ་ཁྱད་པར་ཅན་སྐྱེས་བ་ཡིན་ལ། དེའི་སྦྱོར་ལུགས་ཇི་ལྟར་བྱ་བ་ནི་འདོད་པའི་བསྟན་བཅོས་ལས་བཤད་པ་དང་འདྲ་གསུང་ངོ༌། །སློབ་དཔོན་ཀཾ་པ་ལས་ནི་ཕྱག་རྒྱ་ལྔ་ཀ་ལ་ཡང་བཤད་དེ། ཕྱག་རྒྱ་དེ་དག་དང༌། དགྱེས་པ་རྡོ་རྗེ་ལས་འབྱུང་བའི་བྱེ་བྲག་དང་བསྟུན་པར་བྱའོ། །དེ་ཡང་ལྕེ་སྦོམ་ཞེས་པ་རྣལ་འབྱོར་མ་དེ་ལ་ལྕེ་སྦོམ་པ་དང༌། བཞིན་འཕེལ་ཆེ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་སྟེ། དེ་སྐད་དུ་ཡང༌། བཞིན་འཕེལ་ཆེ་ཞིང་བུ་རྒྱས་མ། །བཞིན་ཡང་ཐུང་ཞིང་སྐྲ་ཡང་ཐུང༌། །གླང་ཆེན་དྲི་བྲོ་མྱོས་པ་སྟེ། །མདོར་བསྡུས་ནས་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །གཞན་ཡང་མིག་དམར་སེར་སྤུ་རྩུབ་ཅིང་སྤུ་དམར་སེར་དུ་ཡོད་པ་ཡིན་ལ། ཕོ་ཉ་མོ་འདི་ལ་བརྟེན་ནས་དཔེའི་ཡེ་ཤེས་སྐྱེ་བས་ན་འདི་ནི་དངོས་གྲུབ་གསུམ་པོ་ཀུན་གྱི་ཐུན་མོང་གི་རྒྱུར་འགྲོ་བ་ཡིན་ནོ། །ཕོ་ཉ་མོ་དེའི་མཚན་ཉིད་གཞན་ཡང་རང་གི་ལྷའི་བཟླས་པ་དང༌། ལྷ་བསྒོམས་པ་ལ་སོགས་པའི་བརྟུལ་ཞུགས་ལ་སོགས་པ་ལ་རྟག་ཏུ་དགའ་བ། སྒྲུབ་པ་པོ་ལ་རྟག་ཏུ་མོས་པ་དང༌། མི་འབྲལ་བའི་དྲན་པ་དང་ཡང་དག་པར་ལྡན་པ། ཕོ་ཉ་མོ་ལ་སོགས་ནི་སྔགས་སྐྱེས་སམ་ཞིང་སྐྱེས་མ་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་ན་བཞུགས་པ་དང་བཅས་པ་སྟེ། དེ་ཉིད་གང་ཞེ་ན། མཁའ་འགྲོ་མ་མཆོག་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱིས་མཁའ་འགྲོ་མ་མ་ལུས་པ་རྣམས་བསྡུས་པའོ། །དངོས་སུ་སྔགས་སྐྱེས་མ་བསྟེན་པ་དེ་ཡང་ཞིང་སྐྱེས་སུ་ཞེན་པ་བྱས་ན་དེ་རྣམས་ཀྱིས་སྒྲུབ་པ་པོ་ལ་ལོངས་སྤྱོད་དང་སྟེ་ཐུན་མོང་གི་དངོས་གྲུབ། གྲོལ་བ་སྟེ་མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བ་ཡིན་ནོ། །གཉིས་པ་ཕོ་ཉ་དེ་བསྟེན་པའི་ཚུལ་ནི། ལས་དང་པོ་པ་དབང་པོ་དམན་པས་ཅི་ནས་ཀྱང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དཔེའི་ཡེ་ཤེས་མྱོང་བར་བྱས་ལ། དེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྟོགས་པར་བྱ་བ་ནི། འདོད་པའི་དོན་ཀུན་ཅེས་པ་ལ་སོགས་པ་སྟེ། སྒྲུབ་པ་པོའི་འདོད་པའི་དོན་དངོས་གྲུབ་གསུམ་པོ་ཀུན་མཐུན་པར་གྲུབ་པར་བྱེད་པའི་ཐབས་རྩ་བའི་སྔགས། ཨོཾ་ན་མོ་བྷ་ག་ཝ་ཏེ་ལ་སོགས་པ་རྟག་ཏུ་བཟླས་པའམ། ཡང་ན་རྩ་བའི་སྔགས་ནི་ཡིད་སྐྱོབ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། རྟག་ཏུ་བཟླས་ནི་ཕོ་ཉ་ལ་བརྟེན་ནས་ཡང་དང་ཡང་དུ་སློབ་པའོ། །དེས་ཐ་མལ་པའི་བདུད་ཀུན་ནམ། ཡང་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་གནས་ན་བདུད་དེ། དེས་བར་ཆད་ཞི་བར་བྱེད་པ་དང༌། གཞན་ཡང་རྒྱུ་བ་སེམས་ཅན་གྱི་འཇིག་རྟེན། མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ཏེ། དེ་ལྟ་བུའི་འཇིག་རྟེན་གསུམ་དུ་རྣལ་འབྱོར་པ་རྩ་བའི་སྔགས་དངོས་སམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་ལ་རོལ་པ་དེ་ལ་འབྲས་བུ་ཐམས་ཅད་སྟེར་བར་འགྱུར་རོ། །འབྲས་བུ་དེ་རྒྱུ་གང་ལས་བྱུང་ན་ཐ་མལ་པའི་སྔགས་དངོས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གསང་སྔགས་འདི་ལས་འབྲས་བུ་ཐམས་ཅད་འབྱུང་བ་ཡིན་པས་སོ། །དེའི་ཕྱིར་སྔགས་དང་ནི་ཨོཾ་ཨཱཿཧཱུྃ་ལ་སོགས་པའམ། ཡང་ན་ལས་ཀྱི་ཕྱག་རྒྱའམ། ཕྱིས་བླ་མ་ལོ་ཙཱ་བ་ལ་དྲིས་པས་དཔའ་བོ་ཡིན་ཞེས་ཀྱང་གསུང་ངོ༌། །ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱའོ། །སྒྲུབ་བྱེད་སྒྲུབ་པ་རབ་བརྩོན་ཏེ། །དང་པོ་ལས་ཀྱི་ཕྱག་རྒྱ་ལ་དཔེའི་ཡེ་ཤེས་རྟོགས་པར་བྱས་ཏེ། དོན་གྱི་ཡེ་ཤེས་རྟོགས་པར་བྱེད་པ་ཡིན་གསུང༌། ཕྱིས་དྲིས་པས་གང་ཟག་དབང་པོ་རབ་ཀྱིས་ཆོས་ཀྱི་ཕྱག་རྒྱ་ལ་ཡིད་གཞན་དུ་མ་ཡེངས་པ་དང་ཤིན་ཏུ་བརྩོན་པས་གོམས་པར་བྱེད་པ་དེ་སྒྲུབ་བྱེད་སྒྲུབ་ལ་རབ་བརྩོན་དང་བྱ་བ་ཡིན་གསུང་ངོ༌། །གང་ཟག་ལས་དང་པོ་པ་དབང་པོ་ཐ་མས་ལས་ཀྱི་ཕྱག་རྒྱ་ལས་མ་མཚོན་ན། དཔེའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རྟོགས་པར་མི་ནུས་པས་ན་གང་ཟག་དབང་པོ་ཐ་མས་ལས་ཀྱི་ཕྱག་རྒྱ་བསྟེན་པ་དང་བྲལ་བས། གསང་སྔགས་ཏེ་སྒྲུབ་པ་པོའི་ཡིད་སྐྱོབ་པས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ལུས་ཅན་ནི་སྒྲུབ་པ་པོ་དབང་པོ་དམན་པ་རྣམས་ལ་བྱིན་གྱིས་མི་རློབ་སྟེ། ལས་ཀྱི་ཕྱག་རྒྱ་ལ་མ་བརྟེན་པར་དཔེའི་ཡེ་ཤེས་རྟོགས་པའི་ཐབས་མེད་པའི་ཕྱིར་རོ། །གསུམ་པ་ནུས་པ་ཐོབ་པའི་གང་ཟག་གིས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ་སོགས་པ་བྱེད་པའི་དུས་སུ་མ་གསང་བར་བསྟེན་པར་བསྟན་པ་ནི། ཇི་ལྟར་དྲོ་བའི་བྱ་བ་དག་ནི་ཏིང་ངེ་འཛིན་གྱི་ནུས་པ་གཞན་མི་མོས་པ་ཐམས་ཅད་བཟློག་ནུས་པ་ཡིན་ལ། དེ་དང་པོར་མངོན་པར་འབད་པ་དྲག་པོས་རྟོགས་པར་བྱས་ནི་དེ་སྔོན་དུ་ཐོབ་པར་བྱས་ལ། དེ་ནས་ཏིང་ངེ་འཛིན་གྱི་དྲོད་དང་ནུས་པ་ཐོབ་པ་དེས་སྨྱོན་པའི་བརྟུལ་ཞུགས་ལ་སོགས་པའི་དུས་སུ་འཇིག་རྟེན་པའི་མངོན་སུམ་དུ་ཕོ་ཉ་བསྟེན་པར་བྱའོ། །དེ་སྐད་དུ་ཡང༌། དང་པོ་ཤེས་རབ་དྲོ་བ་སྟེ། །གཉིས་པ་དུ་བ་ལྡན་གྱུར་པ། །གསུམ་པ་ལ་ནི་འོད་འཁྲུགས་འབྱུང༌། །བཞི་པ་མར་མེ་འབར་བ་སྟེ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡིན་ནམ་མཁའ་བཞིན། །དོན་འདི་ཉིད་གསལ་བར་གསུངས་པ་ནི། །སྣང་བ་ཅུང་ཟད་གསལ་བ་ནི། །དྲོ་བར་གྱུར་པ་ཞེས་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་དོན་གསལ་ནས། ཡེ་ཤེས་ཀྱི་སྣང་བ་མཆེད་པར་རྣམ་པར་ཤེས་པའི་གནས་སྐབས་སུ་རྟོགས་པའི་ཚོགས་ལས་གྲོལ་བས། རྒྱུན་མི་འཆད་པར་འོད་གསལ་བ་དེ་ནི་བཟོད་པ་ཞེས་བྱའོ། །འདི་ཉིད་དུ་སངས་རྒྱས་ཀྱི་ཆོས་རྣམས་མཆོག་ཏུ་གྱུར་པ་ནི་ཆོས་ཀྱི་མཆོག་ཅེས་བྱའོ། །ཞེས་སློབ་དཔོན་ཀཾ་པ་ལས་བཤད་དོ། །བཞི་པ་ནུས་པ་མ་ཐོབ་བར་ཕོ་ཉ་བསྟེན་ཅིང་འཇིག་རྟེན་པའི་སྔོན་དུ་སྤྱོད་པ་སྤྱད་པས་ན། འཇིག་རྟེན་པས་དཔྱས་པར་འགྱུར་བས་འཇིག་རྟེན་པ་དང་རྣལ་འབྱོར་པ་རང་ཉིད་ཁྱིའི་སྐྱེ་གནས་ལ་སོགས་པར་སྐྱེ་བར་བསྟན་པ་ནི། འདོད་པའི་དོན་དངོས་གྲུབ་གསུམ་པོ་ཀུན་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་ཆེན་པོ་ནུས་པ་མ་ཐོབ་པར་སྤྱོད་པ་བྱེད་པ། དེ་ལ་འཇིག་རྟེན་པ་རྣམས་མ་མོས་པ་སྐྱེས་ཏེ། གང་ཞིག་སྡང་ཞིང་སྨོད་པས་རྣལ་འབྱོར་པ་དང་སྨོད་པའི་འཇིག་རྟེན་པ་གཉིས་ཀ་ཡང་འདི་ནས་ཤི་འཕོས་ནས། ཁྱིའི་སྐྱེ་བ་བརྒྱར་བརྒྱུད་ནས་སྐྱེ་སྟེ། དེ་ནས་རིམ་གྱིས་སྨེ་ཤ་ཅན་ཏེ་ཤན་པའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་སྒྲུབ་པ་པོ་དེས་འབྲས་བུ་མི་འགྲུབ་པའི་དཔེ་བསྟན་པ་ནི། ལས་དང་པོ་པས་གསང་སྟེ་མ་བསྟེན་པ་དང༌། ནུས་པ་མ་ཐོབ་པས་འཇིག་རྟེན་པའི་མདུན་དུ་བསྟེན་ན། དཔེར་ན་གང་ཟག་ལ་ལས་འབྲས་བུ་མར་འདོད་པས་བསྲུབ་པའི་འབད་པས་ཆུ་སྲུབ་པར་གྱུར་ཀྱང༌། འབྲས་བུ་མར་མི་འབྱུང་བར་སླར་རང་ཉིད་ལུས་ཉོན་མོངས་པར་ཟད་པ་ལྟར། དེ་བཞིན་དུ་ལས་དང་པོ་པས་ཕྱག་རྒྱ་གསང་སྟེ་བསྟེན་པ་དང་བྲལ་བའམ། ནུས་པ་མ་ཐོབ་པས་འཇིག་རྟེན་པའི་མངོན་དུ་ཕྱག་རྒྱ་བསྟེན་ན་འབད་པ་བྱས་ཀྱང་དངོས་གྲུབ་མི་འགྲུབ་ཅིང༌། དེ་ལྟ་བུའི་སྒྲུབ་པ་པོ་དེ་ནི་རྣལ་འབྱོར་མའི་རྟགས་དང༌། ཕྱག་རྒྱ་འཛིན་ཅིང་ཕོ་ཉ་མཆོད་པར་བྱེད་པ་ནི། འཇིག་རྟེན་པ་རྣམས་ཀྱིས་རྣལ་འབྱོར་པར་གོ་བས་ཟས་ལ་སོགས་པ་སྟེར་དུ་རེ་བའི་འཚོ་བའི་ཐབས་ཀྱི་རྒྱུ་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་ཡང་རྣལ་འབྱོར་གཞན་ཏེ་ལས་ཀྱི་ཕྱག་རྒྱ་ཙམ་ཁོ་ན་ལ་བརྟེན་པའི་སྒྲུབ་པ་པོ་དེ་ནི་བཟང་པོ་ཞེས་བོས་ནས། གཞན་ཆོས་ཀྱི་མུ་ཏྲ་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱང་དོན་མེད་པར་འགྱུར་བའི་ཕྱིར་རོ། །ལྔ་པ་དཔལ་བདེ་མཆོག་འཁོར་ལོའི་རྣལ་འབྱོར་བཞི་ལ་གནས་པའི་རྣལ་འབྱོར་པ་ཆེན་པོ་དེའི་ཆེ་བ་བསྟན་པ་ནི། རྣལ་འབྱོར་ཆེ་མཆོག་སྟེ་རྒྱུད་འདིའི་རྣལ་འབྱོར་བཞི་བསྒོམ་པ་ལ་གནས་པ་དེའི་དཔའ་བོ་དེ་ནི་ཡུལ་ཕྱོགས་གང་ན་གནས་པར་གྱུར་པའི་ཡུལ་དེ་རིགས་ངན་ཀླ་ཀློའི་ཡུལ་ཡིན་ན་ཡང་ཡུལ་དེ་ན། འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་དེ་བཞུགས་པས་ན་བཀྲ་ཤིས་ཤིང་ཁྱད་པར་དུ་འཕགས་པའི་གནས་རྡོ་རྗེ་གདན་ལྟ་བུར་ཡོངས་སུ་བརྟགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་རྒྱུར། རྒྱུད་འདིའི་རྣལ་འབྱོར་བཞི་བསྒོམ་པའི་སྒྲུབ་པ་པོ་གང་ན་གནས་པ་དེ་རུ་དཔལ་འཁོར་ལོ་བདེ་མཆོག་ང་ནི་རྟག་པར་གནས་པའི་ཕྱིར་རོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་ཕོ་ཉ་མོ་གླང་པོ་ཅན་གྱི་ཁྱད་པར་གྱི་མཚན་ཉིད་དང༌། སྒྲུབ་པ་པོ་ནུས་པ་ཐོབ་པ་དང་མ་ཐོབ་པའི་གནས་སྐབས་ཀྱི་སྤྱོད་པའི་ཁྱད་པར་ཤེས་པར་བྱ་བའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་དགུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་པས་ནི་ལེའུ་ལྔ་པ་དང་བདུན་པ་ལ་སོགས་པར་བསྟན་པའི་རྩ་བའི་སྔགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བར་ཆད་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་དོན་དུ་གནོད་མཛེས་ཀྱི་སྔགས་བཏུ་བ་བསྟན་ཏེ། དེས་ན་སྔགས་འདི་དངོས་གྲུབ་ཀུན་གྱི་ཐུན་མོང་གི་གྲོགས་སུ་གྱུར་པ་ཡིན་པས་ན། སྔགས་བཏུ་བ་ཐམས་ཅད་ཀྱི་མཐར་སྔགས་འདི་བཏུ་བ་བསྟན་པ་ཡིན་ནོ། །ལེའུ་འདི་ལ་ཡང་ལེའུའི་གཞུང་དང་མཚན་གཉིས་ལས། དང་པོ་གཞུང་སྟོན། དེ་ལ་གཉིས་ལས། དང་པོར་བཤད་པར་དམ་བཅའ་བའི་སྒོ་ནས་སྔགས་ཀྱི་ཆེ་བ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ནི་ལེའུ་ཉི་ཤུ་རྩ་དགུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ནི་སྔར་བཤད་པ་རྣམས་ལས་གཞན་ཡང་བཤད་པར་བྱའོ། །གང་བཤད་ཅེ་ན། རྒྱུད་གཞན་དུ་རྙེད་པར་དཀའ་བའི་གནོད་མཛེས་ཀྱི་སྔགས་དགོད་པའོ། །དེ་ཤེས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གནོད་མཛེས་ཀྱི་སྒྲུབ་ཐབས་དང་སྔགས་ཀྱི་བཟླས་པ་སྒྲུབ་པ་པོ་གང་ཞིག་གིས་ཤེས་པ་ཙམ་གྱིས་ནི། བར་ཆད་མེད་པར་མྱུར་དུ་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པའོ། །བཤད་པ་དངོས་ལ་ལྔ་ལས། དང་པོ་སྔགས་བཏུ་བའི་སྔོན་དུ་འགྲོ་བའི་ཆོ་ག་བསྟན་པ་ནི། སྔགས་བཏུ་བའི་གནས་དེ་སའི་ཆ་ཐམས་ཅད་མཉམ་ཞིང་ཡིད་དུ་འོང་བར་བྱས་ལ། ཙནྡན་ལ་སོགས་པའི་དྲི་ཞིམ་པོས་བསྐུས་ཏེ། དྲི་བཟང་པོས་བསྐུས་པ་དང་ལྡན་པའི་ས་ལ་ནི་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་སིལ་མ་གཅལ་དུ་བཀྲམ་ཞིང༌། གུ་གུལ་དང་ཨ་ག་རུ་ལ་སོགས་པའི་སྤོས་ཀྱི་དྲི་སྣ་ཚོགས་ཀྱིས་ཀྱང་ཉམས་དགའ་བར་བྱས་ལ། ཚོགས་ཀྱི་ཡོ་བྱད་ལ་སོགས་པ་ཐམས་ཅད་ཚུལ་ཇི་ལྟ་བ་བཞིན་བཤམས་ནས། བདག་གི་བྱ་བ་ཀུན་བྱས་ཤིང་ནི། བདག་ཉིད་སྐད་ཅིག་མའི་ལྷའི་རྣལ་འབྱོར་རམ་ཡང་ན་རང་ཉིད་སངས་རྒྱས་སུ་བསྐྱེད་པ་དང༌། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའི་བར་དུ་བྱས་ལ་ཇི་ལྟ་བ་བཞིན་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད་དོ། །ལྷག་མའི་གཏོར་མ་བཏང་ལ་ཡི་གེ་བརྒྱ་པ་གདོན། སྨོན་ལམ་གདབ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ་སློབ་དཔོན་གྱིས་ཚང་ངམ་སྔགས་ཀྱིས་བསྲུང་བ་བྱ་བའི་བར་དུ་བྱའོ། །དེ་ནས་སྔགས་བཏུ་བའི་སྔོན་དུ་ཕྱོགས་བཅིང་བ་ནི་བྱས་ནས་སུ་ཞེས་ཞལ་བཞི་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། གོ་ཆ་བརྟན་པར་བཅིངས་ཏེ། དེ་ནས་སྔགས་བཏུ་བའི་གཞི་དེ་ལ་བའི་རྣམ་ལྔ་དང༌། ཆང་བདུད་རྩི་དང་བཅས་པ་ཞལ་བཞི་པའི་སྔགས་བརྗོད་ཅིང་བྱུགས་པའི་མཐའ་མར་མེ་ཏོག་སིལ་མ་བཀྲམ། དེ་ནས་རྫ་རྔ་བཅིང་བྱ་སྟེ། །ཞེས་པ་ནི་རྫ་རྔ་ཁ་བཞི་པ་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། ཁ་ཏྲི་ཀས་དང་པོ་ཕྱིའི་ཟླུམ་པོའི་རི་མོ་བྱས་ལ། དེའི་ནང་དུ་རྫ་རྔ་ཁ་བཞི་པ་བྲི། དེའི་ནང་དུ་རི་མོ་དགུ་བྱས་ནི་རེ་མིག་བཞི་བཅུ་རྩ་དགུ་བྲིས་ལ། དེའི་མཐར་རྫ་རྔའི་སྦྲེལ་ཐག་རི་མོ་བརྒྱད་བྲི། དེ་ཡང་གང་གིས་བྲི་ན་སྒྲུབ་པ་པོ་ཕྱག་བཅུ་གཉིས་པ་ཡབ་ཡུམ་གྱི་ང་རྒྱལ་ལ་སེམས་ཤིན་ཏུ་མཉམ་པར་བཞག་པས། རེ་མིག་བཞི་བཅུ་རྩ་དགུ་པོ་སོ་སོ་རུ་ཡི་གེའི་ཕྱི་མོ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བཞི་བཅུ་རྩ་དགུ་པོ་རྣམས་དགོད་པར་བྱའོ། །དེ་ནས་ཡི་གེ་དག་དང་ལྷ་ཐ་མི་དད་དུ་བསམས་ལ་མཆོད་པ་བདུན་འབུལ་ལོ། །དེ་ལས་ལོགས་སུ་སྔགས་བཏུ་བའི་ཚེ་རེ་མིག་བཞི་བཅུ་རྩ་དགུ་པོ་དེར་གནས་ལ། དཔའ་བོ་སྟེ་གནོད་མཛེས་ཀྱི་སྔགས་བཏུ་བར་བྱའོ། །ཞེས་སྦྱར་རོ། །དེས་དགོས་པ་ཅི་ཞིག་སྒྲུབ་ཅེ་ན། སྔགས་འདིས་བར་ཆད་བསལ་བས་སྒྲུབ་པ་པོའི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པའོ། །དེ་ཡང་ཇི་ལྟར་བཏུ་ཞེ་ན། རིམ་བཞིན་འབྱུང་ནི་རེ་མིག་ལ་དབྱངས་ཡིག་གཡས་སྐོར་དུ་དགོད་པ་ཡིན་ལ། རིམ་པ་མིན་པ་ནི་གསལ་བྱེད་རྣམས་དབུས་ཀྱི་ཧ་ནས་གཡོན་སྐོར་དུ་དགོད་པའོ། །དེ་ཉིད་གང་ཞེ་ན། དབྱངས་ཡིག་སྟེ་དབྱངས་ཡིག་བཅུ་དྲུག་ཡི་གེ་སྟེ་གསལ་བྱེད་སུམ་ཅུ་རྩ་གསུམ་པོ་རྣམས་སྒྲུབ་པ་པོས་ཐུབ་པ་སྟེ། ཐུབ་པ་བདུན་གྱི་མཚོན་པའི་ཀཱ་ལིའི་སྡེ་ཚན་ལྔར་རེའུ་མིག་ཏུ་བཀོད་པ་དེ་ལྟ་བུའི་གྲངས་སུ་གྱུར་པ་སྔར་བཀོད་པ་དེ་ལས། ཀཱ་ལི་ལས་ལུས་དང༌། ཨཱ་ལི་ལས་ཡན་ལག་གྲུབ་པའི་ཚུལ་གྱིས་ཞལ་བཞི་པའི་སྔགས་རྣམས་བཏུ་བར་བྱའོ། །གཉིས་པ་སྔགས་བཏུ་བ་དངོས་ནི། དང་པོ་ཨོཾ་གྱི་གོ་ས་སྟོང་པར་བཞག་ལ། ཀ་ནས་བགྲངས་པའི་ཡི་གེ་རེའུ་མིག་སུམ་ཅུ་རྩ་གཉིས་པ་དབུས་ཀྱི་ཧའི་མདུན་གྱི་བླངས་ལ་ལོགས་སུ་བྲིའོ། །དེ་ལ་དབྱངས་ཀྱི་ལྔ་པ་ཨུ་ཡིས་ཁྱད་པར་དུ་བྱས་པས་སུའོ། །དེའི་སྟེང་དུ་བརྒྱའི་ཕྱེད་ལྔ་བཅུ། དེའི་ཕྱེད་ཉི་ཤུ་རྩ་ལྔ་པའི་མ་བླངས་ཏེ་སུའི་སྟེང་དུ་བཞག་པས་སུམ་དུ་འགྱུར་རོ། །ཉི་ཤུ་རྩ་བཞི་པ་བྷ། ཨ་ནས་བགྲངས་པའི་རེའུ་མིག་སུམ་ཅུ་དྲུག་པ་ན་ཡོད་པའི་ན་བླང༌། དེ་ལ་དབྱངས་ཡིག་གསུམ་པ་ཨི་ཡིས་ཁྱད་པར་དབྱེ་བས་ནིའོ། །ཡང་སུམ་ཅུ་གཉིས་པ་ས། དེ་ལ་དབྱངས་ཡིག་ལྔ་པ་ཨུ་ཡིས་ཁྱད་པར་དུ་བྱས་པས་སུ། སྟེང་དུ་ཉི་ཤུ་རྩ་ལྔ་པ་མ་བཞག་པས་ཡང་སུཾ་དུ་འགྲོའོ། །ཉི་ཤུ་བཞི་པ་བྷ། སུམ་ཅུ་གསུམ་པ་ཧ། དེའི་སྟེང་དུ་རེའུ་མིག་བཅོ་ལྔ་པ་ན་ཡོད་པའི་ཨཾ་བཞག་པས་ཧྃ། དེ་ལ་དབྱངས་ཡིག་ལྔ་པ་ཨུ་བཅུག་པས་ཧུཾ་སྟེ་འདི་རིང་པོར་མ་བཏུས་ཏེ་ཧུཾ་ཐུང་ངུ་ཡིན་ལ། ཧཱུྃ་གཅིག་གི་ཤུལ་སྟོང་པར་བཞག་ལ་འོག་ཏུ་གཞུག་པར་བྱའོ། །སྔགས་དེའི་ཆེ་བ་མཛེས་པའི་ཆོ་ག་ཡིན་པར་འདོད་དོ། །ཉི་ཤུ་རྩ་གཉིས་པ་ཕ། དེའི་ཚར་བཅུ་གཅིག་པ་ཊས་མཚན་པས་ཕཊའོ། །དེ་ལྟ་བུ་དེ་ནི་རྐང་པ་བཞིའི་ཚིག་གིས་དང་པོ་ཡིན་པར་འདོད་ཅེས་བྱའོ། །ཨ་ནས་བགྲངས་པའི་བཅུ་དགུ་པ་གའོ། །དེ་ལ་ཉི་ཤུ་རྩ་བདུན་པ་མེའི་བུ་ར་དང་ལྡན་པས་གྲའོ། །དེ་ལ་རེ་མིག་གསུམ་པའི་ཨི་བཞག་པས་གྲིའོ། །ཡ་ནས་བགྲངས་པའི་བརྒྱད་པའི་ས་བོན་ཧ། དེ་ལ་ཨ་ནས་བགྲངས་པའི་སུམ་ཅུ་རྩ་དྲུག་པ་ན་དང་ལྡན་པས་ཧྣ། སླར་ཡང་ཡི་གེ་གྲིཧྣ། དེ་དག་ཉིད་བསྣན་པས་དེའི་ཆེ་བ་ནི་འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་ནོ། །དེ་ནས་རང་བྱུང་ཧ་བླངས་ནས་དེ་རེ་མིག་ལྔ་པའི་ཨུ་བཅུག་པས་ཧུ། དེའི་སྤྱི་བོར་ཏེ་སྟེང་དུ་ཟླ་ཚེས་དང་ཐིག་ལེ་སྦྱར་བས་ཧུྃ་ངོ༌། །དེ་ནི་འདོད་པའི་དོན་ཀུན་སྒྲུབ་པ་ཞེས་བྱ་བའི་ཚིག་གཉིས་པ་ནི་རྐང་པ་གཉིས་པ་ཡིན་པར་བཤད་དོ། །འདིར་ཕཊ་མ་བཏུས་ཀྱང་འོག་ཏུ་ཀུན་ལ་སྦྱར་བར་བཤད་པས་འདི་འབྲི་བའི་ཚེ་གོ་ས་སྟོང་པར་བཞག་གོ །ཨ་ནས་བགྲངས་པའི་བཅུ་དགུ་པ་ག དེ་ལ་ཉི་ཤུ་རྩ་བདུན་པ་རས་ཕྱེ་བས་གྲ། དེ་ལ་དབྱངས་ཡིག་གསུམ་པ་ཨི་དང་ལྡན་པས་གྲི། སུམ་ཅུ་གསུམ་པ་ཧ། དེ་ལ་ཨ་ཐུང་ནས་བགྲངས་པའི་རེའུ་མིག་གཉིས་པའི་ཨཱ་རིང་པོ་སྦྱར་བས་ཧཱ། དེའི་ཞབས་སུ་ཉི་ཤུ་པ་ན་དང་ལྡན་པས་ཧྣཱའོ། །དེའི་ཆེ་བ་ནི་མཛེས་པའི་མཆོག་ཡིན་པར་འདོད་དོ། །ཉི་ཤུ་རྩ་གཅིག་པ་པ། ཉི་ཤུ་རྩ་དྲུག་པ་ཡ། ལན་ཅིག་ནི་སྔར་གྱི་གྲིཧྣཱ་པ་ཡ། བཟླས་ནི་ཡང་བལྟབས་པ་ཡིན་ལ། དེ་སྒྲུབ་པ་པོ་ལྷའི་སྐུ་ལ་ཤིན་ཏུ་མཉམ་པར་བཞག་སྟེ་བཏུའོ། །དེ་ནས་གོ་རིམ་བཟློག་པ་ནི། རེའུ་མིག་རྣམས་ལ་ཀཱ་ལི་དགོད་པའི་ཚེ། དབུས་ཀྱི་རེའུ་མིག་ནས་གཡོན་སྐོར་དུ་ཧ་ནས་མས་བཟློག་ཏུ་ནང་ནས་བཀོད་པས་ན་དབུས་ཀྱི་ཧ་དེ་ཉིད། རེའུ་མིག་ལས་ནི་དང་པོ་ཉིད་ནི་དབུས་ཀྱི་ཧ་ཉིད་དོ། །དེ་ལ་དབྱངས་ཀྱི་བཞི་པའི་མཐའ་ཨུ་དང་ལྡན་པས་ཧུ། དེ་ལ་བཅོ་ལྔ་པ་མ་དང་བཅས་པ་ཧུྃ་ངོ༌། །དེའི་ཆེ་བ་ནི་ཆོས་ཀྱི་དོན་ཏེ་ཐུན་མོང་གི་དངོས་གྲུབ། ཐར་པ་ནི་མཆོག་ཡིན་ལ། དེ་ནི་ཚིག་གསུམ་པའམ་རྐང་པ་གསུམ་པ་ཡིན་པར་བཤད་དོ། །གཉིས་པ་ས་བོན་ཨཱ། ཨ་ནས་བགྲངས་པའི་སུམ་ཅུ་རྩ་དྲུག་པ་ན། ཉི་ཤུ་རྩ་དྲུག་པ་ཡ། སུམ་ཅུ་གསུམ་པ་ཧ། དེ་ལ་བཅུ་གསུམ་པ་ཨོ་དང་ལྡན་པས་ཧོའོ། །དབུས་ཀྱི་ཧ་ནས་བགྲངས་པའི་བཅུ་པ་བྷ། དེ་ཡང་དབུས་ནས་གོ་རིམ་བཟློག་པས་སྒྲུབ་པ་པས་བླང་ངོ༌། །ཨ་ནས་བགྲངས་པའི་བཅུ་དགུ་པ་ག ཉི་ཤུ་གསུམ་པ་བ། དེ་ལ་གཉིས་ལས་ཨཱ་དང་ལྡན་པས་བཱ། དེའི་སྟེང་དུ་ཐིག་ལེ་བཞག་པས་བཱཾ་མོ། །ཆུའི་ས་བོན་བ། བརྒྱད་པ་ཛ། དེ་ལ་མེའི་བུ་རས་འོག་ཏུ་ཁྱད་པར་དབྱེ་བས་བཛྲ་སྟེ། དེ་ནི་རྐང་པ་བཞི་པ་བཏུ་བའོ། །དང་པོ་ཧཱུྃ་བཞི་པོ་བཏུ་བ་ནི་ཧཱུྃ་ནི་རྐང་པ་བཞི་པོ་ཐམས་ཅད་ཀྱི་མཐའ་རུ་སྦྱར་རོ། །དེ་ལྟ་བུ་འདི་ནི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བའི་སྔགས་རྐང་པ་བཞིས་རྣམ་པར་བརྒྱན་པའོ། །ཨོཾ་ལ་སྔགས་བཏུ་བ་མེད་ཀྱང༌། སྔར་བཏུ་བའི་ཚེ་གོ་ས་སྟོང་པར་བཞག་པ་དེ། ཨོཾ་བཞི་བྲི་བ་ནི་ཨོཾ་ནི་ཀུན་ལ་གསལ་བྱེད་ཅེས་བྱའོ། །ཧཱུྃ་དང་ཕཊ་ཀྱང་སྔར་གོ་ས་སྟོང་པར་བཞག་སྟེ། ཕྱིས་ཀུན་གྱི་མཐར་སྦྱར་རོ། །དེ་ལྟར་སྔགས་བྲི་བ་རྫོགས་པ་དང༌། དེ་ཡང་ལྷར་མོས་པ་བྱས་ཏེ་མཆོད་པ་བདུན་དབུལ། དེ་ནས་སློབ་མ་རྣམས་ཀྱིས་བླ་མའི་རྗེས་སུ་བཟླས་པ་ལན་གསུམ་བྱས་པ་ཙམ་གྱིས་རྗེས་སུ་གནང་བ་བྱིན་ལ། དེ་ནས་ཐམས་ཅད་ཀྱིས་དང་པོ་ཨཱ་ལི་ཀཱ་ལི་བརྗོད་ཅིང༌། ཨཱ་ལི་ཀཱ་ལི་ལ་ལག་པས་བྱུགས་ལ། དེ་ནས་ལག་པས་རང་གི་ལུས་ལ་བྱུགས་ཤིང་ཨཱ་ལི་ཀཱ་ལིའི་ཐམས་ཅད་རང་གི་ལུས་ལ་ཐིམ་པར་བསམ། དེ་ནས་ཞལ་བཞི་པའི་སྔགས་སོ་སོར་བརྗོད་ཅིང་བྲིས་པའི་སྔགས་ལ་ལག་པས་བྱུགས་ལ། བདག་ཉིད་ཀྱིས་ཞལ་བཞི་ལ་བྱུགས་པས་སོ་སོར་ཐིམ་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས་མེ་ཏོག་སློབ་མའི་མགོ་ལ་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །ལ་སོགས་པ་ལན་གསུམ་བརྗོད། སློབ་མས་ཀྱང་བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །ལ་སོགས་པ་ལན་གསུམ་བརྗོད་དོ། །དེ་ནས་གཏོར་མ་གཤེགས་སུ་གསོལ། གོ་ཆ་གསུམ་གྱིས་བསྲུངས་ཏེ་ཐམས་ཅད་ལྡན་པར་བྱའོ། །གསུམ་པ་སྔགས་དེའི་ཆེ་བ་བསྟན་པ་ནི། རིག་པའི་རྒྱལ་པོ་འཁོར་ལོས་སྒྱུར་བ་གཙོ་བོའི་ཞལ་བཞི་པའི་སྔགས་བཏུ་བ་འདི་ནི་རྒྱུད་གཞན་དུ་སྔར་མ་བྱུང་ལ། ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ཉིད་གང་ཞེ་ན། དེ་ཉིད་བསྡུས་པ་ལ་སོགས་པའོ། །བཞི་པ་སྲུང་བའི་འཁོར་ལོ་ཕན་ཡོན་དང་བཅས་པ་ནི་ཁྲོ་བོ་བཞི་སྟེ། སྲུང་བའི་འཁོར་ལོ་སྒོམ་པའི་དུས་སུ་ཞལ་བཞི་པའི་སྔགས་བརྗོད་པའོ། སྐུ་བརྒྱད་དང་ནི་བཅས་པ་རུ་ནི་འདིའི་སྒྲུབ་ཐབས་རྡོ་རྗེ་མཁའ་འགྲོ་དང༌། ངེས་བརྗོད་བླ་མ་གཉིས་ན་གསལ་ལ། སྐུ་བརྒྱད་ནི་ཡུམ་བཞི་པོ་སོ་སོར་བགྲངས་ནས་གསུངས་ཏེ། འདི་ནི་ཞལ་བཞི་པའི་སྔགས་བརྗོད་པའི་ཚེ་སྒོ་མཚམས་མ་བརྒྱད་དམ། གནོད་མཛེས་བརྒྱད་ཀྱི་སྐུ་སྤྲོས་ཏེ། བགེགས་ཐམས་ཅད་བསྐྲད་པར་བསམ་པའོ། །དེ་དགོས་པ་གང་གི་དོན་དུ་ཞེ་ན། མངོན་རྟོགས་ལ་འཇུག་པའི་ཚེ་དཀྱིལ་འཁོར་སྲུང་བའི་དོན་དུ་བརྒྱ་བྱིན་ལ་སོགས་པའི་གདུག་པའི་བགེགས་རྣམས་ཀུན་ལ་ཁྱད་པར་དུ་སྔགས་འདི་ནི་རྙེད་པ་ཙམ་གྱིས་ཀྱང་བརྟག་མི་དགོས་པར་བགེགས་ཐམས་ཅད་འཆིང་བར་འགྱུར་རོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོའི་སྦྱོར་བ་འདིར་བརྗོད་པ་ནི། རྒྱས་པར་རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་རྒྱུད་ལས་ཤེས་པར་བྱ་ལ། སྲུང་བའི་འཁོར་ལོའི་ཆོ་ག་དངོས་ནི། སློབ་དཔོན་ཀཾ་པ་ལས་འདིའི་ཐད་ཀར་ཤིན་ཏུ་རྒྱས་པར་བཤད་པས་ན་དེར་ཤེས་པར་བྱའོ། །དེ་ལྟར་སྲུང་བའི་འཁོར་ལོ་བྱས་ཏེ་བར་ཆད་མེད་པས་དངོས་གྲུབ་ཀུན་གྱི་འབྲས་བུ་མྱུར་དུ་བསྐྱེད་ཅིང་འཐོབ་པར་འགྱུར་རོ། །ལྔ་པ་བཏུས་པའི་སྔགས་དངོས་ནི་རྒྱུད་འདི་ཉིད་ལ་གསལ་བས་བཤད་དུ་མེད་དོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་རྫ་རྔ་བཅིང་བའི་འཁོར་ལོ་ལས་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ། སུམ་ཅུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་གཅིག་པ། སུམ་ཅུ་རྩ་གཉིས་པ། སུམ་ཅུ་རྩ་གསུམ་པ་གསུམ་གྱིས་ནི། ལེའུ་དང་པོར་གསང་བསྒྲུབ་པ་བཤད་པའི་སྐབས་སུ། བར་མ་དབུགས་དབྱུང་མཆོག་དག་དང༌། །ཞེས་པ་ལ་སོགས་པས་བཟའ་བའི་དམ་ཚིག་བསྟེན་པ་དང༌། ཡང༌། སྦྲང་རྩི་མཚལ་དང་ག་པུར་བཅས། །ཞེས་པ་ལ་སོགས་པས་བཟའ་བའི་དམ་ཚིག་བསྟེན་པར་བསྟན་པ་ནི་མདོར་བསྟན་པ་ཡིན་ལ། དེ་ལེའུ་སུམ་ཅུ་རྩ་གཅིག་པ་ལ་སོགས་པ་གསུམ་གྱིས་རྒྱས་པར་སྟོན་ཏེ། ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གསུམ་ལས། དང་པོ་མཆོད་པའི་རྫས་བསྟན་པ་ལ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ་དེ་ནས་ནི་ལེའུ་སུམ་ཅུ་པ་བཤད་པའི་རྗེས་ལའོ། །ཤ་ཆེན་ཏེ་ཁ་ན་མ་ཐོ་བ་མེད་པའི་ཤ་ཆེན་གྱི་གཙོ་བོར་བྱས་པའི་ཤ་ལྔ་པོ་རང་གིས་བཟའ་བ་དང༌། སྦྱིན་སྲེག་དང་གཏོར་མར་བྱས་པའི་ནུས་པ་དག་གིས་ཀུན་ནི་རྡོ་རྗེ་སློབ་དཔོན་ལ་ཞེ་སྡང་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇིག་པར་བྱེད་པ་དང༌། བདུད་རྩི་ལྔ་གཙོ་ཆེ་བ་རང་གིས་བཟའ་བ་ལ་སོགས་པ་བྱས་པས། མཐུན་པའི་ཕྱོགས་རྣམས་འཕེལ་ཞིང་བརྟན་པར་བྱེད་པས་རྡོ་རྗེ་སྐྱེས་ཡིན་བཤད་ཅེས་བྱའོ། །དེ་ཡང་ཇི་ལྟར་མི་མཐུན་པའི་ཕྱོགས་འཇིག་པར་བྱེད་པ་ཡིན་ཅེ་ན། འདི་ནི་ཏེ་ཤ་ཆེན་གཙོ་བོར་བྱས་ཏེ་སྟོན་པ་འདི་ནི་བླ་མ་ལ་ཞེ་སྡང་ལ་སོགས་པ་གདུག་པ་ཅན་ཐམས་ཅད་ཀྱི་སྡིག་པ་ཆེན་པོ་བྱེད་པ་བླ་ན་མེད་པའི་གནས་སུ་བསྒྲལ་བ་དང༌། བར་ཆད་ལ་སོགས་པ་འཇིག་པར་བྱེད་པ་ལ་མི་བཟད་པར་བཤད་དོ། །ཤ་ཆེན་པོ་འབའ་ཞིག་ལས་ཡོན་ཏན་དེ་དག་འབྱུང་བར་མ་ཟད་དེ། དེ་བཞིན་དུ་ཁྱད་པར་གྱི་རྫས་དང༌། ཁྱི་དང༌། ཕག་དང༌། ཟངས་ཀྱི་གཙུག་ཕུད་ཅན་ཁྱིམ་བྱའི་ཤ་ལས་ཀྱང་དེ་བཞིན་དུ་འགྱུར་རོ། །རྫས་དེ་དག་གིས་ཅི་ཞིག་བྱ་ཞེ་ན། དང་པོ་ཐམས་ཅད་བདུད་རྩིར་བྱས་ཏེ། དེ་ནས་བདག་ཉིད་ཀྱིས་ནང་གི་སྦྱིན་སྲེག་ཏུ་ཟ་བ་དང༌། ཕྱིའི་སྦྱིན་སྲེག་གི་རྫས་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མཆོད་པའི་གཏོར་མའི་རྫས་ཀྱང་རྣམ་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དེ་དག་ལ་མི་གཙང་བ་ལ་སོགས་པར་རྣམ་པར་མ་དཔྱད་ཅིང༌། གཙང་མི་གཙང་གི་རྟོག་པ་མེད་པའི་སེམས་ཀྱིས་བྱའོ། །གང་གི་ཕྱིར་རྫས་དེ་དག་ལ་མི་གཙང་བར་འཛིན་པའི་ཐེ་ཚོམ་མེད་པར་བྱས་ནས་བསྟེན་ན། དེའི་ཕན་ཡོན་ནི་འཇིག་རྟེན་གསུམ་པོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ན་དངོས་གྲུབ་བསྒྲུབ་རྒྱུ་ཅི་ཡོད་པ་ཐམས་ཅད་འགྲུབ་ཅིང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་དངོས་གྲུབ་ཐམས་ཅད་ཀྱང་རབ་ཏུ་འགྲུབ་པར་འགྱུར་རོ། །གཉིས་པ་བཟའ་བའི་སྣོད་ལ་སོགས་རྩོད་པ་སྤང་བ་ནི་དུང་དང་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རྟོགས་པ་དང་ལྡན་པ་འགའ་ཞིག་བཟའ་བའི་སྣོད་ཐོད་པ་ལ་བྱེད་པ་དེ་ནི་མི་གཙང་བ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་ན་ཁྱེད་གཙང་བར་འདོད་པའི་དུང་དང༌། མུ་ཏིག་དང་ཉ་ཕྱིས་ཏེ། དེ་གསུམ་ཡང་མི་གཙང་བར་ཐལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཐོད་པ་བཞིན་དུ་དེ་གསུམ་ཆར་ཡང་རྒྱུ་མཚན་ཏེ། རྒྱུ་མི་དགེ་བ་ལས་བྱུང་བའི་སྲོག་ཆགས་ལས་བྱུང་བ་ཡིན་ན། ཞེས་པ་ནི་བྱུང་བ་ཡིན་པའི་ཕྱིར་རོ། །དེ་བས་ན་འགྲོ་བ་དྲུག་ལས་མིའི་འགྲོ་བ་བསོད་ནམས་ཀྱིས་ཁྱད་པར་དུ་འཕགས་པས་ན། དེའི་ཐོད་པ་མི་གཙང་བ་མ་ཡིན་པར་བསྟན་པ་ནི་ཆོས་ཀྱི་སྐུ་སྟེ། དགེ་བའི་ལས་ཀྱི་སྐྱེ་བ་འབྲས་བུ་དང་བཅས་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་ལས་བྱུང་བ་རྙེད་པར་དཀའ་བའི་མིའི་ལུས་དེ་ཆོས་སྐུ་དངོས་ཡིན་པའམ། མིའི་ལུས་ལ་བརྟེན་ནས་ཡེ་ཤེས་དང་ཐར་པ་རབ་ཏུ་སྒྲུབ་པས་ན། ཆོས་སྐུའི་ཉེ་བའི་རྒྱུ་མིའི་ལུས་ཅན་གྱི་ཐོད་པ་ལ་མི་གཙང་བ་ཡིན་ནོ། །ཞེས་སུ་ཞིག་སྨོད་དེ་སྨད་པར་མི་རིགས་ཏེ། དུད་འགྲོ་ཆོས་སྐུའི་རིང་བའི་རྒྱུ་ཡིན་པ་ལ་ཡང་ཁྱེད་དུང་ལ་སོགས་པ་ལ་གཙང་བ་དང་བཟང་བར་འཛིན་པའི་ཕྱིར་ན་ཞེས་པ་སྟེ། དེ་ནི་རིགས་པའི་ཚུལ་ཡིན་ནོ་གསུང་ངོ༌། །གཞན་ཡང་ལུང་གི་ཚུལ་ནི་དཔའ་བོ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལ་ཐོད་པའི་ཕྲེང་བ་སྐུ་ལ་འཆང་བས་ཀྱང༌། ཐོད་པ་དེ་ནི་གཙང་སྦྲ་ཡིན་གྱི་མི་གཙང་བ་མ་ཡིན་ནོ། །གཞན་ཡང་ཟླ་བ་ཕྱེད་པས་ཀྱང་དབུ་ལ་རྒྱན་དུ་བྱས་པ་དེ་ནི་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ་ཡིན་པར་བཤད་དོ། །སྔར་བསྟན་པའི་རྫས་རྣམས་ཀྱིས་ཚོགས་ཀྱི་མཆོད་པ་ལ་སོགས་པ་བྱེད་པའི་དུས་སུ། གསུམ་པ་ལག་པའི་མཆོད་པ་ཇི་ལྟར་བྱ་བ་སྟོན་པ་ནི། བརྡ་ནི་ཞེས་པ་ལ་སོགས་པ་སྟེ། བརྡ་ནི་སྟེ་ལག་པ་གཡོན་པའི་སོར་མོ་ལྔའི་བརྡ་ལྔ་པོ་བསྟན་པ་ནི། རིགས་ལྔ་པོ་བསྟན་པ་དག་སྒྲུབ་པ་པོའི་ལག་པ་གཡོན་གྱིས་ཤེས་རབ་མཚོན་པ་འདི་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་གནས་ཡིན་ཏེ། སོར་མོ་ལྔས་དེ་བཞིན་གཤེགས་པ་ལྔ་པོ་རྣམས་མཚོན་པའི་བརྡ་རྣམས་ལ་ནི་རབ་ཏུ་འཇུག་པའོ། །འོ་ན་ལག་པ་གཡོན་པ་ཁོ་ན་དཔའ་བོ་དང་དཔའ་མོའི་གནས་ཡིན་པ་རང་ཅིའི་ཕྱིར་ཞེ་ན། དེ་ཡང་ཁམས་གསུམ་གྱི་རྒྱུ་བ་བཅུད་དང་མི་རྒྱུ་བ་སྣོད་ཀྱི་འགྲོ་བ་ཀུན་གཡོན་པ་ལས་བྱུང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལས་བྱུང་བ་དེ་མཚོན་པ་ཡིན་པའི་ཕྱིར་རོ། །འོ་ན་ལག་པའི་མཆོད་པ་རང་ཇི་ལྟར་བྱ་ཞེ་ན། ལག་པ་བྱིན་གྱིས་བརླབ་པ་ལ་སོགས་པ་མཆོད་པའི་ཐབས་བསྟན་པ་ནི། དང་པོ་སོར་མོ་རྣམས་ལྷ་གང་དང་གང་ཡིན་པ་སྟོན་ཏེ། དང་པོ་ལག་པའི་སོར་མོ་རྣམས་ཆང་དང་བདུད་རྩིས་བྱུགས་ཏེ། སོར་མོ་རྣམས་ཕྱིས་ལ་རྡོ་རྗེ་སེམས་དཔའ་སྟེ་ཨོཾ་ཧ་མཐེ་བོང་གནས་ནི་མཐེ་བོའི་སེན་མོ་ལ་བཀོད་པ་ཡི་གེ་ལ་ལྷར་མོས་པ་བྱ་བའམ། ལྷ་རང་ཞལ་ཕྱག་ལ་སོགས་པའི་རྣམ་པ་ཅན་དུ་བསྒོམ་པ་གང་མོས་སུ་བྱས་ཏེ། དེས་འོག་མ་ཀུན་ལ་ཡང་ཤེས་པར་བྱའོ། །དེ་བཞིན་དུ་མཛུབ་མོ་ལ་ན་མ་ཧི་ལས་རྣམ་སྣང༌། གུང་མོ་ལ་སྭཱ་ཧཱ་ཧཱུ་ལས་པདྨ་གར་དབང༌། སྲིན་ལག་ལ་བཽ་ཥ་ཊ་ཧེ་ལས་སྒྲུབ་པ་པོ་ལ་དངོས་གྲུབ་ཐམས་ཅད་སྩོལ་བའི་དཔལ་ཧེ་རུ་ཀ ཐ་མ་སྟེ་མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོ་ལས་མཁའ་འགྲོ་སྙིང་པོ་རྡོ་རྗེ་ཉི་མ། དེ་དག་སྔགས་སུ་བཀོད་དེ་ལྷར་མོས་པ་བྱས་པ་དེ་མི་བཟད་གཟུགས་དང་ལྡན་པ་ཡིན་ནོ། །སོར་མོ་ལྔ་ཆར་གྱི་སེན་མོའི་ངོས་ལ་ཕཊ་ཧཾ་ལས་རྟ་མགྲིན་ཏེ་དོན་ཡོད་གྲུབ་པ་བཞུགས་པའི་གནས་སུ་བཤད་པ་ཡིན་པས་ན། ལག་པ་གཡོན་གྱི་སོར་མོ་ལྔ་པོ་འདི་དག་དཔའ་བོ་ཐམས་ཅད་ཀྱི་གནས་ཡིན་ལ་དེ་ཡང་ལག་པ་ལས་བྱུང་བའི་རྒྱུ་ཡིན་ནོ། །ལག་པའི་མཐིལ་གྱི་པདྨ་འདབ་མ་ལྔ་པའི་ལྟེ་བ་ལ་ཨོཾ་བྃ་ལས་དཔལ་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོ་འདུས་པའི་གནས་ཡིན་ལ། འདབ་མ་ལྔ་ལ་ཧྃ་ཡོཾ་ལ་སོགས་པ་ལས་ཡ་མི་ནི་ལ་སོགས་པ་ལྔར་མོས་པ་བྱ། དགའ་བྱེད་ཡིན་ནི་དེ་དག་གོ་ཆའི་ཚུལ་དུ་བྱ་བ་ཡིན་གསུང༌། ལག་པ་གཡོན་པའི་རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ་སྟེ་རྡོ་རྗེ་ཕག་མོ་ལ་སོགས་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་རྫོགས་པར་བསམ་པའོ། །དེ་ལྟ་བུ་འདི་ནི་ལག་ཏུ་སྟེ་ལག་པ་གཡོན་པ་ལ་དཔའ་བོ་དང་དཔའ་མོ་རྣམས་དགོད་པ་སྟེ། མཛའ་བ་ཐམས་ཅད་ནི་ལྷ་སུམ་ཅུ་རྩ་བདུན་ཏེ་དེ་རྣམས་སྒྲུབ་པ་པོའི་ལག་པ་གཡོན་ལ་འདུས་པ་ཡིན་ལ། དེ་ལྟར་སོར་མོ་དང་ལག་མཐིལ་དུ་གོ་ཆའི་ལྷ་བཅུ་གཉིས་པོ་རྣམས་དང༌། ལག་པའི་རྒྱབ་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་དགོད་པའི་ཆོ་གའི་སྦྱོར་བས། ལག་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་སྔར་གྱི་རྫས་ཀྱིས་ཇི་ལྟ་བ་བཞིན་མཆོད་པར་བྱའོ། །ལག་པ་ལ་གནས་པའི་འབྱུང་བ་བཞི་པོ་དེ་ངོ་བོའམ་རང་བཞིན་གྱིས་ལྷ་མོ་བཞི་ཡིན་པར་བསྟན་པ་ནི། ལག་པའི་འབྱུང་བ་ས་ནི་སངས་རྒྱས་སྤྱན་ཏེ་འདིར་མཁའ་འགྲོ་མ་ཡིན་པར་བཤད་དོ། །དེ་བཞིན་དུ་ཆུ་མཱ་མ་ཀཱི་སྟེ་ལཱ་མཱ། མེ་གོས་དཀར་མོ་སྟེ་ཁཎྜ་རོ་ཧཱ། རླུང་སྒྲོལ་མ་སྟེ་གཟུགས་ཅན་མ། དེ་དག་གི་ཆོས་ཉིད་ནི་ཙུམྦི་ཀ་ནི། ཆོས་ཀྱི་དབྱིངས་སྟོང་པ་སྟེ་ཕག་མོ་ཡིན་ལ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡིན་ནོ། །དབུས་སུ་སྟེ་ལག་པའི་རྒྱབ་དཔའ་བོ་ཀུན་ནི་ཉི་ཤུ་རྩ་བཞིའམ་དཀྱིལ་འཁོར་གྱི་ལྷ་རྫོགས་པ་ཀུན་གྱི་གནས་ཡིན་ལ། དེ་ནས་ལག་པའི་མཆོད་པ་ཟིན་པ་དང་ལག་པའི་ཐལ་མོ་རང་གི་སྤྱི་བོར་སྦྱར་ཏེ་ལྷ་རྣམས་སྤྱི་བོ་ནས་རང་གི་ལུས་ལ་ཐིམ་པར་གཤེགས་སུ་གསོལ་བ་ནི་མཁས་པ་སྟེ། སྒྲུབ་པ་པོ་ལག་པའི་མཆོད་པ་ལ་མཁས་པ་དེས། རྒྱབ་ཏུ་སྟེ་རང་གི་ལག་པའི་རྒྱབ་ལ་སོགས་པ་ན་བཞུགས་པའི་ལྷ་རྣམས་རང་གི་ལུས་ལ་གཤེགས་སུ་གསོལ་ལོ། །དེ་ལྟ་བུ་དེ་ཐམས་ཅད་ལ་བསྟན་ནམ་ཞེ་ན། གསང་བ་ལག་པའི་མཆོད་པ་འདི་ནི། འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་མ་ཡིན་པ་གཞན་རྣམས་ལ་མི་བཤད་ཅིང༌། སྣོད་མ་ཡིན་པ་ལ་གསང་བ་ལ་རབ་ཏུ་འབད་པས་སྦ་བར་བྱའོ། །དེ་ལྟར་ལག་པའི་སོར་མོའི་བརྡས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལྷན་ཅིག་ཟས་ལ་ལོངས་སྤྱོད་པ་རྩོམ་པ་དེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དང་མཉམ་པར་སྦྱར་བའོ། །དེ་ཡང་གང་དང་སྦྱོར་ཞེ་ན། མཁའ་འགྲོ་དྲྭ་བ་དང་ཐམས་ཅད་གཉིས་སུ་མེད་པར་སྦྱོར་བའི་བདེ་མཆོག་ལ་མཆོད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལེའུ་        རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*