དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ། ༤

འདིའི་བྱེ་བྲག་གི་མཚན་ནི་ཟས་ལ་སོགས་པ་བཟའ་བ་དང༌། ཤ་སྣ་ཚོགས་པས་ནང་གི་སྦྱིན་སྲེག་བྱ་བ་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ལག་པ་ལ་བཀོད་དེ་ཟས་ཀྱིས་མཆོད་པ་ནི་གཏོར་མའི་བྱ་བ་སྟེ། དེ་ཡང་ལག་པ་གཡོན་པའི་སོར་མོའི་བརྡས་དཔའ་བོ་དང༌། དཔའ་མོས་མཚོན་པའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་གཅིག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་གཉིས་པ་འདིས་ཀྱང་བཟའ་བའི་དམ་ཚིག་སྟོན་པའི་ལེའུ་ཡིན་ལ། འདི་ལ་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། འདི་ལ་ཡང་གསུམ་ལས། དང་པོ་བཟའ་བའི་དམ་ཚིག་གི་རྫས་སྟོན། དེ་ལ་གཉིས་ལས། དང་པོ་བཤད་པར་དམ་བཅའ་བའི་སྒོ་ནས་བཟའ་བའི་དམ་ཚིག་གི་རྫས་བསྟན་པ་ཕན་ཡོན་དང་བཅས་པ་བསྟན་པ་ནི། དེ་ནས་ཏེ་ལེའུ་སུམ་ཅུ་རྩ་གཅིག་པས་མཆོད་པའི་རྫས་དང་སྣོད་དང་ལག་པའི་མཆོད་པ་ལ་སོགས་པ་བསྟན་པའི་རྗེས་ལའོ། །བཟའ་བའི་དམ་ཚིག་ལ་སོགས་པ་ཡང་དག་པར་བཤད་པར་བྱ་བ་ནི། བཟའ་བ་སྟེ་བདུད་རྩི་ལྔ་དང་སྟོན་མོ་འདུས་པ་སྟེ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལ་འདུས་པའི་དུས་སུའོ། །ཡང་དག་པའི་ཆོ་ག་ནི་དང་པོ་ཁ་ཟས་སྟོང་པར་སྦྱང་བ་དང༌། བདུད་རྩི་བྱིན་གྱིས་བརླབ་པ་སྦར་བ་དང༌། རྟོགས་པར་བྱ་བ་ཡེ་ཤེས་ཀྱི་བདུད་རྩི་དང་དམ་ཚིག་གི་བདུད་རྩི་གཉིས་སུ་མེད་པར་བསྲེ་བ་གང་གིས་ཤེས་པ་དེས། ཁ་ཟས་ལ་ལོངས་སྤྱད་པ་དང༌། གཏོར་མ་ལ་སོགས་པ་བྱས་ནས་དངོས་གྲུབ་གསུམ་པོ་མྱུར་དུ་འཐོབ་པར་འགྱུར་བའོ། །གཉིས་པ་རྫས་ཀྱི་ཁྱད་པར་དངོས་བསྟན་པ་ནི་བཟའ་བའི་དམ་ཚིག་བསྟན་པའི་སྒོ་ནས། དངོས་གྲུབ་གཉིས་བསྒྲུབ་པའི་སྒྲུབ་པ་པོས་སྔར་ལེའུ་གོང་མ་རྣམས་སུ་བྱའི་ཤ་ལ་སོགས་པ་དུ་མ་བསྟན་པའི་རིམ་པ་དེས་འདིར་ནི་ཕྱུགས་རྣམས་ཀྱི་ནི་ཤ་སྒྲུབ་ཅིང་བསྟེན་པས་དངོས་གྲུབ་དགུག་པ་ཉིད་ཡིན་ནོ། །ཕྱུགས་རང་དུ་ཞེ་ན་ཕྱུགས་རྣམས་དག་ནི་དེ་བཞིན་ལྔའོ། །ལྔ་པོ་རང་གང་ཞེ་ན། འདི་ལྔ་ཁྱད་པར་དུ་ནུས་པ་ཆེ་བས་མི་ལ་སོགས་པ་ལྔའོ། །སོགས་རྣམས་ཀྱི་ཞེས་པ་ནི་བྱ་རྣམ་པ་སྣ་ཚོགས་ཀྱི་ཤ་རྣམས་ཀྱང་བསྡུའོ། །དེ་དག་ཀྱང་དུས་ནམ་གྱི་ཚེ་བསྟེན་ཞེ་ན། དངོས་གྲུབ་སྒྲུབ་པ་ནི་དཀྱིལ་འཁོར་དུ་སྟེ་དེ་ཡང་དངོས་གྲུབ་གཉིས་སྒྲུབ་པའི་དོན་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་བྱེད་ན་སློབ་དཔོན་ནུས་པ་ཐོབ་པ་ཁོ་ནས་བྱས་ལ། བསོད་ནམས་འཕེལ་བའི་དོན་དུ་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་སློབ་དཔོན་ནུས་པ་མེད་ཀྱང་རུང་སྟེ། དེ་དག་གིས་ཕྱུགས་འདི་དག་གི་ཤ་ནི་དངོས་གྲུབ་འགྲུབ་པར་བྱེད་པའི་ཡན་ལག་གམ་རྒྱུ་ཡིན་ནོ། །འོ་ན་མིའི་ཤ་ལ་སོགས་པ་རང་ཡང་གང་དང་གང་བཟའ་ཞེ་ན། མི་རིགས་ལྔ་པོ་རྣམས་ལ་ནི་ཕྱུགས་ཏེ་བྲམ་ཟེའི་ཤ་མཆོག་ཏུ་བསྔགས་སོ། །རྐང་བཞི་རྣམས་ལས་གླང་པོ་དང༌། འདབ་ཆགས་རྣམས་ལས་བྱ་ངང་པའི་ཤ་དང༌། དུད་འགྲོ་རྣམས་ལས་ཕྱུགས་ཏེ་བ་ལང་གི་ཤ་མཆོག་ཡིན་ནོ། །ར་དམར་པོའི་ཤས་ལྷ་རྣམས་ཞལ་ནི་གཡོ་བར་བྱེད་པ་ཡིན་ལ། དེ་ཡང་དུས་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་དུ་ཕྱུགས་འདི་རྣམས་ཀྱིས་ཤས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ན་དངོས་གྲུབ་འགྲུབ་པའི་རྒྱུར་རྣམ་པར་བཤད་དོ། །དེར་ཡང་མ་ཟད་དེ་གཞན་ཡང་ཁྭ་དང༌། ཆུ་སྐྱར་དང༌། བཞད་ནི་ཁ་དོག་དཀར་པོ་འགྲོས་དལ་བར་འགྲོ་བ་ཅིག་བལ་ཡུལ་ན་ཡོད་གསུང༌། སྐྱེ་གཉིས་ནི་ནེ་ཚོ་སྟེ་དང་པོ་དུད་འགྲོ་ཡིན་ལ་ཕྱིས་མིའི་སྐད་སྨྲ་བས་སོ། །སྔགས་ཆེན་པོ་ནི་འུག་པ། ཀ་དམྤ་ནི་བྱ་སྟེ་དེ་རྣམས་ཀྱི་ཤ་རྣམས་བདུད་རྩིར་བྱིན་གྱིས་བརླབས་ནས་རང་ཉིད་བཟའ་བ་དང༌། གཞན་ཡང་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་ལ་གཏོར་མ་སྦྱིན་སྲེག་གི་བསྲེག་རྫས་ཀྱང་བྱས་ནས། འདོད་པའི་དོན་དངོས་གྲུབ་གསུམ་པོ་ཀུན་འགྲུབ་པར་འགྱུར་རོ། །གཉིས་པ་རྫས་དེ་དག་ལ་བརྟེན་ནས་རོ་ལངས་ཀྱི་དངོས་གྲུབ་བསྒྲུབ་པ་ནི་སྔོན་དུ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལ་བསྙེན་པ་འབུམ་ཕྲག་གཅིག་ནས་འབུམ་ཕྲག་བཞིའི་བར་དུ་བྱས་པ་དང༌། སྦྱིན་སྲེག་ཁྲི་བྱས་ལ། དེ་ནས་ལས་སྦྱོར་བྱ་བ་ནི་རོ་རྨ་མེད་པ་མ་རུལ་བ་མ་མྱགས་པ་གཙང་མ་བླངས་ཏེ། དེ་ཁ་གན་རྐྱལ་དུ་བཞག་ནས། དེའི་ཁར་འདག་པ་ལས་སྦྱིན་སྲེག་གི་ཐབ་ཁུང་བྱས་ཏེ་མེ་སྦར་བའི་ནང་དུ་མེ་ལྷའི་ཆོ་ག་སྔོན་དུ་འགྲོ་བས། ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་རྣམས་བསམས་ལ་བསྲེག་རྫས་དབུལ་བ་ནི། སྔར་བསྟན་པའི་བསྲེག་རྫས་རྣམས་དང༌། ཀྲྀཥྞ་ཤྭ་ནི་ཁྱི་མོ་ནག་མོའི་འོ་མའི་ཐུག་པ་དང༌། མ་ཤ་སྟེ་སྲན་མའི་ལེབ་མོ་དང༌། འབྲས་ནག་པོ་ཀོ་ཏྲ་པའི་འབྲས་དང༌། སྔར་གྱི་ཤ་རྣམས་ཕྱེ་མ་བསྲེས་པའི་བསྲེག་རྫས་བཤམས་ལ། སྒྲུབ་པ་པོ་འཛེམ་པ་སེམས་འཇིགས་པ་མེད་པས་རོའི་ཁའི་མེའི་ནང་དུ་སྔར་གྱི་རྫས་རྣམས་བསྲེག་ཅིང་རྩ་བའི་སྔགས་བརྗོད་ཅིང་མཐར་རོ་ལངས་ཀྱི་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་པའི་བསྐུལ་ཚིག་དང་བཅས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ལ་སོགས་པ་བྱས་ན། དེ་ནས་རོ་དེ་ལངས་ནས་ནི་བདག་གིས་ཁྱོད་ཀྱི་བྱ་བ་ཅི་བགྱི་ཞེས་སྨྲ་བར་འགྱུར་ན། སྒྲུབ་པ་པོ་དེ་འཇིགས་པ་མེད་པར་བྱས་ཏེ་དངོས་གྲུབ་བླངས་ན། དེས་ས་འོག་གི་དངོས་གྲུབ་དང༌། སྟེང་འགྲོ་མཁའ་སྤྱོད་དང༌། རང་གི་ལྕེ་རལ་གྲིར་འགྲོ་བའི་དངོས་གྲུབ་བམ། རྒྱལ་པོ་གདུག་པ་ཅན་ལ་སོགས་པ་ཚར་གཅོད་པ་དང༌། སླར་ཕན་འདོགས་པ་རྗེས་སུ་གཟུང་བ་དང༌། རོ་དེའི་ལྕེས་རི་ལུ་སྟེར་བ་དང༌། མི་སྣང་བའམ། མིག་སྨན་དང་ས་འོག་གི་གཏེར་གྱི་དངོས་གྲུབ་རྣམས་སམ། རྐང་མགྱོགས་དང་བཅུད་ཀྱིས་ལེན་ཚེ་ཉི་མ་དང་ཟླ་བ་གནས་ཀྱི་བར་དུ་འཚོ་བ་སྟེ། དེ་རྣམས་ཀྱི་ནང་ནས་རང་གང་འདོད་པའི་གཅིག་གཅིག་བྱིན་ནས་རོ་དེ་གར་སོང་མི་ཤེས་པར་འགྲོ་བར་འགྱུར་རོ། །གཞན་དུ་མིན་ནི་དངོས་གྲུབ་འགྲུབ་པ་ལས་གཞན་དུ་མི་འགྲུབ་པ་མིན་ནོ། །གཞན་ཡང་སྟེང་མཁའ་སྤྱོད་དང༌། ས་འོག་ཏུ་འགྲོ་བའི་དངོས་གྲུབ་ཕོ་ཉ་སྟེ་རོ་དེས་སྒྲུབ་པ་པོ་ལ་དངོས་གྲུབ་འགྲུབ་པ་ལ་རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན་ནོ། །དངོས་གྲུབ་དེ་དག་ཀྱང་བདག་ཉིད་ལྷར་བསྐྱེད་པས་བསྒྲུབ་པར་བྱ་བ་ཡིན་པས། སྤྱི་དོན་གསུམ་པ་ལམ་གྱི་གསང་བ་དངོས་རོ་ལངས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་ཀྱི་ལྷའི་རྣལ་འབྱོར་བསྐྱེད་པའི་རིམ་པ་བསྟན་པ་ནི། བ་ལང་ལྷས་ཀྱི་མི་འབྱིང་དང༌། །ཞེས་པ་ལ་སོགས་པ་བརྡའི་སྒོ་ནས་བསྟན་ཏེ། འདི་ནི་ལེའུ་དང་པོར་གསང་བར་བཤད་པ། གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ལ་སོགས་པའི་རྒྱས་པར་བཤད་པ་ཡིན་ལ། འདི་ལ་ཡང་རྟེན་བསྐྱེད་པ་དང་བརྟེན་པ་ལྷ་བསྐྱེད་པ་གཉིས་ལས་དང་པོ་རྟེན་སྐྱེད་པ་སྟོན། དེ་ལ་ཡང་གཉིས་ལས་ལྷ་མངལ་སྐྱེས་ལྟར་ན་འབྱུང་བ་རྣམས་འགྱུར་ཏེ། གཞལ་ཡས་ཁང་དུ་བསྐྱེད་པས་དང་པོ་སའི་དཀྱིལ་འཁོར་ནས་བཟུང་སྟེ་འོང་ལ་ལྷ་རྫུས་སྐྱེས་ལྟར་ན། འབྱུང་བ་མི་འགྱུར་བས་དང་པོ་རླུང་གི་དཀྱིལ་འཁོར་ནས་བཟུང་ནས་འོང་ངོ༌། །འདི་དག་ཀྱང་འགྱུར་གྱི་བྱེ་བྲག་དང༌། འགྲེལ་པ་མཁན་པོའི་དགོངས་པ་མི་མཐུན་པའི་བྱེ་བྲག་གི་ཐ་དད་དེ་རྒྱུད་ཀྱི་དབང་དུ་བྱས་ནས་ལོ་ཙཱ་བའི་འགྱུར་གྱི་བྱེ་བྲག་གི་ལྷ་མངལ་སྐྱེས་དང་སྦྱར་ན། ཚོགས་གཉིས་བསགས་པ་སྔོན་དུ་འགྲོ་བས་སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ། དེའི་ནང་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ། དེའི་ནང་དུ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི། བ་ལང་ནི་རྒྱ་སྐད་ལ་གོ་ཞེས་བྱ་བ་སྟེ་ས་ཡིན་ལ། དེ་ཡང་ལཾ་ལས་སའི་དཀྱིལ་འཁོར་བསྒོམ་པ་ཡིན་ལ། ལྷས་ནི་རྟེན་ཉིད་ཡིན་པས་སོ། །མི་འབྱིང་དང་ཞེས་པ་ནི་སའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བསྒོམ་པ་སྟེ། དེའི་སྟེང་དུ་དངོས་པོ་གཞན་མི་འབྱིང་ཞིང་ལྡིང་བར་བྱེད་པས་སོ། །ལྷག་མ་ནི་ཚིག་གི་ཕྲད་དེ་འདི་ལ་དོན་ལོགས་པ་མེད་དོ། །སྐེམས་བྱེད་ནི་ཆུའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་བསྒོམ་པ་སྟེ་དེས་ཆུ་སྐེམས་པར་བྱེད་པའི་ཕྱིར་རོ། །རྩ་གནས་ནི་མེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྒོམ་པ་སྟེ། དེ་ཡང་དང་པོ་ཆགས་པའི་ཚེ་འོག་དག་ཏུ་ཆགས་པས་སོ། །བྲག་ཆེན་པོ་ནི་རླུང་གི་སྟེང་དུ་སུཾ་ལས་རི་རབ་ལྷུན་པོ་བསྒོམ་པའོ། །དེའི་སྟེང་དུ་ཐིག་ལེ་སྟེ་དེ་དག་ཐམས་ཅད་གྱུར་པ་ལས་གཞལ་ཡས་ཁང་བསྒོམ་པའོ། །ཡང་ན་ཞེས་པ་ནི་ལྷ་རྫུས་སྐྱེས་སུ་བསྐྱེད་པའི་དབང་དུ་བྱས་ན། འབྱུང་བ་རྣམས་མི་འགྱུར་བ་ཡིན་པས་སྔ་མ་དེ་དག་གོ་ཟློག་པའི་ཚུལ་གྱིས་བསྟན་པ་ནི། དེ་ཡང་ཚོགས་གཉིས་བསགས་པའི་སྔོན་དུ་འགྲོ་བས་སྟོང་པའི་ངང་ལས་རྩ་གནས་དེ་ཡི་གེ་ཡཾ་སྔོན་པོ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་གཞུའི་རྣམ་པ་ཅན་བ་དན་གྱིས་མཚན་པ་བསྒོམ་པའོ། །དེའི་སྟེང་དུ་ལྷག་མ་སྟེ་ཚིག་གི་ཕྲད་ཡིན་ལ། སྐེམས་བྱེད་ནི་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་མི་འབྱིང་དང་ནི་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའོ། །བ་ལང་ལྷས་དང་མི་ཕྱེད་རུས་སྦལ་དག་གིས་ཆུའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་བསྒོམ་པ་སྟེ། གསེར་གྱི་ས་གཞིའི་སྟེང་དུ་རུས་སྦལ་གནས་པའམ། སའི་དཀྱིལ་འཁོར་དེ་རུས་སྦལ་ལྟར་མི་གཡོ་བས་སོ། །དེའི་སྟེང་དུ་སུཾ་ལས་རི་རབབསྒོམ་པ་ནི། བྲག་ཆེན་པོའི་ངོ་བོ་རུ་ཞེས་བྱའོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བསྒོམ་པ་ཡང་ཤུགས་ལས་ཤེས་པར་བྱའོ། །དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་གཉིས་ཀ་ཐུན་མོང་གི་རྟེན་གྱི་དབང་དུ་བྱས་པ་ཡིན་ལ། དེ་ལྟར་རྟེན་བསྒོམས་པའི་ཕན་ཡོན་ནི་མྱུར་དུ་སྒྲུབ་པ་པོ་ལ་དངོས་གྲུབ་གསུམ་སྨིན་ཞིང་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི་ལེའུ་དང་པོར་གསང་བ་བཞག་པའི་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་གྱིས་རྒྱས་པར་བཤད་པ་སྟོན་པ་དེ་ལ་ཡང་གཉིས་ལས། ལྷ་མངལ་སྐྱེས་ལྟར་བསྐྱེད་པའི་དབང་དུ་བྱས་ན་གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨ་ལྟེ་བ་ལ་ཨཱ་ལི་དང་ཀཱ་ལི་ལས་ཟླ་བ་དང་ཉི་མའི་དབུས་སུ་ཧཱུྃ་དང་ཨཾ་ལས་རྡོ་རྗེ་དང་གྲི་གུག་རང་རང་གི་ས་བོན་དང་བཅས་པ་དེ་དག་གཅིག་ཏུ་ཡོངས་སུ་གྱུར་པ་ལས། རྒྱུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཕག་མོ་དམར་བ་དང་གཉིས་སུ་མེད་པར་བསམ་པ་ནི། ཧེ་རུ་ཀ་ཕྱག་བཞི་ལ་མོས་ན་ཕྱག་བཞི་པ་ནས་བཟུང་སྟེ། ཞལ་བཞི་ནི་ཞལ་ལ་མང་ཉུང་མེད་ལ་ཇི་སྲིད་ཕྱག་འབུམ་གྱི་བར་ལ་མོས་ན་ཕྱག་འབུམ་རྣམས་ཀྱིས་ཕྱག་མཚན་མཚོན་ཆ་བསྣམས་པར་བསྒོམ་མོ། །སྐུ་མདོག་དཀར་པོ་ནི་རྒྱུ་རྡོ་རྗེ་འཛིན་པ་ལ་ཉོན་མོངས་པའི་ཉེས་པས་མ་གོས་པ་མཚོན་པའོ། །ཁྲོ་བོ་ཆེ་ནི་གདུག་པ་ཅན་འདུལ་བ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་དང་མཚོན་ཆ་གྲི་གུག་དང་ཐོད་པ་འཆང་ཞིང་བཅོམ་ལྡན་འདས་ལ་ཞལ་གཟིགས་པའོ། །དེ་ནས་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་ནི་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ཏེ་རང་གི་ཞལ་ནས་ཞུགས་ནས་ཁུ་བར་གྱུར་པ། རྡོ་རྗེའི་ལམ་ནས་ཆོས་འབྱུང་དུ་ཕབ་མ་ཐག་ཏུ་ཡབ་ཡུམ་གཉིས་ཀ་ཞུ་བར་བསམས་ལ། ཐིག་ལེར་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་ཧཱ་སུ་ཁ་ལ་སོགས་པའི་གླུས་བསྐུལ་བས་ཆོ་ག་གསུམ་གྱིས་འབྲས་བུ་རྡོ་རྗེ་འཆང་དུ་བསྒོམ་པ་ནི། ཉོན་མོངས་པ་འཇོམས་པ་ལས་དཔའ་བས་དཔའོ། །དཔྲལ་བའི་སྟེང་ན་ཕར་ལ་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་ནག་པོ་ལ་ཕྱག་རྒྱ་དྲུག་པ་ཐལ་བ་ཆེན་པོས་ཉེ་བར་དབྱུགས་པ། རུས་པའི་འཁོར་ལོ་ལ་སོགས་པ་ཕྱག་རྒྱ་ལྔས་སྐུ་ལ་བརྒྱན་པ་དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་རྟགས་སུ་རལ་པའི་ཅོད་པན་ཅན། ཐོད་པའི་སྟེང་ན་རུས་པའི་རྩེ་བྲན་གྱི་མདུང་དང་ལྡན་པ། ཞལ་རྣམས་ལ་མཆེ་བ་ཅུང་ཟད་གཙིགས་པ་མི་གནས་པའི་མྱ་ངན་ལས་འདས་པ་མཚོན་པ། ཡི་དྭགས་ཆེན་པོ་སྟེ་འཇིགས་བྱེད་ཆེན་པོ་སྟེ་དབང་ཕྱུག་དང་ཨུ་མ་ཞབས་འོག་ཏུ་གདན་དུ་བྱས་པ་བསྒོམས་ལ། འཁོར་རྣམས་མངལ་སྐྱེས་སུ་སློབ་དཔོན་སྤྱོད་པ་བ་དང་མཐུན་པར་བསྐྱེད་ལ་རང་རང་གི་གནས་སུ་དགོད་པར་བྱའོ། །ཡང་བརྟེན་པ་ལྷ་རྫུས་སྐྱེས་སུ་བསྒོམ་ན་ཡང་དེའི་ཆོ་གས་བསྐྱེད་ལ་བསྒོམ་པ་ནི། དེ་ནས་རྟག་ཏུ་སྒྲུབ་པ་པོས། སྔགས་ཀྱི་ལྷ་ནི་བསྐྱེད་ཚུལ་གཉིས་ཀྱིས་བསྐྱེད་པ་ཤེས་ནས་བསྒོམས་པས། དེ་ལྟ་བུའི་ཉམས་སུ་བླངས་པའི་ཡོན་ཏན་གྱི་ཁྱད་པར་གྱིས་སྒྲུབ་པ་པོས་དངོས་གྲུབ་གསུམ་འགྲུབ་པ་ནི་ཐོབ་པར་འགྱུར་རོ། །ཡང་ན་རུས་སྦལ་དག་གིས་སོ། །ཞེས་པ་ལ་སོགས་པའི་རྒྱུད་ཀྱི་རྡོ་རྗེའི་ཚིག་འདི་དག་ལ། སློབ་དཔོན་ཀཾ་པ་ལ་དང༌། ཀོང་ཀ་ན་རྒྱལ་བ་བཟང་པོ་དང༌། དཀའ་རྒྱལ་ཟླ་བ་དང༌། སྐལ་ལྡན་གྲགས་པ་རྣམས་ཀྱི་དགོངས་པ་མི་མཐུན་ཏེ། ཀཾ་པ་ལའི་འདོད་པ་ནི་འགྲེལ་པ་རང་ན་གསལ་བས་དེ་ཉིད་དུ་བལྟའོ། །སློབ་དཔོན་ཀོང་ཀ་ནའི་འདོད་པ་ནི། མི་ཕྱེད་རུས་སྦལ་ལ་སོགས་པས་སའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་ལས་གསེར་གྱི་རུས་སྦལ་ཤིན་ཏུ་ཆེ་བ་ཅིག་བསྒོམ། དེའི་སྟེང་དུ་མི་ཕྱེད་ཅེས་པས་སུཾ་ལས་བྱུང་བའི་རི་རབ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བསམས་ལ། དུང་ཆེན་པོ་ནི་སྣ་ཚོགས་པདྨའི་ལྟེ་བ་ལ་བྱང་ཆུབ་པ་ལྔས་རྒྱུ་རྡོ་རྗེ་འཆང་དུ་བསྒོམ། དེ་ནས་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་ལ་སོགས་པས་སྔ་མ་དང་འདྲའོ། །ཡང་ལྷ་རྫུས་སྐྱེས་ལྟར་བསྐྱེད་པའི་རིམ་པ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་དེ་མ་ཐག་ཏུ་ནཱ་ད་ལས་རི་རབ་ཀྱི་བར་དུ་བསྐྱེད་པ་དང༌། ནཱ་ད་ལས་ཟླ་བ་དང་ཧཱུྃ་དུ་གྱུར་པ་དེ་ཡོངས་སུ་གྱུར་པ་ལས་ལྷ་དང་ཁང་པར་བཅས་པ་དུས་གཅིག་ལ་བསྐྱེད་པར་བྱ་སྟེ། འདི་ལྟར་ན་འབྲས་བུའི་ཧེ་རུ་ཀ་སྐུ་མདོག་དཀར་པོར་བསྒོམ་པ་ནི་མ་ཡིན་ནོ། །སློབ་དཔོན་དཀའ་རྒྱལ་ཟླ་བས་ནི་འདིར་རོ་ལངས་ཆེན་པོ་བསྒྲུབ་པའི་ལྷ་ཐུན་མོང་མ་ཡིན་པར་གསུངས་ཏེ། དེའི་ལྟར་ན་རི་རབ་ཀྱི་སྟེང་དུ་རྡོ་རྗེའི་གུར་གྱི་ནང་དུ་སྣ་ཚོགས་པདྨ་ལ་གནས་པའི་དཔའ་བོ་འདི་འདྲ་བ་ཅིག་ཏུ་བསྒོམ་པ་ནི། ཡི་དྭགས་ཆེན་པོ་གདན་དུ་བྱས་པར་བསྒོམ་ཞེས་བཞེད་པ་ལ། དེ་ནི་མ་ཡིན་ཏེ་ལེའུ་འདིའི་མིང་ཉིད་ཀྱིས་གསལ་བའི་ཕྱིར་རོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས་དུད་འགྲོ་ཕྱུགས་དང་ཞེས་པ་ཕྱུགས་རྣམས་ཀྱི་ཤ་བཟའ་བའི་དམ་ཚིག་ཏུ་བསྟེན་པ་དང༌། དེ་ནས་རྩ་བའི་སྔགས་ཀྱིས་རོ་ལངས་ཀྱི་དངོས་གྲུབ་སྒྲུབ་པ་དང༌། དེ་ནས་རྟེན་དང་བརྟེན་པའི་བསྐྱེད་པའི་རིམ་པ་བསྒོམ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་གསུམ་པ་འདིས་བཟའ་བར་བྱ་བའི་རྫས་དེ་དག་ཆོ་ག་ཇི་ལྟ་བུས་བཟའ་བ་དང༌། རྫས་དེ་དག་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་སྟོན་ཏོ། །འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང༌། དེ་ལ་གསུམ་ལས། དང་པོ་རྫས་དང་དུས་ཀྱི་ཁྱད་པར་བསྟན་པ་ནི། དེ་ནས་ནི་ལེའུ་སུམ་ཅུ་རྩ་གཉིས་པ་བཤད་པའི་རྗེས་ལའོ། །སྒྲུབ་པ་པོ་རབ་འབྲིང་ཐ་མ་གསུམ་པོ་རྣམས་སམ། ཡང་ན་དག་པ་དང་མ་དག་པ་དང་འདྲེས་པའི་སྒྲུབ་པ་པོ་གསུམ་པོ་རྣམས་ཀྱིས་བཟའ་བའི་དམ་ཚིག་བསྟེན་པའི་སྦྱོར་བའམ། ཐབས་གཞན་ཀུན་ལ་མེད་པའི་ཁྱད་པར་དུ་འཕགས་པ་དེ་བཤད་པར་བྱའོ། །དེ་ཉིད་གང་ཞེ་ན་རྫས་དེ་དག་བདུད་རྩིར་བྱས་ལ་བཟའ་བ་སྤྱད་དང་སྟེ། དེ་ལ་ལོངས་སྤྱད་པར་བྱའོ། །དེ་གང་གིས་ལོངས་སྤྱད་ཅེ་ན། དཔའ་བོ་དང་སོགས་ཀྱིས་རྣལ་འབྱོར་མ་རྣམས་ཀྱིས་སོ། །རྫས་ཀྱང་བདུད་རྩི་ལ་སོགས་པ་ཅི་ནུས་པ་སྟེ་ཇི་ལྟར་རྙེད་པ་དང་ཅི་འབྱོར་པ་སྤྱད་པར་བྱ་ནི་ལོངས་སྤྱད་པར་བྱའོ། །བདུད་རྩི་ལྔ་པོ་ཀུན་ནམ། དངོས་སུ་མེད་པར་གྱུར་ཀྱང་རིལ་བུ་སྦྱངས་པས་བཟའ་བ་དང་བཏུང་བ་ཐམས་ཅད་ལ་གཏོར་ལ་བཟའ་བ་དང་བཏུང་བ་ཐམས་ཅད་བདུད་རྩི་ལྔ་པོ་ཉིད་དུ་བྱིན་གྱིས་བརླབས་ལ་བཟའ་བར་བྱ་བ་ཡིན་ནོ། །དེ་དུས་ནམ་གྱི་ཚེ་བཟའ་ཞེ་ན། བཟའ་བ་ཤ་ལ་སོགས་པ་དང་བཅའ་བ་ཁུར་བ་ལ་སོགས་པ་རྒྱ་ཆེན་པོ་རྣམས་དུས་མཚན་མོའི་དུས་ཉིད་དུ་གནས་རང་གི་ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་ལོངས་སྤྱད་པར་བྱའོ། །གཉིས་པ་བསྟེན་པར་བྱ་བའི་དམ་ཚིག་ཕོ་ཉ་བསྟེན་ཅིང་མཆོད་པའི་ཚུལ་བསྟན་པ་ནི་དེ་ནས་ཏེ་ཚོགས་ཀྱི་འཁོར་ལོའི་དུས་དང༌། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ལ་སོགས་པར་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་ཕོ་ཉ་རབ་སྦྱིན་ཞིང་ཞེས་པ་ནི་དེ་ལ་བསྟེན་པར་བྱའོ། །དེ་ཡང་ཚུལ་ཇི་ལྟར་བསྟེན་ཞེ་ན། སྒྲུབ་པ་པོའི་གཡོན་ཕྱོགས་སུ་ཕྱག་རྒྱའི་མགོ་བོ་བསྟན་ནས། རང་གི་མགོ་བོ་ཕྱག་རྒྱའི་པང་པར་བཞག་སྟེ། དེ་ནས་དཔའ་བོ་སྒྲུབ་པ་པོ་དང་ཕོ་ཉ་གཉིས་མེད་པ་ནི། གཉིས་མེད་དུ་སྙོམས་པར་འཇུག་པ་བྱས་པའི་བདེ་བས་ལྷ་ཐམས་ཅད་ལ་མཆོད་པར་བྱའོ། །བསྟེན་པར་བྱ་བའི་ཕོ་ཉའི་མཚན་ཉིད་རང་གང་ཞེ་ན། ཡང་ན་མའམ་ཞེས་པ་ལ་སོགས་པ་ནི་ཕོ་ཉའི་མཚན་ཉིད་སྔར་ལེའུ་ཉི་ཤུ་རྩ་ལྔ་པ་ལས་བསྟན་པ་ལྟར། བྲམ་ཟེ་མོ་ལ་སོགས་པ་བཅུ་གཅིག་གི་མཚན་ཉིད་དམ། སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་དུས་སུ་མ་ལ་སོགས་པ་བསྟེན་པའི་སོ་སོའི་མཚན་ཉིད་དང་ལྡན་པ་སྟེ། བསྟེན་པའི་དུས་སུ་འདི་འདྲའི་ཆོ་གའི་སྦྱོར་བ་ནི། དང་པོ་དབང་བསྐུར་བ་དང༌། དེ་ནས་སྔགས་དང་རྒྱུད་ལ་སོགས་པས་རྒྱུད་སྦྱངས་ཏེ་བསྟེན་པའི་སྦྱོར་བས་བསྟེན་ན། དེས་སྒྲུབ་པ་པོ་འཁོར་བའི་འཆིང་བ་ལས་གྲོལ་བ་ཉིད་དུ་བྱ་བ་དང༌། གཞན་ཡང་དེ་ནས་སྔགས་ལྷའམ། སྔགས་ཀྱི་དངོས་གྲུབ་དེ་ཉིད་འགྲུབ་པར་འགྱུར་ཏེ། དེ་ཡང་ཆོ་ག་ཇི་ལྟ་བུས་འགྲུབ་ཅེ་ན། ཇི་སྲིད་འབྱུང་བ་ཡོད་བར་དུ་སྟེ། དང་པོ་སློབ་དཔོན་དང་རྣལ་འབྱོར་ཕོ་མོ་ཐམས་ཅད་ལྷ་བསྐྱེད་པ་ནས་བཟླས་བསྒོམ་རྫོགས་ཀྱི་བར་དུ་བྱས་ལ། སློབ་དཔོན་གྱི་ཀྱང་ཆོ་ག་ཇི་ལྟ་བ་བཞིན་དུ་བཟའ་བ་དང་བཏུང་བ་ཐམས་ཅད་བྱིན་གྱིས་བརླབ་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བསྐྱེད་ལ། གཞན་དག་གིས་ཀྱང་ཇི་ལྟར་རིགས་པར་རང་རང་གི་ལྷའི་ང་རྒྱལ་བྱས་ཏེ་ཐམས་ཅད་ཀྱི་སྙིང་གའམ་ལྟེ་བར་དཀྱིལ་འཁོར་པ་དམིགས་ལ་བདུད་རྩི་རྣམས་ལ་ལོངས་སྤྱད་ཅིང་ཚིམ་པར་བྱའོ་ཞེས་པའི་དོན་ནོ། །ཡང་ན་ཇི་སྲིད་འབྱུང་བ་ཡོད་བར་དུ་ནི། བཟའ་བའི་དམ་ཚིག་དང་ཕྱག་རྒྱ་བསྟེན་པའི་འདི་ལྟ་བུ་ལ་བསྟེན་ཅིང་རང་ལ་ལྷ་ཉིད་དུ་སྣང་བ་དང༌། བཟླས་པ་ལ་དམིགས་པའི་སེམས་བརྟན་པ་འབྱུང་བ་ཡོད་པའི་བར་དུ་བྱའོ། །སྒྲུབ་པ་པོ་ཉིད་སློབ་དཔོན་བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་གནས་ནས་སུ། ཕོ་ཉ་བསྟེན་པའི་སྒྲུབ་པ་པོ་དེས་ལྷ་ཡི་ང་རྒྱལ་དེ་ལྟ་བུ་ལ་མཉམ་པར་བཞག་པས་ཕོ་ཉ་མཆོད་པས་བླང་བར་བྱའོ། །དེ་ལྟར་བྱས་པས་ཕོ་ཉ་བསྟེན་ན། དཔའ་བོ་རྣམས་ཀྱིས་བསྟེན་དག་ནི་ཕྱག་རྒྱའི་ཆོས་འབྱུང་ཡིན་ཏེ། དེ་ཉིད་ལ་བསྟེན་དང་ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད་དོ། །ཆོ་ག་དེ་ལྟ་བུས་ཕྱག་རྒྱ་བསྟེན་པའི་དུས་སུ་རེས་འགའ་ཙམ་སྐྱོ་བ་བསང་བའི་ཕྱིར་སྒྲུབ་པ་པོ་ལྷའི་རྣལ་འབྱོར་ལ་ཤིན་ཏུ་མཉམ་པར་བཞག་པས་རྡོ་རྗེའི་གླུ་དང་གར་ལ་སོགས་པས་བདེ་བ་ཆེན་པོ་གསལ་བར་བྱའོ། །སྒྲུབ་པ་པོ་ལྷའི་སྐུ་ལ་མཉམ་པར་བཞག་པས་མ་བསྟེན་པའི་ཉེས་དམིགས་བསྟན་པ་ནི། ལུས་ཅན་ཏེ་སྒྲུབ་པ་པོ་ཐམས་ཅད་ཇི་སྲིད་དུ་རྣལ་འབྱོར་ཡེངས་ཏེ། ལྷའི་ང་རྒྱལ་དང༌། སྔགས་བཟླས་པའི་ཡེ་ཤེས་དང༌། འབྲས་བུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱ་བའི་བསམ་པས་མ་བསྟེན་ཅིང༌། བསམ་པ་བདེ་བ་ལ་ཞེན་པའི་ཐ་མལ་པའི་ཆགས་པས་བསྟེན་པ་ཡིན་ན། དེས་དེ་ཁོ་ན་ཉིད་མ་རྟོགས་པས་དེ་སྲིད་དུ་འཁོར་བར་འཁོར་ཞིང༌། འཁོར་བའི་ཉེས་པ་མྱ་ངན་དང་སྡུག་བསྔལ་གྱིས་གཡེངས་པའི་འཁོར་བ་འདིར་འཁོར་བར་འགྱུར་བས་ན། ལུས་ངག་ཡིད་གསུམ་གྱིས་དངོས་པོ་ཀུན་ནས་སྒྲུབ་པ་པོ་ལྷ་ལ་མཉམ་པར་གཞག་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བ་ཁོ་ནའི་བསམ་པས་ཕྱག་རྒྱ་ཐམས་ཅད་མཆོད་པར་བྱའོ། །མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་ཕོ་ཉ་བསྟེན་པའི་ཕན་ཡོན་དང༌། དེ་ལ་བརྙས་པའི་ཉེས་དམིགས་བསྟན་པ་ནི། མཆོད་པ་དེ་ནི་སྟེ། རང་ཉིད་ལྷའི་ང་རྒྱལ་ལ་མཉམ་པར་བཞག་པས། ཕོ་ཉ་བསྟེན་པའི་མཆོད་པ་དེ་ནི་ཕྱིའི་མཆོད་པ་ལ་སོགས་པས་མཆོད་པ་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་ལ། བརྙས་པ་ཡིས་ཏེ་མཉམ་པར་མ་བཞག་པས་ཕོ་ཉ་བསྟེན་ན་སྒྲུབ་པ་པོ་དམྱལ་བར་ངེས་པར་བསྲེག་པར་འགྱུར་རོ། །དེའི་ཕྱིར་ན་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་ཐབས་འདི་ནི་མཉམ་པར་བཞག་པས་ཕོ་ཉ་བསྟེན་པའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་པོར་ཏེ་གཙོ་བོར་ཐབས་དེས་བསྒྲུབ་བོ། །དེ་བས་ན་བརྙས་པ་སྤང་བ་དེ་བཞིན་དུ་མཉམ་པར་བཞག་པས་ཕོ་ཉ་བསྟེན་པ་ལ་རབ་ཏུ་འབད་པ་དང༌། ཕོ་ཉ་བསྟེན་པ་ལ་ཀུན་ནས་དང་བས་སྙོམས་འཇུག་གིས་མཆོད་པར་བྱའོ། །རང་ཉིད་མཉམ་པར་བཞག་པས་ཕོ་ཉ་བསྟེན་པ་ལ་དད་ཅིང་དང་བར་བྱས་པས། དེའི་འོག་ཏུ་དཔའ་བོ་སྒྲུབ་པ་པོའི་དཔའ་བོ་སྟེ། ལྷན་ཅིག་སྐྱེས་པ་མཚོན་ཅིང་ཉམས་སུ་མྱོང་བར་བྱ་བའི་དོན་དུ་ཕོ་ཉ་དང་ལྷན་ཅིག་སྙོམས་འཇུག་ལ་དུས་ཀུན་ཏུ་སྤྱད་པར་བྱའོ། །གསུམ་པ་ཕོ་ཉ་བསྟེན་པའི་ཕན་ཡོན་བསྟན་པ་ནི་དེ་ལྟར་ཏེ། འདིར་དངོས་སུ་སྔགས་སྐྱེས་མ་བསྟེན་པ་ལ། དེ་ཉིད་ཞིང་སྐྱེས་མ་དང་ལྷན་སྐྱེས་མར་ཞེན་པར་བྱས་ཏེ། སྙོམས་པར་འཇུག་པ་ལ་སོགས་པས་བསྟེན་ཅིང་མཆོད་པར་བྱས་ན་དེ་དག་མཉེས་ནས་བྱིན་གྱིས་རློབ་པས་དེའི་ཕན་ཡོན་ནི། དེ་ནས་ནི་ཞེས་པ་ལ་སོགས་པས་སེམས་ཅན་གྱི་དོན་དུ་ཐུན་མོང་གི་དངོས་གྲུབ་ཞི་བ་ལ་སོགས་པ་འགྲུབ་སྟེ། དེ་ཡང་སྟེང་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་དང༌། འོག་སྟེ་ས་འོག་ཏུ་འགྲོ་བའི་དངོས་གྲུབ་དང་དམན་པ་ཞི་བ་ལ་སོགས་པ་ནི་གོ་བར་ཟད་ལ་སྦྱར་ཞིང་ཞེས་པ་ནི། སྔར་གྱི་དངོས་གྲུབ་དེ་ཐམས་ཅད་སྒྲུབ་པ་པོས་ལས་ལ་སྦྱར་བ་ཙམ་མམ། བཀའ་བསྒོ་བ་ཙམ་གྱིས་འགྲུབ་ཅེས་པའོ། །གཞན་ཡང་མཛའ་བོ་ནང་དབྱེ་བ་དང༌། ཚར་བཅད་པ་གནས་ལས་བསྐྲད་པ་ཡིན་གསུང༌། སྔར་གྱི་ལས་དེ་རྣམས་གང་ཅི་ཡང་རུང་བ་སྨྱོན་ཞེས་པ་སྦྱིན་སྲེག་དང་འཁྲུལ་འཁོར་ལ་སོགས་པ་མི་དགོས་པར་ཚེགས་ཆུང་ངུས་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་བར་གདོན་མི་ཟ་ཞིང་ཐེ་ཚོམ་མེད་དོ། །དེ་ལྟར་ན་ལེའུ་གསུམ་གྱི་ལེའུ་དང་པོ་ནས། སྦྲང་རྩི་མཚལ་དང་ག་པུར་དང༌། །ཞེས་པ་ནས། དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན། །ཞེས་པའི་བར་གྱིས་བཟའ་བའི་དམ་ཚིག་མདོར་བསྟན་ནས། དེ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། གསང་བའི་མཆོད་པ་ནི་བཟའ་བའི་དམ་ཚིག་དང་ཕོ་ཉ་བསྟེན་ཅིང་མཆོད་པའོ། །བསྙེན་བཀུར་གྱི་ཆོ་ག་ནི་ཕོ་ཉ་ལ་བསྙེན་བཀུར་བྱ་བའི་ཆོ་ག་སྟོན་པའི་ལེའུ་སྟེ། སུམ་ཅུ་རྩ་གསུམ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་བཞི་པ། རྩ་ལྔ་པ། རྩ་དྲུག་པ། རྩ་བདུན་པ་སྟེ། ལེའུ་བཞི་དྲང་དོན་དུ་བཤད་པས་ཕྱིའི་སྦྱིན་སྲེག་དང༌། བཟླས་པ་ལ་སོགས་པ་བསྟན་པའི་སྒོ་ནས་ལམ་གྱི་གསང་བ་སྒྲུབ་པའི་ཡན་ལག་བསྟན་ལ། ངེས་དོན་གྱི་ཕྱག་རྒྱ་བཞི་བཤད་པས་ལེའུ་དང་པོར། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་པ་ལ་སོགས་པས་ཕྱག་རྒྱ་བཞིའི་རྫོགས་རིམ་མདོར་བསྟན་པ་དེའི་རྒྱས་བཤད་ལམ་གྱི་གསང་བ་དངོས་རྫོགས་པའི་རིམ་པ་ཕྱག་རྒྱ་བཞི་ལ་བརྟེན་ནས་བསྒོམ་པ་སྟོན་ཏོ། །དེ་ལས་ཀྱང་ལེའུ་སུམ་ཅུ་རྩ་བཞི་པ་འདིས་དྲང་དོན་དུ་བཤད་པས་ཕྱིའི་ཕྲིན་ལས་བཞི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་སྟོན་ལ། དེ་ཉིད་ལ་ངེས་དོན་བཤད་པས་བདེ་བ་སྔོན་དུ་སོང་བའི་སྟོང་པ་བསྒོམ་པ་ཕྱག་རྒྱ་ཆེན་པོ་རྫོགས་པའི་རིམ་པ་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། འདི་ལ་གསུམ་སྟེ། སྦྱིན་སྲེག་དང་རྫོགས་རིམ་བསྒོམ་པའི་སྔོན་དུ་བསྐྱེད་པའི་རིམ་པ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པ་བསྟན་པ་དང༌། སྦྱིན་སྲེག་དང་རྫོགས་རིམ་ཉིད་བསྟན་པ་དང༌། དེ་གཉིས་ཀའི་ཕན་ཡོན་བསྡུས་ནས་བསྟན་པའོ། །དང་པོ་ནི་དེ་ནས་ཞེས་པ་ལ་སོགས་པས་ཚིགས་སུ་བཅད་པ་གཅིག་སྟོན་ཏེ། དེ་ནས་ཏེ་ལེའུ་སུམ་ཅུ་རྩ་གསུམ་པ་བཤད་པའི་རྗེས་ལའོ། །མཁའ་འགྲོ་མའི་དྲྭ་བ་ནི་བདེ་མཆོག་ཡིན་ལ། དེའི་འཁོར་ལོའི་ཆོ་ག་རྒྱས་པ་ནི་སྦྱིན་སྲེག་བྱེད་པ་དང་རྫོགས་རིམ་སྒོམ་པ་ལ་སྔོན་དུ་ལྷ་སུམ་ཅུ་རྩ་བདུན་ཚང་བའི་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་བས་བྱ་ཞེས་པའི་དོན་ཏོ། །ཕྱིའི་ཞི་བ་ལ་སོགས་པ་ལས་བསྒྲུབ་པ་དང༌། རྫོགས་པའི་རིམ་པ་བསྒོམ་པའི་ལས་གང་ཡིན་པའི་ལས་དེ་བྱེད་པའི་སྔོན་དུ་བསྐྱེད་པའི་རིམ་པ་འགྲོ་དགོས་པར་རྒྱུད་ཀུན་ལས་བརྗོད་པས་ན། བསྐྱེད་རིམ་སྔོན་དུ་སོང་བ་ལས་དེ་དག་འགྲུབ་པར་ཐེ་ཚོམ་མེད་པའོ། །གཉིས་པ་སྦྱིན་སྲེག་དང་རྫོགས་རིམ་སྟོན་པ་གཉིས་ལས། དང་པོ་དྲང་དོན་དུ་བཤད་པས་ཕྲིན་ལས་བཞི་བསྒྲུབ་པའི་སྦྱིན་སྲེག་ལྟར་ན། དཔའ་བོ་ཀུན་ཞེས་པ་ལ་སོགས་པའི་ཚིག་གཅིག་གིས་འཇིག་རྟེན་པའི་མེ་ལྷ་འབར་བའི་རྣམ་པར་ཐིམ་པའམ། མ་ཐིམ་ན་འཇིག་རྟེན་པའི་མེ་ལྷའི་ཁོག་པར་འཇིག་རྟེན་ལས་འདས་པའི་མེ་ལྷའི་དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་པ་བསྟན། དཔའ་བོ་ཞེས་པ་ལ་སོགས་པའི་ཚིག་རྐང་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་མེ་ལྷ་གསལ་བར་དམིགས་ནས་བསྲེག་རྫས་ཀྱིས་ཆགས་པར་བྱ་བ་བསྟན། གོ་མཾ་ས་ལ་སོགས་པའི་ཚིགས་བཅད་གཅིག་གིས་བསྲེག་རྫས་བསྟན། དེ་ནས་འབར་ཕྲེང་ཞེས་པ་ནས་གཉིས་སུ་མེད་བདེ་བ། །ཞེས་པའི་བར་གྱིས་འཇིག་རྟེན་ལས་འདས་པའི་མེ་ལྷ་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་རྒྱས་པར་བསྟན། ཆོ་གའི་རིམ་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཕྲིན་ལས་བཞིའི་སྦྱིན་སྲེག་བྱེད་པའི་དུས་སུ་ཁཎྜ་རོ་ཧཱ་བཞིས་ལས་སོ་སོར་བྱ་བ་བསྟན་ཏོ། །དེ་དག་གི་ཆོ་གའི་རིམ་པ་ནི་དང་པོ་བསྐྱེད་རིམ་གྱི་དཀྱིལ་འཁོར་འཁོར་ལོ་རྫོགས་པར་བསྒོམས་ནས། ལྷ་རྣམས་རང་ལ་བསྡུ་སྟེ། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་པར་བྱས་ལ། ལས་གང་བྱེད་པ་དང་མཐུན་པའི་ཕྱོགས་དང༌། དུས་དང་ཐབ་དང་བསྲེག་རྫས་དང་ལྡན་པས་མེའི་ནང་དུ་འཇིག་རྟེན་པའི་མེ་ལྷ་དམ་ཚིག་སེམས་དཔའ་བསྐྱེད། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་ནས་མཆོད་རྫས་དང་བསྲེག་རྫས་ཕུལ་བའི་རྗེས་ལ་མེ་ལྷ་འབར་བ་རང་ལ་བསྟིམ་པའམ། ཡང་ན་མེ་ལྷ་རང་གི་ཐུགས་ཀར་འཇིག་རྟེན་ལས་འདས་པའི་མེ་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བྱང་ཆུབ་པ་ལྔའམ་སྐད་ཅིག་མས་བསྐྱེད་པ་ནི་དཔའ་བོ་སྟེ་ཉི་ཤུ་རྩ་ལྔ་པོ་ཀུན་དང༌། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་རྣམས་པདྨའི་ལྟེ་བར་ཞེས་པ་ནི། མེ་ལྷ་མེ་འབར་བ་ལ་ཐིམ་པར་བྱས་ན། ཐབ་ཀྱི་ནང་གི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ངེས་པར་སྦྱར་བ་ནི་བསྒོམ་པར་བྱ་བའམ། འཇིག་རྟེན་པའི་མེ་ལྷ་མེ་འབར་བ་ལ་མ་བསྟིམ་ན། དེའི་སྙིང་གའི་པདྨའི་ལྟེ་བར་ལྷ་རྣམས་ངེས་པར་སྦྱར་བར་བྱའོ། །དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། འབར་བའི་ཕྱག་རྒྱ་དང་ཕཻཾ་བརྗོད་དེ་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་དེ། ཛཿཧཱུྃ་བྃ་ཧོཿས་འཇིག་རྟེན་པའི་མེ་ལྷའི་སྨིན་མའི་བར་ཏེ། དབུས་ནས་མར་ངེས་པར་བཞག་ནི། དེ་ནས་བཅུག་པས་ཨ་ཝ་དྷཱུ་ཏཱིའི་གནས་དེ་བཞིན་ནི། འཇིག་རྟེན་པའི་མེ་ལྷ་ཨ་ཝ་དྷཱུ་ཏཱའི་གནས་ནས་ཞུགས་ནས་མེ་ལྷའི་ཐུགས་ཀའི་ལྷ་སོ་སོའི་སྨིན་མཚམས་ནས་མར་ཞུགས་པར་བསམ་མོ། །དཔའ་བོ་རྨེ་བརྩེགས་ནི་འཇིག་རྟེན་ལས་འདས་པའི་མེ་ལྷའོ། །ཆགས་བྱས་ལ་ཞེས་པ་ནི་ལྷ་རྣམས་མངོན་སུམ་ལྟ་བུར་གསལ་བར་དམིགས་པའམ། འཇིག་རྟེན་ལས་འདས་པའི་ལྷ་རྣམས་བསྲེག་རྫས་ལ་ཆགས་པར་དམིགས་པ་ཡིན་ཞེས་ཀྱང་གསུང་ངོ༌། །དེའི་རྗེས་ལ་དེ་ནས་བསྲེག་རྫས་རྣམས་མེས་བསྲེག་པར་བྱ་བ་ཡིན་གྱི། དེ་ལྟར་མ་བྱས་པར་གཞན་དུ་བསྲེག་རྫས་རྣམས་བསྲེག་པ་མིན་ཞེས་པའི་དོན་ཏོ། །བསྲེག་རྫས་རང་གང་བསྲེག་ཅེ་ན། གོ་མཾ་ས་སྟེ་བ་ལང་གི་ཤ རུ་དྷཱི་ར་ནི་དེ་ཉིད་ཀྱི་ཁྲག་དང་བཅས་ཞེས་པས་ཤ་ལྔ་ཀ་ཡང་གཟུང་ངོ༌། །གཞན་ཡང་འབད་པས་བསྲེག་བྱ་ལྔ་ནི་བདུད་རྩི་ལྔ་སྟེ། དེ་ནི་བསྲེག་རྫས་བསྡུས་པའོ། །བསྲེག་རྫས་རྒྱས་པ་ནི་དེ་ནས་འབར་པའི་མེ་ལ་བསྲེག་བྱ་དགུ་ནི་ཤ་ལྔ་དང་བདུད་རྩི་ལྔ་ལས་ཤ་ཆེན་གཉིས་གཅིག་ཏུ་བགྲངས་པས་དགུ་ནི་བྱ་བ་ཡིན་ཞེས་བྱའོ། །ཡང་ན་གོ་མཾ་ས་དང་རུ་དྷིར་བཅས་ནི། རྒྱས་པའི་བསྲེག་རྫས་ཡིན་ལ། དེ་བཞིན་དུ་ཞོ་དང༌། མེ་ཏོག་དམར་པོ་དང༌། ཨུཏྤལ་དམར་པོ་དང༌། ཤ་ཆེན་ལ་སོགས་པ་ནི་ཞི་བ་དང་དབང་དུ་བྱ་བ་དང་དྲག་ཤུལ་སྤྱོད་པ་ལ་སོགས་པའོ། །འབད་པས་བསྲེག་བྱ་ལྔ་ནི་དང་པོ་བསྲེག་བླུགས་ལྔ་དབུལ་བར་བྱ་སྟེ། དེའི་རྗེས་ལ་ཇི་ལྟར་རིགས་པར་བྱ་བ་ཡིན་ལ། དེ་ནས་འབར་བའི་མེ་ལ་བསྲེག་བྱ་དགུ་འབུལ་བ་ནི་སྔ་མ་དང་འདྲའོ། །སྔར་གྱི་འཇིག་རྟེན་ལས་འདས་པའི་མེ་ལྷ་བསྐྱེད་པ་དེ་རྟེན་དང་བརྟེན་པར་བཅས་པ་རྒྱས་པར་བསྟན་པ་ནི། དེ་ནས་འབར་ཕྲེང་རྒྱ་མཚོར་ནི། །ཞེས་པ་འདི་ནི་མེ་ལྷ་འབར་བ་ལ་ཐིམ་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་མེའི་ནང་དུ་རྟེན་གཞལ་ཡས་ཁང་བརྩེགས་མ་བསྒོམ་པ་ནི། ཀུན་ནས་སྒོའི་འཁོར་ལོར་བསམ་ཞེས་པའོ། །དེའི་ནང་དུ་བརྟེན་པ་ལྷ་བསྒོམ་པ་ནི། དཔའ་བོའི་དབང་པོ་ཞལ་བཞི་པ་ཞེས་པས་གཙོ་བོ་ཡབ་ཡུམ་བསྒོམ་པ་བསྟན་ལ། དཔའ་བོའི་གནས་ནི་དབུས་ཀྱི་ལྟེ་བ་ཡིན་ལ། དེའི་ཕྱོགས་ཀྱི་འདབ་མ་བཞི་ལ། ཕོ་ཉ་མོ་ནི་བཞི་པོ་དག་ནི་སྙིང་པོའི་རྣལ་འབྱོར་མ་བཞི། དེའི་ཕྱི་རོལ་གྱི་འཁོར་ལོ་རིམ་པ་གསུམ་ལ་དཔའ་བོ་ཉི་ཤུ་རྩ་བཞི་པོ་ཀུན་དང་རང་གི་དཔའ་མོ་གཉིས་སུ་མེད་པའི་བདེ་བ་དང་ལྡན་པར་བསམས་པ་དང༌། དེ་དག་གི་ཤུགས་ལས་སྒོ་མཚམས་མ་རྣམས་ཀྱང་བསམ་པར་ཤེས་པར་བྱའོ། །ལས་བཞི་པོ་སོ་སོར་བསྒྲུབ་པའི་ཏིང་ངེ་འཛིན་བསྟན་པ་ནི། ཆོ་གའི་རིམ་པ་ཇི་བཞིན་དུ་ཞེས་པ་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་རྣམས་ལ་ཁཎྜ་རོ་ཧཱ། ཕྱི་རོལ་སྦྱོར་ཞེས་པ་ནི། ལས་བཞིའི་བྱེ་བྲག་གིས་ཁཎྜ་རོ་ཧཱ་དེ་ཁཎྜ་རོ་ཧཱ་བཞིས་ཕྱི་རོལ་སྦྱོར། ཞེས་པ་ལས་བཞི་སྒྲུབ་པ་ནི། དེ་ཡང་ཞི་བའི་ལས་བསྒྲུབ་ན། རང་གི་སྙིང་གའི་ས་བོན་ལས་ཁཎྜ་རོ་ཧཱ་སྐུ་མདོག་དཀར་མོ་བཏོན་ལ། དེས་བསྒྲུབ་བྱ་མདུན་དུ་དགུག་སྟེ། དེའི་སྣ་བུག་གཡོན་པ་ནས་ཁཎྜ་རོ་ཧཱ་བཅུག་ལ་ནད་དང་བགེགས་ལ་སོགས་པ་ཐམས་ཅད་ཞི་བར་བྱེད་པའི་ཞི་བའི་སྦྱིན་སྲེག་བྱའོ། །རྒྱས་པ་དང་དབང་དུ་བྱ་བ་ཡང་དེས་བསྒྲེས་ཏེ་ཤེས་པར་བྱས་ལ། ཁྱད་པར་དུ་དྲག་པོ་ལ་ནི་རང་གི་སྙིང་ག་ནས་ཁཎྜ་རོ་ཧཱ་ནག་མོ་སྤྲུལ་ལ། དེས་བསྒྲུབ་བྱ་གདུག་པ་ཅན་མདུན་དུ་བཀུག་སྟེ། དེའི་སྣ་བུག་གཡས་པ་ནས་ཁཎྜ་རོ་ཧཱ་བཅུག་ལ། དེའི་སྲོག་དང་རྣམ་པར་ཤེས་པ་ཁཎྜ་རོ་ཧཱས་ཁྱེར་ནས་བདེ་བ་ཅན་དུ་བསྐྱལ་ནས། དེའི་ཤ་བསྲེག་རྫས་ལ་བསྟིམ་པར་བསམས་ལ་སྦྱིན་སྲེག་བྱའོ། །རང་གི་གཟུགས་སུ་མངོན་ཞེན་པ་ནི། ལས་དེ་དག་བསྒྲུབ་པའི་དུས་སུ་ཁཎྜ་རོ་ཧཱའི་གཟུགས་ཁ་དོག་སོ་སོར་བསམ་པ་ཡིན་ལ། དེ་ཡང་འཁོར་ལོ་སྟེ་གཞལ་ཡས་ཁང་གི་དབུས་སུ་བསྟན་པ་ནི་བསྒོམ་པར་ཤེས་པར་བྱའོ། །དེ་ཉིད་ལ་ངེས་དོན་དུ་བཤད་པས་ཕྱག་རྒྱ་ཆེན་པོ་རྫོགས་པའི་རིམ་པ་སྟོན་ཏེ། འདི་བསྒོམ་པའི་རིམ་པ་ནི་དང་པོར་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམས་ཏེ། སྔགས་ཀྱི་མཆོད་པ་ལ་སོགས་པས་མཆོད་ལ། ལྷ་རྣམས་མ་བསྡུས་པར་ཡབ་ཡུམ་གཉིས་ཀྱི་གནས་ལྔ་བྱིན་གྱིས་བརླབ་པ་བྱ་བ་ནི་ཡབ་ཀྱི་དཔྲལ་བར་ཡུམ་གྱི་རྩ་སྔགས། མགྲིན་པར་སྙིང་པོ། ཐུགས་ཀར་ཉེ་སྙིང༌། ལྟེ་བར་སྭཱ། བརླ་གཉིས་ལ་ཧཱ་བཀོད་ལ་དེ་དག་ཀྱང་དཀར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། སེར་པོ་དང༌། ལྗང་གུར་གོ་རིམ་བཞིན་དུ་དགོད་དོ། །ཡུམ་གྱི་དཔྲལ་བར་ཡབ་ཀྱི་རྩ་སྔགས། མགྲིན་པར་སྙིང་པོ། སྙིང་གར་ཉེ་སྙིང༌། ལྟེ་བར་སྭཱ། བརླ་གཉིས་ལ་ཧཱ་རྣམས་ཁ་དོག་སྔ་མ་དང་འདྲ་བར་དགོད། ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པར་བྱས་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་དེའི་བུ་ག་བྷྱྃ་སེར་པོས་བྱིན་གྱིས་བརླབས། ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས། ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ། ཟེ་འབྲུ་ལ་བྷྱྃ་སེར་པོས་བྱིན་གྱིས་བརླབས་ཏེ། དེ་ནས་ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་རྩ་སྔགས་ལ་སོགས་པའི་ཡི་གེ་རྣམས་ཀྱང་ཐད་ཀ་ཐད་ཀར་སྙོམས་པར་ཞུགས་པས་ཡབ་ཀྱི་སྨིན་མཚམས་ཀྱི་མཛོད་སྤུའི་ཧཾ་ལས་ཐིག་ལེ་དཀར་པོ་ཡུངས་ཀར་གྱི་འབྲུ་ཙམ་ཞིག་རྩ་དབུ་མའི་ནང་ན་མར་བབས་ཏེ་གསང་གནས་སུ་བྱོན། ཡུམ་གྱི་སྨིན་མཚམས་ཀྱི་ཧཾ་ལ་ཐིག་ལེ་དམར་པོ་ཡུངས་ཀར་གྱི་འབྲུ་ཙམ་ཞིག་ཡུམ་གྱི་རྩ་དབུ་མའི་ནང་ན་མར་བབས་ཏེ་ཡུམ་རང་གི་མཁར་བྱོན། དེ་ལྟ་བུའི་ཐིག་ལེ་དཀར་དམར་གཉིས་ཡི་གེ་གཉིས་ཀྱི་གནས་སུ་འདྲེས་པས་ཐིག་ལེ་དཀར་དམར་གྱི་རྣམ་པ་ཡུངས་ཀར་གྱི་འབྲུ་ཙམ་པ་ཅིག་ལ་ཤེས་པ་གཏད་ལ། འོག་རླུང་ཅུང་ཟད་བསྐུམ་པའམ། ཡང་ན་སྟེང་རླུང་ཅུང་ཟད་མནན་ཅིང་བསྒོམ། རླུང་བསྐུལ་བའམ་མནན་པ་ཧ་ཅང་དྲག་ན་བདེ་བ་སྟོར་ནས་འགྲོ་བས་མི་དྲག་ཙམ་བྱ། དེ་ལྟར་བསྒོམས་པས་བདེ་བ་ཤས་ཆེ་ན་ཐིག་ལེ་མར་ཆོར་བ་ཡིན་པས། དེའི་དུས་སུ་ཨཱ་ལི་ངག་ཏུ་བརྗོད་ཅིང་རྡོ་རྗེའི་ལམ་ནས་ཐིག་ལེ་ཡབ་ཀྱི་རྩ་དབུ་མའི་ནང་ན་ཡར་གྱེན་ལ་ཅུང་ཟད་གཡོ་བར་བསམས་ལ་དྲངས། བདེ་བ་ཤས་ཆུང་ན་ཐིག་ལེ་དེ་ཡུམ་གྱི་པདྨར་བསམ། དེ་ལྟར་བསྒོམས་པས་བདེ་བ་ཚད་དུ་སྐྱོལ་ནས་ཡབ་ཡུམ་གཉིས་བདེ་བ་ཆེན་པོས་ཚིམ་པ་དང༌། རིམ་གྱིས་འཁོར་ལོ་ལྔའི་ལྷ་ཡང་བདེ་བ་ཆེན་པོས་ཚིམ་པར་བྱའོ། །དེ་ནས་གཞལ་ཡས་ཁང་དང་དུར་ཁྲོད་དང་སྣོད་བཅུད་ཐམས་ཅད་ཀྱང་བདེ་བའི་རྣམ་པར་བསྒོམ་མོ། །དེ་ལྟར་བདེ་བ་ཚད་དུ་རྫོགས་པ་དང༌། དེ་ནས་གསང་གནས་ཀྱི་ཐིག་ལེ་དཀར་དམར་ཡུངས་ཀར་གྱི་འབྲུ་ཙམ་པ་དེ་ལས་འོད་ཟེར་དཀར་དམར་གྱི་རྣམ་པ་ཡབ་ཉིད་ཀྱི་རྩ་དབུ་མ་ནས་བྱུང་ནས་སྣ་བུག་གཡས་པ་ནས་སྤྲོས་ཏེ། སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་བཅུད་ལ་ཐིམ་པར་བསམ། དེ་ནས་འོད་ཟེར་གཉིས་པ་ཅིག་སྤྲོས་པས་བཅུད་ཐམས་ཅད་བདག་གི་སྣ་བུག་གཡོན་ནས་ཞུགས་ཏེ། རྩ་དབུ་མའི་ནང་ན་མར་སོང་ནས་གསང་གནས་ཀྱི་ཐིག་ལེ་ལ་བསྟིམ། དེ་ནས་སྲུང་འཁོར་དང་དུར་ཁྲོད་ཀྱང་གསང་གནས་ཀྱི་ཐིག་ལེ་ལ་བསྡུ། དེ་ནས་ཡང་དེ་ལས་འོད་འཕྲོས་པས་འཁོར་ལོ་ལྔའི་ལྷ་ཐམས་ཅད་ཀྱང་དམ་ཚིག་གི་འཁོར་ལོ་ནས་བཟུང་སྟེ་རིམ་གྱིས་ཕྱོགས་གཡོན་སྐོར་དང༌། མཚམས་གཡས་སྐོར་གྱིས་བདག་གི་སྣ་བུག་གཡོན་ནས་བསྡུས་ཏེ། དབུ་མ་ནས་ཞུགས་ནས་གསང་གནས་ཀྱི་ཐིག་ལེ་ལ་བསྟིམ་པའམ། ཡང་ན་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་རིམ་གྱིས་བསྡུས་ཏེ། མཁའ་འགྲོ་མ་ལ་སོགས་པ་བཞི་ལ་བསྡུས། དེ་དག་ཀྱང་གཙོ་བོའི་ཞལ་བཞིར་བསྡུས་ལ་གཙོ་བོ་ཡབ་ཡུམ་རང་ཡང་འོད་དུ་ཞུ་ནས་ཐིག་ལེ་ལ་ཐིམ་སྟེ་ཐིག་ལེ་དམར་སྐྱའི་ངོ་བོར་བསམས་ལ་དེ་ལ་སེམས་གཏད་ཅིང་བསྒོམ་མོ། །དེ་ལྟར་བསྒོམས་པས་ལྷག་མཐོང་བདེ་བ་ཤས་ཆེ་སྟེ། མི་བཟོད་པ་དང་ཀུ་ཆོའི་སྒྲ་འབྱིན་པ་ལ་སོགས་པ་བྱུང་ན་ཐིག་ལེ་དེ་ཉིད་ཀྱང་མི་དམིགས་པར་བྱ། དེས་ཞི་གནས་མི་རྟོག་པ་ཤས་ཆེ་སྟེ་དྲན་པ་མེད་པ་ལ་སོགས་པར་འགྲོ་ན་ཡང་སྟོང་པའི་ངང་ལས་ཐིག་ལེ་དམར་སྐྱར་དམིགས་ཏེ། དེ་ཡང་བདེ་བའི་ངོ་བོར་སེམས་གཏད་ཅིང་བསྒོམ་མོ། །དེ་ལྟར་ཡང་དང་ཡང་དུ་བསྒོམས་པས་བདེ་སྟོང་ཟུང་དུ་ཆུད་པ་དང༌། དེ་ལས་ལྡང་བའམ། ཡང་ན་ཐིག་ལེ་ལ་དམིགས་ཤིང་བདེ་བ་བསྒོམས་པ་ལས་དེས་སེམས་གཡེངས་པར་གྱུར་ཏེ། དེ་ལས་ལྡང་པར་འདོད་ན་ཐིག་ལེ་ལས་ཧཱུྃ་དེ་ལས་གཙོ་བོ་ཡབ་ཡུམ་དུ་དམིགས་པ། གསང་གནས་ཀྱི་ཐིག་ལེ་དེ་ལས་བདེ་ཆེན་གྱི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པ་སྤྲོ། དེ་བཞིན་དུ་རིམ་གྱིས་ཐུགས་ཀྱི་འཁོར་ལོ་དང༌། གསུང་དང༌། སྐུ་དང༌། དམ་ཚིག་གི་འཁོར་ལོའི་བར་དུ་སྤྲོ། དེ་ནས་གཞལ་ཡས་ཁང་དུར་ཁྲོད་སྲུང་འཁོར་དང་བཅས་པ་དང༌། སྣོད་བཅུད་ཐམས་ཅད་ཀྱང་བདེ་བའི་རང་བཞིན་དུ་སྤྲོས་ལ་བསྒོམ་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་ཡང་དང་ཡང་དུ་བསྒོམས་པ་ལས་ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར་རོ། །དེ་དག་ཀྱང་གཞུང་དང་སྦྱར་བ་ནི་དེ་ནས་ཞེས་པ་ནས་ཐེ་ཚོམ་མེད་པའོ་ཞེས་པའི་བར་ནི། རྫོགས་རིམ་བསྒོམ་པའི་སྔོན་དུ་བསྐྱེད་རིམ་བསྒོམ་པ་བསྟན་པ་དེ་ནི་སྔར་བཤད་པ་ཉིད་ཡིན་ནོ། །དཔའ་བོ་ཀུན་དང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་སྒྲུབ་པ་པོ་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བའི་རྣལ་འབྱོར་དུ་དམིགས་ནས་བསྒོམ་པ་སྟོན་ཏེ། དེ་ལ་དཔའ་བོ་ཀུན་ཏེ་བསྐྱེད་རིམ་ལ་དམིགས་པའི་དཔའ་བོ་ཉི་ཤུ་རྩ་ལྔ་དང༌། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་ལ་བྱ་བའམ། ཕྱིས་བླ་མ་ལོ་ཙཱ་བ་ལ་དྲིས་པས་དཔའ་བོ་ཐབས་སྒྲུབ་པ་པོ། རྣལ་འབྱོར་མ་ཤེས་རབ་འོད་ཀྱི་རིག་མ་ཡིན་གསུང༌། པདྨའི་ལྟེ་བར་ངེས་པར་སྦྱར་ཞེས་པ་ནི། ཀུན་དུ་སྤྱོད་པའི་རྒྱུད་ནས་བཤད་པ་ལྟར་ཡབ་ཡུམ་གཉིས་ཀྱི་གནས་ལྔར་ཡི་གེ་དགོད་པ་སྔོན་དུ་འགྲོ་བས་སྒྲུབ་པ་པོ་དང༌། འོད་ཀྱི་རིག་མ་གཉིས་ཀྱི་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་བསྟན། ཨ་ཝ་དྷཱུ་ཏཱི་ལ་སོགས་པ་རྐང་པ་གཉིས་ཀྱིས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐིག་ལེ་ཨཱ་ལི་བརྗོད་ཅིང་གྱེན་ལ་དྲངས་ཏེ། དེའི་བདེ་བས་དཀྱིལ་འཁོར་པའང་བདེ་བ་བསྒོམ་པ་དང༌། དེ་ནས་དཀྱིལ་འཁོར་རིམ་གྱི་བསྡུ་བ་བསྟན་ཏེ། དེ་ཡང་ཨ་ཝ་དྷཱུ་ཏཱིའི་གནས་ནི་ཡབ་ཀྱི་རྩ་དབུ་མའི་ནང་ན་ཡར་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ཀྱི་ཐིག་ལེ་བདེ་བའི་རང་བཞིན་ཅན་དེས། ངག་ཏུ་ཨཱ་ལི་བརྗོད་ཅིང་དེ་བཞིན་དུ་སྨིན་པའི་དབུས་ཀྱི་བར་དུ་གྱེན་ལ་དྲངས་ལ་བཞག་པའོ། །དཔའ་བོ་རྨེ་བརྩེགས་ཆགས་བྱས་ལ་ནི། དཔའ་བོ་རྨེ་བརྩེགས་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་གསང་གནས་ཀྱི་ཐིག་ལེ་ལ་བསྡུས་པ་དང་ཡབ་ཡུམ་གཉིས་ཀྱང་ཞུ་བའི་ཐིག་ལེ་དཀར་དམར་བདེ་བ་ཆེན་པོའི་རང་བཞིན་ཡིན་ལ། ཆགས་བྱས་ལ་ནི་དེ་ལ་སེམས་ཆགས་པར་བྱས་ཏེ་བསྒོམ་ཞེས་པའོ། །ཕྱིས་བླ་མ་ལོ་ཙཱ་བ་ལ་དྲིས་པས་དཔའ་བོ་རྨེ་བརྩེགས་ནི། དབུ་མར་ཉམས་སུ་མྱོང་བའི་བདེ་བ་མི་རྟོག་པ་དང་བཅས་པ་ཡིན་ལ། དེ་ལ་སྒྲུབ་པ་པོའི་སེམས་ཆགས་པར་བྱ་བ་ཡིན་གསུང་ངོ༌། །དེ་ནས་མེས་ཞེས་པ་ནི་དེ་ལྟ་བུའི་བདེ་བ་མི་རྟོག་པ་ལ་བློ་གནས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེས་མི་རྟོག་པའི་ཐབ་ཏུ་རྣམ་རྟོག་ཐམས་ཅད་བསྲེག་པར་བྱ་བ་ཡིན་གྱི། གཞན་དུ་དེ་མིན་པའི་ཐབས་ཀྱི་རྟོག་པ་བསྲེག་པར་ནུས་པ་མིན་ཞེས་པའོ། །དེའི་བསྲེག་རྫས་ཉིད་གང་ཞེ་ན། གོ་མཾ་ས་དང་རུ་དྷིར་བཅས་པ་ནི་ས་ལ་སོགས་པ་འབྱུང་བ་བཞིའི་རྟོག་པ་ཡིན་ལ། འབད་པས་ཏེ་སྒྲུབ་པ་པོ་བརྩོན་འགྲུས་དང་བཅས་ཏེ་བསྒོམས་པས་བསྲེག་བྱ་ལྔ་ནི་ཕུང་པོ་ལྔའི་རྟོག་པ་ཡིན་ལ། དག་བྱ་ནི་དེ་དག་མི་རྟོག་པའི་མེས་བསྲེག་པ་དག་བྱའོ། །དེ་ཉིད་བཤད་པ་ནི། དེ་ནས་འབར་བའི་མེ་ནི་ཟག་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མེ་ཡིན་ལ། དེ་ལ་བསྲེག་རྫས་གང་བསྲེག་ཅེ་ན། བསྲེག་བྱ་དགུ་ནི་ཕུང་པོ་ལྔ་དང་འབྱུང་བ་བཞིའི་རྟོག་པ་བསྲེག་པར་བྱ་བ་ཡིན་ཏེ། དེ་དག་གི་རྟོག་པ་སྣང་བ་མེད་པར་བྱའོ། །དེ་ནས་འབར་ཕྲེང་ཞེས་པ་ནི་སྔར་གྱི་བདེ་བ་མི་རྟོག་པ་དེ་ལས་སྒྲུབ་པ་པོའི་བློ་གཡེངས་པར་གྱུར་ནས་སླར་ཡང་དཀྱིལ་འཁོར་སྤྲོས་ཏེ་བསྒོམ་པ་དང༌། ཡང་དཀྱིལ་འཁོར་ལ་ཤེས་པ་ཆེར་འཕྲོས་ཏེ་སོང་ན་བདེ་བ་མི་རྟོག་པར་བསྒོམ་པ་བསྟན་ཏེ། དེ་ཡང་དེ་ནས་ཏེ་ཐིག་ལེ་བདེ་བ་དང་མི་རྟོག་པའི་རང་བཞིན་ཅན་དེ་ལ་སེམས་གཡེངས་ན་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པ་ལ་སེམས་སྤྲོས་པ་ནི། འབར་ཕྲེང་རྒྱ་མཚོ་སྟེ་ཐིག་ལེ་དཀར་དམར་འོད་ཀྱི་གོང་བུར་འབར་བའི་ཕྲེང་བའི་ཚོགས་ཅན་དེ་ཉིད་ལས། རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་སྤྲོ་བ་ནི། རྟེན་ཀུན་ནས་སྒོ་བཞི་དང་འཁོར་ལོ་གསུམ་ལ་སོགས་པ་བྱུང་བར་བསམ་མོ། །བརྟེན་པ་ལྷ་ནི་དཔའ་བོའི་དབང་པོ་ལ་སོགས་པ་སྟེ་གོ་བར་ཟད་དོ། །ཆོ་གའི་རིམ་པ་ཇི་བཞིན་དུ། །ཞེས་པ་ནི་ཐིག་ལེ་ལ་དམིགས་ནས་བདེ་བ་མི་རྟོག་པ་བསྒོམ་པའོ། །ཁཎྜ་རོ་ཧཱ་ནི་གྱེན་ལ་དྲངས་པའི་བདེ་བ་ཚད་དུ་སྐྱོལ་བའི་ཐིག་ལེ་ཡིན་པ་ལ། ཕྱི་རོལ་སྦྱོར་ནི་ཐིག་ལེ་ལས་བྱུང་བའི་བདེ་བས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་བདེ་བར་བསྒོམ་པའོ། །རང་གི་གཟུགས་སུ་མངོན་ཞེན་པ་ནི། སྒྲུབ་པ་པོ་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བའི་རྣལ་འབྱོར་དུ་དམིགས་ཏེ། ཐིག་ལེ་བདེ་བའི་རང་བཞིན་ཅན་ལ་དམིགས་པའི་རང་གི་གཟུགས་ལ་མངོན་པར་ཞེན་པའི་སྒོ་ནས་འཁོར་ལོའི་སྟེ་ཡུམ་གྱི་པདྨའི་དབུས་སུ་བསྟན་པར་བྱ་ནི་དམིགས་པར་བྱ་བའོ། །ད་ནི་སྦྱིན་སྲེག་དང་རྫོགས་རིམ་གཉིས་ཀའི་ཕན་ཡོན་ཕྱོགས་གཅིག་ཏུ་བསྟན་པ་ནི། འཁོར་ལོ་འདི་དག་སྟེ་སྦྱིན་སྲེག་ལྟར་ན་སྔོན་དུ་དཀྱིལ་འཁོར་རྫོགས་པའི་བསྐྱེད་རིམ་བསྒོམ་པ་འདི་དག་བསྟན་པ་ནི། སྔོན་དུ་སོང་བའི་སྦྱིན་སྲེག་བྱས་པས་སྒྲུབ་པ་པོ་ལ་དངོས་གྲུབ་གསུམ་རིམ་པ་བཞིན་གསལ་བར་བྱེད་པ་ཡིན་ནོ། །རྫོགས་རིམ་ལྟར་ན་འཁོར་ལོ་སྟེ་ཐིག་ལེའི་བདེ་བས་ལྷ་ཐམས་ཅད་ཀྱང་བདེ་ལ་མི་རྟོག་པས་ཁྱབ་པར་བསྒོམ་པའི་རིམ་པ་འདི་དག་བསྟན་པ་ནི། དེས་དངོས་གྲུབ་ཐམས་ཅད་རིམ་པ་བཞིན་གསལ་བར་བྱེད་པ་ཡིན་ནོ། །དེ་དག་ཀྱང་གང་ལས་གསུངས་ཤེ་ན། རིག་པའི་རྒྱ་མཚོ་དཔལ་ནམ་མཁའ་དང་མཉམ་པ་འབུམ་ཕྲག་གསུམ་པ་ལས་རྒྱས་པར་གསུངས་སོ། །དེ་གང་གིས་གསུངས་ན་དཔའ་བོ་སྟེ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཧེ་རུ་ཀས་རྒྱུད་འདིར་ཐབས་མདོར་བསྡུས་ནས་གསུངས་པ་ཡིན་ནོ། །དེ་ཡང་སྦྱིན་སྲེག་བྱེད་པ་དང་ཕྱག་རྒྱ་ཆེན་པོ་རྫོགས་པའི་རིམ་པ་བསྒོམ་པའི་དུས་སུ་ཕོ་ཉ་གཉིས་མེད་དེ། སྦྱིན་སྲེག་བྱེད་པའི་ཚེ་འོད་ཀྱི་རིག་མའམ་ལས་ཀྱི་ཕྱག་རྒྱ་མ་གང་རུང་ཡིན་ལ་ཕྱག་རྒྱ་ཆེན་པོ་རྫོགས་པའི་རིམ་པ་བསྒོམ་པའི་དུས་སུ་ལས་ཀྱི་ཕྱག་རྒྱ་དང་མ་ཡིན་ཏེ། འོད་ཀྱི་རིག་མའི་ཕོ་ཉ་དང་གཉིས་སུ་མེད་པར་སྦྱོར་བའི་བདག་ཉིད་ཀྱིས་ལས་ཀྱི་ལྷན་སྐྱེས་རྒྱུད་ལ་སྐྱེས་ནས་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། ལས་ཀྱི་ཕྱག་རྒྱ་དང་འོད་ཀྱི་རིག་མའི་ཕོ་ཉ་མོ་དང་གཉིས་སུ་མེད་ཅིང་སྦྱོར་བས་ཕྱིའི་སྦྱིན་སྲེག་ཕྲིན་ལས་བཞི་དང༌། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཕྱག་རྒྱ་ཆེན་པོ་རྫོགས་པའི་རིམ་པ་བསྒོམ་པ་དང༌། ཕྲིན་ལས་བཞིའི་ལས་ཀྱི་ཆོ་ག་དང༌། ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཆོ་ག་སྟོན་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་ལྔ་པ་འདིས་དྲང་དོན་དུ་བཤད་པས་སྔགས་ཀྱི་བཟླས་པ་སྟོན་ལ། དེ་ཉིད་ལ་ངེས་དོན་དུ་བཤད་པས་ཆོས་ཀྱི་ཕྱག་རྒྱ་རིམ་པ་རྣམ་པ་བཞི་བསྒོམ་པ་སྟོན་ཏོ། །ལེའུ་འདི་ལ་ཡང་ལེའུའི་གཞུང་དང༌། དེའི་མཚན་གཉིས་ལས། དང་པོ་གཞུང་སྟོན། དེ་ལ་དང་པོ་དྲང་བའི་དོན་དུ་བཤད་པའི་སྔགས་ཀྱི་བཟླས་པ་སྟོན་པ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་གསུམ་གྱིས་དྲང་དོན་དུ་བཟླས་པ་དང༌། ངེས་དོན་དུ་རྫོགས་རིམ་བསྒོམ་པ་གཉིས་ཀའི་སྔོན་དུ་བསྐྱེད་པའི་རིམ་པ་བསྒོམ་པ་བསྟན། ལས་ནི་ཞེས་པ་ནས་ཁ་དོག་ཕོ་ཉ་ལ་སོགས་པ་ལས་སྔགས་ཞེས་པའི་བར་གྱི་ཕྲིན་ལས་བཞིའི་བཟླས་པ་སྤྱིར་བསྟན། མདའི་ཤུགས་ཞེས་པ་ནས་རྩུབ་པ་མ་ཡིན་ནོ་ཞེས་པའི་བར་གྱིས་ཞི་བའི་བཟླས་པ་བསྟན། ས་བོན་ཕྲེང་བ་ཞེས་པ་ནས་སྦྱར་བར་བྱ་ཞེས་པའི་བར་གྱི་དངོས་སུ་དྲག་པོའི་བཟླས་པ་བསྟན་ཅིང་ཞར་ལས་དབང་དང་རྒྱས་པའི་བཟླས་པ་ཡང་བསྟན་ཏོ། །དྲག་པོ་རང་ལ་ཡང་གཉིས་ལས་ས་བོན་ཕྲེང་བ་ནས་སྦྱར་བར་བྱ་ཞེས་པའི་བར་གྱིས་ཚར་བཅད་པ་བསྟན། དུས་མིན་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་གིས་རྗེས་སུ་གཟུང་བ་བསྟན་ཏོ། །ད་ནི་དཀྱུས་མ་ཉིད་བཤད་པར་བྱ་སྟེ། དེ་ནས་ནི་ལེའུ་སུམ་ཅུ་རྩ་བཞི་པ་བཤད་པའི་རྗེས་ལའོ། །ལས་ཀྱི་མཆོག་རབ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་མཆོག་རབ་ཏུ་བསྒྲུབ་པའི་སྔོན་དུ་ནིའོ། །ཇི་བཞིན་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་ལྟ་བ་བཞིན་དུ། དང་པོ་ལྷ་བསྐྱེད་པ་ནས་བཟླས་པའི་བར་དུ་ཆོ་གའི་རིམ་གྱིས་མཚོན་པར་བྱས་ཏེ། མཆོད་པ་ནི་ཡབ་ཡུམ་གཉིས་མེད་སྙོམས་འཇུག་གི་སྦྱོར་བའི་བདག་ཉིད་གསང་བའི་མཆོད་པའི་བར་དུ་བྱས་ལ། དེ་ནས་བཟླས་པ་ལ་འཇུག་པའི་དུས་སུ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་བྷ་གར་ཨཱ་ལི་ཀཱ་ལི་བྱུང་སྟེ། དེ་ལས་རིན་ཆེན་བཞི་པོ་གང་ཡང་རུང་བའི་སྔགས་སུ་བསམས་ལ། དེ་ནས་ལས་ནི་སོ་སོར་སྦྱར་བར་བྱ་ནི་ཡབ་ཡུམ་འཁོར་བའི་བཟླས་པ་ལས་བཞིའི་བྱེ་བྲག་གིས་སྔགས་དཀར་པོ་ལ་སོགས་པ་ཁ་དོག་སོ་སོ་དང༌། དབྱིབས་ཀྱང་ནི་ཞི་བ་ལ་མདའི་ཤུགས་ལྟར་དང༌། རྒྱས་པ་ལ་སྒྲོའི་ཆུན་པོ་ལྟར་བཟླས་པ་སྟེ་གཉིས་པོ་དེ་ནི་གཞན་དུ་ཚུར་འཁོར་དུ་འཆད་ཀྱང༌། འདིར་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་འཁོར་བར་བསམ་གསུང་ངོ༌། །དབང་ལ་ལྕགས་སྒྲོག་འཁྲིལ་བ་ལྟར་དང༌། དྲག་པོ་ལ་ཐི་གུ་བསྒྲིལ་བ་ལྟར་བཟླས་པ་སྟེ། དེ་གཉིས་ཀྱང་ཕར་འཁོར་བར་བཟླས་པ་བྱའོ། །བཟླས་པའི་སྔགས་རང་གང་ཞེ་ན། གང་ཡང་རབ་ཏུ་གྲགས་པའི་སྔགས་ཏེ། དེ་ཡང༌། ས་སྟེང་ན་ནི་རིན་ཆེན་བཞི། ཞེས་གསུངས་པ་དེའོ། །དེ་ཡང་ཇི་ལྟར་བཟླས་ཤེ་ན། དེའི་དབྱེ་བ་ནི་བཟླས་པའི་ཐབས་ཀྱི་དབྱེ་བའི་རིགས་ཇི་བཞིན་ནི། ལས་བཞི་ལ་སྔགས་ཀྱི་ཁ་དོག་དང་དབྱིབས་སོ་སོར་བྱ་བའོ། །དེ་ཡང་ལྷ་གང་གི་སྔགས་བཟླས་ཤེ་ན། ཁ་དོག་ཕོ་ཉ་ནི་དཔའ་བོའི་སྔགས་ཡིན་ལ། སོགས་ཞེས་པ་ནི་དཔའ་མོའི་སྔགས་ཏེ་དེ་ཡང་སྔགས་གང་ཡིན་པ་དེ་གསལ་བར་དམིགས་ལ་བཟླས་པ་བྱའོ། །ད་ནི་ཕྲིན་ལས་བཞིའི་བཟླས་པ་སོ་སོར་བསྟན་པ་ནི་ཞི་བའི་ལས་བསྒྲུབ་པའི་དུས་སུ་མདའི་ཤུགས་བཞིན་ཡོངས་སུ་འཁོར་ནི་དཔའ་བོའི་སྔགས་ཀྱི་ཞབས་ལ་དཔའ་མོའི་སྔགས་ཨོཾ་བཅུག་ནས། དཔེ་མདའི་ཤུགས་བཞིན་དུ་མྱུར་དུ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཡོངས་སུ་འཁོར་བར་བསམ་ཞིང་བཟླས་སོ། །དེ་ཉིད་བཤད་པས་ཕན་ཚུན་མདུད་པ་ནི་དཔའ་བོའི་སྔགས་ཀྱི་ཞབས་ལ་དཔའ་མོའི་སྔགས་མདུད་པའི་གསང་སྔགས་ནི་རྒྱུ་ཨཱ་ལི་ཀཱ་ལི་ལས་བྱུང་བ་རྣམས་སོ། །དེ་ཡང་བསྒྲུབ་བྱ་གང་གི་དོན་དུ་བྱ་ཞེ་ན། ཡུལ་ཉིད་ཀྱི་ཕྱེ་བ་ནི་ནད་པ་ལ་སོགས་པ་སོ་སོའི་བསྒྲུབ་བྱ་སྟེ། འདིར་ཞི་བ་ལ་ནི་ནད་ཞི་བར་འདོད་པ་ལ་སོགས་པ་ཡིན་ནོ། །ནད་ལ་སོགས་པ་ཞི་བ་ལ་ལྷོད་པ་ནི། སྔགས་དལ་གྱིས་འཁོར་བ་སྟེ། དྲག་ཅིང་རྩུབ་པར་བཟླས་པ་མ་ཡིན་ནོ་ཞེས་པ་སྟེ། ཚིག་ཐ་མ་གཉིས་པོ་དེ་ནི་ཇོ་བོ་སྔ་མ་རྣམས་ཀྱི་རྒྱ་དཔེ་ལ་ཡོད་ལ། བླ་མ་སུ་མ་ཏིའི་དཔེ་ལ་མེད་གསུང་ངོ༌། །དྲག་པོའི་བཟླས་ལུགས་གཙོར་བསྟན་པ་ནི། ས་བོན་ཕྲེང་བ་སྟེ་སྔགས་དང་བསྒྲུབ་བྱའི་མིང་གི་ཞབས་སུ་ཤཱནྟིཾ་ཀུ་རུ་དང་མཱ་ར་ཡ་ཕཊ་ལ་སོགས་པ་སྤེལ་བ། དེ་ནས་འཛིན་ནི་སྔགས་ཀྱི་ཞབས་སུ་བསྒྲུབ་བྱའི་མིང་འཇུག་པའོ། །དེ་ཉིད་བཤད་པ་ནི། ཧཱུྃ་ནི་མཐའ་རུ་གནས་པ་ཡིན་ནི་རིན་ཆེན་བཞི་པོ་གང་རུང་གི་མཐའ་རུ་ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ། ཞེས་མཐའ་གཉིས་སུ་ཧཱུྃ་བཅུག་པ་དང་སྤེལ་ནས་བཟླས་པའོ། །རྣམ་པ་དེ་ལྟ་བུའི་བཟླས་བརྗོད་བྱས་ན་དེས་བསྒྲུབ་བྱའི་སྲོག་འགོག་པར་འགྱུར་ན་ནི་བསྒྲུབ་བྱ་འཆི་བར་འགྱུར་བ་ཡིན་ལ། དེ་ཡང་མྱུར་བར་འཆི་བ་ནི་གོམ་པ་གཅིག་ཀྱང་མི་འགྲོའོ་ཞེས་པ་གོམ་པ་གཅིག་འདོར་བའི་ལོང་མེད་པར་འཆི་བའོ། །ཁ་སྦྱར་ནི་སྔགས་དང་བསྒྲུབ་བྱའི་མིང་སྦྱོར་བར་འགྱུར་བའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་ནི་སྔགས་དང་བསྒྲུབ་བྱའི་མིང་དབྱེར་མེད་དུ་བྱས་ནས་བཟླས་པ་བྱས་པས། རྡོ་རྗེ་ཕྱེ་བ་ཉིད་དང་ནི། །ཞེས་པ་སྟེ་བཟླས་པ་དང་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་དང་སེམས་ཕྱེ་བ་ཉིད་དུ་བསམ་མོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་ནས། ཞེས་པའི་ཚིག་འདིས་དབང་གི་བཟླས་པ་ཡང་ཟིན་ཏེ། དེ་ཡང་བསྒྲུབ་བྱ་དབང་དུ་མ་གྱུར་པ་དབང་དུ་བྱ་བ་ལ་དམིགས་ནས་སྔགས་ཀྱི་ཁ་དོག་དམར་པོ་དབྱིབས་ལྕགས་སྒྲོག་འཁྲིལ་བ་ལྟར་བཟླས་སོ། །དེ་བཞིན་སྒྲོའི་ཆུན་པོས་བསྐོར་ནི། དྲག་པོའི་དུས་སུ་སྔགས་ཀྱི་འོད་ཟེར་ནག་པོས་བསྒྲུབ་བྱའི་ཤེས་པ་བཀུག་པར་བསམ་པ་ཡིན་ལ། ཡང་ཚིག་འདིས་རྒྱས་པའི་བཟླས་པའང་ཟིན་ཏེ་བསྒྲུབ་བྱའི་ལོངས་སྤྱོད་ལ་སོགས་པ་རྒྱས་པར་བྱ་བའི་བསམ་པས། དེ་བཞིན་སྦྲང་བུའི་ཆུན་པོ་ནི། །སྔགས་ཁ་དོག་སེར་པོ་སྒྲོའི་ཆུན་པོ་ལྟར་བུངས་ཆེ་བར་བསམས་ནས་བཟླས་པའོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་ནི། །འདིས་དངོས་སུ་དྲག་པོའི་བཟླས་པ་བསྟན་ཏེ། དེ་ཡང་སྔགས་ཀྱི་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུས་བསྒྲུབ་བྱའི་ལུས་མདུན་དུ་བཀུག་པ་ཡིན་ལ། ཡང་འདིས་ཞར་ལ་དབང་གི་བཟླས་པ་ཡང་ཟིན་དུ་རུང་གསུང༌། གཏུན་ཤིང་གིས་ནི་དཀྲུགས་པ་ནི། །སྔགས་ལས་བྱུང་བའི་འོད་ཟེར་གཏུན་ཤིང་ལྟ་བུས་བསྒྲུབ་བྱའི་སྙིང་ལ་བརྡུངས་པར་བསམ་པ་སྟེ། འདི་ནི་དྲག་པོ་ཁོ་ན་ལ་སྦྱར་བར་བྱའོ། །གཞན་ཡང་རྡོ་རྗེ་ཁ་ཤིང་བཟའ་བར་བྱ་ནི། སྔགས་ལས་བྱུང་བའི་རྡོ་རྗེ་ལྟ་བུའི་འོད་ཟེར་གྱིས་བསྒྲུབ་བྱའི་སྙིང་བཟའ་བར་བསམ་པ་དང༌། དབུགས་ལ་མདའ་ཡིས་སྦྱར་བར་བྱ་ནི། སྔགས་ལས་བྱུང་བའི་འོད་མདའ་ལྟ་བུས་བསྒྲུབ་བྱའི་སྙིང་གར་ཕོག་པས་ཚར་བཅད་པར་བསམ་མོ། །གཉིས་པ་སྔགས་དྲག་པོས་རྣམ་ཤེས་ཀྱི་ལས་ཚར་བཅད་པ་དེ་ཡེ་ཤེས་ཀྱི་ལས་ཀྱིས་རྗེས་སུ་གཟུང་བ་ནི། དུས་མིན་འཆི་ཞེས་པ་སྔར་ལུས་དང་རྣམ་ཤེས་ཕྲལ་བ། དེ་བརྒྱལ་བ་ཉིད་ནི་དེ་ལས་སླར་གསོ་བ་ནི། དེའི་ཐབས་གང་ཞེ་ན། ཡན་ལག་ཁ་ཊྭཱཾ་ག་དང་སྦྱར་ནི་ཡན་ལག་གི་དང་པོ་མགོ་ཡིན་ལ། ཁ་ཊྭཱཾ་ག་དང་སྦྱར་ནི་ལུས་དང་ཤེས་པ་བྲལ་བའི་བསྒྲུབ་བྱའི་སྤྱི་བོ་ལས་མཐོ་གང་ཙམ་གྱིས་མཐོ་བའི་སྟེང་དུ་ཧཱུྃ་དཀར་པོ་གྱུར་པ་ལས་ཁ་ཊྭཱཾ་ག་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན་ཞིག་བསམས་ལ་དེ་ཞུ་བའི་བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ན་མར་ཞུགས་ཏེ་ལུས་ཐམས་ཅད་ལ་ཁྱབ་པར་བསམས་ན་ཤི་བ་ལས་རྒྱལ་བར་འགྱུར་རོ། །ཡང་ཐབས་གཉིས་པ་ནི། ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞེས་པ་བསྒྲུབ་བྱ་ཤེས་པ་དང་བྲལ་བ། དེའི་སྤྱི་བོའི་སྟེང་དུ་ཐོད་པ་དཀར་པོ་བདུད་རྩིས་གང་བ་ཅིག་བསམས་ལ། དེ་ལས་བདུད་རྩི་འཛག་པས་བསྒྲུབ་བྱའི་སྤྱི་བོ་ཚངས་པའི་བུ་ག་ན་མར་ཞུགས་པས་ལུས་ཐམས་ཅད་བདུད་རྩིས་གང་བར་བསམ་པར་བྱའོ། །དེ་ཡང༌། ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞེས་པ་ཐོད་པའི་སྣོད་དུ་མཆོད་ཡོན་ཞེས་དཀྱུས་སུ་སྦྱར་ཏེ། ཐོད་པའི་སྣོད་ནི་ཐོད་པ་དངོས་ཡིན་ལ། མཆོད་ཡོན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་བདུད་རྩིའོ། །ཞལ་དུ་སྟེ་བསྒྲུབ་བྱའི་སྤྱི་བོའི་སྟེང་དུ་མཚོན་ཆ་ནི་བདུད་རྩི་ངེས་པར་སྦྱར་བས་སླར་འཚོ་བར་འགྱུར་རོ། །ཡང་དེ་དག་ལ་ངེས་པའི་དོན་དུ་བཤད་པས་ཆོས་ཀྱི་ཕྱག་རྒྱའི་རྫོགས་པའི་རིམ་པ་བཞི་བསྒོམ་པ་སྟོན་པ་ནི། དེ་ནས་ཏེ་བསྐྱེད་རིམ་སྔོན་དུ་སོང་བའི་རྗེས་ལའོ། །ལས་ཀྱི་མཆོག་རབ་ནི་ཆོས་ཀྱི་ཕྱག་རྒྱ་རིམ་པ་བཞིན་ནོ། །དེ་ཡང་ཇི་ལྟར་བསྒོམ་ཞེ་ན། ཇི་བཞིན་རིམ་གྱིས་མཚོན་བྱ་སྟེ། །ཞེས་པ་ཇི་བཞིན་ནི་བླ་མའི་མན་ངག་ལས། རྙེད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་རིམ་པ་བཞི་རིམ་གྱིས་མཚོན་བྱ་སྟེ་མཚོན་ཅིང་ཤེས་པར་བྱས་ལ་བསྒོམ་མོ། །དེ་བསྒོམ་པ་དེ་ཡང་མཆོད་པ་གཉིས་མེད་སྦྱོར་བདག་ཉིད་ནི། བསྐྱེད་རིམ་ནི་བསྐྱེད་རིམ་སྔོན་དུ་སོང་བའི་ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་བར་དུ་བྱས་ལ་རིམ་པ་བཞི་བསྒོམ་པའི་ལས་ནི་གོ་རིམ་བཞིན་དུ་སོ་སོར་སྦྱར་བར་བྱའོ། །དེའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་བསྐྱེད་རིམ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམས་ལ། གསང་བའི་མཆོད་པའི་བར་དུ་མཆོད་པ་ཐམས་ཅད་རྫོགས་པར་བྱས་ཏེ། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ལྷ་ཐམས་ཅད་གསལ་བར་བྱས་ལ། དེ་ནས་རང་གི་དབུགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་རིམ་པ་བཞིན་ཕྱེད་སྣ་བུག་གཡོན། ཕྱེད་གཡས་ནས་རང་གི་སྙིང་གའི་ཧཱུྃ་ལ་བསྡུ་བའམ། ཡང་ན་ཕྱོགས་རྣམས་གཡོན་སྐོར་གྱིས་སྣ་བུག་གཡོན་ནས་མཚམས་རྣམས་གཡས་སྐོར་དུ་སྣ་བུག་གཡས་ནས་བསྡུ། ཡུམ་རྡོ་རྗེ་ཕག་མོ་ཡང་བདག་གི་དབུགས་ཀྱི་འོད་ཀྱིས་འོད་དུ་ཞུ་ལ། རང་གི་སྣ་བུག་གཡོན་པ་ནས་ལྟེ་བའི་ཨྃ་ལ་བསྟིམ་པས་ཨྃ་གཡོས་ཏེ། མུན་ཁང་དུ་མར་མེ་བཏེག་པ་ལྟར་ལུས་ཀྱི་ནང་ཐམས་ཅད་ཨྃ་གི་འོད་ཀྱིས་གང་བས་དེའི་འོད་ཀྱིས་ལྟེ་བ་སྤྲུལ་བའི་འཁོར་ལོའི་ཡིག་འབྲུ་དང་བཅས་པ་ཁ་དོག་དམར་བ་གསལ་བར་བྱ། དེའི་འོད་ཀྱིས་སྙིང་ག་ཆོས་ཀྱི་འཁོར་ལོ་སྟོན་པ། ལྟེ་བ་ན་ཧཱུྃ་སྔོན་པོ་མགོ་ཐུར་ལ་བསྟན་པ་འདབ་མའི་ཡི་གེ་དང་བཅས་པ་གསལ་བར་བྱ། དེའི་འོད་ཀྱིས་ལོངས་སྤྱོད་ཀྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་དམར་པོ་གསལ་བར་བྱ། དེའི་འོད་ཀྱིས་བདེ་ཆེན་གྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་དཀར་པོ་གསལ་བར་དམིགས་པར་བྱ་སྟེ། འཁོར་ལོ་བཞི་ལ་ཡི་གེ་དགོད་པ་ནི། དཔྱིད་ཀྱི་ཐིག་ལེ་ལྟར་ཤེས་པར་བྱའོ། དེ་ནས་རྩ་གཡས་གཡོན་གཉིས་ཀྱི་ནང་དུ་ཧ་དང་ཀྵ་སྤྱི་བོ་དང་བཤང་ལམ་དུ་སོང་བས་དེ་གཉིས་སྤངས་པའི་ཀཱ་ལི་དཀར་པོ་མགོ་ཐུར་ལ་བསྟན་པ་གཉིས་གཉིས་ཀྱི་བར་དུ་ཨཱ་ལི་དམར་པོ་མགོ་གྱེན་ལ་བལྟས་པ་རེ་རེའི་མཐར་ཧཱུྃ་ཕཊ་དང་བཅས་པའི་ཕྲེང་བར་དམིགས་པར་བྱས་ཏེ། དེ་དག་ནི་རྒྱུད་ཀྱི་རིམ་པ་དམིགས་ཡུལ་དུ་གསལ་གདབ་པའོ། །དེ་ནས་སྔགས་ཀྱི་རིམ་པ་ནི་རང་གི་དབུགས་ཕྱིར་ལྡང་ཙ་ན། ཡིག་འབྲུ་དེ་དག་རྩ་གཡས་རོ་མ་ནས་ཡར་གྱེན་ལ་སྤྱི་བོའི་ཧྃ་ལ་ཐུག་པའི་བར་དུ་བྱོན་པར་གསལ་གདབ། དབུགས་ནང་དུ་འཇུག་པའི་དུས་སུ་རྩ་གཡོན་རྐྱང་མ་ནས་ཞུགས་ཏེ། ཡི་གེའི་ཕྲེང་བ་དེ་དག་ཐུར་ལ་ལྟེ་བའི་ཨྃ་ལ་ཐུག་པའི་བར་དུ་རྒྱུ་བར་གསལ་བར་དམིགས་ལ་དབུགས་ཅུང་ཟད་ནང་ན་གནས་ཙ་ན་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་པ་ཨྃ་གི་འོད་ཀྱིས་གསལ་བར་བྱ་ཞིང་ཨྃ་ལ་ཤེས་པ་དྲག་ཏུ་གཏད་ལ་བསྒོམ་མོ། །དེ་ལྟར་བསྒོམས་པས་འཁོར་ལོ་བཞི་རྩ་གཡས་གཡོན་གཉིས་ཡིག་འབྲུ་དང་བཅས་པ་ལག་པའི་རི་མོ་ལྟར་གསལ་བར་གྱུར་པ་དང༌། དེ་ནས་དབུགས་སྣ་བུག་གཡོན་པ་ནས་ནང་དུ་འཇུག་པའི་དུས་སུ་ལྟེ་བའི་ཨྃ་ལ་བསྟིམ་ལ་ཐུབ་ཚད་ནང་དུ་མནན། ཐུན་གྲངས་དང་ཐུན་ཚད་མེད་པར་བྱ་སྟེ། ཡང་དང་ཡང་དུ་བསྒོམས་པས་ལྟེ་བའི་གནས་སུ་དུ་བ་དང༌། སྨིག་རྒྱུ་དང༌། སྲིན་བུ་མེ་ཁྱེར་དང༌། མར་མེ་འབར་བ་དང༌། ཐ་མ་ལྟེ་བའི་ཨྃ་རང་སྟོར་ནས་ལྟེ་བའི་ནམ་མཁའ་གྲུ་གསུམ་གསལ་བའི་བར་གྱི་རྟགས་ལྔ་པོ་རྣམས་ཅི་རིགས་པར་མཐོང་བ་དང༌། ཨྃ་གི་མེ་རབ་ཏུ་འབར་བའི་ཤུགས་ཀྱིས་མགྲིན་པའི་བར་དུ་འོང་སྙམ་བྱེད་པ་འབྱུང་སྟེ། དེ་ནི་སྔགས་བསྒྲུབ་པའོ། །དེ་ལྟར་གཏུམ་མོའི་མེ་སྟོབས་སུ་གྱུར་པ་དང༌། སྔགས་ཀྱི་རིམ་པ་དངོས་ནི་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱ་རན་པར་གྱུར་པ་ཡིན་པས། ལྟེ་བའི་གཏུམ་མོའི་མེ་དེ་རྩ་གཡས་རོ་མ་ནས་བཏང་བས། དེས་སྙིང་གའི་ཡིག་འབྲུ་རྣམས་ཞེན་ཐོགས་མེད་པར་བསྲེགས། དེ་ནས་ཡར་སོང་སྟེ་མགྲིན་པའི་ཡིག་འབྲུ་རྣམས་བསྲེགས། དེ་བཞིན་དུ་སྤྱི་བོའི་ཡིག་འབྲུ་རྣམས་ཞེན་ཐོགས་མེད་པར་བསྲེགས་ཏེ་བདག་ཉིད་ཀྱི་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་སྣ་བུག་གཡས་ནས་སོང་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་བུག་གཡོན་པ་ནས་ཞུགས། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་སྟེ་སྤྱི་བོར་སོང་ནས་བདེ་ཆེན་གྱི་འཁོར་ལོའི་བདུད་རྩིའི་བཅུད་ཐམས་ཅད་བཅོམ། དེ་ནས་མགྲིན་པ་ན་མར་སོང༌། ལོངས་སྤྱོད་ཀྱི་འཁོར་ལོ་བཅོམ། དེ་ནས་སྙིང་གར་སོང་ཆོས་ཀྱི་འཁོར་ལོ་བཅོམ། དེ་ནས་ལྟེ་བར་སོང་སྤྲུལ་བའི་འཁོར་ལོ་བཅོམ། དེ་ནས་གཡས་རོ་མའི་ཆ་ལ་བརྟེན་ནས་གྱེན་ལ་ལོག་ནས་དེ་བཞིན་གཤེགས་པའི་ཤངས་ཀྱི་བུ་ག་གཡས་ནས་བྱོན། བདག་གི་སྣ་བུག་གཡོན་ནས་ཞུགས། སྨིན་མཚམས་ནས་བརྒྱུད་དེ་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་བདུད་རྩིས་ཁེངས་པར་འཁོར་བ་རྒྱུན་དུ་བསྒོམ་པ་ནི་སྔགས་ཀྱི་རིམ་པ་སྟེ་རྟགས་ལྔ་འདིར་འབྱུང་བ་ཡང་རེས་འགའི་ཚེ་གསུང་ངོ༌། །དེ་ནས་ཡེ་ཤེས་ཀྱི་རིམ་པ་འབྱུང་བ་ནི་སྤྱི་བོ་ནས་མགྲིན་པའི་བར་དུ་ཐིག་ལེ་བཞི་བྱོན་པར་བསྒོམ་པ་ནི་དགའ་བའི་ཡེ་ཤེས། དེར་མགྲིན་པའི་མེས་ཐིག་ལེ་གཅིག་བཅོམ་སྟེ་མགྲིན་པ་ནས་སྙིང་གའི་བར་དུ་ཐིག་ལེ་གསུམ་དུ་བྱོན་པར་བསྒོམ་པ་ནི་མཆོག་དགའི་ཡེ་ཤེས་ཏེ། གནས་དེ་གཉིས་སུ་བདེ་བ་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། དེ་ནས་ཡང་སྙིང་གར་ཐིག་ལེ་གཅིག་བཅོམ་སྟེ་ལྟེ་བའི་བར་དུ་ཐིག་ལེ་གཉིས་སུ་བྱོན་པ་ནི་ཁྱད་པར་གྱི་དགའ་བའམ། དགའ་བྲལ་གྱི་ཡེ་ཤེས་ཏེ་དེ་ནི་གནས་ལས་མིང་བཏགས་པ་སྤྲུལ་པའི་སྐུའོ། །དེ་ནས་ལྟེ་བར་ཐིག་ལེ་གཅིག་བཅོམ་ནས་ཐིག་ལེ་གཅིག་པོ་དེ་ཡང་མེའི་ནུས་པས་དམར་པོར་སོང་སྟེ་ཨྃ་དང་རོ་གཅིག་ཏུ་འགྱུར་ནས་དེའི་ལུས་ཀྱི་རྩ་གནས་ཐམས་ཅད་དུ་ཁྱབ་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་སྐྱེས་པ་ནི་ཆོས་ཀྱི་སྐུའོ། །དེ་དག་ནི་ཡེ་ཤེས་ཀྱི་རིམ་པ་དགའ་བ་བཞི་ལ་སྐུ་གསུམ་དུ་བཞག་པ་སྟེ། དེ་མཐར་ཕྱིན་པའི་རྟགས་ནི་ཕྱི་རོལ་གྱིས་ཚོན་ལ་སོགས་པས་ལུས་ལ་བསྣུན་ཀྱང་སྡུག་བསྔལ་ཐམས་ཅད་བདེ་བར་འབྱུང་བ་ཡིན་གསུང་ངོ༌། །དེ་ནས་གསང་བའི་རིམ་པ་འབྱུང་བ་ནི་མས་བརྟན་པའི་དགའ་བ་བཞིའི་རིམ་པའི་རྗེས་ལ་འབྱུང་སྟེ། དང་པོ་བྱང་ཆུབ་ཀྱི་སེམས་མས་ལོག་ནས་ལྟེ་བར་བརྟན་པས་དགའ་བ། སྙིང་གར་བརྟན་པས་མཆོག་དགའ། མགྲིན་པར་བརྟན་པས་དགའ་བྲལ། དེ་ནས་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་སྤྱི་བོར་བྱོན་པའི་ཚེ་རྩ་ཐ་དད་ནས་བྱང་ཆུབ་ཀྱི་སེམས་ཐ་དད་དང་རྒྱུ་བ་ཐམས་ཅད་རྩ་དབུ་མར་ཐིམ་པས་ལུས་ཟག་མེད་འཇའ་ཚོན་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པ་གདུལ་བྱ་ལ་གང་མོས་སུ་སྣང་བའི་སྐུར་འགྱུར་ལ། རྩ་ཐ་དད་ནས་རླུང་ཐ་དད་རྒྱུ་བ་ཐམས་ཅད་དབུ་མར་ཐིམ་པས་སྣ་གཉིས་ནས་རྒྱུ་བའི་སྲོག་དང་རྩོལ་བའི་རླུང་འགགས་ཏེ་སེམས་རྟོག་མེད་རྣལ་མ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་གྱུར་ཏེ། དེ་ལྟར་ལུས་ཟག་མེད་དང་སེམས་རྟོག་མེད་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཐོབ་པ་ནི་འབྲས་བུ་གསང་བའི་རིམ་པ་ཞེས་བྱའོ། །དེ་དག་ཀྱང་གཞུང་དང་སྦྱར་བ་ནི་གང་ཡང་ཞེས་པ་ནས་རྩུབ་པ་མ་ཡིན་ནོ་ཞེས་པའི་བར་གྱི་རྒྱུད་ཀྱི་རིམ་པ་བསྟན། ས་བོན་ཕྲེང་བ་ཞེས་པ་ནས་སྦྱར་བར་བྱ་ཞེས་པའི་བར་གྱིས་སྔགས་ཀྱི་རིམ་པ་བསྟན་ཏོ། །དེ་ཡང་གཉིས་ལས་ས་བོན་ཞེས་པ་ནས་མི་འགྲོའོ་ཞེས་པའི་བར་གྱིས་སྔགས་བསྒྲུབ་པ་བསྟན། ཁ་སྦྱོར་ཞེས་པ་ནས་སྦྱར་བར་བྱ་ཞེས་པའི་བར་གྱི་སྔགས་ཀྱི་རིམ་པ་དངོས་བསྟན་ཏོ། །དུས་མིན་འཆི་ལ་ཞེས་པ་ནས་ཁ་ཊྭཱཾ་ག་དང་སྦྱར། ཞེས་པའི་བར་གྱིས་ཡེ་ཤེས་ཀྱི་རིམ་པ་བསྟན། ཐོད་པའི་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་འབྲས་བུ་གསང་བའི་རིམ་པ་བསྟན་ཏོ། །དེ་ལ་རྒྱུད་ཀྱི་རིམ་པ་ནི་སྔར་བསྒོམས་པའི་ལྷ་རྣམས་ཡུམ་ཕག་མོའི་བར་དུ་རང་ལ་བསྡུས་ལ། ཕག་མོ་ཡང་འོད་ཀྱི་རང་བཞིན་དུ་རང་གི་སྣ་བུག་གཡོན་པ་ནས་བཅུག་པས་དེའི་འོད་ཀྱིས་འཁོར་ལོ་བཞི་དང་རྩ་གསུམ་ཡི་གེ་དང་བཅས་པ་གསལ་བར་བྱས་པ་ནི། གང་ཡང་རབ་ཏུ་གྲགས་པའི་སྔགས་ཏེ་ཨཱ་ལི་དང་ཀཱ་ལི་རྣམས་སོ། །དེའི་ཁ་དོག་དང་གནས་ལ་སོགས་པའི་དབྱེ་བ་རིམ་པ་ཇི་བཞིན་ནི། དང་པོ་སྤྲུལ་པའི་འཁོར་ལོ་ནས་རིམ་གྱིས་གསལ་བར་བྱས་པའོ། །དེ་ཡང་ཁ་དོག་སྟེ་འཁོར་ལོ་བཞིའི་ཡི་གེ་ལ་སོགས་པའི་ཁ་དོག་དང་ཕོ་ཉ་ནི་དཔའ་བོ་ཡིན་ལ། དེས་མཚོན་པའི་ཀཱ་ལི་དང་སོགས་ཀྱི་སྔགས་ཞེས་པ་ཨཱ་ལི་སྟེ་དེ་དག་རྩ་གཡས་གཡོན་གཉིས་སུ་གསལ་བར་དམིགས་པའོ། །མདའི་ཤུགས་བཞིན་ཡོངས་སུ་འཁོར་ནི་རྩ་གཉིས་ཀྱི་རླུང་འབྱུང་འཇུག་གི་སྟོབས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་རང་ལ་བསྡུ་བ་དང་འཁོར་ལོ་བཞི་གསལ་བར་དམིགས་པ་ལ་སོགས་པ་བྱེད་པས་སོ། །ཕན་ཚུན་མདུད་པའི་གསང་སྔགས་ནི་འཁོར་ལོ་བཞི་པོ་རྣམས་དང༌། རྩ་གཉིས་པོ་ལ་ཡིག་འབྲུ་ཕན་ཚུན་སྦྱར་ཞིང་བཀོད་པའོ། །གསང་སྔགས་དེ་དག་གང་ལ་འགོད་ཅེ་ན། ཡུལ་ཉིད་ནི་ཡི་གེ་དགོད་པའི་ཡུལ་ཏེ་འཁོར་ལོ་བཞི་དང་རྩ་གཉིས་ཀྱིས་ཕྱེ་བ་ཡིན་ཞེས་པའོ། །ཞི་བ་ལ་ནི་ལ་སོགས་པའི་ཚིག་གཉིས་པོ་འདི་ལ་ངེས་དོན་དུ་བླ་མ་ལོ་ཙཱ་བ་ལ་དྲིས་པས་མ་བྱུང་ཡང༌། ཞི་བ་ལ་ནི་ལྷོད་པ་སྟེ་ལྟེ་བའི་ཨྃ་སྟོབས་སུ་མ་གྱུར་གྱི་བར་དུ་རླུང་འབྱུང་འཇུག་དང་བསྟན་པ་ནི་དཀྱིལ་འཁོར་གྱི་བྱ་བས་ན་ལྷོད་པ་དང་དྲག་ཅིང་རྩུབ་པ་མ་ཡིན་ཞེས་གསུང་ངོ༌། །དེ་ནི་རྒྱུད་ཀྱི་རིམ་པའོ། །དེ་ནས་སྔགས་ཀྱི་རིམ་པ་ལ་དང་པོ་སྔགས་བསྒྲུབ་པ་ནི། ས་བོན་ཕྲེང་བ་སྟེ་འཇུག་པའི་རླུང་ཨཱ་ལི་དང་ཀཱ་ལི་དང་ལྡན་པར་སྣ་བུག་གཡོན་ནས་རྩ་གཡོན་པའི་ནང་ན་མར་ཞུགས་པ་ཡིན་ལ། དེ་ནས་འཛིན་ནི་རླུང་དེས་རྩ་གཉིས་ཀྱི་ནང་གི་ཡི་གེ་ལ་རེག་པའོ། །ཧཱུྃ་ནི་མཐའ་རུ་གནས་པ་ནི་དང་པོ་སྤྱི་བོའི་ཧཾ་ནས་མར་སོང་སྟེ་སྙིང་གའི་ཧཱུྃ་ལ་རེག་ཅིང་སོང་བས་མཐའ་རུ་གནས་པ་ནི་སྙིང་གའི་མཐའ་ལྟེ་བའི་ཨྃ་ལ་འཇུག་པའོ། །དེ་ནས་ལྟེ་བའི་ཨྃ་ལ་རླུང་བསྟིམ་ལ་ཅི་ཙམ་ཐུབ་ཀྱི་བར་དུ་རླུང་བསྡམ་མོ། །ཡང་ངལ་བསོ་བའི་དོན་དུ་རླུང་ཕྱིར་འབྱུང་བ་ནི་གཡས་པ་ར་ས་ནཱ་ནས་མས་ཀྱི་ཡར་ལྟེ་བའི་ཡི་གེ་རྣམས་ལ་རེག་ཅིང་སྤྱི་བོའི་ཧཾ་ལ་མཐར་ཐུག་གི་བར་དུ་རེག་ནས་ཡང་ནང་དུ་འཇུག་པར་བསམ་པར་བྱའོ། །དེ་ལྟར་བསྒོམས་པ་ལས་རྟགས་ལྔ་འབྱུང་སྟེ་ལས་ཀྱི་རླུང་འགག་པ་ནི་བསྒྲུབ་བྱ་སྟེ་ལས་ཀྱི་རླུང་ངོ༌། །ནང་དུ་འགོག་པར་འགྱུར་ན་ནི། རླུང་ནང་དུ་དབང་དུ་འདུས་པས་ཕྱིར་མི་འགྲོ་བ་ནི་གོམ་པ་གཅིག་ཀྱང་མི་འགྲོ་ཞེས་བྱ་བའོ། །དེ་ནས་སྔགས་ཀྱི་རིམ་པ་དངོས་ནི་གཏུམ་མོའི་མེ་མགྲིན་པའི་བར་དུ་རང་བཞིན་གྱིས་འགྲོ་བའི་ཚེ། གཏུམ་མོ་སྟོབས་སུ་གྱུར་པ་ཡིན་པས་དེ་བཞིན་གཤེགས་པའི་རྒྱུད་དང༌། བདག་གི་རྒྱུད་གཉིས་ལ་གཏུམ་མོའི་མེའི་རང་བཞིན་གྱིས་རླུང་འགྲོ་འོང་བྱ་བ་ནི། ཁ་སྦྱོར་བར་གྱུར་པ་སྟེ་གཏུམ་མོའི་མེ་དེ་བཞིན་གཤེགས་པའི་རྒྱུད་དང་བདག་གི་རྒྱུད་ལ་འགྲོ་འོང་བྱ་བའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་ནི་གཏུམ་མོའི་མེ་དེས་གཞན་གྱི་རྒྱུད་ལ་ཁ་སྦྱར་བ་དང༌། གཞན་དང་ལུ་གུ་རྒྱུད་དུ་བཅིངས་པའི་ཚུལ་གྱིས་གཞན་གྱི་རྒྱུད་ཕྱེ་བ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་བླང་བའི་ཕྱིར། གཏུམ་མོའི་མེ་དེ་བདག་གི་སྣ་བུག་གཡས་ནས་སོང་སྟེ་དེ་བཞིན་གཤེགས་པའི་ཤངས་ཁུང་གཡོན་པ་ནས་ཞུགས་པར་བསྒོམ་པའོ། །རླུང་ཡར་ལ་འགྲོ་བའི་ཚེ་རྡོ་རྗེས་ཏེ། བདག་ཉིད་ཀྱི་རླུང་ཡིན་ལ་དེས་ཕྱེ་བ་ཉིད་ནི་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་འགྲོ་བའོ། །དེ་བཞིན་སྦྲང་བུའི་ཆུན་པོས་བསྐོར་ནི་དེ་བཞིན་གཤེགས་པའི་འཁོར་ལོ་བཞིའི་བདུད་རྩིའི་བཅུད་རྣམས་སོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་ནི། བདག་གི་རླུང་དྲོད་ཀྱི་རང་བཞིན་ཅན་གྱིས་དེ་བཞིན་གཤེགས་པའི་རྒྱུད་ལས་རང་ལ་དགུག་པའོ། །གཏུན་ཤིང་གིས་དཀྲུགས་པར་བྱ་ནི། གཏུམ་མོའི་མེས་དེ་བཞིན་གཤེགས་པའི་འཁོར་ལོ་བཞིའི་བདུད་རྩིའི་བཅུད་བཅོམ་པར་བསམ་པའོ། །རྡོ་རྗེ་ཁ་ཤིང་ནི་གཏུམ་མོའི་མེ་ཡིན་ལ། བཟའ་བར་བྱ་ནི་དེའི་འོད་ཀྱིས་དེ་བཞིན་གཤེགས་པའི་འཁོར་ལོ་བཞིའི་བདུད་རྩིའི་བཅུད་རང་གི་རྒྱུད་ལ་སྤྱན་དྲངས་པའོ། །དབུག་པ་མདའ་ཡིས་ནི་ཤིན་ཏུ་རྣོ་བའི་གཏུམ་མོའི་མེའི་འོད་ཀྱིས་དེ་བཞིན་གཤེགས་པའི་བདུད་རྩི་བཀུག་སྟེ། སྦྱར་བར་བྱ་ནི་བདག་ཉིད་ཀྱི་སྣ་བུག་གཡོན་ནས་ཞུགས་ནས། སྤྱི་གཙུག་ཏུ་ཞུགས་པ་སྟེ་ཚིག་དེ་དག་གིས་ནི་དོན་དང་མཐུན་པར་དེ་བཞིན་གཤེགས་པའི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ལེན་ལུགས་བསྟན་པ་ཙམ་སྟེ། འདིར་དངོས་སུ་གཏུམ་མོའི་མེ་དེ་བཞིན་གཤེགས་པའི་ཤངས་ཁུང་ནས་ཞུགས་ནས་འཁོར་ལོ་བཞིའི་བཅུད་བཅོམ་པའི་བར་ནི་སྔགས་ཀྱི་རིམ་པའོ། །ཡེ་ཤེས་ཀྱི་རིམ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་བདག་གིས་སྣ་བུག་གཡོན་པ་ནས་ཞུགས་ཏེ། ལྟེ་བར་ཕྱིན་པའི་བར་ལ་དགའ་བ་བཞི་སྐྱེ་བ་སྟེ། དེ་ཡང་དུས་མིན་འཆི་བ་ནི་འཁོར་ལོའི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ཡིན་ལ། འདིར་དེ་དག་ལས་རྒྱལ་བས་ན་རྒྱལ་བ་ཉིད་ཅེས་བྱའོ། །ཡན་ལག་ནི་ཡན་ལག་གི་དང་པོ་སྤྱི་བོ་ཡིན་ལ། ཁ་ཊྭཱཾ་ག་ནི་སྤྱི་བོའི་ཧྃ་ལས་བབས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་བབ་པ་སྟེ། དེས་ལུས་ཐམས་ཅད་ལ་ཁྱབ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་སྐྱེས་པ་ནི་སྦྱར་ཞེས་བྱ་སྟེ་ཡེ་ཤེས་ཀྱི་རིམ་པའོ། །འབྲས་བུ་གསང་བའི་རིམ་པ་ནི། ཐོད་པའི་མཆོད་ཡོན་སྣོད་ཅེས་པ་དག་གི་རྒྱུད་ཡིན་ལ། དེ་ལས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་འགྲུབ་པ་ནི་ཞལ་དུ་སྟེ་རྩ་དབུ་མའི་ནང་དུ་མཚོན་ཆ་རླུང་དང་བྱང་ཆུབ་ཀྱི་སེམས་སྦྱར་བར་བྱ་ནི། ཐམས་ཅད་དབུ་མར་ཐིམ་པ་སྟེ། དེ་ལ་ཆགས་པ་དང་ཆགས་པ་དང་བྲལ་བ་ལ་སོགས་པ་ཐམས་ཅད་འགགས་ནས། འཁོར་བའི་ལམ་གཅོད་པར་འགྲོ་འོང་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ནས། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཐོབ་པ་ནི་འབྲས་བུ་གསང་བའི་རིམ་པའོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། གཉིས་སུ་མེད་པའི་གནས་ནི་དྲང་དོན་དུ་སྔགས་དང་བསྒྲུབ་བྱའི་མིང་གཉིས་སུ་མེད་པར་ཟློས་པ་ཡིན་ལ། ངེས་དོན་དུ་བདག་གི་རྒྱུད་དང་དེ་བཞིན་གཤེགས་པའི་རྒྱུད་གཉིས་སུ་མེད་པར་བསྲེས་པའོ། །དུས་མ་ཡིན་པར་འཆི་བ་བསླུ་བ་ནི་དྲང་དོན་དུ་སྔར་བསད་པ་དེ་སླར་གསོ་བ་ཡིན་ལ། ངེས་དོན་དུ་འཁོར་བའི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ལས་རྒྱལ་བར་བྱ་བའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་ལྔ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་དྲུག་པས་གང་ཟག་དབང་པོ་ཐ་མས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་པ་དང༌། དབང་པོ་འབྲིང་གིས་དམ་ཚིག་གི་ཕྱག་རྒྱ་འོད་ཀྱི་རིག་མ་ལ་བརྟེན་པ་གཉིས་ཕྱོགས་གཅིག་ཏུ་སྟོན་པ་ལ། འདི་ལ་ཡང་ལེའུའི་གཞུང་དང་མཚན་གཉིས་ལས། དང་པོ་གཞུང་སྟོན། དེ་ཡང་དེ་ནས་ཕྱག་རྒྱ་མཆོད་ཆེན་ཞེས་པ་ནས། དེ་བཞིན་བྱ་ཞེས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་འོད་ཀྱི་རིག་མ་བསྟེན་པ་དང༌། ལས་ཀྱི་ཕྱག་རྒྱ་མ་གཉིས་ཀའི་གནས་ལྔ་དང་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ཀུན་ཏུ་སྤྱོད་པའི་རྒྱུད་ལྟར་བྱ་བ་ཐུན་མོང་དུ་བསྟན། དཔའ་བོ་ཞེས་པ་ནས་འགྲུབ་འགྱུར་ཞེས་པའི་བར་གྱིས་དམ་ཚིག་གི་ཕྱག་རྒྱ་ལྟར་ན། སྔགས་བཞིས་ཞི་བ་ལ་སོགས་པའི་ལས་བཞི་བསྒྲུབ་པ་དང༌། ལས་ཀྱི་ཕྱག་རྒྱ་ལྟར་ན་དགའ་བ་བཞིའི་མངོན་པར་རྟོགས་པ་སྐྱེ་བའི་ཚུལ་བསྟན་ཏོ། །དེ་ལ་དང་པོ་གཉིས་ཀའི་ཐུན་མོང་དུ་བཤད་པ་ནི། དེ་ནས་ཏེ་ལེའུ་སུམ་ཅུ་རྩ་ལྔ་པ་བཤད་པའི་རྗེས་ལའོ། །ཕྱག་རྒྱ་ནི་འོད་ཀྱི་རིག་མ་དང་དངོས་ཀྱིས་རྐྱང་མའོ། །མཆོད་བསྟེན་ཏེ་དེ་གཉིས་ཀ་ལ་སྙོམས་འཇུག་གི་མཆོད་པ་བྱེད་པའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། སྔགས་ཀྱི་དགོད་པ་རབ་ཏུ་གྲགས་ནི། ཀུན་དུ་སྤྱོད་པའི་རྒྱུད་ནས་བཤད་པ་ལྟར། ཡབ་དང་རིག་མ་གཉིས་ཀའི་གནས་ལྔར་ཡི་གེ་དགོད་པའོ། །ཡི་གེ་བཀོད་པའི་རྗེས་ལ་ཕྱག་རྒྱ་གཉིས་པོ་དང་སྙོམས་འཇུག་གི་བདེ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་བར་དུ་བྱས་པའི་མཆོད་པ་འདི་དག་གིས་མཆོད་ན། དེའི་ཕན་ཡོན་ནམ་ཆེ་བ་ནི་མྱུར་དུ་སྟེ་ཚེ་འདི་ཉིད་ལ་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྟོགས་ཏེ་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་དོ། །དེའི་སྔོན་དུ་མཚན་མ་གཉིས་ཏེ་རིག་མ་གཉིས་པོ་དང་སྒྲུབ་པ་པོའི་མཚན་མ་གཉིས་ལ་སྔགས་སྦྱོར་བ་ནི། ཀུན་ཏུ་སྤྱོད་པའི་རྒྱུད་ནས་བཤད་པ་ལྟར་སྒྲུབ་པ་པོའི་མཚན་མ་སྟོང་པར་བྱས་ནས་དེ་ལས་ཧཱུྃ་ལས་རྡོ་རྗེར་བྱས་ཏེ། རྩེ་མོ་ལ་བྷྱྃ་དམར་པོས་མཚན་པ་དང༌། ཡུམ་གཉིས་པོའི་པདྨ་སྟོང་པར་བྱས་ཏེ་དེ་ལས་ཨ་ལས་པདྨ་འདབ་མ་གསུམ་པ་ཟེའུ་འབྲུ་ལ་དྷྱྃ་སེར་པོས་མཚན་པར་བྱས་པའོ། །དེ་ནས་མཁའ་འགྲོ་ཡུམ་གཉིས་པོ་བཅོམ་ལྡན་འདས་མ་ཕག་མོར་བསྐྱེད་པ་དང༌། དཔའ་བོ་སྟེ་སྒྲུབ་པ་པོ་ཧེ་རུ་ཀར་བསྐྱེད་པ་གཉིས་གཉིས་སུ་མེད་པའི་སྙོམས་འཇུག་བྱེད་པའི་ཚེ། པདྨའི་འོད་ནི་དྲི་མེད་པ་ནི་ཡུམ་གྱི་མཁའ་བྱིན་གྱིས་བརླབས་པས་ཐ་མལ་གྱི་རྟོག་པའི་དྲི་མ་མེད་པའི་རྣལ་འབྱོར་མ་ལ་སྒྲུབ་པ་པོ་བྱིན་གྱིས་བརླབས་པ་དང༌། ཐིག་ལེ་འཛིན་པ་ལ་མཁས་པས་སྙོམས་པར་འཇུག་པས་མཆོད་པར་བྱའོ། །དེ་ཡང་ཇི་ལྟར་མཆོད་ཅེ་ན། ཕྱག་རྒྱ་གནོན་པའི་ལས་རྣམས་ནི་འོད་ཀྱི་རིག་མ་ལྟར་ན་ཕྱག་རྒྱ་ནི་འོད་ཀྱི་རིག་མ་ཡིན་ལ། གནོན་པ་ནི་སྒྲུབ་པ་པོས་གསལ་བར་དམིགས་པ་ཡིན་ནོ། །དངོས་གྱི་རྐྱང་མ་ལྟར་ན། ཕྱག་རྒྱ་ནི་དངོས་ཀྱི་ཕྱག་རྒྱ་ཡིན་ལ། གནོན་པ་སྟེ་རེངས་པར་བྱ་བ་སྒྲུབ་པ་པོའི་དབང་དུ་བྱ་བའི་ལས་རྣམས་ཀྱིས་དང་པོ་དབང་དུ་བྱས་ཏེ་ཕྱིའི་ཕྱག་རྒྱ་གང་འདོད་པ་དེ་འོད་ཀྱི་རིག་མར་བསྐྱེད་ལ། དེ་བཞིན་ཏེ་སྔར་བྱིན་གྱིས་བརླབས་པ་དེ་དང་མཚོན་ཆ་སྟེ། བདེ་བ་ཆེན་པོ་མྱུར་དུ་བསྐྱེད་ཅིང་འབིགས་པར་བྱེད་པས་ཕྱག་རྒྱ་གཉིས་པོ་དང་རྡོ་རྗེ་དང་པདྨ་སྦྱར་བ་བསྒོམ་པའམ་དངོས་སུ་སྦྱར་བའོ། །པདྨའི་འོད་ནི་ལ་སོགས་པའི་ཚིགས་བཅད་གཅིག་པོ་འདི་བླ་མ་བགྲེས་པོ་རྣམས་ཀྱི་ཕྱག་དཔེ་ལ་ཡོད་ཀྱི། བླ་མ་སུ་མ་ཏིའི་དཔེ་ལ་མེད་གསུང༌། སྔགས་སྦྱར་ཞེས་པ་དེ་གང་གིས་སྦྱར་ན། སྔགས་པ་སྟེ་སྒྲུབ་པ་པོས། གང་ལ་སྦྱར་ནི་མཁའ་འགྲོ་མ་ནི་འོད་ཀྱི་རིག་མའམ་དངོས་ཀྱི་རིག་མ་དང་སྦྱོར་བ་ཡིན་ལ། དེ་ཡང་སྔོན་དུ་ཡབ་ཡུམ་གཉིས་ཀྱི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་དེ་བཞིན་དུ་གཉིས་ཀའི་གནས་ལྔ་བྱིན་གྱིས་བརླབ་པ་བྱས་ལ། བསྲུབ་པ་སྟེ་ཕན་ཚུན་བསྐྱོད་པར་བྱའོ། །གང་ལ་བསྲུབ་ན་མཁའ་འགྲོ་བློ་ལྡན་མ་སྟེ་རིག་མ་གཉིས་པོ་ལ་སྒྲུབ་པ་པོས་སོ། །དེ་ཡང་ཐ་མལ་པའི་ང་རྒྱལ་གྱིས་མ་ཡིན་ཏེ་དག་པའི་ལུས་ནི་གཉིས་ཀ་སྟེ། ཧེ་རུ་ཀ་དང་ཕག་མོར་བསྒོམས་པའི་ལུས་ཀྱིས་དེ་བཞིན་དུ་བྱ་ནི་སྙོམས་པར་འཇུག་པ་བྱའོ། །དེ་ལྟར་ཐུན་མོང་དུ་སྦྱར་བ་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་གཉིས་ལ་སོ་སོར་སྦྱར་བ་བསྟན་པ་ནི། དཔའ་བོ་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་དང་པོ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་པ་ནི་དང་པོ་ལྷ་སུམ་ཅུ་རྩ་བདུན་གྱི་བསྐྱེད་རིམ་རྫོགས་པར་བསྒོམས་ལ། མཆོད་པ་ཐམས་ཅད་ཀྱིས་མཆོད་པ་དང༌། དེ་ནས་སྔར་བཞིན་དཀྱིལ་འཁོར་བསྡུས་ལ་སྒྲུབ་པ་པོ་དང་ཕྱག་རྒྱ་གཉིས་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་པ་དེས། སྔར་ཕྱག་རྒྱ་ཆེན་པོའི་སྐབས་སུ་བཤད་པ་ལྟར་གནས་ལྔ་དང་མཁའ་གསང་བྱིན་གྱིས་བརླབས་ལ། ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་གཉིས་ཀའི་སྨིན་མཚམས་ནས་ཐིག་ལེ་དཀར་དམར་དུ་བྷྱྃ་དང་དྷྱྃ་གཉིས་འཛོམ་པའི་གནས་སུ་ཕབ་ལ། དེ་ཡང་ཨཱ་ལི་དང་ཀཱ་ལིའི་རྣམ་པར་བསམས་ཏེ། ཨཱ་ལི་རིང་ཐུང་ངམ་དྲག་གཞན་དུ་བརྗོད་པས་ཡབ་ཡུམ་གཉིས་ཀའི་རྩ་དབུ་མ་ནས་ཡར་གྱེན་ལ་དྲང་བར་བྱ་བའམ། ཡང་ན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡུམ་གྱི་པདྨར་མ་བཏང་བར་རྡོ་རྗེའི་རྩེ་མོ་ན་གནས་པའི་ཚེ། རྡོ་རྗེའི་རྩེ་མོར་ཧཱུྃ་སྔོན་པོ་དེའི་ཕྱི་རོལ་དུ་ཕཊ། དེའི་འོག་ཏུ་རླུང་གི་དཀྱིལ་འཁོར་སེར་པོ་བསམས་ཏེ། དེ་གཉིས་ཀྱིས་བྱང་ཆུབ་ཀྱི་སེམས་མི་གཏོང་བར་བཀག་ལ། དང་པོ་ཨཱ་ལི་བརྗོད་ཅིང་གཉིས་ཀའི་དབུ་མ་ནས་ཡར་གྱེན་ལ་དྲངས་ཏེ། དེ་ནས་རྩ་བའི་སྔགས་ལ་སོགས་པ་བརྗོད་ཅིང་ཡང་འདྲེན་པར་ནུས་ཏེ། སྔགས་ཟློས་ཤིང་ལས་གང་བསྒྲུབ་ཀྱི་ཐིག་ལེའི་ཁ་དོག་ཏུ་དྲང་བར་བྱ་སྟེ། དེ་ཡང་འདིས་ཐིག་ལེ་དབབ་པ་དང༌། བདེ་བ་བསྒོམ་པ་དང༌། སྔགས་ཟློས་ཤིང་ལས་བཞི་བསྒྲུབ་པ་གསུམ་དུས་གཅིག་འོང་བ་ཡིན་གསུང་ངོ༌། །དེ་ཡང་གཞུང་དང་སྦྱར་ན་དཔའ་བོ་སྟེ་སྒྲུབ་པ་པོ་མཆོད་པའི་ཆོ་ག་ནི། རྐྱང་མ་དངོས་དང་སྦྱར་བའི་གནས་ལྔ་བྱིན་གྱིས་བརླབ་པ་ལ་སོགས་པ་ཤེས་པའོ། །ལས་ནི་རྐྱང་མ་དང་སྙོམས་པར་འཇུག་པའི་ལས་འབད་པ་ཉིད་ཀྱིས་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། རྣམ་དབྱེ་ནི་ཁབ་རྩེ་ལྟ་བུའི་ཀ་ར་ན་ལ་སོགས་པ་བཞིའི་དབྱེ་བ་རང་གང་དགའ་བར་ནི་སྔགས་པས་བྱའོ། །དེ་ཡང་ཕྱིན་ཅི་ལོག་ནི་རྐྱང་མ་དངོས་དང་སྦྱར་བ་ལས་བྱང་ཆུབ་ཀྱི་སེམས་གྱེན་ལ་དྲངས་པར་ངེས་པར་སྦྱར་ཞིང་བསླབ་བོ། །དེའི་དུས་སུ་དགའ་བ་བཞིའི་ཉམས་མྱོང་སྐྱེ་བ་ནི། ཚར་བཅད་པ་དགའ་བྲལ་ཆགས་པ་དང་བྲལ་བ་དང༌། ཕན་གདགས་ཕྱིར་ནི་ཆགས་པ་དགའ་བ་དང་མཆོག་དགའ་སྟེ། དེ་གཉིས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཕན་འདོགས་པས་སོ། །ཡང་ན་ཚར་བཅད་པ་ནི་ཐིག་ལེ་བཙན་ཐབས་སུ་བཟུང་བ། ཕན་གདགས་ཕྱིར་ནི་དང་པོ་འཇམ་རླུང་ལ་བསླབས་ནས་བཟུང་བའོ། །དགའ་བ་བཞིའི་གོ་རིམ་ཀྱང་ལས་ཀྱི་དངོས་པོ་སྟེ། དགའ་བ་སྔོན་དུ་མཚོན་ཀྱང་མཆོག་དགའ་དང་ལྷན་ཅིག་སྐྱེས་པའི་བར་དུ་འབྱུང་ལ། དགའ་བྲལ་ཐ་མར་འབྱུང་བར་ཤེས་པས་རྣམ་པར་བསྒོམ་གསུང༌། དགའ་བ་བཞི་པོ་དེ་ཉིད་དབྱེ་བས་ཕྱེ་ན་ནི། རྩའི་ལམ་ནི་རྩ་དབུ་མའི་ནང་ནས་ཡར་ཐིག་ལེ་གྱེན་ལ་དྲངས་པ་ལས་མས་བརྟན་པའི་དགའ་བ་བཞི་སྐྱེ་བར་སྦྱར་བའོ། །དེ་ལྟར་ཐབས་ཀྱི་སྒོ་ནས་རྐྱང་མ་བསྟེན་པའི་ཕན་ཡོན་ནམ་འབྲས་བུ་བསྟན་པ་ནི། དེ་ལྟར་སྙོམས་འཇུག་གི་སྦྱོར་བས་དགའ་བ་བཞི་རྒྱུད་ལ་རབ་ཏུ་བསྒྲུབ་པའི་སྒྲུབ་པ་པོ་རྣམས་ལ་འདིས་ནི། རྐྱང་མ་དང་སྙོམས་པར་འཇུག་པ་བྱས་པ་འདིས་དགའ་བ་བཞིའི་རིམ་པ་བཞིན་རབ་ཏུ་བསྒྲུབ་པར་བྱས་ཏེ། དེས་དཔེའི་ལྷན་ཅིག་སྐྱེས་པ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་མངོན་དུ་བྱས་ན་ལྷ་དང་ལྷ་མིན་མི་རྣམས་དང་བཅས་པ་མྱུར་དུ་འགྲུབ་ནི། དེ་ཐམས་ཅད་དབང་དུ་བྱ་བ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང༌། མཆོག་གི་དངོས་གྲུབ་ཀྱང་མྱུར་དུ་འགྲུབ་པར་འགྱུར་རོ། །ཡང་གཉིས་པ་དམ་ཚིག་གི་ཕྱག་རྒྱ་འོད་ཀྱི་རིག་མ་ལ་བརྟེན་ནས་བསྒོམ་པ་ནི། དང་པོ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་བསྐྱེད་རིམ་བསྒོམ་པ་དང༌། ལྷ་རྣམས་མ་བསྡུས་པར་འོད་ཀྱི་རིག་མ་དེ་མིའི་བུ་མོ་རང་ཉིད་གང་སེམས་ལ་མངོན་པར་འདོད་པ་བསམས་ལ། དེ་སྐད་ཅིག་གིས་ཕག་མོར་བྱིན་གྱིས་བརླབས་ཏེ་སྔར་བཞིན་གནས་ལྔ་དང་མཁའ་གསང་བྱིན་གྱིས་བརླབ་པ་བྱས་ལ། ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་དེ་ཡི་གེ་གཉིས་ཀྱི་གནས་སུ་སྔར་བཞིན་ཐིག་ལེ་དཀར་དམར་གཉིས་མངོན་དུ་བྱས་ཏེ། དེ་ནས་ཐིག་ལེ་དེ་གཉིས་བཟླས་པའི་སྔགས་རིན་ཆེན་བཞི་གང་ཡང་རུང་བ། ལས་ཀྱི་བྱེ་བྲག་གིས་དཀར་པོ་ལ་སོགས་པར་བསམས་ཏེ། ཨཱ་ལིའམ་ཀཱ་ལིའམ་སྙིང་པོ་ལ་སོགས་པའི་སྔགས་གང་རུང་བརྗོད་ཅིང་ཡབ་ཀྱི་རྩ་དབུ་མའི་ནང་ན་གྱེན་ལ་དྲང་བར་བྱས་ཏེ། དྲངས་པ་ཙམ་གྱིས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །ཡང་དེ་ཉིད་གཞུང་དང་སྦྱར་ན་དཔའ་བོ་སྟེ་སྒྲུབ་པ་པོ་འོད་ཀྱི་རིག་མ་དང་སྦྱོར་བའི་དུས་སུ་གནས་ལྔ་བྱིན་གྱིས་བརླབ་པ་ལ་སོགས་པའི་མཆོད་པའི་ཆོ་ག་ཤེས་པ་དེས། འོད་ཀྱི་རིག་མ་དང་སྙོམས་འཇུག་གི་ལས་ནི་འབད་པ་ཀུན་གྱིས་བྱའོ། །དེ་ལ་ཡང་ཇི་ལྟར་བྱ་ཞེ་ན། རྣམ་དབྱེ་ནི་སྔོན་དུ་བསྐྱེད་རིམ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་བར་དུ་བྱས་ན་ཐིག་ལེ་དེ་རང་དགའ་སྟེ། རང་གང་ལ་དགའ་བའི་རིན་ཆེན་བཞི་གང་ཡང་རུང་བའི་སྔགས་སུ་བྱས་པ་དེ་སྔགས་འཁོར་བར་བསམ་ཞིང་ལས་བཞི་ཁ་དོག་བཞི་ལ་བརྟེན་ནས་སོ་སོར་བསྒྲུབ་པའམ། ཕྱིས་བླ་མ་ལོ་ཙཱ་བ་ལ་དྲིས་པས་འོད་ཀྱི་རིག་མའི་བྱང་སེམས་ཐིག་ལེ་ཆོས་འབྱུང་དུ་རིན་ཆེན་བཞིའི་སྔགས་གང་ཡང་རུང་བ་ལས་བཞིའི་བྱེ་བྲག་གིས་ཁ་དོག་སོ་སོར་བསམ་པའི་རྣམ་པར་དབྱེ་བ་རང་ཉིད་གང་དགའ་བར་སྔགས་པས་བསམས་ཏེ་ལས་བཞི་སྒྲུབ་པའོ་ཞེས་གསུང་ངོ༌། །དེ་ཡང་ཇི་ལྟར་བསྒྲུབ་ཅེ་ན། ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་ནི། འོད་ཀྱི་རིག་མ་དང་སྦྱོར་བ་ལས་བྱུང་བའི་ཐིག་ལེ་སྔགས་ཀྱི་ཕྲེང་བར་བྱས་པ་དེ་དབུ་མའི་ནང་ན་ཡར་གྱེན་ལ་དྲངས་པའམ། ཡང་ན་འདི་དྲག་པོའི་ལས་སྒྲུབ་པའི་སྔགས་སུ་སྦྱར་ཞེས་ཀྱང་གསུང་ངོ༌། །དེས་ཚར་གཅད་པ་ནི་གདུག་པ་ཅན་སློབ་དཔོན་ལ་སྨོད་པ་ལ་སོགས་པ་ཚར་གཅད་པ་ཡིན་ལ། ཕན་འདོགས་པ་ནི་སྔར་བསད་པ་དེ་སླར་རྗེས་སུ་གཟུང་བའོ། །ལས་དེ་དག་སྒྲུབ་པ་ལ་ལས་ཀྱི་དངོས་པོ་ནི་ལས་བཞིའི་བྱེ་བྲག་གིས་སྔགས་ཀྱི་ཁ་དོག་གི་དངོས་པོ་སོ་སོར་རྣམ་པར་བསྒོམ་པ་དང༌། ལས་བཞི་པོ་གང་བསྒྲུབ་པ་དེ་ཉིད་ཀྱི་དབྱེ་བས་སྔགས་ཀྱི་ཁ་དོག་སོ་སོར་ཕྱེ་ནས་རྩ་བའི་ལམ་སྟེ། དབུ་མའི་ནང་ན་ཡར་སྔགས་ཀྱི་ཕྲེང་བ་གྱེན་ལ་དྲང་བ་སྦྱར་བར་བྱའོ། །དེའི་ཕན་ཡོན་ནམ་འབྲས་བུ་ནི། སྔགས་ཁ་དོག་སོ་སོར་སྦྱོར་བ་ལས་བཞི་རབ་ཏུ་བསྒྲུབ་པའི་སྒྲུབ་པ་པོ་རྣམས་ལ་གསང་སྔགས་བཟླས་པ་འདིས་ལས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ། དེ་ཡང་ལྷ་དང་ལྷ་མིན་ལ་སོགས་པ་ནི་སྔར་བཤད་པ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་དངོས་ཀྱི་རིག་མའི་དབང་དུ་བྱས་ན། ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་དགའ་བ་བཞིའི་ཉམས་མྱོང་སྐྱེས་པ་ཡིན་པ་ལ། ལས་ཀྱི་ཆོ་ག་ནི་དགའ་བཞིའི་ཉམས་མྱོང་སྐྱེ་བའི་ཐབས་བཞི་སྟོན་པའི་ལེའུ་ཞེས་བྱའོ། །དམ་ཚིག་གི་ཕྱག་རྒྱ་འོད་ཀྱི་རིག་མ་བསྟེན་པ་ལྟར་ན་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འོད་ཀྱི་རིག་མའི་ཆོས་འབྱུང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་བྱུང་བའི་སྔགས་ཁ་དོག་བཞིར་བསམ་པའོ། །ལས་ཀྱི་ཆོ་ག་ནི་སྔགས་ཁ་དོག་བཞི་ལ་བརྟེན་ནས་ལས་བཞི་བསྒྲུབ་པ་སྟོན་པའི་ལེའུ་སྟེ། ལེའུ་སུམ་ཅུ་རྩ་དྲུག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་བདུན་པས་ནི་སྔར་བཤད་པའི་ལས་ཀྱི་ཕྱག་རྒྱ་དངོས་ཀྱི་རྐྱང་མ་ལ་བརྟེན་ནས་བསྒོམ་པའི་རྐྱང་མ་དེ་བདེ་བླག་ཏུ་མ་རྙེད་པ་དང༌། རྙེད་ཀྱང་རྐྱང་མ་དེས་བདག་ལ་རྗེས་སུ་ཆགས་པ་མ་ཡིན་ཞིང༌། བདག་ལ་མི་ཕྱོགས་ན་བསྟེན་པར་མི་འགྱུར་བས་དེ་དབང་དུ་བྱ་བའི་ཐབས་སྟོན་ཏོ། །འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་དོན་བཞི་ལས། དང་པོ་རྐྱང་མ་དེ་ཁ་ཟས་ཀྱི་སྒོ་ནས་དབང་དུ་བྱ་བ་ནི། དེ་ནས་ཞེས་པ་ནས་དབང་དུ་འགྱུར་ཞེས་པའི་བར་གྱིས་སྟོན་ཏེ། དེ་ནས་ནི་ལེའུ་སུམ་ཅུ་རྩ་དྲུག་པ་བཤད་པའི་རྗེས་ལའོ། །སྔར་གྱི་ཐབས་ལས་གཞན་ཡང་རྐྱང་མ་དབང་དུ་བྱ་བའི་ཆོ་ག་བཤད་པར་བྱའོ། །དེ་ཡང་རྐྱང་མའི་གཟུགས་ནི་གནོན་པ་བདག་གི་རང་དབང་དུ་གྱུར་པའི་ཆོ་ག་སྟེ། འདི་ནི་རྩ་བའི་སྔགས་ལ་བརྟེན་ནས་དབང་དུ་བྱེད་པ་ཡིན་ནོ། །དེ་ལ་དབང་དུ་བྱ་བའི་ཐབས་གསུམ་ལས་དང་པོ་ནི། ཕན་ཚུན་སྦྱོར་བའི་གསང་སྔགས་ཏེ། ཡབ་ཡུམ་གཉིས་ཀྱི་རྩ་བའི་སྔགས་གཉིས་སུ་མེད་པར་སྦྱོར་བའི་སྔགས་ཟློས་པ་ནི། མཁའ་འགྲོ་མ་སྟེ་དབང་དུ་བྱ་བའི་བུད་མེད་ཀྱི་མིང་དང་གཅིག་ཏུ་སྦྱར་ནི་མིང་དང་སྔགས་སྤེལ་བ་སྟེ། ཆེ་གེ་མོ་བ་ཤཾ་ཀུ་རུ་ཧོ་ཞེས་པའོ། །དེ་ཡང་རྩ་བའི་སྔགས་ལ་བསྙེན་པ་འབུམ་ལ་སོགས་པ་སྔོན་དུ་སོང་བས་བདག་ཉིད་ཀྱིས་ཆང་དང་ཉ་དང་ཤ་དང་བདུད་རྩི་འགྲངས་པར་ཟོས་ནས་མིད་པ་དེའི་རྗེས་ལ་རྩ་བའི་སྔགས་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་མཐར་མ་ཞུ་བ་ལ་སྐྱུག་པར་བྱས་ལ། དེ་བུད་མེད་དམ་བྲམ་ཟེའི་ཐོད་པའི་ནང་དུ་བླུགས་ཏེ། དེ་རང་གི་སྲིན་ལག་གཡོན་པས་མཉེ་ཞིང་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཉིན་མོ་སྦས་ལ་མཚན་མོ་བདུན་རྫོགས་པ་དང༌། བཟའ་དང་བཏུང་བ་དག་དང་སྔར་ཐོད་པའི་རྫས་དེ་སྦྱར་ཏེ་རྐྱང་མ་ལ་བྱིན་ན་ཐབས་འདིས་རྐྱང་མ་དེ་ཇི་སྲིད་འཚོ་བ་མ་ཤིའི་བར་དུ་ངེས་པར་སྒྲུབ་པ་པོའི་དབང་དུ་འགྱུར་རོ། །སྔ་མ་དེ་དག་མ་རྙེད་ན་ཐབས་གཉིས་པ་ཡང་རྩ་བའི་སྔགས་ལ་བསྙེན་པ་སྔོན་དུ་སོང་བས་བ་སེར་སྐྱའི་མར་བཞུ་སྟེ་རང་གིས་འཐུངས་ནས། དེ་ནས་རྩ་བའི་སྔགས་སྔ་མ་ལྟར་བཟླས་པའི་མཐར་སྐྱུག་པར་བྱ་སྟེ། སྣོད་དུ་བླུགས་ལ་དེ་རང་གི་གདོང་པ་བཀྲུས་ཏེ་བསྒྲུབ་བྱ་རྐྱང་མ་ལ་བལྟས་ན། གལ་ཏེ་རྐྱང་མ་དེ་སྔར་བདག་ལ་རྟག་ཏུ་ཁྲོས་པར་གྱུར་པ་ཡིན་ཡང་སྒྲུབ་པ་པོ་མཐོང་བ་ཙམ་གྱིས་དབང་དུ་འགྱུར་རོ། །དབང་དུ་བྱ་ཐབས་གསུམ་པ་ནི། དང་པོ་རང་གི་ལུས་ཐམས་ཅད་ཏིལ་མར་གྱིས་ཁྱབ་པར་བྱུགས་ལ། དེ་ནས་འབྲས་སཱ་ལུ་བཏགས་པ་ལས་ཟན་བྱས་པས་ལུས་ཐམས་ཅད་ལ་བསྐུས་ཤིང་དྲིལ་ནས་དྲིལ་བའི་འབྲས་ཟན་དེ་སྔགས་པ་སྟེ། སྒྲུབ་པ་པོས་ཏིལ་མང་དུ་བཙོས་ནས་སྣུམ་ཁུར་བྱས་ཏེ། བཟའ་བ་ལ་ནི་རབ་ཏུ་སྦྱར་ནས་རྐྱང་མ་ལ་བྱིན་ན་གལ་ཏེ་ལས་ནི་སྔར་དབང་དུ་བྱས་པའི་ལས་དེ་མ་བཏང་སྟེ། མ་བཀྲོལ་ཞིང་རྗེས་སུ་གཟུང་བ་མ་བྱས་ན་རྐྱང་མ་དེ་ཇི་སྲིད་འཚོའི་བར་དུ་སྒྲུབ་པ་པོའི་དབང་དུ་འགྱུར་རོ། །གཉིས་པ་བྱུག་པས་དབང་དུ་བྱ་བ་ནི་ཡང་རྩ་བའི་སྔགས་ལ་བསྙེན་པ་སྔོན་དུ་སོང་བས། ཏིལ་ནག་པོ་དང་སྐེ་ཚེའི་འབྲས་བུ་ཟོས་ནས་རྩ་བའི་སྔགས་བཟླས་པའི་མཐར་སྐེ་ཚེར་བཅས་པ་སྔར་ཟོས་པ་དེ་སྲིན་ལག་གིས་རང་གི་ཁར་བཅུག་སྟེ་སྐྱུགས་པ་དང་རུ་རྟའི་ཕྱེ་མ་དང༌། ལག་སྐྱེས་ཏེ་རང་གི་ལག་གཡོན་པའི་སེན་མོའི་ནང་གི་དྲི་མ་དང༌། བཤང་ལམ་ལས་བྱུང་བའི་སྲིན་བུ་དང༌། རང་གི་སྲིན་ལག་གཡོན་པའི་ཁྲག་དང་བཅས་པ་ལྷན་ཅིག་བཏགས་ནས། སྭ་ཤུ་ཀྲ་སྟེ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་དང་སྦྱར་ནས་བཟའ་བཏུང་དང་བསྲེས་ནས་རྐྱང་མ་ལ་བྱིན་པའམ། ཡང་ན་བསྒྲུབ་བྱའི་མིག་སྨན་དུ་བྱས་ཏེ་རྐྱང་མའི་གོས་ལ་ནི་བྱུག་པ་ཉིད་དུ་སྦྱར་ཏེ་བྱུགས་ན། ཐབས་འདིས་རྐྱང་མ་དེ་ཇི་སྲིད་འཚོའི་བར་དུ་སྒྲུབ་པ་པོའི་དབང་དུ་འགྱུར་བར་གདོན་མི་ཟའོ། །གསུམ་པ་སྦྱིན་སྲེག་གི་དབང་དུ་བྱ་བ་ནི། རྩ་བའི་སྔགས་ལ་བསྙེན་པ་སྔོན་དུ་སོང་བས་དབང་གི་ཐབ་ལ་སོགས་པ་བྱས་ཏེ། བདག་ཉིད་ཁ་ནུབ་ཏུ་བལྟས་ལ་ཐབ་ཁུང་དུ་མེའི་ནང་དུ་མེ་ལྷ་དང་དཀྱིལ་འཁོར་གྱི་ལྷ་སྐད་ཅིག་གིས་བསྐྱེད་པ་དེ་ལ། བསྲེག་རྫས་དབུལ་བ་ནི་བ་ལང་གི་ཤ་དེ་ཉིད་ཀྱི་ཁྲག་གིས་བསྐུས་ནས་ལག་པ་གཡོན་པས་བསྲེག་རྫས་དབུལ་ཞིང་དུས་གསུམ་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ལྷ་ཐམས་ཅད་དང་རྐྱང་མ་དེའི་མོད་ལ་དབང་དུ་གྱུར་པའམ། གལ་ཏེ་མ་འོངས་དེ་དབང་དུ་མ་གྱུར་ན་ལྷ་རྣམས་དང་རྐྱང་མ་ཉིད་འཆི་བར་འགྱུར་རོ། །ཤ་ཉིད་དེ་བསྒྲུབ་བྱ་དེ་ཉིད་སྒྲུབ་པ་པོ་དེའི་མདུན་དུ་དངོས་སུ་བཞག་པའམ། ཡང་ན་ཡིད་ཀྱི་བསྒྲུབ་བྱ་མདུན་དུ་བསྒོམས་ནས་སྒྲུབ་པ་པོ་མཁས་པས་མདུན་དུ་བ་ལང་གི་ཤའི་སྦྱིན་སྲེག་བྱས་ལ། སྦྱིན་སྲེག་ཟིན་པའི་མཐར་ནི་གྲུབ་པ་བརྟན་པའི་ཡན་ལག་ཏུ་བ་ལང་གི་ཤའི་གཏོར་མ་ཡང་སྦྱིན་པར་བྱའོ། །དེའི་ཕན་ཡོན་ནི་ཁམས་གསུམ་ཐམས་ཅད་སྐད་ཅིག་ཙམ་གྱིས་འགུགས་ཤིང་དབང་དུ་འགྱུར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྐྱེན་རྐྱང་མ་དབང་དུ་འགྲོ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། །དེ་ཡང་དུས་ཇི་ཙམ་གྱིས་དབང་དུ་འགྲོ་ཞེ་ན། ཉིན་མོ་གསང་ཞིང་མཚན་མོ་བདུན་སྦྱིན་སྲེག་བྱས་པས་འགྲུབ་པར་འགྱུར་རོ། །བཞི་པ་དེ་ལྟ་བུའི་སྦྱོར་བ་དེ་གཞན་ལ་སྦ་ཞིང་གསང་བ་དང༌། དེའི་ཕན་ཡོན་དང་བཅས་པ་བསྟན་པ་ནི། དེ་ལྟ་བུའི་རྐྱང་མ་དབང་དུ་བྱ་བའི་ཐབས་དེ་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་དམ་ཚིག་སྤྱོད་པ་སྟེ། རྐྱང་མ་དབང་དུ་བྱ་བའི་ཐབས་ཀྱི་མཚན་ཉིད་འདི་ནི་རྟག་ཏུ་རང་སྔགས་ཏེ་རྩ་བའི་སྔགས་ཀྱིས་རྐྱང་མ་དབང་དུ་བྱ་ཐབས་འདི་ཤིན་ཏུ་སྦས་པའི་སྒོ་ནས་སྣོད་དང་མི་ལྡན་པ་ལ་རབ་ཏུ་འབད་དེ་གསང་བར་བྱའོ། །རྩ་བའི་སྔགས་ལ་བརྟེན་པའི་རྐྱང་མ་དབང་དུ་བྱ་བའི་ཐབས་སམ་ཡང་ན་གསང་ནས་བསྒྲུབ་པའི་སྦས་པའི་དོན་འདི་བསོད་ནམས་ཆུང་བ་རྣམས་ཀྱིས་རྙེད་པར་མི་འགྱུར་ཞིང༌། དམ་ཚིག་ལ་སོགས་པ་མ་ཐོབ་པ་ལ་དབང་དུ་བྱ་བའི་གདམས་ངག་བྱིན་ཀྱང་སྐལ་བ་དམན་པས་འགྲུབ་པར་མི་འགྱུར་རོ། །གསང་ནས་བསྒྲུབས་ན་སྔར་བསོད་ནམས་ཆུང་བའི་སྒྲུབ་པ་པོས་ཀྱང་དཔལ་ཧེ་རུ་ཀ་ང་རྩ་བའི་སྔགས་ལ་བརྟེན་ནས་བསྒྲུབས་ཏེ། ཧེ་རུ་ཀ་ང་མཉེས་པར་བྱས་པས་རྐྱང་མ་དབང་དུ་བྱ་བའི་ལས་དེ་འགྲུབ་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བ་ནི་སྔར་གྱི་སྔགས་དང་རྫས་ལ་བརྟེན་ནས་རྐྱང་མ་དབང་དུ་བྱས་པ་ལ་བརྟེན་ནས་བསྒྲུབས་ན། དངོས་གྲུབ་ཉེ་བའི་དེའི་ཁྱད་པར་དུ་བྱ་བ་ནི། སྦྱིན་སྲེག་ལ་བརྟེན་ནས་སྒྲུབ་པ་སྟོན་པའི་ལེའུ་སྟེ། སུམ་ཅུ་རྩ་བདུན་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་བརྒྱད་པས་ལམ་གྱི་གསང་བ་རྫོགས་པར་བྱེད་པའི་ཡན་ལག རང་དོན་གྱི་སྤྱོད་པ་གསུམ་ལས་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་གནས་པའི་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་སྟོན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས་དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ནི་ལེའུ་སུམ་ཅུ་རྩ་བདུན་པ་བཤད་པའི་རྗེས་ལའོ། །ལུས་ཀྱི་བརྡ་ལ་སོགས་པའི་བརྡ་རྣམས་ཀྱིས་བསྟན་པའི་མཁའ་འགྲོ་མ་མཚོན་པའི་ལུས་ཀྱི་མཚན་ཉིད་ནི། ལུས་ཀྱི་ཀུན་སྤྱོད་དམ་ཡང་ན་ལུས་ཀྱི་མཚན་ཉིད་མདོག་དང་དབྱིབས་དང་དྲི་ལ་སོགས་པ་གང་ཡིན་པ་དང༌། དཔའ་བོའི་ཡན་ལག་ནི་དཔའ་བོ་རྣམས་མཚོན་པའམ། དཔའ་བོས་བྱེད་པའི་ཡན་ལག་སྟེ་གཡོན་གྱི་ཀུན་ཏུ་སྤྱོད་པ་སྦ་བ་ལ་སོགས་པ་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་རྣམས་ཀྱི་དབྱེ་བ་ནི་དེ་བཞིན་དུ་ནི་བཤད་པར་བྱའོ། །ལེའུ་འདིའི་དོན་ནི་ལས་དང་པོ་པའི་གང་ཟག་གི་ཉམས་སུ་བླང་བར་བྱ་དགོས་པ་ཡིན་གསུང༌། བཤད་པ་དངོས་ལ་གསུམ་ལས་དང་པོ་ལྡོག་པའི་ངོས་ནས་བྱ་བ་མ་ཡིན་པའི་ཆ་བསྟན་པ་ནི། དཔའ་བོའི་དབང་ཕྱུག་སྟེ་ཧེ་རུ་ཀའི་བྲིས་སྐུ་དང་རྡུལ་ཚོན་ལ་སོགས་པ་འདིར་དབང་མ་ཐོབ་པ་གཞན་རྣམས་ཀྱིས་མཐོང་བར་མི་བྲི་ཞིང༌། སྣོད་དང་མི་ལྡན་པ་གང་གི་ཐད་དུ་རྒྱུད་འདིའི་པུ་སྟི་ལ་སོགས་པ་གསལ་བར་མི་སྟོན་ཏོ། །ཟས་ཟ་བ་ལ་སོགས་པའི་ཚེ་གཡོན་པའི་ཀུན་སྤྱོད་བྱེད་པ་ཡང་ལེགས་པར་སྦས་པ་སྒྲུབ་པ་དང༌། གཞན་ཡང་སྣོད་མ་ཡིན་པ་ལ་གསང་བའི་མཚན་ཉིད། མཁའ་འགྲོ་མ་དང་དཔའ་བོའི་རྩ་བའི་སྔགས་ལ་སོགས་པ་བག་མེད་པས་གཞན་གྱི་ཐད་དུ་གདོན་ཅིང་ཟློས་པར་བྱེད་ན་དེ་ལ་ཧེ་རུ་ཀ་ང་ནི་ཐུགས་རྗེའི་སྤྱན་གྱིས་མི་བལྟ་སྟེ་བྱིན་གྱིས་མི་རློབ་པའོ། །ཧེ་རུ་ཀས་མ་བསྲུངས་བས་ཅིར་འགྱུར་ཞེ་ན། ཧེ་རུ་ཀས་མ་བསྲུངས་བས་འཇིག་རྟེན་པའི་ལས་ཀྱི་མཁའ་འགྲོ་སྟོང་ཕྲག་དུ་མས་གསང་བ་སྒྲོགས་པར་བྱེད་པའི་ངན་པའི་བདག་ཉིད་ཅན་གྱི་གང་ཟག་དེ་ཟ་བར་འགྱུར་རོ། །དེའི་རྒྱུད་ནི་གང་ཟག་དེ་དམ་ཚིག་འཇོམས་པ་དང་བླ་མ་ལ་སོགས་པ་ལ་བརྙས་པར་བྱེད་ཅིང༌། ངན་སྤྱོད་དེ་གསང་སྔགས་ཀྱི་གཞུང་དང་འགལ་བར་སྤྱོད་པ་དེ། དཔེར་ན་འཇིག་རྟེན་པ་རྣམས་རྟ་དང་མི་དང་དེའི་ནང་ནས་ཀྱང་བྲམ་ཟེ་བསད་པ་དེ་སྡིག་པ་ཆེ་བར་བྱེད་པ་དེ་བཞིན་དུ་གསང་སྔགས་དང་འགལ་བར་བྱེད་པ་དེ་ཡང་སྡིག་པ་ཤིན་ཏུ་ཆེ་བས་དེ་གསོད་པར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་རྣམ་སྨིན་ལ་མི་འཛེམ་པའི་སྡིག་པ་སྤྱོད་པ། རྨོངས་པའི་བདག་ཉིད་ཅན་དམ་ཚིག་མི་སྲུང་བ་དེས་བླ་མ་དང་སངས་རྒྱས་ཀྱི་བཀའ་བསླུ་བར་འགྱུར་བས་ན། ངན་པའི་བདག་ཉིད་ཅན་དེ་ལས་མཁའ་འགྲོ་མ་རྣམས་ཀྱིས་ཟོས་པར་གྱུར་ཀྱང༌། དེ་ལ་དཔལ་ཧེ་རུ་ཀ་ང་ནི་སྐྱོབ་ཅིང་སྲུང་བར་མི་བྱེད་དོ། །དེ་ལྟ་བུ་དེ་གསང་བ་ཞེས་པ་ནི་བླ་མ་ལོ་ཙཱ་བ་ལ་དྲིས་པས། གསང་སྔགས་བསྟན་པ་དང་སྒྲུབ་པའི་སྣོད་དུ་རུང་བ་མིའི་འགྲོ་བ་ཡིན་ལ། དེའི་ནང་ནས་ནི་གསང་སྔགས་དང་འགལ་བར་སྤྱོད་པའི་སྒྲུབ་པ་པོ་དེ་ནི་ཕྱུགས་དང་འདྲ་ནི་ཕྱུགས་དེ་བསད་རྒྱུར་མཐོང་བ་ལྟར་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་གང་ཟག་དེ་བཤའ་གྱུར་མཐོང་བས་སོ། །གཞན་ཡང་བླ་མ་ལ་འཁུ་བ་དང་དམ་ཚིག་ཉམས་པ་དེས་དངོས་གྲུབ་གཉིས་མི་ཐོབ་པ་ལྟ་ཞོག་གི མཐོ་རིས་ཀྱི་འཇིག་རྟེན་མི་ལུས་ཐོབ་པ་དེ་ལས་གང་ཟག་དེ་ལྟ་བུ་ནི་དམྱལ་བ་ལ་སོགས་པར་ལྟུང་བའོ། །གཉིས་པ་འཇུག་པའི་ངོས་ནི་བྱ་བའི་ཆ་བསྟན་པ་ནི། ཧེ་རུ་ཀ་དཔལ་གྱི་སྔགས་ལ་གཞན་ལ་བསྟན་དུ་མི་རུང་བ་འཇིགས་པའི་སྔགས་སུ་བལྟ་ཞིང༌། སྣོད་མ་ཡིན་པའི་ཐད་དུ་སྔགས་བརྗོད་ན་ཉེས་པ་དུ་མ་བྱུང་བ་ལ་སོགས་པས་གང་ཟག་གང་ཞིག་གསང་བ་སྲུང་བར་བྱེད་པ་དེ་ལ་ནི་མཁའ་འགྲོ་མ་དང་དཔའ་བོ་དང་བཅས་པ་དགེ་སྡོང་ནི་དགེ་བའི་བསམ་པ་དང་ལྡན་པ་རྣམས་ཀྱིས་གསང་བ་སྲུང་བའི་སྒྲུབ་པ་པོ་དེ་ལ་ཧེ་རུ་ཀ་ང་ནི་ཕན་འདོགས་ནི་སྲུང་ཞིང་བྱིན་གྱིས་རློབ་པ་མཛད་དོ། །དེ་ལ་བླ་མ་རྣམས་ཀྱིས་ཀྱང་ཐུགས་ལ་དགོངས་པར་འགྱུར་བ་དང༌། བསྐྱེད་རྫོགས་ཀྱི་སྣོད་དང་མི་ལྡན་པ་རྣམས་ལ་གསང་བར་བྱེད་པའི་སྒྲུབ་པ་པོ་མཁའ་འགྲོ་མ་ལ་རྟག་ཏུ་དགའ་བ་དེ་ལ་དངོས་གྲུབ་གསུམ་པོ་ཐམས་ཅད་འབྱུང་བར་འགྱུར་ཞིང༌། སྒྲུབ་པ་པོ་དེ་ནི་ཚད་མའི་སྐྱེས་བུ་ཐམས་ཅད་ཀྱིས་ཡིད་ཆེས་པའི་གནས་ཡིན་པས་ན་དཔང་པོ་ཉིད་དུ་འགྱུར་རོ། །ཁམས་གསུམ་ན་ནམ་མཁའ་ལ་རྒྱུ་བའི་བདག་ཉིད་ལྷ་ལ་སོགས་པ་རྣམས་ཀྱིས་ཀྱང་གསང་བ་ལ་གནས་པའི་སྒྲུབ་པ་པོ་དེ་ནི་དཔའ་བོ་ཉིད་དུ་འདོད་ཅིང་མི་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་པར་འགྱུར་རོ། །གང་ཟག་དེ་ནི་བསྐྱེད་རྫོགས་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་ལ་འཇུག་པར་དགའ་བ་ཡིན་པས་བླ་མ་རྣམས་ཀྱིས་ཡང་དག་པའི་གདམས་ངག་སྦྱིན་པར་ཡང་དེས་རིག་ཅིང་གོ་བར་འགྱུར་རོ། །ཟས་ཟ་བ་ལ་སོགས་པའི་དུས་ཐམས་ཅད་དུ་རང་ཉིད་ཧེ་རུ་ཀ་དཔལ་གྱི་བརྟུལ་ཞུགས་ཏེ་ང་རྒྱལ་འཛིན་པ་དང་མི་འབྲལ་བར་བྱའོ། །སྒྲུབ་པ་པོ་དེས་རང་གི་སློབ་དཔོན་དཔའ་བོ་མཐོང་བར་འགྱུར་ན་ཀུན་དུ་དགའ་བར་བྱ་ཞེས་སྦྱར་རོ། །བདེ་མཆོག་གི་སྒྲུབ་པ་པོ་དེས་སྔགས་ཏེ་ལྷག་པའི་ལྷའམ་རྩ་སྔགས་ལ་སོགས་པའི་སྔགས་འདི་དག་ཉིད་མཐོང་ཞིང་མཐོང་ན་དགའ་བ་བསྐྱེད་ཅིང་དེ་བཞིན་དུ་བླ་མ་ལ་ཡང་མཐོང་ན་ཀུན་དུ་དགའ་བར་བྱའོ། །འདིའི་རྩ་བའི་སྔགས་ནི་སྔགས་རྣམས་ཀྱི་མཆོག་ཡིན་ལ། དེ་བས་ཀྱང་མཆོག་ཏུ་གྱུར་བ་དཔའ་བོ་སྟེ་ཡབ་ཀྱི་ཉེ་སྙིང་ཡི་གེ་བདུན་པ་སྒྲུབ་པ་པོ་གང་ཞིག་འཛིན་པར་བྱེད་པ་ནི་ཧྲི་ཧ་ཧ་ལ་དང་པོར་ཨོཾ་དང་ཐ་མར་ཧཱུྃ་ཕཊ་ཀྱི་ཁྱད་པར་དབྱེ་བའི་བཟླས་པ་བྱའོ། །བདེ་མཆོག་གི་རྣལ་འབྱོར་པ་དེས་བླ་མ་དང་སྔགས་ལ་སོགས་པ་དེ་རྣམས་ལ་འབད་དེ་ཕྱག་བྱ་ཞིང་སངས་རྒྱས་ཐམས་ཅད་དེ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་དང་ལ་སོགས་པ་སྟེ་གཞན་ལ་ཡང་མཆོད་པ་བྱའོ། །གསུམ་པ་དེ་ལྟར་གནས་པར་བྱས་པའི་ཕན་ཡོན་བསྟན་པ་ནི། རྟག་ཏུ་ཞེས་པ་ནས་ས་སྟེང་རོལ་ཞེས་པའི་བར་གྱིས་སྟོན་ཏེ། སྒྲུབ་པ་པོས་བྱ་བ་མ་ཡིན་པའི་ཆ་སྤང་བ་དང༌། བྱ་བའི་ཆ་ཉམས་སུ་ལེན་པ་དེ་ལྟར་བྱས་ན་དུས་རྟག་ཏུ་དཔའ་བོ་ཆེན་པོ་ཧེ་རུ་ཀ་དང་ལྷན་ཅིག་ཏུ་རོལ་ཅིང༌། དེས་བྱིན་གྱིས་རློབ་པ་དང་ལྡན་པར་ཐེ་ཚོམ་མེད་དོ། །གཞན་ཡང་དེའི་ཐུགས་ཀ་ནས་ཏེ་ཧེ་རུ་ཀའི་ཐུགས་ཀྱི་དབྱིངས་ཀྱི་མཁའ་ལས་བྱུང་བའི་ཡུམ་ཕག་མོ་དང༌། དཔའ་བོ་ཉི་ཤུ་རྩ་ལྔ་པོ་རྣམས་དང་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོའི་ཕོ་ཉ་རྣམས་དང་ལྷན་ཅིག་ཏུ་བཅས་པས་ཀྱང་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ལྟ་བུའི་སྒྲུབ་པ་པོ་དེ་ཚད་མའི་སྐྱེས་བུའམ་གང་ཟག་མཆོག་ཡིན་པས། དེ་ཡིས་གང་ཞིག་ལེགས་སྐྱེས་པ། །ཞེས་བྱ་སྟེ་གང་ཟག་དེ་ལ་སྲོག་ཆགས་གཞན་གྱིས་མཐོང་བ་ལ་སོགས་པས་ཀྱང་ལེའུ་དང་པོར་བཤད་པ་ལྟར། བསོད་ནམས་མཐོང་སྟེ་ཐོབ་ཅིང་སྡིག་པ་དག་པར་འགྱུར་བ་ཡིན་ནོ། །གཞན་ཡང་སྒྲུབ་པ་པོ་དེ་ཆུ་བོ་རྒྱ་མཚོ་ནས་ལམ་སྲང་གི་བར་གྱི་གནས་དེ་ཐམས་ཅད་དུ་གནས་པ་དེ་ལ་མཁའ་འགྲོ་མ་ཐམས་ཅད་ཀུན་དུ་ཞེན་པར་ཏེ་ཐུགས་རྗེའི་ཆགས་པས་བལྟ་བ་ལ་གནས་པར་འགྱུར་རོ། །གཞན་ཡང་སྒྲུབ་པ་པོ་དེ་འཇིགས་པ་ཆེན་པོ་སྐྱེ་བའི་དུར་ཁྲོད་དང་མཁའ་སྤྱོད་དེ་སྟེང་དང༌། ས་འོག་སྟེ་དེ་དག་ཏུ་རྒྱུ་བའི་དུས་སུ་རོ་ལངས་ཀྱི་གཟུགས་དུ་མ་ཞིག་གར་བྱེད་པ་ལ་སོགས་པ་འཇིགས་པའི་གཟུགས་དང༌། སྟོབས་ཆེན་པོའི་ཉམས་ཡོད་པ་དེ་དག་དང་དཔའ་བོ་ཆེན་པོ་སྒྲུབ་པ་པོ་ལྷན་ཅིག་བདེ་བར་ནི་འཇིགས་པའམ་ཉམ་ང་བའམ་བག་ཚ་བ་མེད་པར་རོལ་བར་མཛད་དོ། །གཞན་ཡང་སྒྲུབ་པ་པོ་དེ་རི་སུལ་དང་ནགས་ཚང་ཚིང་ན་འདུག་ཀྱང༌། ཕྱོགས་ནི་དེ་དང་དེ་དག་ཏུ་གསང་བ་སྟེ་དཔའ་བོ་སྒྲུབ་པ་པོ་དང༌། གསང་བའི་མི་མོ་རྣལ་འབྱོར་མ་རྣམས་སྔར་གྱི་རི་སུལ་ལ་སོགས་པའི་ཕྱོགས་ནི་དེ་དང་དེ་དག་ཏུ་སྒྲུབ་པ་པོ་དེ་དང་ལྷན་ཅིག་ཏུ་ས་སྟེང་དུ་རོལ་ཅིང་ལྷན་ཅིག་ཏུ་བྱིན་གྱིས་རློབ་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོར་དེ་སྲུང་བ་དང༌། ས་སྟེ་གནས་ཆུ་བོ་ལ་སོགས་པ་བསྟན་པ་དང༌། སྣོད་དང་མི་ལྡན་པ་ལ་རྒྱུད་འདིའི་སྔགས་ལ་སོགས་པ་གསང་བའི་དཔའ་བོ་ནི། སྤྱོད་པ་ལ་གནས་པའི་སྔགས་ཀྱི་ཆོ་ག་སྟོན་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།།  །།ལེའུ་སུམ་ཅུ་རྩ་དགུ་པ་ནས་བཟུང་ནས་བཞི་བཅུ་རྩ་གཉིས་པའི་བར་གྱི་ལེའུ་བཞིས་ནི་སྔར་གྱི་བསྐྱེད་པའི་རིམ་པ་བསྒོམས་པས་རྨི་ལམ་དུ་མཚན་མ་མཐོང་བ་དང༌། རྫོགས་པའི་རིམ་པ་ཕྱག་རྒྱ་བཞི་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་མཐོང་ཞིང་བརྟན་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ལ་འབྲས་བུའི་གསང་བའི་མཚན་མའམ། རྟགས་ཀྱི་བྱེ་བྲག་འབྱུང་བར་སྟོན་པ་ལས་ལེའུ་སུམ་ཅུ་རྩ་དགུ་པས་ནི་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པར་ཕྱིན་ནས་བཞད་པ་བརྒྱད་པོའི་སྒོ་ནས་བསྐུལ་བས། དང་པོ་མཁའ་འགྲོ་མ་རྣམས་ཀྱིས་སྒྲུབ་པ་པོ་དེ་ལ་ཉམས་སད་པའི་དོན་དུ་འཇིགས་པའི་རྟགས་སྟོན་པ་དེ་ལ་རྣལ་འབྱོར་པ་དེ་འཇིགས་པར་མ་གྱུར་ན། ཇི་ལྟ་བ་བཞིན་དུ་ཐུན་མོང་དང་མཆོག་གི་དངོས་གྲུབ་སྐུ་གསུམ་སྩོལ་བར་འགྱུར་རོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན་པ་ནི། དེ་ནས་ཏེ་ལེའུ་སུམ་ཅུ་རྩ་བརྒྱད་པ་བཤད་པའི་རྗེས་ལའོ། །སྒྲུབ་པའི་རྣལ་འབྱོར་ཆེ་ནི་རིམ་པ་གཉིས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་ཆེན་པོ་དེ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་དུས་སུ་དུར་ཁྲོད་ལ་སོགས་པར་རྒྱུ་བ་ན། སྔགས་ནི་རྣམ་པ་བརྒྱད་ནི། ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿབརྒྱད་པོ་འགོད་ཅེས་པ་ནི་རང་གི་ཡན་ལག་བརྒྱད་ལ་དགོད་ཅིང་ངག་ཏུ་ཡང་ཟློས་པའོ། །དེ་ནས་སྒྲུབ་པ་པོ་འདི་ལ་འཇིག་རྟེན་གྱི་མཁའ་འགྲོ་མ་དང་རོ་ལངས་ལ་སོགས་པས་དཔལ་ཧེ་རུ་ཀར་ཡང་དག་པར་མཐོང་ནས་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་སྩོལ་བར་འགྱུར་བར་གདོན་མི་ཟའོ། །བླ་མ་བྷ་དནྟ་ནི་ཧ་བརྒྱད་པོ་འདིས་ལས་བཞི་གང་འདོད་པ་ཅིག་བསྒྲུབ་པར་འདོད་ལ། བླ་མ་སྔ་མ་རྣམས་ནི་འདིའི་འཁོར་ལོ་ལ་བརྟེན་ནས་ལས་བསྒྲུབ་པ་ཡིན་གསུང་ཡང༌། བླ་མ་ལོ་ཙཱ་བ་ལ་དྲིས་པས་ལེའུ་འདི་ནས་འཁོར་ལོས་ལས་བསྒྲུབ་པ་མེད་པ་ཡིན་གསུང་ངོ༌། །ཡང་ན་བཤད་པ་གཉིས་པ་ནི་སྤྱོད་པ་བྱེད་པའི་དུས་སུ་སྒྲུབ་པ་པོས་ཧ་བརྒྱད་ཀྱི་དགོད་པ་བྱས་པས་ལྷན་ཅིག་སྐྱེས་མ་རྣམས་བྱོན་ནས། དེ་ནས་སྒྲུབ་པ་པོ་འདི་ལ་བདག་ཉིད་ཡང་དག་པར་མཐོང་བ་སྩོལ་བར་འགྱུར་བར་གདོན་མི་ཟའོ་ཞེས་པའི་དོན་ཏེ། འདི་གཞུང་དང་མཐུན་པར་གཟུང་ངོ༌། །སྒྲུབ་པ་པོ་དུར་ཁྲོད་ལ་སོགས་པར་རྒྱུ་བའི་ཚེ། ཧ་ཧ་ལ་སོགས་པ་འཇིགས་པའི་སྒྲ་རྣམ་པ་མང་པོ་མི་བཟད་པ་སྒྲོགས་པའི་འཇིག་རྟེན་པའི་མཁའ་འགྲོ་མ་འཇིགས་པར་བྱེད་པ་ཤིན་ཏུ་འཇིགས་པ་སྟེ། དཔའ་བོ་སྟེ་བརྟན་པ་ཐོབ་པའི་སྒྲུབ་པ་པོ་དེས་ཧ་ཧཱ་ལ་སོགས་པའི་སྔགས་རང་གི་ལུས་ལ་བཀོད་ཅིང་བརྗོད་པས་ཐམས་ཅད་སྐྲག་ཅིང་རྣམ་པར་དབྱེ་བར་བྱེད་དོ། །གལ་ཏེ་ལས་ཀྱི་མཁའ་འགྲོ་མ་ལ་སོགས་པས་འཇིགས་པའི་སྒྲ་བསྒྲགས་ནས། སྒྲུབ་པ་པོ་ལ་ཉམས་སད་པའི་ཚེ་དཔའ་བོ་སྒྲུབ་པ་པོ་དེ་མི་འཇིགས་པར་འདུག་ན། ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་སྒྲུབ་པ་པོ་དེའི་ལག་པ་གཡོན་པ་ནས་བཟུང་ནས་ནི་རང་གི་གནས་མཁའ་སྤྱོད་ལ་སོགས་པར་འཁྱེར་བར་བྱེད་དོ། །ཁྱེར་བའི་ས་དེར་ཡང་མི་རྣམས་ཏེ་སྒྲུབ་པ་པོ་རྣམས་མཁའ་འགྲོ་དེ་དག་དང་རྟག་ཏུ་འདོད་པའི་ཡོན་ཏན་ལྔ་ཁྱད་པར་ཅན་ལ་མངོན་པར་རྩེ་བར་བྱེད་དེ། དེ་ནི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་བདེ་བ་ཅན་གྱི་གནས་སུ་འདོད་པ་དེ་དང༌། འདིར་སྔགས་ཀྱི་དབང་དུ་བྱས་ན་མཁའ་སྤྱོད་དུ་འགྲོ་བ་གཉིས་འདྲ་བ་ཡིན་པས་ན་དེར་འགྲོ་བར་འགྱུར་རོ། །དེ་ཡང་སྒྲུབ་པ་པོ་ཧེ་རུ་ཀ་དཔལ་གྱི་གནས་སམ་གོ་འཕང་འདོད་པས་སྤྱོད་པ་སྤྱད་པའི་སྟོབས་ཀྱིས། དཔེར་ན་བདེ་བ་ཅན་ལྟ་བུའི་སྔགས་ཀྱི་དབང་དུ་བྱས་ན་མཁའ་ལ་འགྲོ་བའི་གནས་སུ་ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་མཁའ་འགྲོ་མས་ཁྱེར་ནས། དེའི་བཀའ་དྲིན་གྱི་སྒྲུབ་པ་པོ་ནི་སྔགས་ལུས་ཅན་ནི་ལུས་ལྷར་བསྒོམ་པ་ཅན་གསུང་སྟེ། སྔགས་ལུས་ཅན་ནི་ཡེ་ཤེས་ཀྱི་ལུས་ཅན་དུ་འགྲོ་བ་ཡིན་ལ། སྤྱིར་ཕྱག་རྒྱ་ཆེན་པོ་ཐོབ་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཏེ་བདག་ཉིད་བསྒོམ་པ་རབ་ཀྱི་མཐར་ཕྱིན་པས་ཐོབ་པ་དང༌། རྣལ་འབྱོར་མ་མཉེས་པར་གྱུར་ནས་དེའི་དྲིན་གྱིས་ཐོབ་པ་གཉིས་ལས་འདིར་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟ་བུ་དེ་ཐོབ་པའི་ཚེ་འཁོར་བའི་རྒ་བ་དང་སྐྱེ་བ་དང༌། དེ་གཉིས་ཀྱིས་མཚོན་པའི་ན་བ་དང་འཆི་བ་མེད་པ་ཡང་འཐོབ་པའོ། །དེ་ཁོ་ནར་མ་ཟད་དེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི། དང་པོ་ཆོས་ཀྱི་སྐུ་ཐོབ་ནས་དེ་ནས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱིས་འགྲོ་བ་ཐམས་ཅད་སྡུད་པའི་དོན་བྱེད་པའང་ཐོབ་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས་ལམ་གྱི་གསང་བ་ལ་ཞུགས་པའི་རྟགས། ཧ་ཧཱ་ཞེས་དགོད་པ་བརྒྱད་སྟོན་པའི་ལེའུ་སྟེ། སུམ་ཅུ་རྩ་དགུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།།  །།ལེའུ་བཞི་བཅུ་པས་ནི་ལམ་གྱི་གསང་བ་སྒྲུབ་པའི་ཡན་ལག་རྐྱང་མ་ལས་ཀྱི་ཕྱག་རྒྱ་རིགས་ལྔའི་བུད་མེད་དབང་དུ་བྱ་བ་དང༌། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་ཡང་བསྟན་ཏེ། དེ་ཡང་བརྟན་པ་ཐོབ་པའི་རྟེན་གྱི་གང་ཟག་ཡིན་ན་ལས་ལ་སྦྱར་བ་ཙམ་གྱིས་དབང་དུ་འགྱུར་བ་ཡིན་ལ། དེ་ལ་རྐྱང་མ་དབང་དུ་བྱ་བ་འདི་ནི་སྔར་ལེའུ་སུམ་ཅུ་རྩ་གཉིས་པའམ། སུམ་ཅུ་རྩ་བདུན་པར་དབང་དུ་བྱ་བར་བཤད་པ་དེ་ནི། སྔར་དབང་དུ་བྱས་ཟིན་པ་དེ་ཕྱིས་རང་དང་མི་འབྲལ་བར་རྗེས་སུ་ཆགས་པར་བྱ་བ་ཡིན་ལ། ལེའུ་འདི་ནི་སྔར་རང་གི་དབང་དུ་མ་བྱས་པས་ཅིག་དབང་དུ་བྱ་བ་སྟོན་པ་ཡིན་གསུང་ངོ༌། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་གཉིས་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་ཏེ་ལེའུ་སུམ་ཅུ་རྩ་དགུ་པ་བཤད་པའི་རྗེས་ལའོ། །ད་ནི་ལས་ཀྱི་ཕྱག་རྒྱ་དང་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་བཤད་པར་བྱ་བ་ནི། སྒྲུབ་པ་པོ་གང་གིས་མི་རྣམས་ཏེ་ལས་ཀྱི་ཕྱག་རྒྱ་རྐྱང་མ་དང་རྒྱལ་པོ་ལ་སོགས་པ་སྒྲུབ་པ་པོའི་དབང་དུ་འགྱུར་བའི་ཆོ་ག་བཤད་པར་བྱའོ། །ད་ནི་གཉིས་པ་བཤད་པ་དངོས་སྟོན་པ་ནི། དེ་ཡང་ཤ་ལྔ་ལ་སོགས་པའི་སྦྱིན་སྲེག་གིས་རིགས་ལྔའི་བུ་མོ་དང་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་སྟོན་ཏེ། དབང་དུ་བྱ་བ་བསྒྲུབ་བྱ་འདོད་པའི་རྣལ་འབྱོར་པ་དེ་སྔགས་ཀྱི་གོ་ཆར་གནས་ནི་གང་ཟག་རབ་ཀྱིས་བསམ་གཏན་དང༌། འབྲིང་གིས་བསམ་གཏན་དང་སྔགས་གཉིས་དང༌། ཐ་མས་རྫས་སམ་འཁྲུལ་འཁོར་དང་གསུམ་གྱིས་བསྒྲུབ་པ་ལ་གནས་པའོ། །དེ་ཡང་བསྒྲུབ་བྱ་དབང་དུ་བྱ་རྒྱུ་ས་ལ་གནས་པའི་རིགས་ལྔའི་མཚན་ཉིད་དང་ལྡན་པའི་རྐྱང་མ་དང༌། རྒྱལ་པོ་ལ་སོགས་པ་གང་ཡིན་པ་དེ་ཐབས་གང་གིས་དབང་དུ་བྱ་ཞེ་ན། དཔའ་བོ་སྟེ་སྒྲུབ་པ་པོས་བཟླས་པ་ནི་འདོད་པའི་ལྷའི་སྔགས་ཀྱི་བཟླས་བརྗོད་སྔོན་དུ་སོང་བའི་སྦྱིན་སྲེག་གིས་འགྲུབ་པར་འགྱུར་བའོ། །སྦྱིན་སྲེག་ཉིད་གང་ཞེ་ན། བསྲེག་རྫས་སྒྲོན་མ་ནི་ཤ་ལྔ་སྟེ། འདིར་རིགས་གང་དབང་དུ་བྱ་བར་འདོད་པ་ལ། དེའི་རིགས་ཀྱི་ཤ་ལྔ་མྱོས་བྱེད་ཆང་དང་བཅས་པ་སྟེ་ཁྲག་དང་ཉའི་ཤ་དང་ལྡན་པར་ནི། དཔའ་བོའི་དབང་པོ་སྒྲུབ་པ་པོ་དེས་གནས་སྐབས་ཐམས་ཅད་དུ་ནི་ཐུན་གསུམ་མམ་བཞིར་བྱས་ཏེ། དབང་གི་ཐབ་ཏུ་ཁ་ལྟ་ཕྱོགས་དང་རང་གི་རྫས་དང༌། ལྷ་བསྒོམ་པ་དང་སྔགས་ཀྱི་སྤེལ་བ་དང་བཅས་པས་ཉི་མ་སྟེ་ཉིན་ཞག་བདུན་གྱིས་སྒྲུབ་པར་བྱེད་པ་ལ། དེ་ཡང་དུས་མཚན་མོ་ཕྱི་དང་ནང་གི་སྦྱིན་སྲེག་གཉིས་ཀ་བྱེད་པ་ལ་གཞོལ་བར་བྱས་ན་དངོས་གྲུབ་རྒྱ་ཆེན་ཏེ་རྐྱང་མ་ལ་སོགས་པ་དབང་དུ་བྱ་བའི་དངོས་གྲུབ་སྩོལ་བར་འགྱུར་རོ། །གཞན་ཡང་སྔར་གྱི་རྫས་ཀྱི་སྟེང་དུ་བསྒྲུབ་བྱའི་སྐྲ་དང་སེན་མོ་དང་རྐང་རྗེས་ཀྱི་རྡུལ་བསྣན་པས་སྦྱིན་སྲེག་གི་གྲངས་གང་ཟག་དབང་པོ་ཐ་མས་ཐབ་ཀྱི་གྲངས་བརྒྱ་དང་རྩ་བརྒྱད་ལྡན་པ་ཉིད་ཀྱིས། སྔ་དྲོ་ཕྱི་དྲོ་ཉིན་ཕྱེད་དེ་ཐུན་གསུམ་དུ་སྒྲུབ་པ་བྱེད་ན། བསྒྲུབ་བྱ་རྒྱལ་པོ་ཆེན་པོ་དང་དཔུང་སྟེ་དམག་གི་དཔུང་ངམ། བྲམ་ཟེ་ལ་སོགས་པའི་རིགས་གཞན་དང་བཅས་པ་ནི་ཞག་བདུན་སྦྱིན་སྲེག་བྱས་པས་དབང་དུ་འགྱུར་རོ། །དེའི་ཕྱེད་སྦྱིན་སྲེག་གི་གྲངས་ལྔ་བཅུ་རྩ་བཞིས་དཔའ་བོ་ཆེན་པོ་སྔགས་པ་ནུས་པ་དང་ལྡན་པ་དབང་དུ་འགྱུར་བ་དེའི་ཕྱེད་ཉི་ཤུ་རྩ་བདུན་གྱིས་བློན་པོ། རྒྱལ་ཕྲན་དབང་དུ་བྱ་བ་ལ་སུམ་ཅུ་རྩ་གཉིས་བསྲེག་པའི་རིམ་པས་སྦྱིན་སྲེག་བྱའོ། །སྦྱིན་སྲེག་ཉི་ཤུས་བྲམ་ཟེ་དང་དེའི་རིགས་ཀྱི་བུ་མོ་ཉི་མ་བདུན་གྱིས་སྦྱིན་སྲེག་བྱའོ། །དེ་བཞིན་དུ་རྒྱལ་རིགས་ལ་སྦྱིན་སྲེག་གི་ཐབ་བདུན། རྗེའུ་རིགས་ལ་ལྔ། དམངས་རིགས་ལ་གསུམ། ཐ་མ་གདོལ་པའི་རིགས་སམ་མཐར་སྐྱེས་ལ་ཐབ་གཅིག་གོ །དེ་ལྟར་དཔའ་བོ་སྟེ་སྒྲུབ་པ་པོས་བསྒྲུབ་བྱ་རྐྱང་མ་རིགས་ལྔའི་དགུག་པའི་ཆོ་གའི་རིམ་གྱིས་ནི་ཐམས་ཅད་ལ་ཡང་འདོད་པའི་ལྷའི་སྔགས་ལ་སྔོན་དུ་བསྙེན་བ་ཟླ་བ་གཅིག་བྱས་ནས་སྦྱིན་སྲེག་ཡང་དག་པར་སྤྱད་པར་བྱའོ། །དེ་ཡང་སྒྲུབ་པ་པོ་གང་གིས་བྱ་ན་སྔགས་དང་ལྡན་པའི་སྒྲུབ་པ་པོས་གང་དགུག་ན་འགྲོ་བ་ཐམས་ཅད་དེ་རིགས་ལྔའི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་དགུག་ཅིང་དབང་དུ་བྱའོ། །དཔའ་བོ་སྟེ་སྒྲུབ་པ་པོའི་རྐྱང་མ་ལ་སོགས་པ་དབང་དུ་བྱ་བའི་ཆོ་ག་འདིས་ནི་འདོད་པ་སྟེ་རྐྱང་མ་དབང་དུ་བྱས་པ་དེ་ལ་སྙོམས་འཇུག་བསྟེན་ན་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཡང་དཔེར་ན་ས་སྟེང་ན་འདོད་པའི་དབང་ཕྱུག་འདོད་ཁམས་ཀྱི་བདག་པོ་མ་ཧཱ་དེ་བས་ཨུ་མ་ལ་སོགས་པའི་བཙུན་མོ་ཐམསཅད་ལ་དབང་བྱེད་པ་བཞིན་དུ། སྒྲུབ་པ་པོ་ཡང་དཔལ་ལྡན་སྐལ་བ་བཟང་པོས་རིགས་ལྔའི་བུད་མེད་ཐམས་ཅད་ལ་དབང་བྱེད་པར་འགྱུར་ལ། སྒྲུབ་པ་པོ་དེ་མཁའ་འགྲོ་མ་སྟེ་རིགས་ལྔའི་མཚན་ཉིད་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བར་གདོན་མི་ཟ་ཞིང་ཐེ་ཚོམ་མེད་དོ་ཞེས་པའི་དོན་ཏོ། །གཉིས་པ་ལེའུའི་མཚན་ནི་དཔལ་འཁོར་ལོ་སྡོམ་པ་ལས། རིགས་ལྔའི་རྐྱང་མ་དང་རིགས་ལྔ་པོ་རང་དབང་དུ་བྱ་བ་དང༌། ཕྱག་རྒྱ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱ་དང་སྙོམས་འཇུག་བྱས་པས་དཔེའི་ཡེ་ཤེས་སྐྱེ། དེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པ་དེའི་དོན་དུ་རྐྱང་མ་བསྟེན་པའི་ལེའུ་སྟེ། བཞི་བཅུ་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།།  །།ལེའུ་བཞི་བཅུ་རྩ་གཅིག་པས་ནི་སུམྦྷ་ནིའི་ལས་ཀྱི་ཚོགས་ཀྱི་སྒོ་ནས་དངོས་གྲུབ་ཀྱིས་མཚན་མ་བསྟན་པ་དང༌། གནས་ཉི་ཤུ་རྩ་བཞིར་ཁྱབ་པའི་རྣལ་འབྱོར་མ་རྣམས་དང་དངོས་སུ་ཕྲད་ན་དངོས་གྲུབ་སྟེར་བར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་ཉེ་བ་ཡིན་པར་ཡང་ཟུར་གྱིས་བསྟན་པ་ཡིན་ནོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན་ཏོ། །དེ་ལ་ཡང་གཉིས་ལས་དང་པོ་སུམྦྷ་ནིའི་སྔགས་ཀྱིས་ལས་བཅུ་གཉིས་བསྒྲུབ་པའི་ལས་ཀྱི་གྲངས་སྟོན་པ་ནི། དེ་ནས་ཏེ་ལེའུ་བཞི་བཅུ་པ་བཤད་པའི་རྗེས་ལའོ། །ལས་ཀྱི་མཆོག་རབ་ནི་སུམྦྷ་ནི་ལ་བརྟེན་ནས་ལས་བཅུ་གཉིས་སྒྲུབ་པ་འདི་སྒྲུབ་ཐག་ཉེ་བའམ། འདི་ལ་བར་ཆད་མི་འབྱུང་བས་མཆོག་རབ་ཅེས་བྱའོ། །དེ་ཡང་གང་གིས་ཤེས་ན་སྒྲུབ་པ་པོས་ལས་བཅུ་གཉིས་མྱུར་དུ་འགྲུབ་པའོ། །བཅུ་གཉིས་པོ་རང་གང་ཞེ་ན། དང་པོ་ནི་བསྒྲུབ་བྱ་དབང་དུ་བྱ་བ་དང༌། རྒྱལ་པོ་ལ་སོགས་པ་འགུགས་པ་དང༌། ཉེ་བ་ནང་དབྱེ་བ་དང༌། གདུག་པ་ཅན་གསད་པ་དང༌། རང་གི་གནས་ལས་བསྐྲད་པ་དང་སོགས་ཀྱིས་ཞི་བ་དང༌། རྒྱས་པ་བསྡུས་ཏེ་དེ་དག་གཅིག་ཏུ་བགྲངས་གསུང༌། སེམས་རྨུགས་པར་བྱ་བ་དང༌། ལུས་ངག་རེངས་པར་བྱ་བ་དང༌། སེམས་རྨོངས་པར་བྱ་བ་དང༌། དེ་བཞིན་དུ་དགྲ་དང་བགེགས་ལ་ཕུར་བུས་གདབ་པ་དང༌། ཚིག་འཕྲོག་པ་ནི་སྨྲ་མི་ཤེས་པར་བྱེད་པའམ། གཞན་གྱིས་ལེགས་པར་སྦྱར་བའི་སྐད་ལ་སོགས་པའི་ཚིག་འཕྲོག་པ་དང༌། ལྐུགས་པ་གཏན་དུ་སྨྲ་མི་ཤེས་པར་འགྱུར་བ་དང༌། རྣ་བ་འོན་པ་དང༌། དེ་བཞིན་དུ་མིག་ལོང་བ་དང༌། བཞི་པོ་དེ་ཡན་ལག་ཉམས་པར་བྱ་བའམ། དབང་པོ་རེངས་པར་བྱེད་པ་ཡིན་པས་གཅིག་དུ་བགྲང་བར་གསུང༌། མ་ནིང་ཉིད་དུ་བྱ་བ་དབང་པོ་ཉམས་པའི་ལས་དང་གཟུགས་ཡོངས་སུ་བརྗེ་བ་ནི་གཟུགས་དུ་མར་བསྒྱུར་བ་སྟེ། དེ་ལྟར་ན་ལས་ཆེན་བཅུ་གཉིས་པོ་འདི་དག་ནི་དངོས་གྲུབ་སྒྲུབ་པ་པོ་ལ། དབང་པོ་རབ་སེམས་བརྟན་པ་ཐོབ་པའི་དབང་དུ་བྱས་ན་དྲན་པ་ཙམ་གྱིས་འགྲུབ་པར་འགྱུར་བར་གདོན་མི་ཟའོ། །ཡང་ན་བགྲང་ལུགས་གཅིག་ནི་དབང་དང་དགུག་པ་གཉིས་གཅིག་ཏུ་བྱ། དབྱེ་བ་དང་གསད་པ་དང་བསྐྲད་པ་དང་སོགས་ཀྱིས་བསྡུ་རྒྱུ་ཞི་བ་དང༌། རྒྱས་པ་གཉིས་དང༌། རྨུགས་པར་བྱ་བ་དང༌། རེངས་པར་བྱ་བ་དང༌། རྨོངས་པར་བྱ་བ་དང༌། ཕུར་བུས་གདབ་པ་དང༌། ཚིག་འཕྲོག་པ་ལ་སོགས་པ་བཞི་དབང་པོ་རེངས་པར་བྱེད་པའི་ལས་ཡིན་པས་གཅིག་ཏུ་བྱས་པ་དང༌། མ་ནིང་དང་གཟུགས་སྣ་ཚོགས་པར་བསྒྱུར་བ་གཅིག་ཏུ་བྱས་པ་དང་ལས་བཅུ་གཉིས་སོ། །དེ་དག་བསྒྲུབ་ལུགས་ཀྱང་དཔལ་ནཱ་རོ་ཏ་པ་སློབ་དཔོན་ཀཾ་པ་ལ་དང་མཐུན་པར་འཁོར་ལོ་བཞིས་ལས་གསུམ་གསུམ་བསྒྲུབ་པར་བཞེད་དེ། དེ་ཡང་འཁོར་ལོ་དང་པོ་ལ་རེ་མིག་སྟོང་པ་གཅིག གཉིས་པ་ལ་རེ་མིག་སྟོང་པ་ལྔ། གསུམ་པ་ལ་རེ་མིག་སྟོང་པ་བཅུ་བདུན། བཞི་པ་ལ་རེ་མིག་སྟོང་པ་སུམ་ཅུ་གསུམ་མོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་བ་ལས། སློབ་དཔོན་བྷ་བ་པས་ནི་འཁོར་ལོ་ལྔར་བཞེད། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ལས་རྒྱ་མཚོ་བཅུ་གཉིས་རང་ཡོད་དེ། འདི་ཡང་དབང་པོ་རབ་སེམས་བརྟན་པ་ཐོབ་པའི་དབང་དུ་བྱས་ཏེ། དྲན་པ་ཙམ་གྱིས་འགྲུབ་པ་ཡིན་ནོ། །སྔར་བསྟན་པའི་ལས་དེ་དག་ཀྱང་གནས་དེ་དང་དེ་དག་ཏུ་གནས་པའི་མཁའ་འགྲོ་མ་རྣམས་བསྐྱེད་རྫོགས་གཉིས་ཀྱིས། རང་རང་གི་བསྒོམ་པ་དང་བཟླས་པ་དང་མཆོད་པ་ལ་སོགས་པ་བྱས་པས་དེ་དག་མཉེས་པས་སྩོལ་བར་འགྱུར་བས་ན། མཁའ་འགྲོ་མ་རྣམས་བསྡུ་བྱ་དང་སྡུད་བྱེད་ཀྱི་སྒོ་ནས་བསྟན་པ་ནི་ཤར་དང་ཞེས་པ་ལ་སོགས་པ་སྟེ། ཤར་དང་བྱང་ནི་མཚོན་པ་ཙམ་སྨོས་པ་ཡིན་ལ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་ཀ་ཡང་ཕྱོགས་བཞི་དང་མཚམས་བཞིར་གནས་པ་དེ་གནས་ལ་སོགས་ཞེས་པ་ནི། འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་གནས་ལ་སོགས་པ་བཅུས་བསྡུས་པའི་ཡུལ་ཉི་ཤུ་རྩ་བཞི་བསྐྱེད་རིམ་པ་ལ་འཁོར་ལོ་བརྒྱད་གསུམ་ཉི་ཤུ་རྩ་བཞི། རྫོགས་རིམ་པ་ལ་ལུས་ཀྱི་དཔྲལ་བ་ལ་སོགས་པ་ལུས་ཀྱི་གནས་རྣམས་ནི་མཁའ་འགྲོ་མ་ཐམས་ཅད་དེ་ཐམས་ཅད་ཀྱི་གནས་ཡིན་ལ། དེ་ཡང་གང་གི་གནས་ཡིན་ཞེ་ན། ཡེ་ཤེས་ལྡན་པ་ནི་མཁའ་འགྲོ་མ་རྣམས་ཀྱི་འབྱུང་ས་ཆོས་ཀྱི་སྐུ་ཡིན་ལ། རང་སྐྱེས་གནས་ནི་དེ་ལས་ལོངས་སྐུ་ལྷན་ཅིག་སྐྱེས་མ་རྣམས་འབྱུང་ཞིང༌། དེ་ལས་སྤྲུལ་སྐུ་མཆོག་ཞིང་སྐྱེས། མཆོག་མ་ཡིན་པ་སྔགས་སྐྱེས་འབྱུང་བ་ནི། པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་དང་ཡུལ་ཏེ། ཡུལ་སུམ་ཅུ་རྩ་གཉིས་སུ་མངོན་པར་སྐྱེ་ཞེས་བྱའོ། །དེ་རྣམས་ཀྱི་གཙོ་མོ་རང་གང་ཡིན་ཞེ་ན། རྡོ་རྗེ་དཀྱིལ་འཁོར་དེ་རྣམས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོ་སྔར་བཤད་པ་དེ་ནི་མཁའ་འགྲོ་མ་རྣམས་ཀྱི་དབྱེ་བ་ལྷན་སྐྱེས་དང༌། ཞིང་སྐྱེས་དང༌། སྔགས་སྐྱེས་གསུམ་དུ་བཤད་དོ། །འདིར་ཞིང་སྐྱེས་ཀྱི་དབང་དུ་བྱས་ནས། འོ་ན་སྔར་གནས་ལ་སོགས་ཞེས་གསུངས་པ་དེ་དག་ཀྱང་གང་ཞེ་ན། དེ་ཡང་གོ་བཟློག་པའི་ཚུལ་གྱིས་བསྡུ་བྱའི་གནས་ལ་སོགས་པ་རྣམས་བསྟན་པ་ནི། དང་པོར་སྐུའི་འཁོར་ལོ་མཚམས་མ་བཞི་མས་རིམ་གྱིས་བསྟན་ཏེ། ཀུ་ལུ་ཏ་དང༌། དགོན་པ་སྟེ་མྱ་ངམ་གྱི་ཡུལ་དང༌། སིནྡྷུའི་ཡུལ་དང༌། གྲོང་ཁྱེར་ཏེ་ན་ག་ར་དང་བཞིའོ། །སྐུའི་འཁོར་ལོའི་ཕྱོགས་བཞི་མས་བཟློག་ཏུ་བསྟན་པ་ནི་གསེར་གྱི་གླིང་དང༌། སཽ་རཱཥྚ་དང༌། ཁྱིམ་གྱི་ལྷ་ཡི་གནས་གྲྀ་ཧ་དེ་ཝ་དང༌། ཡི་དྭགས་ཀྱི་གྲོང་ཁྱེར་པྲེ་ཏ་པུ་རིའོ། །གསུང་གི་འཁོར་ལོ་མཚམས་བཞིར་མས་བཟློག་ཏུ་བསྟན་པ་ནི་ཁ་བའི་གནས་ལ་སོགས་པ་བཞིའོ། །གསུང་གི་འཁོར་ལོའི་ཕྱོགས་བཞི་མས་བཟློག་ཏུ་བསྟན་པ་ནི་ཀོ་ས་ལ་ལ་སོགས་པ་བཞིའོ། །ཐུགས་ཀྱི་འཁོར་ལོའི་མཚམས་བཞི་མས་བཟློག་ཏུ་བསྟན་པ་ནི་མ་ལ་ཝེ་ལ་སོགས་པ་བཞིའོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་བཞི་མས་བཟློག་ཏུ་བསྟན་པ་ནི་ཨརྦུ་དཱ་ལ་སོགས་པ་བཞིའོ། །སོགས་ཀྱིས་དགྱེས་པའི་རྡོ་རྗེ་ནས་བཤད་པའི་གནས་བརྒྱད་ཀྱང་བསྡུས་ཏེ། དེ་ལྟར་ན་ཡུལ་ཏེ་གནས་སུམ་ཅུ་རྩ་གཉིས་པོ་འདི་དག་གི་བུ་མོ་སྟེ་མཁའ་འགྲོ་མ་གང་ཡིན་པ་དེ་རང་རང་གི་དཔའ་བོ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་པའི་རྣལ་འབྱོར་མ་ཡིན་ལ། དེ་དག་ཀུན་གདུལ་བྱའི་བསམ་པ་དང་བསྟུན་ནས་གཟུགས་དང་སྤྱོད་ལམ་དུ་མར་སྟོན་པའི་འདོད་པའི་གཟུགས་ཅན་ཡིན་ཏེ། ཉི་ཤུ་རྩ་བཞི་པོ་འདི་དག་ནི་ཡིད་ཀྱི་ཤུགས་ཀྱིས་གདུལ་བྱའི་དོན་ལ་འཇུག་པ་ཡིན་ལ། ཡང་འདི་རྣམས་མ་འོངས་པའི་སྒྲུབ་པ་པོས་བསྒོམ་པའི་དུས་སུ་དངོས་སུ་སྔགས་སྐྱེས་བསྒོམ་པ་ལ་ཞིང་སྐྱེས་ལ་སོགས་པར་ཞེན་པ་བྱས་པའི་ཡིད་ཀྱི་ཤུགས་ཀྱིས་འཇུག་པར་བྱ་བ་ཡིན་ནོ། །ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པའི་མཁའ་འགྲོ་མ་དེ་རྣམས་ཀྱང་སྡུད་བྱེད་རྣལ་འབྱོར་མ་དྲུག་གི་བདག་ཉིད་ཀྱི་བསྡུས་པར་སྟོན་ཏེ། དེ་ལྟར་ན་སྔར་ལེའུ་བཅུ་བདུན་པར་སྡུད་བྱེད་ཀྱི་མཁའ་འགྲོ་མ་བརྒྱད་ཀྱིས་བསྡུས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་དག་ཀྱང་འགལ་བ་མེད་དེ། ལེའུ་འདིར་ཙུམྦི་ཀས་སྙིང་པོའི་རྣལ་འབྱོར་མ་བཞི་བསྡུས་པ་དང༌། སྡུད་པ་མོས་སྒོ་མཚམས་མ་བརྒྱད་བསྡུས་པས་གཉིས་པོ་བོར་ནས་ལྷག་མ་དྲུག་པོས་གང་གིས་བསྡུས་པ་སྟོན་པའི་དབང་དུ་བྱས་ནས་བསྟན་པ་ནི་རྣལ་འབྱོར་མ་དྲུག་ཅེས་པ་བསྡུས་བྱེད་རྣལ་འབྱོར་མ་དྲུག་གིས་བསྡུས་པའོ། །དེ་དག་ཀྱང་ཇི་ལྟར་བསྡུས་ཤེ་ན། འདིར་གསུངས་པ་ཀུ་ལུ་ཏ་སྟེ་བསྡུ་བྱ་ཡུལ་ཀུ་ལུ་ཏའི་བརྩོན་འགྲུས་ཆེན་མོ་མྱ་ངམ་ཡུལ་མ་ལ་ཝེར་བཞུགས་པའི་མ་མོ་སྟེ། འཁོར་ལོ་བསྒྱུར་མ་སིནྡྷུའི་སྟོབས་ཆེན་མ། ན་ག་རའི་རིགས་ཀྱི་གཙོ་མོ་ནི་ཤིན་ཏུ་དཔའ་མོ་སྟེ། སྐུའི་འཁོར་ལོའི་མཚམས་མ་བཞི་པོ་འདི་ལཱ་མཱ་སྟེ་ཞེས་པ་དེ་བཞི་ནི་སྡུད་བྱེད་ལཱ་མཱས་བསྡུས་པ་ཡིན་ནོ། །ཡང་བསྡུ་བྱ་ལམྦ་ཀ་ནི་གསེར་གླིང་གི་འཁོར་ལོའི་གོ་ཆ་མ་སཽ་རཱཥྚའི་ཤཽཎྜི་ནཱི། རིགས་ཀྱི་ལྷ་མོ་སྟེ་གྲྀཧ་དེ་བ་ཏཱའི་ཁཎྜ་རོ་ཧཱའོ་རྣམས་ཡིན་ཏེ་ཞེས་པ་འདི་ནི་དོན་ལོགས་པ་མེད་དེ་གོང་འོག་གི་མཚམས་སྦྱོར་གྱི་ཚིག་གོ །ཡི་དྭགས་གྲོང་ནི་པྲེ་ཏ་པུ་རི་ནག་ཆེན་མོའི་མཁའ་འགྲོ་མར་བཅས་ནི་འཁོར་ལོའི་ཤུགས་ཅན་མ་སྟེ། སྐུའི་འཁོར་ལོའི་ཕྱོགས་བཞི་ནི་སྡུད་བྱེད་རཱུ་པི་ནཱི་ཞེས་པ་ནི་གཟུགས་ཅན་མས་བསྡུས་པ་ཡིན་ནོ། །ཡང་བསྡུ་བྱ་ཁ་བའི་རི་སྟེ་ཧི་མཱ་ལ་ཡ་ཁ་གཱ་ན་ན། ཀཱཉྩིའི་རྟ་རྣ་མ། པཉྩིའི་ཡུལ་དག་ནི་ལམྦ་ཀཱའི་ཤིན་ཏུ་བཟང་མོ། ཁྱིམ་གྱི་ལྷ་ནི་ཤྱཱ་མ་དེ་བཱིའི་ཡུལ་ཀ་ལིངྒ་ན་གནས་པའོ། །དེ་ལྟ་བུའི་གསུང་གི་འཁོར་ལོའི་མཚམས་མ་བཞི་པོར་སྡུད་བྱེད་བརྟུལ་ཞུགས་འཛིན་མ་སྟེ་ཡོངས་སུ་གྱུར་མའི་མིང་ནི་རྣམ་གྲངས་ཡིན་ལ་དེས་བསྡུས་པ་ཡིན་ནོ། །བསྡུ་བྱ་ཡུལ་ཀོ་ས་ལར་ནི་ཤ་ཟ་བ་སྟེ་དཔའ་མོ་ཆང་འཐུང་མ། ཡི་དྭགས་གྲོང་ཏྲི་ཤ་ཀུ་ནེ་ར་རྡོ་རྗེ་མཁའ་འགྲོ་མ་ནི་འཇིགས་བྱེད་ཆེན་མོ་གསུངས་ཏེ། རླུང་གི་ཤུགས་ཅན་མ་ཡིན། སྡོམ་དབང་ཕྱུག་ནི་ཡུལ་ཨོ་ཏྲེའི་འཇིགས་བྱེད་ཆེན་མོ་ཡིན། ཏྲི་ཤ་ཀུ་ནེ་ཟེར་ཡང་ཀཱ་མ་རཱུ་པ་དང༌། ཨེ་ར་བ་ཏཱི་ཡིན་ལ་གསུང་གི་འཁོར་ལོའི་ཕྱོགས་ཀྱི་བཞི་པོ་དེ་སྡུད་བྱེད་ཁཎྜ་རོ་ཧཱས་བསྡུས་པའོ། །ཡང་ན་བསྡུ་བྱ་འཁྲུགས་པ་རང་དུ་བྱ་སྟེ་ཀོ་ས་ལ་དང༌། ཡི་དྭགས་གྲོང་ཨོ་ཏྲེ་དང༌། སྡོམ་དབང་ཕྱུག་ཀཱ་མ་རཱུ་པ་དང༌། ཏྲི་ཤ་ཀུ་ནེ་རི་དཔའ་མོ་བཞི་པོ་དེ་རྣམས་ནི་སྡུད་བྱེད་ཁཎྜ་རོ་ཧཱ་སྟེ་བྱིས་བཅས་མོས་བསྡུས་པའོ། །བསྡུ་བྱ་ཐུགས་ཀྱི་འཁོར་ལོའི་ཕྱོགས་དང་པོ་རང་ནས་སྨོས་པ་ནི་དུ་བྱ་པུལླཱི་ར་མཱ་ལའི་རབ་ཏུ་གཏུམ་མོ་དང༌། གསེར་གླིང་དུ་སྨེ་ཤ་ཅན་བུད་མེད་ནི་གཏུམ་པའི་མིག་ཅན་མ་དེ་བཞིན་ཞེས་པས་ཨོ་རྒྱན་དང༌། ཨརྦུ་དཱ་སྟེ་ཐུགས་ཀྱི་འཁོར་ལོའི་རབ་ཏུ་གཏུམ་མོ་ལ་སོགས་པ་ཕྱོགས་ཀྱི་བཞི་པོ་སྡུད་བྱེད་ཨེ་ཧི་ཀ་ལྷ་མོ་ཞེས་ཀྱང་བྱ། འདོད་ལྡན་མ་དང་ཕག་མོ་ཞེས་ཀྱང་བྱ་སྟེ་དེས་བསྡུས་སོ། །ལྷག་མས་མཚམས་མ་བཞི་འདིར་དངོས་སུ་མ་གསུངས་ཀྱང་བསྡུ་བར་བྱ་བ་མ་ལ་ཝེད། དེ་བཱི་ཀོ་ཊ་དང༌། རཱ་མེ་ཤྭ་རཱི་དང༌། གོ་དཱ་བ་རཱི་སྟེ་ཐུགས་ཀྱི་འཁོར་ལོའི་མཚམས་ཀྱི་རྣལ་འབྱོར་མ་བཞི་ནི་སྡུད་བྱེད་མི་ལྡོག་མས་བསྡུས་པར་དོན་གྱིས་ཤེས་པར་བྱ་སྟེ། དེ་ཡང་འདིར་ཕྱོགས་ཀྱི་གཉིས་པོ་དངོས་སུ་བྱུང་བས་ལྷག་མ་རྣམས་དོན་གྱི་ཤུགས་ལས་ཤེས་ཏེ། དེ་ལས་འོས་མེད་པ་ཡིན་ནོ། །དེ་ལྟར་ན་ལེའུ་འདི་དང་སྔར་བཤད་པའི་ལེའུ་བཅུ་བདུན་པ་གཉིས་འགལ་བ་མེད་པར་དགོངས་པ་གཅིག་ཏུ་ཤེས་པར་བྱ་བར་པཎྜི་ཏ་ཆེན་པོ་ནཱ་རོ་ཏ་པ་བཞེད་པ་ཡིན་གསུང་ངོ༌། །དེ་ཡང་སྤྱིར་འཛམ་བུའི་གླིང་ན་མཁའ་འགྲོ་དཔག་ཏུ་མེད་པ་ཡོད་པ། དེ་ལས་འདིར་ཉེ་བར་མཚོན་པའི་དབང་དུ་བྱས་ཏེ། མདོར་བསྡུས་ན་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན་ལ། མཁའ་འགྲོ་མ་དེ་ལས་ལྷག་པའི་གྲངས་ཇི་སྙེད་ཡོད་པ་ཐམས་ཅད་དཔལ་ལྡན་ཧེ་རུ་ཀའི་འཁོར་ལོའི་གཙོ་མོ་རྣལ་འབྱོར་མ་རྡོ་རྗེ་ཕག་མོས་བསྡུས་པ་ཡིན་ནོ། །དེ་ཉིད་ཤྲཱི་ཧེ་རུ་ཀའི་སྲུབ་པ་ཆེ་ནི་ཡུམ་ཡིན་པས་སོ། །དེ་ནི་མཁའ་འགྲོ་མ་གྲངས་དཔག་ཏུ་མེད་པ་ཡོད་པ་དེ་རྣམས་ཀྱིས་དཀྱིལ་འཁོར་གཙོ་མོ་ནི་རྡོ་རྗེ་ཕག་མོ་ཡིན་ཏེ། སྔར་དེ་ལས་ལྷག་པ་ཞེས་པ་ཉི་ཤུ་རྩ་བཞི་ལས་ལྷག་པ་མཁའ་འགྲོ་མ་ལ་སོགས་པ་བཅུ་གཉིས་ཡིན་ཡང༌། ཙུམྦི་ཀ་མ་སྨོས་པས་དེས་སྙིང་པོའི་རྣལ་འབྱོར་མ་བཞིས་བསྡུས་ལ། སྒོ་མཚམས་མ་བརྒྱད་ཧེ་རུ་ཀའམ་སྡུད་པ་མོས་བསྡུས་ཏེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས་དེ་ལྟར་བཤད་པས་ཤེས་སོ། །ཕྱག་ན་རྡོ་རྗེའི་འགྲེལ་པ་ལས་སྤྱིར་ཧེ་རུ་ཀའི་ཡུམ་ཐམས་ཅད་ཡིན་ཡང་ཁྱད་པར་དུ་བཅུ་གཉིས་པོ་འདིས་འཕོ་ཞིང་བྱེད་པར་བཤད་དོ། །ད་ནི་མཇུག་བསྡུ་བའི་ཚུལ་གྱིས་དེ་དག་མཆོད་པ་ཕན་ཡོན་དང་བཅས་པ་བསྟན་པ་ནི། དེ་ལྟར་ན་སྔར་བསྟན་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་པོ་འདིས་རྒྱུ་བ་ལྷ་དང་མི་རྒྱུ་བ་ཐམས་ཅད་གཞལ་ཡས་ཁང་དུ་བྱས་པའི་འཇིག་རྟེན་གསུམ་གྱི་འགྲོ་བ་ཐམས་ཅད་རྟེན་དང་བརྟེན་པ་འདིས་ཁྱབ་པའམ། ཡང་ན་རྒྱུ་བ་བཅུད་དང་མི་རྒྱུ་བ་སྣོད་དེ་འཇིག་རྟེན་གསུམ་གྱི་འགྲོ་བ་ཐམས་ཅད་ལ་ཉི་ཤུ་རྩ་བཞི་པོ་འདིས་ཁྱབ་པ་ཡིན་ནོ། །འཁོར་ལོ་བདེ་མཆོག་གི་སྒྲུབ་པ་པོ་ལ་མཁའ་འགྲོ་མས་བྱིན་གྱིས་རློབ་པ་ཡང༌། མཁའ་འགྲོ་མ་འདིའི་དམ་ཚིག་ནི་སྤྲུལ་པའི་སྐུ་སྔགས་སྐྱེས་བསྒོམས་ལ། ཞིང་སྐྱེས་དང་ལྷན་སྐྱེས་སུ་ཞེན་པ་བྱས་ནས་བསྒོམ་པ་ཉིད་ཡིན་ཏེ། དེ་ལྟ་བུའི་བསམ་གཏན་དང༌། བཟླས་པ་ལ་སོགས་པ་གང་ཅི་ཡང་རུང་བ་ལ་གནས་པ་ཡིན་ན། ས་སྟེང་ན་བསྒྲུབ་རྒྱུ་གང་ཡོད་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་རྫོགས་པར་འགྱུར་རོ། །གཞན་ཡང་སྔགས་པས་རྟག་ཏུ་རྣལ་འབྱོར་བཞི་ལ་མཉམ་པར་བཞག་པས། དུས་མཚན་མོ་ནམ་མཁའི་གོས་ཅན་ནི་གསང་བར་བྱ་བའམ། ཡང་ན་གཅེར་བུར་བྱས་པས་སྐྱེས་པའམ་སྟེ་བདེ་མཆོག་བསྒོམ་པའི་དཔའ་བོ་རྣམས་སམ། གལ་ཏེ་གཡོན་པས་ཏེ་དཔའ་བོ་ཀུན་གྱིས་དེ་ལྟར་བྱས་པས་ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་རྣལ་འབྱོར་མ་དང་དཔའ་བོ་རྣམས་དགྱེས་པར་འགྱུར་རོ། །གཞན་ཡང་ཕྱག་རྒྱའི་གར་ཏེ་པདྨའི་ལག་པ་བསྐོར་བ་དང༌། སྔགས་ཧྲཱི་ཧ་ཧ་ལ་སོགས་པ་བརྗོད་དེ་མཆོད་པས་ཡུལ་གང་མཆོད་ཅེ་ན། རང་འབྱུང་སྟེ་སྔགས་སྐྱེས་མ་ཞིང་སྐྱེས་མ་ལ་སོགས་པར་ཞེན་པར་བྱས་ནས་རྟག་ཏུ་མཆོད་ན་ནི་མཆོག་ཏུ་ཐུན་མོང་གི་དངོས་གྲུབ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འགྲུབ་ཅིང༌། གཡོན་པ་ནི་རྣལ་འབྱོར་མ་ཡིན་ལ། དེའི་མཆོད་པ་རབ་ཏུ་འཇུག་ནི། དངོས་སུ་སྔགས་སྐྱེས་མ་མཆོད་པས་དེས་ཞིང་སྐྱེས་མ་མཆོད་པར་འགྱུར། དེས་ལྷན་སྐྱེས་མ་ཡང་མཆོད་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། ཡི་གེ་ཉི་ཤུ་རྩ་བཞིའི་ཡུལ་རྣམས་ལ་དཀྱིལ་འཁོར་ཏེ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དགོད་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་གཅིག་པ་ནི་གྲངས་ཀྱི་གནས་གཞན་ནོ། །བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།།  །།ལེའུ་བཞི་བཅུ་རྩ་གཉིས་པས་རྣལ་འབྱོར་མ་བསྟེན་པའི་ཐབས་ཀྱི་སྒོ་ནས་འབྲས་བུའི་གསང་བ་དངོས་གྲུབ་ཀྱི་རྟགས་བསྟན་ཏོ། །ལེའུ་འདི་ལ་ཡང་གཉིས་ལས། དང་པོ་ལེའུའི་གཞུང་སྟོན། དེ་ལ་བཞི་ལས། དེ་ནས་ཞེས་པ་ནས། སྦྱིན་པ་དང་ཞེས་པའི་བར་གྱིས་བདུད་རྩི་དང་ཤ་ལ་སོགས་པའི་བཟའ་བ་རྣམས་ཀྱིས་བདེ་བ་སྐྱེ་བའི་རྒྱུ་ལུས་ཟུངས་རྒྱས་པར་བྱ་བའི་ཐབས། སྒྲུབ་པ་པོ་དང་རྐྱང་མ་གཉིས་ཀས་བསྟེན་པར་བསྟན་ཏོ། །ཐོག་མར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་རྐྱང་མ་ལས་དང་པོར་དཔེའི་ཡེ་ཤེས་བདེ་བ་དང་མི་རྟོག་པ་རྟོགས་པར་བྱས་པ་དང༌། དེ་ནས་དོན་གྱི་ཡེ་ཤེས་རྟོག་པ་དང་མཐའ་གསུམ་གྱིས་མ་རིག་པ་ཉམས་སུ་མྱོང་བར་བྱ་བ་བསྟན་ཏོ། །ཐོག་མཐའ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་རྐྱང་མ་བསྟེན་པའི་ཐོག་མ་དང་ཐ་མར་ཧ་ཧ་ལ་སོགས་པའི་ཐུང་ངུ་བརྒྱད་བརྗོད་པས་རྐྱང་མ་མཉེས་པར་བྱ་བ་བསྟན་ཏོ། །གཟུགས་དང་ཞེས་པ་ནས། རྟག་པ་ཡིན་ཞེས་པའི་བར་གྱིས་སྒྲུབ་པ་པོ་དང་རྐྱང་མ་ལ་བདེ་བ་སྐྱེས་པའི་རྟགས་བསྟན་ཏོ། །དེ་ལ་གཉིས་ལས་གཟུགས་དང་ཞེས་པ་ལ་སོགས་པ་ཚིགས་གཉིས་ཀྱིས་སྒྲུབ་པ་པོ་དང་རྐྱང་མ་གཉིས་ཀ་ལ་འབྱུང་བའི་གསང་བའི་རྟགས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། རྟག་ཏུ་ཞེས་པ་ནས་ཉེ་བར་བརྟག་ཅེས་པའི་བར་གྱི་སྒྲུབ་པ་པོ་ལ་འབྱུང་བའི་རྟགས་བསྟན། ངུ་བར་བྱེད་ཅེས་པ་ནས་རྟག་པ་ཡིན་ཞེས་པའི་བར་གྱིས་རྐྱང་མ་ལས་འབྱུང་བའི་ཁྱད་པར་གྱི་རྟགས་བསྟན་ཏོ། །དང་པོ་ལ་གཉིས་ལས། རྟག་ཏུ་དེ་ཡི་མཆི་མ་འབྱུང༌། །ཞེས་པ་ལ་སོགས་པའི་ཚིག་རྐང་པ་དྲུག་གིས་གཟུགས་ཀྱི་གསང་བ་ལྔ་བསྟན། དབུགས་འབྱིན་ཞེས་པ་ལ་སོགས་པའི་ཚིག་བདུན་གྱིས་ལས་ཀྱི་གསང་བ་ལྔ་བསྟན་ཏོ། །བཞི་པོ་དེ་དག་གིས་ཡན་ལག་གི་དོན་ལ་དང་པོ་ནི་དེ་ནས་ཏེ་ལེའུ་བཞི་བཅུ་རྩ་གཅིག་པ་བཤད་པའི་རྗེས་ལའོ། །དཔའ་བོ་ནི་གཙོ་བོར་ལས་ཀྱི་ཕྱག་རྒྱ་བསྒོམ་པའི་སྒྲུབ་པ་པོའི་མེ་ཏོག་སྟེ་ཕྱག་རྒྱའི་རང་བྱུང་གི་མེ་ཏོག་དང༌། ཆུ་ནི་དེས་མཚོན་པའི་སྒྲུབ་པ་པོའི་བྱང་ཆུབ་ཀྱི་སེམས་སོ། འཐུངས་ནས་ནི་དེ་མི་ཉམས་པར་རྡོ་རྗེ་ནོར་བུ་ནས་གྱེན་ལ་དྲངས་ཏེ་ལུས་ཐམས་ཅད་ལ་རྒྱས་པར་བྱ་བའོ། །སྔགས་འདི་རྗེས་དྲན་བྱ་ནི་གྱེན་ལ་དྲངས་བར་མ་ནུས་པའི་ལྷག་མ་རྣམས་སྔགས་ཏེ། ཡི་གེ་འབྲུ་གསུམ་པོ་འདི་བརྗོད་པར་རྗེས་སུ་དྲན་པས་རང་གི་ཁར་བཟའ་བར་བྱའོ། །སློབ་དཔོན་ཀངྐ་ན་ནི་ཨོཾ་ཨ་ཤུ་སུ་ཁཱ་བཱ་ཧཱྃ་ཞེས་ལན་གསུམ་བརྗོད་ལ་བཟའ་ཞེས་འདོད་དོ། །གཞན་ཡང་བདེ་བ་སྐྱེ་བའི་རྒྱུ་ལུས་ཟུངས་རྒྱས་པར་བྱ་བའི་ཐབས་ནི་སྒྲུབ་པ་པོ་ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྒྲུབ་པ་པོས། དུས་མཚན་མོའི་དུས་རྟག་ཏུ་ཐ་མལ་པའི་བཟའ་བ་ཤ་ལ་སོགས་པ་བྱིན་གྱིས་བརླབས་ལ་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱ་བའི་ཕྱིར་བཟའ་བར་བྱའོ། །དེ་ཡང་གང་གིས་བྱིན་གྱིས་བརླབ་ཅེ་ན། ཟས་ཀྱི་ཐ་མལ་པའི་དུག་གཞོམ་པར་བྱ་བའི་ཕྱིར་སྔགས་ཡིག་འབྲུ་གསུམ་ལན་གསུམ་ལ་སོགས་པ་བརྗོད་དེ། བདུད་རྩིར་བྱ་བ་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཏེ་ཟོས་པས་རང་གི་ལུས་ཟུངས་རྒྱས་པར་གྲུབ་པའི་ཐིག་ལེ་འཕེལ་བས་དེས་བདེ་བ་འཕེལ་བ་ཐོབ་པར་འགྱུར་རོ། །གཞན་ཡང་ཐིག་ལེ་གཟུང་བར་མ་ནུས་པའི་ལྷག་མ་སྒྲུབ་པ་པོས་རང་གི་ཁར་འཐུང་བ་དང༌། དེ་བཞིན་དུ་ཕྱག་རྒྱ་མ་ལ་ཡང་སྦྱིན་པར་བྱའོ། །གཉིས་པ་རྐྱང་མ་ལ་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྟོགས་པར་བྱ་བ་ནི་ཕྱག་རྒྱ་ལས་དང་པོར་དཔེའི་ཡེ་ཤེས་སྐྱེ་ལ། དེ་ལས་དོན་གྱི་ཡེ་ཤེས་རྟོགས་པའི་ཚེ་ཐོག་མ་དང༌། ཐ་མ་དང༌། དབུས་ཀྱི་རྟོག་པ་མེད་པའི་ཡེ་ཤེས་སྐྱེས་པ་ཡིན་ནོ། །དེ་ལྟ་བུ་དེ་མ་རྟོགས་ཀྱི་བར་དུ་ཡང་འཁོར་ལོས་སྒྱུར་བའང་ནི་ཞུ་བ་ལས་བདེ་བ་མི་རྟོག་པའི་ཉམས་སུ་མྱོང་བ་སྐྱེ་བ་ཡིན་གསུང༌། གཞུང་ནི་དོན་གྱི་ཡེ་ཤེས་དེ་མ་ཐོབ་པའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བ་རང་འདྲ་བར་སེམས་སོ། །དེ་ཡང་དང་པོར་སྒྲུབ་པ་པོས་རེག་པར་བྱ་བའོ། །དེ་ཡང་གང་ལ་རེག་ཅེ་ན།   རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*