༼ཁ༽
༄༅། །སློབ་དཔོན་མཚོ་སྐྱེས་ཀྱི་ལོ་རྒྱུས་བཞུགས།།
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདན་ཀྱི་ལྷོ་ཕྱོགས། ཨོ་ཌེ་བི་ཤའི་ཡུལ་ན་རིགས་བཞི་ལས་མཆོག་ཏུ་གྱུར་པ་རྒྱལ་པོའི་རིགས་སུ་གཏོགས་པ་བཅོ་བརྒྱད་ཡོད་དོ། །དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གཅིག་ཡོད་དེ། དེའང་རྒྱལ་པོ་ཉི་མའི་རིགས་དང༌། རྒྱལ་པོ་ཟླ་བའི་རིགས་གཉིས་ལས་ནང་ན་ཤིན་ཏུ་གཅེས་སྤྲས་བྱེད་པ་རྒྱལ་བུ་ཟླ་བའི་ཐིག་ལེ་ཞེས་བྱ་བ་ཅིག་བཞུགས་སོ། །རྒྱལ་པོ་ཕ་མ་དང༌། གཉེན་འདུན་དང་འབངས་ལ་སོགས་པས་རྒྱལ་སར་འདོན་པར་འདོད་པ་ལས། འཁོར་བའི་ཆོས་ལ་ཡིད་བྱུང་ནས་དགོས་པ་མེད་སྙམ་ནས་ཁོང་མ་བཞེད་དོ། །ཐེག་པ་ཆེན་པོ་དང༌། ཡུལ་དབུས་སུ་སྔགས་ལ་མོས་ནས། ཆོས་དེ་དར་བའི་ཡུལ་ནུབ་ཕྱོགས་ཨོ་རྒྱན་དུ་མོས་ཏེ་དེར་གཤེགས་སོ། །ཡུལ་དེའི་རྣམ་གྲངས་ཞིག་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་གསུམ་པ་དེ་བཞུགས་སོ། །རྒྱལ་པོ་དེའི་ཡུལ་དུ་ཁོང་གིས་བྱོན་ཏོ། །རྒྱལ་བུ་དེ་རང་གི་ཡུལ་དུ་མཐར་ཐུག་བཞིའི་ཆོས་མཁྱེན་ཏོ། །དེར་རྒྱལ་པོ་དེའི་མཆོད་གནས་སུ་མཛད་ནས་ཆོས་ཞུས་སོ། །ཁོང་རྒྱལ་པོ་ཅན་ན་ཆོས་གསུང་གིན་བཞུགས་པ་ལ། ཡུལ་དེ་ན་བུད་མེད་ཅིག་ཁོང་གིས་ཆོས་སྟོན་པའི་ཕྱོགས་དེ་ན་ཆུ་འཆུ་ཡིན་འདུག་པ་ལ་དེ་རེས་དགོད། རེས་ངུ་ཡིན་འདུག་པ་ཅིག་ཁོང་གིས་གཟིགས་ནས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེ་གཉན་པའམ། གསང་སྔགས་དར་བ་དང་རྣལ་འབྱོར་མ་ཡིན་ནོ་ཞེས་ཐུགས་ལ་དགོངས་ནས། དུས་ནམ་ཞིག་དེ་ཁྱིམ་དུ་སོང་བའི་ཕྱི་ནས་སློབ་དཔོན་གྱིས་བྱོན་པ་ལས། དེའི་སྒོ་རྩར་བྱོན་ཙ་ན་དེའི་ཁྱིམ་ན་འབྲས་འབྲུ་ཡིན་པའི་རྡོ་ཚོམས་དེ་རེས་ནམ་མཁའ་ལ་འགྲོ། རེས་ས་གསེབ་ཏུ་འགྲོ་བར་གཟིགས་ཏེ། དེར་ཁོང་བུད་མེད་དེ་ལ་མོས་ནས་བསྙེན་བཀུར་བྱས་ཤིང་ཞུས་པས། གདམས་ངག་མ་གནང་བར་ང་རྣལ་འབྱོར་མ་མིན་གསུང་ངོ༌། །དེར་སློབ་དཔོན་གྱིས་སྔར་གྱི་སྤྱོད་པ་ཞུས་སོ། །རྣལ་འབྱོར་མ་ན་རེ། ཁྱོད་ཆོས་བཤད་ཙ་ན་ངུ་བ་དེ། བདེ་བར་གཤེགས་པ་ནི་མྱ་ངན་ལས་འདས། མི་རྣམས་ཆོས་ལོག་པར་སྤྱོད་པ་མཐོང་བས་ང་མི་དགའ་བ་ཡིན་ནོ། །དགོད་པ་ནི་སངས་རྒྱས་འདས་ནས་རྒྱུད་ཟབ་མོ་ཀུན་ཉན་བཤད་བྱེད་པ་ཨ་རེ་མཚར་སྙམ་ནས་དགོད་པ་ཡིན། ཚོམས་ནམ་མཁའ་དང་ས་ལ་འགྲོ་བ་དོན་མ་ནོར་བ་ངོ་ཤེས་པས་ཐར་པ་དང་མཐོ་རིས་ཐོབ་པ་མཐོང་བའི་རྟགས་དང༌། དོན་ལོག་པ་དང༌། ཆོས་མི་སྤྱོད་པ་ངན་སོང་དུ་འགྲོ་བའི་རྟགས་འབྱུང་བའོ། །དེར་རྣལ་འབྱོར་མ་རང་གི་མིང་ཙིན་ཏོ་ཡིན་ཞེས་བཤད་དོ། །ཁྱོད་ངའི་གདུལ་བྱ་མིན་པས་ཡུལ་ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་ཞིག་ན། བླ་མ་ཛ་ལེནྡྲ་བྱ་བ་བཞུགས་ཀྱིས། དེར་ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་གྱིས་དེར་རྒྱུག་ཅིག་ཅེས་ལུང་བསྟན་ཏོ། །དེར་སློབ་དཔོན་རྒྱལ་པོ་ཐིག་ལེ་དེས་རྒྱལ་པོ་ཅན་དུ་ཡང་མ་བྱོན་པར་དེ་ག་ནས་གཤེགས་སོ། །དེ་ནས་ཡུལ་ཕྱོགས་ཤིག་ན་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་དེ་ཁྱིམ་པར་བཞུགས་པ་ལ་ཡུལ་པ་ཀུན་བཀུར་སྟི་བྱེད་ཅིང་བཞུགས་པ་ཁོང་གིས་གཟིགས་སོ། །དེ་ནས་སློབ་དཔོན་གྱིས་ཡུལ་མི་ལ་འདི་སློབ་དཔོན་ཛ་ལེནྡྲ་ཡིན་ནམ་ཞེས་དྲིས་པས་ཡིན་ཟེར་རོ། །དེར་སློབ་དཔོན་གྱིས་དེ་ལ་བཀུར་སྟི་བྱས་ཏེ་གདམས་ངག་ཞུས་པས་མ་གནང་ངོ༌། །དེར་སློབ་དཔོན་གྱི་བདག་ལུང་བསྟན་པ་ལགས་ཞུས་པས། སུས་ལུང་བསྟན་གསུང་ངོ༌། །དེར་སློབ་དཔོན་ཐིག་ལེ་དེས་བདག་ལ་རྣལ་འབྱོར་མ་ཙིན་ཏོས་ངའི་མིང་པོ་ཞིག་ཡོད་ཀྱིས་རྒྱུག་གསུངས་ནས་ལུང་བསྟན་པ་ལགས་ཞུས་པས། སློབ་དཔོན་ཛ་ལེནྡྲ་བ་རྣལ་འབྱོར་མ་ཙིན་ཏོ་ལ་ཐུགས་ཁྲོས་སོ། །དེ་ནས་ཡང་དང་ཡང་དུ་ཞུས་པས་ཐ་མར་གནང་ངོ༌། །དེ་ནས་སློབ་དཔོན་ཛ་ལེནྡྲ་པས་དང་པོར་གདམས་ངག་དབང་དང་འབྲེལ་པ་ཡིན་པས། དབང་རྫོགས་པར་བསྐུར་དགོས་པས། རྟོག་པ་བཅོམ་ནས་ངའི་བུ་མོ་འདི་དབང་རྟེན་དང་བསྒྲུབ་རྟེན་དུ་དགོད་པས། འདི་ཁྱེར་ནས་བསྒྲུབས་ན་གདམས་ངག་སྦྱིན་གསུངས་པས། དེ་བཞིན་དུ་བགྱི་ཞུས་པས་གདམས་ངག་རྫོགས་པར་བྱིན་ནས། སྔར་གྱི་རྒྱལ་པོ་ཅན་དུ་བུ་མོ་བསྐུར་ནས་བཏང་ངོ༌། །དེར་སློབ་དཔོན་གྱིས་སྔར་བཞིན་ཆོས་གསུངས་དགེ་སྦྱོར་མཛད་ཀྱིན་བཞུགས་པ་ལ། བུ་མོ་དེ་དང་སློབ་དཔོན་བཟའ་མི་རུ་བློན་པོ་རྣམས་ཀྱིས་རིག་ནས། དེར་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་ཞུས་པ། སློབ་དཔོན་འདིས་བུ་མོ་འདིས་བླངས་ནས་འདུག་པ་འདི་འདྲ་བ་རིགས་འཆལ་ནས་འགྲོ་བས་མི་ལེགས་ཞེས་གླེངས་སོ། །དེར་རྒྱལ་པོས་སློབ་དཔོན་ལ་དྲིས་པས་ཁོང་ཞལ་ཞུམ་ནས་མི་གསུང་ངོ༌། །དེར་རྒྱལ་པོས་འབངས་ལ་བསྙད་པས། དེར་འབངས་རྣམས་ན་རེ། འོ་ན་བུ་མོ་འདི་དག་ཅིག་བྱེད་ཟེར་རོ། །དེར་རྒྱལ་པོས་འབངས་མ་འཆུན་ནས་དག་བྱེད་པས། སློབ་དཔོན་ཛ་ལེནྡྲ་བ་ཡང་ངའི་བུ་མོ་བསྐུར་བ་དེ་ཐུགས་ལ་དགོངས་ནས་མི་དགྱེས་པར་བཞུགས་སོ། །རྒྱལ་པོའང་ཐུགས་མི་དགྱེས་ཏེ་དབང་མ་བྱུང་ངོ༌། དག་བྱེད་ནི་བློན་པོ་རྣམས་ཀྱིས་ཙནྡན་སྨུག་པོ་ཅན་དུ་གདུག་པ་ཅན་གྱི་མེས་བསྲེགས་པས་ཚིག་པ་འདྲ་ནས། དེར་རྒྱལ་པོ་ཡང་ང་ལ་སློབ་དཔོན་བསྲེགས་པའི་ཉེས་པ་འོང་སྙམ་ནས་ཡིད་མི་དགྱེས། སློབ་དཔོན་ཛ་ལེནྡྲ་པའང་མ་དགྱེས་པར་བཞུགས་སོ། །དེ་ནས་སློབ་དཔོན་དང་རྒྱལ་པོས་སཱཙྪ་གདབ་དགོས་དགོངས་ནས་ནང་པར་རུས་པ་ཐུ་རུ་བྱོན་པས། ཐལ་བའི་མགོ་ན་མཚེའུ་ཅིག་འདུག་པ་གཟིགས་པས་དེར་དེའི་ནང་ན་པདྨ་ཞིག་འདུག་ནས། དེ་ཁ་ཕྱེ་ཙ་ན་སློབ་དཔོན་ཕྱག་རྒྱ་མོ་དང་བཅས་པ་བཞུགས་ཏེ། དེར་རྒྱལ་པོ་དང་སློབ་དཔོན་གྱིས་གཟིགས་ཏེ། འབངས་ལ་ཞིབ་ཏུ་བསྙད་པས་ཐམས་ཅད་ཤིན་ཏུ་མོས་པར་གྱུར་ཏོ། །དེ་ནས་སློབ་དཔོན་མཚོ་སྐྱེས་སུ་བཏགས་སོ། །དེ་ལྟར་སློབ་དཔོན་གྱིས་གྲུབ་པ་ཐོབ་ནས་སླད་ཀྱིས་སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་འདི་བརྩམས་སོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། དེས་རྡོ་རྗེ་བདག་མེད་མའི་སྤྲུལ་པ་རྣལ་འབྱོར་མ་བི་ལ་ས་བཛྲ། དེས་ཡན་ལག་མེད་པའི་རྡོ་རྗེ། དེས་མཚོ་སྐྱེས་རྡོ་རྗེ། དེས་ཨིནྡྲ་བྷཱུ་ཏི། དེས་ལྕམ་ལེགས་སྨིན། དེས་ནག་པོ་སྤྱོད་པ། དེས་དཔལ་འཛིན་ལ། དེས་ག་ཡ་དྷ་ར་ལ། དེས་བླ་ཆེན་འབྲོག་ལ། དེས་མཁར་ཆུང་པ་ལ། དེས་རྗེ་ཆེན་པོ་ལ། དེས་བདག་ལ་གནང་བའོ། །དེ་ལྟར་བརྒྱུད་ཁུངས་ཨི་ཐི། ས་མཱཔྟ་མི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply