གདན་གྱི་རྣམ་དག

༼ཁ༽

༄༅། །གདན་གྱི་རྣམ་དག་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གཙོ་བོའི་གདན་གྱི་ཚངས་པ་གཟུགས་ཁམས་གྱི་ཚངས་པ་སྟེ། དེ་གཏི་མུག་གི་རང་བཞིན་ཡིན་ལ། གཙོ་བོའི་ཞབས་ཕྱེད་ཀྲུང་དུ་བཞུགས་པ་ནི་ཟུང་འཇུག་སྟེ། དེའི་ཞབས་གཡས་པས་སྙིང་ག་མནན་པ་ནི། གཏི་མུག་ཟུང་འཇུག་གིས་མནན་པ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ཡིན་ནོ། །འདོད་པའི་ཁམས་ལ་དབང་བྱེད་པའི་དབང་ཕྱུག་ཆེན་པོ་ནི་འདོད་ཆགས་ཀྱི་རང་བཞིན་ཡིན་ལ། ཞབས་གཡས་པ་བརྐྱང་པས་དེའི་སྙིང་གར་མནན་པ་ནི། ཞབས་གཡས་པ་ནི་སྟོང་པ་ཞེ་སྡང་གི་རང་བཞིན་ཡིན་པས། འདོད་ཆགས་གསལ་བ་ལ་ཞེ་སྡང་སྟོང་པའི་རྒྱ་ཡིན་ནོ། །གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་ནི་ཞེ་སྡང་སྟོང་པའི་རང་བཞིན་ཡིན་ལ། ཞབས་གཡོན་པ་བསྐུམ་པ་ནི་འདོད་ཆགས་གསལ་བའི་རང་བཞིན་ཡིན་པས་བདུད་ཀྱི་སྙིང་གར་མནན་པ་ནི། སྟོང་པ་ལ་གསལ་བའི་རྒྱ་ཡིན་ནོ། །རི་རབ་ཀྱི་རྩེ་མོའི་བརྒྱ་བྱིན་ཕྲག་དོག་དང་ང་རྒྱལ་གྱི་རང་བཞིན་ཡིན་ལ། དེའི་སྙིང་གར་ཡུམ་གྱི་ཞབས་གཡོན་པས་མནན་པ་ནི། ཞབས་གཡོན་པ་འདོད་ཆགས་ཀྱི་རང་བཞིན་ཡིན་པས། འབྲས་བུ་ལ་རྒྱུ་ཡི་ཕྱག་རྒྱ་སྟེ། དེ་ཟུང་འཇུག་ཏུ་འགྱུར་བ་ཡིན་ནོ། །གཽ་རཱིའི་གདན་ཚངས་པ་ནི་འདོད་པའི་ཁམས་ཀྱི་ཚངས་པ་སྟེ་གཏི་མུག་གི་རང་བཞིན་ཡིན་ལ། དེ་གཽ་རཱི་གཟུགས་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་མནན་པ་ནི། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ཡིན་ཞིང༌། དབུ་རྒྱན་མི་བསྐྱོད་པའི་རྒྱ་འབྱུང་བ་ནི། ལུས་ལ་སེམས་ཀྱི་རྒྱ་བྱུང་བ་སྟེ་ཟུང་འཇུག་ཏུ་བསྒྲུབ་པ་ཡིན་ནོ། །ཙཽ་རཱིའི་གདན་དབང་པོ་ཤར་ཕྱོགས་ཀྱི་བརྒྱ་བྱིན་འདོད་ཆགས་ཀྱི་རང་བཞིན་ཡིན་ལ། དེ་སྒྲ་རྣམ་པར་དག་པ་ཙཽ་རཱི་མི་བསྐྱོད་པའི་ངོ་བོ་ཞེ་སྡང་གི་ངོ་བོས་མནན་པ་ནི་གསལ་བ་ལ་སྟོང་པའི་རྒྱ་ཡིན་ལ། དབུ་རྒྱན་རྣམ་པར་སྣང་མཛད་བྱུང་བ་ནི་སེམས་ལ་ལུས་ཀྱི་རྒྱ་སྟེ། ཟུང་འཇུག་ཡིན་ཏེ་རྒྱ་སུམ་སྦྲག་ཡིན་ནོ། །བེ་ཏཱ་ལཱིའི་གདན་ཉེ་དབང་ནི་ཁྱབ་འཇུག་སྟེ་ཞེ་སྡང་གི་རང་བཞིན་ཡིན་ལ། བེ་ཏཱ་ལཱི་འདོད་ཆགས་གསལ་བའི་ངོ་བོས་མནན་པ་ནི་སྟོང་པ་ལ་གསལ་བའི་རྒྱ་ཡིན་ལ། དབུ་རྒྱན་རིན་ཆེན་འབྱུང་ལྡན་ནི་སེར་སྣ་དག་པ་སྟེ། རྒྱུ་ལ་འབྲས་བུའི་ཕྱག་རྒྱ་ཡིན་ནོ། །བེ་ཏཱ་ལཱི་དྲི་རྣམ་པར་དག་པ་ནི་འབྲས་བུ་ལ་རྒྱུའི་ཕྱག་རྒྱ་ཡིན་ནོ། །འདི་རྒྱ་བཞི་སྦྲག་ཡིན་ནོ། །གྷསྨ་རཱིའི་གདན་དྲག་པོ་ནི་དབང་ཕྱུག་ཆེན་པོ་དབང་ལྡན་ན་གནས་པ། སུམ་ཅུ་རྩ་གསུམ་མན་ཆད་ན་དབང་ཆེ་བ་འདོད་ཆགས་ཀྱི་རང་བཞིན་ཡིན་ལ། དེ་གྷསྨ་རཱི་ཕྲག་དོག་རྣམ་པར་དག་པས་མནན་པས་ནི། རྒྱུ་ལ་འབྲས་བུའི་ཕྱག་རྒྱ་ཡིན་ལ། སྤྱི་བོར་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བྱས་པ་ནི་འབྲས་བུ་ལ་རྒྱུའི་ཕྱག་རྒྱ་ཡིན་ལ། རོ་རྣམ་པར་དག་པ་ནི་སྦྱང་གཞི་རྒྱུ་ལ་འབྲས་བུའི་རྒྱ་ཡིན་ནོ། །འདི་ལ་ཡང་རྒྱ་བཞི་སྦྲག་ཡོད་དོ། །པུཀྐ་སཱིའི་གདན་གཤིན་རྗེ་ནི་ཞེ་སྡང་ཡིན་ལ། པུཀྐ་སཱི་བྱམས་པ་ཚད་མེད་པས་མནན་པ་ནི། ཞེ་སྡང་བྱམས་པར་བསྒྲུབས་པས་ཟུང་འཇུག་སྟེ། རིགས་བདག་མི་བསྐྱོད་པ་ནི་ལུས་ལ་སེམས་ཀྱི་ཕྱག་རྒྱ་ཡིན་ནོ། །ཤ་བ་རཱིའི་གདན་གནོད་སྦྱིན་ནི་རྣམ་ཐོས་སྲས་སེར་སྣ་དང་ང་རྒྱལ་གྱི་རང་བཞིན་ཡིན་ལ། ཤ་བ་རཱི་སྙིང་རྗེ་ཚད་མེད་པས་མནན་པ་ནི་ཉོན་མོངས་པ་དེ་གཉིས་ཀྱི་གཉེན་པོ་སྙིང་རྗེ་ཡིན་པའི་ཕྱིར་རོ། །དབུ་རྒྱན་རྣམ་པར་སྣང་མཛད་ནི་ཆུ་མི་བསྐྱོད་པ་སེམས་ལ་ལུས་ཀྱི་རྒྱ་ཡིན་ནོ། །ཙཎྜཱ་ལཱིའི་གདན་སྲིན་པོ་ནི། ཞེ་སྡང་མངོན་དུ་ཁྲོ་བའི་རང་བཞིན་ཡིན་ལ། དེའི་གཉེན་པོ་དགའ་བ་ཚད་མེད་པའི་ངོ་བོ་ཙཎྜཱ་ལཱིས་མནན་པས་ཟུང་འཇུག་ཡིན་ནོ། །དབུ་རྒྱན་རིན་ཆེན་འབྱུང་ལྡན་ནི་གོས་དཀར་མོ་མེ་འདོད་ཆགས་ལ་སེར་སྣ་རིན་ཆེན་འབྱུང་ལྡན་ནི་རྒྱུ་ལ་འབྲས་བུའི་རྒྱ་ཡིན་ནོ། །གཡུང་མོའི་གདན་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ནི་ཕྲག་དོག་གི་རང་བཞིན་ཡིན་ལ། གཡུང་མོ་བཏང་སྙོམས་ཚད་མེད་ཀྱིས་མནན་པ་ནི། ཕྲག་དོག་གི་གཉེན་པོ་བཏང་སྙོམས་ཡིན་པའི་ཕྱིར་རོ། །དབུ་རྒྱན་འོད་དཔག་ཏུ་མེད་པ་ནི། རླུང་དོན་ཡོད་གྲུབ་པའི་རང་བཞིན་ཡིན་ལ། འོད་དཔག་ཏུ་མེད་པའི་དབུ་རྒྱན་ནི་འབྲས་བུ་ལ་རྒྱུའི་རྒྱ་ཡིན་ནོ། །གཽ་རཱིའི་གདན་ངོ་བོ་ཉིད་དུ་འགྲོ་ཞིང༌། གཞན་རྣམས་སྤང་བྱ་དང་གཉེན་པོ་སྤྲོད་པ་ཅིའི་ཕྱིར་ཞེ་ན། གཏི་མུག་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་གཅིག་གིས་ཐམས་ཅད་མཚོན་ནུས་ལ། གཞན་རྣམས་ནི་དེ་ལས་བྱུང་བའི་ཕྱིར་སྤང་བྱ་དང་གཉེན་པོ་སོ་སོར་ངོ་སྤྲད་དགོས་པའི་ཕྱིར་རོ། །ཡང་དག་བྱ་དག་བྱེད་དུ་ངོ་སྤྲོད་པ་ཅིའི་ཕྱིར་ཞེ་ན། གཞན་རྣམས་ཀྱིས་རང་རང་གི་མཚོན་བྱ་མཚོན་བྱེད་ངོ་ཤེས་པས་ལམ་ཐམས་ཅད་ཀྱི་རང་བཞིན་རྒྱུ་དང་འབྲས་བུ་འབྲེལ་དགོས་པ་མཚོན་པའི་ཕྱིར། ནུབ་དང་བྱང་གི་ལྷ་མོ་གཉིས་གཞན་དང་མི་འདྲ་བའི་ཁྱད་པར་བསྟན་པ་ཡིན་ནོ། །དཔུང་པ་གཡས་པ་གཤིན་རྗེ་གཤེད། །གཡོན་པ་ཤེས་རབ་མཐར་བྱེད་ཡིན། །པུས་མོ་གཡས་པ་པད་མཐར་བྱེད། །པུས་མོ་གཡོན་པ་བགེགས་མཐར་བྱེད། །ལག་པ་གཡས་པ་མི་གཡོ་བ། །གཡོན་པ་འདོད་པའི་རྒྱལ་པོ་སྟེ། །རྐང་པ་གཡས་པ་དབྱུག་སྔོན་ཅན། །རྐང་པ་གཡོན་པ་སྟོབས་པོ་ཆེ། །རྐང་མཐིལ་རྡོ་རྗེ་གནོད་མཛེས་ལ། །སྤྱི་གཙུག་ཏུ་ནི་ཧཱུྃ་མཛད་དོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*