༼ཁ༽
༄༅། །ཌོམྦི་པའི་དེ་ཉིད་བཅུའི་དཀའ་འབྲེལ་བཞུགས།།
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཌོམྦི་ཧེ་རུ་ཀའི་དེ་ཁོ་ན་ཉིད་བཅུ་ནི་གཉིས་སུ་བསྡུས་ཏེ། ལས་དང་པོ་པའི་དེ་ཁོ་ན་ཉིད་དང༌། སེམས་བརྟན་པ་ཐོབ་པའི་དེ་ཁོ་ན་ཉིད་དོ། །དང་པོ་ལ་བརྒྱད་དེ། བྱིས་པ་ལ་མི་དགོས་པའི་དེ་ཁོ་ན་ཉིད་གཉིས་སུ་བསྡུས་ཏེ། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དང་འབྲེལ་པའི་དེ་ཁོ་ན་ཉིད་གཅིག སློབ་དཔོན་དང་སློབ་མ་གཉིས་ཀའི་ཐུན་མོང་གི་དེ་ཁོ་ན་ཉིད་བདུན་ནོ། །ཡང་གཉིས། རང་དོན་དང་འབྲེལ་པ་དྲུག གཞན་དོན་དང་འབྲེལ་པ་བཞིའོ། །དེ་ལ་དེ་ཁོ་ན་ཉིད་ཅེས་བྱ་བ་ཡང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་བཅུད་དམ་སྙིང་པོ་བསྡུས་པའི་དེ་ཁོ་ན་དང༌། སོ་སོའི་བྱ་བ་ལ་མི་བསླུ་བའི་ཕྱིར་དེ་ཁོ་ནའོ། །འདིར་ཀྱེའི་རྡོ་རྗེའི་དེ་ཁོ་ན་ཉིད་བཅུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་སློབ་དཔོན་དང་སློབ་མ་གཉིས་ཀའི་ཐུན་མོང་གི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ནས་སྲུང་བའི་དེ་ཁོ་ན་ཉིད་དེ། ཚོགས་གཉིས་བསག་པ་སྔོན་དུ་སོང་ནས་ཐུན་མོང་གི་སྲུང་བའི་འཁོར་ལོ་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་ལ་སོགས་པ་སྔོན་དུ་སོང་ནས་ཐུན་མོང་མ་ཡིན་པ། པད་ཉིའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་རྩིབས་བཅུ་པ་ཟངས་ཀྱི་གའུ་ལྟ་བུ་ཡིན་ལ། རྩིབས་རྣམས་ནི་རྣོ་ཞིང་གཅོད་པ་ཡིན་ཏེ། གྲུབ་པའི་དུས་ཉིད་ནས་གཡས་སུ་འཁོར་བའོ། །བརྟེན་པ་ལྷ་བསྐྱེད་པ་ནི། མྃ་ལས་ཉི་མ་བཅུ་གཅིག་ལ་ཧཱུྃ་རིང་པོ་བཅུ་གཅིག་ལས་བསྐྱེད་པའམ། ཡང་ན་རྟེན་དང་བརྟེན་པ་དུས་གཅིག་ལས་བསྐྱེད་པས་བཏུབ་གསུང༌། དེ་ནས་ཧཱུྃ་མཛད་ཀྱི་ལྟོ་བར་ཆོས་འབྱུང་ནས་བཟུང་སྟེ་སོ་སོའི་སྒྲུབ་ཐབས་བཞིན་བསྒོམ་མོ། །སློབ་དཔོན་གྱི་ལས་འབའ་ཞིག་གི་དེ་ཁོ་ན་ཉིད་དང༌། གསུམ་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དེ་ཁོ་ན་ཉིད་དང༌། དབང་བསྐུར་བའི་དེ་ཁོ་ན་ཉིད་དང༌། མཆོད་ནས་གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་དོ། །དེ་ལ་དང་པོ་དབང་ནི་གོ་རིམ་བཞིན་དུ་ཞེས་བྱ་བའི་ཚིག་གིས་འཕངས་ནས། སྔོན་དུ་བསྙེན་པ་དང་སའི་ཆོ་ག་དང་སྟ་གོན་གྱི་ཆོ་ག་དང་གསུམ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་གནས་ཞེས་བྱ་བས་ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་གཉིས་ཤེས་པར་བྱའོ། །དཀྱིལ་འཁོར་བྱས་ལ་ཞེས་བྱ་བའི་ཚིག་གིས་བརྟེན་པ་ལྷ་སྐུ་ཙཀ་ལིའམ། མཚན་མ་དགོད་པ་བསྟན་ཅིང༌། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་ལ་སོགས་པའི་དེ་ཁོ་ན་ཉིད་སྐབས་འདིར་ཤེས་པར་བྱའོ། །འཇུག་པའི་ཆོ་ག་ནི་སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་མ་འཇུག་པ་གཉིས། སློབ་མ་འཇུག་པ་ལའང་ཕྱི་འཇུག་དང་ནང་འཇུག་གཉིས་སོ། །དེ་ལ་རྒྱགས་པ་དང་ཞེས་བྱ་བ་ལ་སོགས་པ་ཚིག་ལྔས་རྡོ་རྗེ་སློབ་མའི་མཚན་ཉིད་བསྟན། ཆུ་ལ་སོགས་པ་དབང་དྲུག་གིས་བུམ་དབང་བསྟན། དབང་བསྐུར་ལུགས་གསུམ་གྱིས་གསང་དབང་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ཀྱིས་གསུམ་པ་བསྟན། ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་བསྐྱེད་པའི་ཕྱིར་ཚིག་གི་དབང་བཞི་པས་གདམས་ངག་དབོག དེ་ལྟར་མདོར་བསྡུས་པའི་དབང་བཞི་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། བདུན་པ་དང༌། བཅོ་ལྔ་པའི་མཐར་ཐུག་པའི་ལེའུའི་གཞུང་གཙོ་བོ་གསུམ་ནས་གསུང༌། ཆོ་གའི་ཡན་ལག་ཙམ་ལེའུ་བདུན་པར་གསུང༌། རྩ་བའི་མདོ་བརྟག་པ་གཉིས་པ་ལས་ནི། དང་པོའི་ལེའུ་བཅུ་པ། ཕྱི་མའི་ལེའུ་གསུམ་པ། ལྔ་པ། བཅུ་གཉིས་པ་ལ་བརྟེན་ཏེ་དེ་འདིར་གསུངས་སོ། །གཏོར་མ་ནི་སློབ་དཔོན་སློབ་མ་གཉིས་ཐུན་མོང༌། བདག་གཞན་གཉིས་ཀྱི་དོན་ཐུན་མོང༌། དེ་ལ་རྒྱས་བསྡུས་གཉིས། རྒྱས་པ་ལ་བཞི། བདག་ཉིད་ཀྱི་རྣལ་འབྱོར། མགྲོན་བསྐྱེད་པ། རྫས་སྦྱང་བ། དབུལ་ཞིང་གཤེགས་སུ་གསོལ་བ་ལ་སོགས་པའོ། །དེ་ལ་མངོན་རྟོགས་ནི་དང་པོར་བདག་ཉིད་ཀྱི་རྣལ་འབྱོར་ནི། ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་པ་དང་པོར་བསྐྱེད་དེ། གཏོར་མ་མཁའ་འགྲོ་ཉི་ཤུ་རྩ་བཞིའི་དབང་དུ་བྱས་པའི་ལུགས་ལས། དང་པོ་མགྲོན་བསྐྱེད། རྫས་སྦྱང༌། ཞེས་མགྲོན་བསྐྱེད་པ་གསུང༌། རྫས་སྦྱང་བ་དང་ལ་བླངས། མགྲོན་བསྐྱེད་པ་ལ་ཆོས་འབྱུང་གསུམ་དུ་དམ་ཚིག་སེམས་དཔའ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་བྱིན་གྱིས་བརླབ། དབང་བསྐུར་ཏེ་ཡན་ལག་བཞི་ཚང་བར་བྱ། རྒྱས་བསྡུས་གཉིས་སུ་དབྱེ་བ་དང༌། མཆོད་པ་ལ་སོགས་པ་ཆོ་ག་ལྷག་མ་ནི་གཞུང་ཉིད་དུ་གསལ་ལོ། །དེ་ཡང་གུར་གྱི་ལེའུ་གསུམ་པ་དང༌། བརྟག་གཉིས་ཀྱི་དང་པོའི་ལེའུ་གཉིས་པ་དང༌། ཕྱི་མའི་ལེའུ་བཞི་པ་ལས་གསུངས་པའོ། །བཟླས་པ་ནི་སེམས་དཔའ་གསུམ་སྒྲུབ་པར་མངོན་ཏེ། མངོན་རྟོགས་ནི་གཞུང་ཙམ་མོ། །བཟླས་པའི་མན་ངག་གུར་གྱི་ལེའུ་བཅུ་གཉིས་པ་ལས་ཅུང་ཟད་ཙམ་གསུང་ཞིང༌། ཕན་ཡོན་ནི་ལེའུ་དྲུག་པ་ལས་སོ། །བཟླས་པའི་སྔགས་དངོས་ནི་རྩ་བའི་རྒྱུད་ཀྱི་བརྟག་པ་དང་པོའི་ལེའུ་གཉིས་པ་ལས་སོ། །ལུས་ལས་རྣམ་ཤེས་དགར་བའི་དེ་ཁོ་ན་ཉིད་ནི། བསྐྱེད་པའི་རིམ་པ་ལ་བརྟེན་པ་ཐོབ་ལ། མངོན་པར་ཤེས་པ་རྒྱུད་ལ་སྐྱེས་པའི་གང་ཟག་གི་ལས་ཏེ། དེ་ཡང་དོན་བཞི་སྟེ། བདག་ཉིད་སྔར་བཤད་པའི་གང་ཟག་ཚོགས་གཉིས་དང་ལྡན་པ། མངོན་སྤྱོད་བྱ་བའི་ཡུལ་གསུམ་ལས་གང་ཡང་རུང་བ། དུས་ཞི་བ་དང་ཤད་ཀྱིས་སྦྱངས་པས་མི་བཟློག་པའི་དུས་དང༌། བསྒྲལ་བའི་ཆོ་ག་དངོས་སོ། །ཆོ་ག་རྣམ་པར་གཞག་པ་དངོས་ལ་ནི། བདག་གི་རྣལ་འབྱོར་དང༌། སྡིག་པ་བསྒོ་ཞིང་ཉེས་པ་བསྒྲགས། དཀྱིལ་འཁོར་མཆོད་ཅིང་བསྒྲུབ་བྱ་དགུག་པ་དང༌། ཡེ་ཤེས་སེམས་དཔའ་གཤེགས་པ་དང༌། ཚར་གཅད་པ་དངོས། ཁ་སྦྱོར་འབྱེད་པ་དང༌། རྡོ་རྗེ་མེ་ཁབ་གཉིས་ཀྱིས་ལས་ལ་སྦྱར། རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་ཁམས་སུ་གཤེགས་སུ་གསོལ། དེ་ལྟར་དྲུག་གིས་ལས་ལ་སྦྱར་བ་ཤེས་པར་བྱའོ། །འདི་ཡང་གུར་གྱི་ལེའུ་བཅུ་བཞི་པ་ལས། གང་ཞིག་དཀོན་མཆོག་གསུམ་བསད་དང༌། །ཞེས་པ་ལ་སོགས་པ་གསུངས་པ་དང༌། རྩ་བའི་རྒྱུད་ཀྱི་ཕྱི་མའི་ལེའུ་དགུ་པ་ལས་གསུངས་ཏེ། འདི་ཡང་གཞན་དོན་གྱི་དབང་དུ་བྱས་པ་ཡིན་ནོ། །བསྒོམ་པས་ཕྱིར་བཟློག་པའི་དེ་ཁོ་ན་ཉིད་ནི་གཉིས་ཀའི་ཐུན་མོང་སྟེ། བདག་ཉིད་ལྷག་པའི་ལྷར་སྒྲུབ་པའི་དུས་སུ་སྔོན་དང་ཐ་མར་ཕྱིར་བཟློག་པ་དང༌། གཞན་དག་གི་རིག་སྔགས་གཅད་པའི་ཕྱིར་འདི་ཉིད་ཀྱི་སྒྲུབ་པ་གཙོ་བོའི་དབང་དུ་བྱས་པའོ། །དེ་ལ་དང་པོ་ལྟར་ན་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས། ཐུན་མོང་གི་སྲུང་བའི་འཁོར་ལོ་རྡོ་རྗེ་རྭ་གུར་སྔར་བཞིན་དུ་བསྒོམ་སྟེ། དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་པད་ཉིའི་སྟེང་དུ་བྷྲཱུྃ་སེར་པོ་ལས། རྟེན་དང་བརྟེན་པ་དུས་གཅིག་བསྐྱེད་པ་ནི་གནད་ཡིན་ནོ། །སྤྲོས་པ་ལ་དགའ་ན་ཧཱུྃ་རིང་པོ་བཅུ་གཅིག་ལས་བསྐྱེད་པའི་ཕྱོགས་ལ་ཡང་འགལ་བ་མེད་དོ། །གཙོ་བོ་འཁོར་ལོས་སྒྱུར་བ་དབུས་སུ་བཅུག་སྟེ། ཧཱུྃ་མཛད་སྟེང་དུ་འདོན་པ་ནི་གནད་ཡིན་ནོ། །དུས་དེ་ཉིད་ཀྱི་ལྷ་རྣམས་ཀྱང་རི་རབ་ལྟར་ཆེ་ཞིང་བརྗིད་ལ་བརྟེན་པ་དང་མི་འགུལ་བར་བསམ་མོ། །དེ་ཉིད་ཀྱི་ཚེ་འཁོར་ལོ་གཡོན་དུ་གཡོ་ཞིང་འཁོར་བ་དང༌། ལྷ་རྣམས་ཀྱི་ཞལ་ཕྱིར་གཟིགས་པ་ནི་གནད་ཡིན་ནོ། །དེ་ནས་སྔགས་ཆེན་ལན་བདུན་བཟླས་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བར་མངོན་པར་རྫོགས་པར་བསྒོམས་ལ། ཡང་ཉལ་བའི་རྣལ་འབྱོར་གྱི་སྔོན་དུ་ལན་བདུན་བཟླས་ལ་ཉལ་ལོ། །གསལ་བྱེད་ནི་གཙོ་བོ་ཡིན་ལ། གསལ་བར་བྱ་རྒྱུ་ནི་ཕྱོགས་བཅུའི་ཁྲོ་བོ་ཡིན་པས། ཧཱུྃ་བཅུ་ཁྲོ་བོ་བཅུ་རིམ་གྱིས་གསལ་གདབ། ཕཊ་དང་པོས་སྟེང་གི་ཧཱུྃ་མཛད། ཕཊ་གཉིས་པས་ཕྱོགས་འཚམས་བརྒྱད་ཀྱི་ཁྲོ་བོ། ཕཊ་གསུམ་པས་འོག་གི་གནོད་མཛེས་ཏེ། སྔགས་བརྗོད་པའི་གནད་ཅེས་བྱ་བ་ཡིན་ནོ། །གྲངས་ཚད་འདི་ཙམ་གྱིས་གཞན་གྱི་རིག་སྔགས་གཅད་པ་ཡང་ཁྲོ་བོ་བཅུའི་ཕྱིར་བཟློག་སྔོན་དུ་སོང་བའི་དབང་དུ་བྱས་པ་ཡིན་ནོ། །ཁྱད་པར་གྱི་སྒྲུབ་པས་རིག་སྔགས་བཅད་པ་ནི་འདི་ཉིད་ཀྱི་ཚོགས་གཉིས་བསག་པ་སྔོན་དུ་བྱས་ལ། པད་ཉིའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བསྐྱེད། དེ་ནས་ཨྃ་ལས་ཉི་མའི་དཀྱིལ་འཁོར་བཅུ་གཅིག་འཁོར་ལོའི་རྩིབས་ལ་ཅུང་ཞིག་མ་རེག་པ། འདིར་ཧཱུྃ་རེ་སོང་ཞུགས་པ་ལས་ཁྲོ་བོ་བཅུ་གཅིག་སྔར་བཞིན་དམ་ཚིག་པ་བསྐྱེད། དེ་ལ་ཡེ་ཤེས་པ་གཞུག གཙོ་བོ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རྒྱས་བཏབ་སྟེ་ཡན་ལག་བཞི་ཚང་བར་བྱ། དེ་ལ་མཆོད་བསྟོད་བདུད་རྩི་མྱང༌། དེ་ནས་ལྷ་རྣམས་སྐད་ཅིག་གིས་ཞལ་ཕྱིར་བལྟས། འཁོར་ལོ་ཡང་གཡོན་དུ་རབ་ཏུ་འཁོར་ཞིང་མི་གཡོ་བ་ཙམ་བྱས་ལ། གསང་སྔགས་བཟླས་པ་ནི་མན་ངག་སྔ་མ་བཞིན་ཏེ། དེ་ལྟ་བུའི་ཐུན་བཞིའི་ངེས་པ་བྱས་ལ། གསང་སྔགས་ཀྱི་བཟླས་པའི་ངེས་པའི་གྲངས་ཚད་ནི། མཚན་ཕྱེད་ཀྱིས་རྫོགས་པར་བྱས་ལ་ཉལ་ལོ། །དེ་ལྟར་ཇི་སྲིད་རྨི་ལམ་དུ་གོ་གྱོན་པའམ། མཚོན་རྣོན་པོས་ཕར་གནད་སར་བཙུགས་པའམ། རང་ཉིད་ཀྱི་གནས་ཁང་མཆོག་ཏུ་གྱུར་པ། གནོད་བྱེད་ཀྱིས་མི་ཚུགས་པ་སྙམ་བྱེད་པའི་ཚེ། བྲི་བས་ཕྱིར་བཟློག་པ་བརྩམ་པར་བྱའོ། །དེ་ལ་བྲི་བས་ཕྱིར་བཟློག་པ་ནི། གྲོ་ག་ལ་སོགས་པ་བྲི་བའི་གཞི་བུ་ག་ལ་སོགས་པ་མེད་པ་ལ། དྲག་པོ་ཞི་བའི་ཕྱོགས་ཀྱིས་བསྒྲུབ། །ཅེས་བྱ་བ་མན་ངག་ཡིན་པས་གི་ཝང་དང་གུར་གུམ་གྱིས་བྲི་བར་བྱའོ། །ཡིག་མགོ་ནི་དྲག་པོའི་ལས་བཞིན་དུ་ཕྱིར་བསྟན་ཏོ། །མུ་ཁྱུད་ཀྱི་གསང་སྔགས་ཀྱི་ཕྲེང་བ་ནི་བར་མ་ཆད་པ་ཁོ་ན་ཡིན་ནོ། །བྲི་བའི་ཐབས་ཀྱི་ཆོ་ག་ལྷག་མ་གཞུང་བཞིན་ནོ། །བྲིས་ནས་རབ་ཏུ་གནས་པ་ནི། འཁོར་ལོ་སྣོད་གཙང་མར་བཞག་ལ། མཆོད་པ་ལྔ་དང་གཏོར་མ་བཤམ། དེ་ནས་བདག་ཉིད་བསྙེན་པ་བཞིན་བཟླས་བསྒོམ་རྫོགས་པར་བྱས་ལ། རྡོ་རྗེ་དང་བཅས་པའི་ལག་པས་རེག་སྟེ། སྭ་བྷཱ་ཝའི་སྔགས་ལན་གསུམ་བརྗོད་པས་འཁོར་ལོ་སྟོང་པར་བསྒོམ་མོ། །དེ་ནས་པད་ཉིའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོའི་དབྱིབས་སུ་བཀོད་པ་ཇི་ལྟ་བ་བཞིན་དུ་བསྐྱེད། དེ་ནས་བདག་གི་སྙིང་གའི་ས་བོན་གྱི་འོད་དང༌། འཁོར་ལོའི་ཡིག་འབྲུའི་ཚོགས་ཀྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ། དམ་ཚིག་པ་ཇི་འདྲ་བ་ཞིག་སྤྱན་དྲངས་ཏེ་སྔར་བསྐྱེད་པ་ལ་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་མཆོད་པ་བསྟོད་པ་ཅི་ནུས་པ་བྱས་ལ། གཏོར་མའི་དེ་ཁོ་ན་ཉིད་བཞིན་འབྱུང་པོའི་ཚོགས་ལ་གཏོར་མ་སྦྱིན་ནོ། །ཡང་བདག་ཉིད་ཀྱི་སྙིང་གའི་ས་བོན་གྱི་འོད་ཀྱི་བསྲུང་བར་བྱ་བ་གང་ཡིན་པ་རྣམས་ཀྱི་ལུས་དང་རྣམ་པར་ཤེས་པ་བཀུག་སྟེ་མིང་ལ་བསྟིམ་མོ། །ཡང་མཆོད་བསྟོད་རྒྱས་པ་བྱས་ལ་གཏོར་མ་སྦྱིན་ནོ། །དེ་ནས་རྡོ་རྗེ་དང་བཅས་པའི་ལག་པས་འཁོར་ལོ་བཟུང་སྟེ། དང་པོ་ལྟེ་བའི་གནོད་མཛེས་ཀྱི་སྔགས་ནས་བརྩམས་ནས། མུ་ཁྱུད་ཀྱི་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་ཀྱི་མཐར་ཐུག་པར་སྔགས་ཉི་ཤུ་རྩ་རེ་རེའམ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་པ་བྱའོ། །དེ་ནས་ཡི་གེ་བརྒྱ་པ་ཡང་གྲངས་དེ་ཙམ་རེ་བཟླའོ། །དེ་ནས་འཁོར་ལོ་དེ་དྲིལ་ཏེ་ཟངས་ལ་སོགས་པའི་སྦུབས་སུ་བཅུག་ལ། གཞན་ལ་འདོགས་ན་བགེགས་སྦྱང༌། བདག་ཉིད་ལ་ནི་དཔུང་པ་གཡོན་པར་བཏགས་པ་ཙམ་གྱིས་ཕྱིར་བཟློག་པའི་མཆོག་ཏུ་འགྱུར་ཏེ། སྲུང་བ་བཏགས་ཕྱིན་ཆད་ནི་སྔགས་བདུན་གྱི་གྲངས་ཚད་ཀྱིས་ཕྱིར་བཟློག་པར་འགྱུར་རོ། །དཀྱིལ་འཁོར་བསྒྲུབ་པ་ནི་རྡུལ་ཚོན་བྲིས་ཟིན་ནས་མཆོད་པ་དང༌། རྒྱན་དགྲམ་པའི་རྗེས་ལ་སློབ་དཔོན་བདག་ཉིད་ཁྲུས་བྱས་ཏེ་འཇུག་པའི་སྒོར་མངོན་པར་ཕྱོགས་པས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་ཡན་ལག་བཞི་རྫོགས་པར་བསྐྱེད་ལ། ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ། སྙོམས་འཇུག་གི་སྒྲ་དང༌། སྙིང་ཁའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་ཏ་ཐཱ་ག་ཏ་རྣམས་སྤྱན་དྲངས་ཏེ། ཞལ་ནས་ཞུགས། སྙིང་གར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། དེ་ཡུམ་གྱི་མཁར་ཐིག་ལེར་ཕབ་པ་ཙམ་ལས་རྟེན་དང་བརྟེན་པར་བཅས་པ་བསྐྱེད་དེ། དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་དཔག་ཏུ་མེད་པར་སྤྲོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ། སླར་གཅིག་ཏུ་བསྡུས་ནས་རྡུལ་ཚོན་གྱི་ལྷ་རྣམས་ལ་དགོད་དོ། །ཡང་ན་གཙོ་བོ་ནས་རིམ་གྱིས་སྤྲོས་ཏེ་བསྡུས་པ་དང༌། མཐར་ནི་གཞལ་ཡས་ཁང་པའོ། །དེ་ལྟར་དམ་ཚིག་པ་དབྱུང་བའི་ཚུལ་དུ་བསྒྲུབ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ། ཅེས་བྱ་བའི་ཚིག་གི་ཡེ་ཤེས་པ་དགུག་པ་དང༌། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བའི་བར་དུ་ཡན་ལག་བཞི་རྫོགས་པར་བྱས་ལ། མཆོད་པ་དང་བསྟོད་པ་དང་བདུད་རྩིར་མྱང་བའི་བར་དུ་རྫོགས་པར་བྱའོ། །ད་ནི་ལྷ་གནད་ལ་བོར་བའི་དེ་ཁོ་ན་ཉིད་དེ། དེ་ལ་དོན་གྱིས་སྔར་ཤེས་པར་བྱ་སྟེ། བསྒྲུབ་པའི་རྟེན་གྱི་གང་ཟག་གང་གིས་བྱ་བ་དང༌། རྟགས་ལྔ་མཐོང་ནས་བཟླས་བསྒོམ་གཉིས་ཀྱིས་ཟླ་བ་དྲུག་གསུམ་བཅོ་བརྒྱད་དུ་སྤོགས་པ་དང༌། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་རམ། སོ་སོར་ཕྱེ་བས་རྣལ་འབྱོར་པས་ཐུན་མཚམས་སུ་དྲག་ཤུལ་གྱི་སྦྱོར་བས་བྱ་བ་དང༌། རིགས་གཞན་གྱི་རྣལ་འབྱོར་པ་ཡང་དྲག་ཤུལ་གྱི་སྦྱོར་བས་ཇི་ལྟར་བྱ་བ་ཤུགས་ཀྱིས་ཤེས་པར་བྱ་བ་དང༌། དེ་ལྟ་བུའི་གནད་ལ་བོར་བའི་ཆོ་ག་ཡང་མངོན་པར་ཞེན་པ་གསུམ་དང་བྲལ་ནས་གནད་ལ་བོར་ན་འགྲུབ་པ་ཡིན་གྱི་གཞན་གྱིས་མི་འགྲུབ་པར་བསྟན་པའོ། །དེ་ལ་དྲག་ཤུལ་གྱི་སྦྱོར་བ་དངོས་ནི། བདག་ཉིད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡན་ལག་བཞི་རྫོགས་པར་བསྐྱེད་པ་དེ། ཁ་དོག་ནག་པོར་བསྒྱུར་ལ་དེ་ལ་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བའི་བར་དུ་བྱས་ལ། དེ་རྣམས་ཐུན་མཚམས་སུ་ཡང་བྱས་ལ། དེ་ནས་རང་གི་ཡུམ་གྱི་མཁར་མེའི་དཀྱིལ་འཁོར་གྲུ་གསུམ་བསྒོམས་ལ། དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁོར་སྤྱན་དྲངས་ཏེ། ཞལ་ནས་ཞུགས་ནས་བྷ་གའི་དཀྱིལ་འཁོར་གྱི་མེས་གདུང་བར་བསམ་པར་བྱའོ། །ཡང་ན་ཆོ་ག་གཉིས་པ་ནི་སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ལ། ཞལ་ནས་ཞུགས་ཏེ་སྙིང་གར་འོད་དུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་གཤིན་རྗེ་གཤེད་པོ་དགུ། གཡོན་རྡོ་རྗེ་རྩེ་ལྔ་པ། སྨད་ཕུར་བུ་རྩེ་གསུམ་གྱི་དབྱིབས་སུ་འདུག་པ་ལྷ་རྣམས་ཀྱི་ཐུགས་ཀར་སོ་སོར་བཏབ་སྟེ། གཡས་ཀྱི་ཐོ་བ་སྔགས་དང་བཅས་པས་བསྡིག་པར་བསམ་མོ། །ལྷའི་གྲངས་ཉི་ཤུ་རྩ་ལྔའི་ཕྱོགས་ལ་སོགས་པ་ལ་ཡང་གྲངས་དེ་སྙེད་དུ་འགྱུར་རོ། །ཚིག་གི་དོན་གཞུང་ཉིད་དུ་གསལ་ལོ། །འདི་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་དགུ་པ་ནས་འབྱུང་བ་ལ་བརྟེན་པ་ཡིན་ནོ། །གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་ནི་དབང་བསྐུར་བ་དང༌། རབ་གནས་ལ་སོགས་པའི་ལས་ཟིན་ནས་ཡང་མཆོད་ཅིང་བསྟོད་པ་དང༌། བཟོད་པར་གསོལ་བ་ཡིན་ཏེ། དེ་ལྟར་ན་དཀྱིལ་འཁོར་བསྒྲུབ་པ་དང༌། གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་གཉིས་ནི། རྩ་བའི་རྒྱུད་དང༌། གུར་གྱི་མདོ་ལས་མ་གསུངས་ཀྱང༌། ཁ་སྦྱོར་ཐིག་ལེ་ལས་གསུངས་པ་དང༌། གཤེགས་གསོལ་ཙམ་གུར་གྱི་ལེའུ་བཞི་པ་ལས་གསུངས་པས། དེའི་རྗེས་སུ་འབྲངས་ནས་གསུངས་པ་ཡིན་ནོ། །ས་མཱཔྟ་མི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply